བློ་སྦྱོང་གི་དོན་གནད་མཐའ་མ་ལྔ། དོན་དམ་བྱང་ཆུབ་ཀྱི་སེམས།

བྱམས་པ་དང་སྙིང་རྗེ་སྦྱོང་བ།

ཐ་ན་དངོས་གཙོ་སྨྲ་བའི་འཛམ་གླིང་འདིའི་ནང་། ང་ཚོས་ཐེངས་གཅིག་སོ་སོའི་ནུས་ཤུགས་ཡོད་ཚད་བཏོན་ནས་དེའི་འབྲས་བུ་འཕྲལ་དུ་སྨིན་པའི་རེ་བ་བྱས་ན་མི་འགྲིགས། དེ་ལས་ང་ཚོས་རིམ་པ་བཞིན་དུ་གོང་འཕེལ་གཏོང་དགོས། དེ་ནི་ང་ཚོའི་སེམས་དང་ཀུན་སྤྱོད་ཐོག་ལ་བྱ་བ་བྱེད་པ་ལའང་གཅིག་མཚུངས་ཡིན། ང་ཚོའི་ཀུན་སྤྱོད་ཡར་རྒྱས་གཏོང་བར། ག་ལེར་བྱས་རིམ་པ་བཞིན་དུ་འབད་བརྩོན་བྱེད་དགོས། དཔེར་ན། ང་ཚོར་ཁོང་ཁྲོ་ཤུགས་ཆེན་པོ་ཡོད་ན། དང་པོ་ང་ཚོས་སོ་སོའི་རྒྱུད་ཀྱི་ཁོང་ཁྲོ་དེ་ངོས་འཛིན་དགོས་པ་དང་། དེ་ནས་དེའི་ཉེས་དམིགས་ཤེས་པར་བྱེད་དགོས། དེ་ཤེས་ན་ལྟ་ཚུལ་གང་ནས་བལྟས་ཀྱང་། ཁོང་ཁྲོ་ལ་ཕན་ཡོན་གཅིག་ཀྱང་མེད་པ་ཤེས་ཐུབ།

གལ་སྲིད་ང་ཚོར་ཁོང་ཁྲོ་ཤུགས་ཆེན་པོ་ཡོད་ཅིང་ཚུལ་བཞིན་དུ་འདུལ་སྦྱོང་བྱས་མེད་ན། གཉེན་པོ་བཞི་སྟེན་ཐབས་བྱེད་པའི་སྐབས་ང་ཚོས་གནད་ལ་ཁེལ་པོས་བསྟེན་མི་ཐུབ། ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་སྨྲ་བ་དང་སེམས་ནད་བཅོས་མཁན་ཚོས། ཅི་སྟེ་ང་ཚོས་སོ་སོའི་ཁོང་ཁྲོ་བཙན་གྱིས་འཇོམས་ཐབས་བྱས་ན། དེས་ཕན་ཐོགས་མེད་པའི་ནུས་པ་དང་གནོད་འཚེ་ཤུགས་ཆེན་པོ་བྱེད་ཀྱི་རེད། དེ་ལས་སེམས་གཏིང་དུ་ཉར་བའི་ཁོང་ཁྲོའི་གནོད་འཚེ་དེ་དག་མི་ཕོག་པའི་སླད་དུ་ཅུང་ཞི་འཇམ་ངང་ཁོང་ཁྲོ་ག་ལེར་ཕྱིར་བཏོན་ནས་རིམ་བཞིན་ཤུགས་ཆུང་དུ་གཏོང་དགོས་ཞེས་བརྗོད་ཀྱི་ཡོད།

གནས་སྟངས་ཁ་ཤས་ཁྲོད་ཁོང་ཁྲོ་ལའང་སྒྲུབ་ཕྱོགས་ཀྱི་ཁྱད་ཆོས་ལྡན་ཡོད། གང་ཡིན་ཟེར་ན། ཁོང་ཁྲོ་སྤོང་བྱེད་དུ་གཉེན་པོ་བསྟེན་རྩིས་མེད་ན། སྐབས་འགའ་ཞིག་ལ་ང་ཚོས་ཞི་བའི་ངང་ནས་ཁོང་ཁྲོའི་རྣམ་འགྱུར་སྟོན་དགོས་ཀྱི་ཡོད། འོན་ཏེ་ཁོང་ཁྲོའི་ཚོར་བ་མི་འདྲ་བ་གཉིས་བར་ཁྱད་པར་འབྱེད་དགོས། གཅིག་ནི་གལ་སྲིད་ང་ཚོས་ཁོང་ཁྲོའི་རྣམ་འགྱུར་ཕྱིར་མ་བསྟན་ན། མཐའ་མ་དེར་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད། གཞན་དེ་ནི་གནས་སྟངས་གང་ཞིག་ཁྲོད་ང་ཚོས་ཁོང་ཁྲོ་ལངས་པ་དང་རྣམ་འགྱུར་བསྟན་ན་དེ་གོམས་གཤིས་སུ་གྱུར་ནས་སླད་ཁོང་ཁྲོའི་གཞན་དབང་དུ་འགྱུར་ཉེན་ཆེ། དེར་བརྟེན་གནས་སྐབས་སོ་སོར་དབྱེ་བ་ཕྱེས་ནས་རབ་བྱུང་ན་ག་དུས་ཡིན་ཀྱང་རང་རྒྱུད་ཀྱི་ཁོང་ཁྲོ་དེ་ཚོད་འཛིན་བྱ་ཐབས་བྱེད་དགོས། ང་ཚོས་ཁོང་ཁྲོ་མེད་པ་བཟོ་ཆེད་ཐབས་ཤེས་བྱེད་དགོས། འོན་ཏེ་མེད་པ་བཟོ་ཐབས་དེ་ཡང་ཞི་བའི་ངང་རང་ཉིད་དཀའ་ངལ་མི་འཕྲད་པ་བྱས་ཏེ་བཟོ་དགོས།

ཐབས་ལམ་གཙོ་བོ་གཅིག་ནི་ང་ཚོར་སྡུག་བསྔལ་སྦྱིན་མཁན་དེའི་ལྡོག་ཕྱོགས་ཀྱི་བློ་ཞིག་ཡིད་ལ་བྱེད་རྒྱུ་དེ་ཡིན། དཔེར་ན། གལ་སྲིད་ང་ཚོར་ཁོང་ཁྲོ་ཡོད་ན། དེའི་ལྡོག་ཕྱོགས་སམ་གཉེན་པོ་ནི་བྱམས་པ་སྒོམ་རྒྱུ་དེ་ཡིན། དེར་བརྟེན་ཅི་སྟེ་ང་ཚོས་གཞན་ཞིག་ལ་ཁོང་ཁྲོ་བཟའ་ཉེན་འདུག་ན། བྱམས་པ་སྒོམ་དགོས། བྱམས་པ་ནི་མི་དེར་དམིགས་པའི་བཅོས་མིན་གྱི་སེམས་ཁུར་གྱི་རྣམ་པ་ཅན་ཞིག་ཡིན། ང་ཚོས་ཇི་ཙམ་གྱིས་བྱམས་པའི་ཕན་ཡོན་དང་ཁོང་ཁྲོ་ཉེས་དམིགས་རྣམས་ལ་རྒྱུས་མངའ་བྱུང་ན། དེ་ཙམ་གྱིས་གཉེན་པོ་ཤུགས་ཆེ་བ་བསྟེན་ཐུབ་པ་ཡོང་གི་ཡོད།

གལ་སྲིད་ང་ཚོས་གནས་སྟངས་གང་ཞིག་གི་ཁྲོད་གཉེན་པོ་བསྟེན་མི་ཐུབ་ན། ཁོང་ཁྲོའི་ཉེས་དམིགས་སོགས་ལ་བསམ་བློ་བཏང་ནས་གོམས་འདྲིས་ཐུབ་ན། དེའི་སྟོབས་ཀྱིས་ཁོང་ཁྲོ་རིམ་པས་ཤུགས་ཆུང་དུ་འགྲོ་བར་ཕན་ཐོགས་ཆེ། དེ་ལྟར་ཁོང་ཁྲོར་གདོང་ལེན་བྱ་ཕྱིར་དང་སྤོང་བའི་ཆེད་དུ་ང་ཚོས་བྱ་ཐབས་རིམ་པ་སྣ་ཚོགས་ཤིག་ལག་བསྟར་བྱེད་དགོས།

དེ་ག་ནང་བཞིན་གཞན་དུ་དམིགས་པའི་སྙིང་རྗེ་སྦྱོང་བ་ལའང་གཅིག་པ་ཡིན། གཞན་སྡུག་བསྔལ་ལས་བྲལ་འདོད་ཀྱི་སྙིང་རྗེ་མ་བསྐྱེད་པའི་སྔོན་ང་ཚོས་དང་པོ་སོ་སོའི་སྡུག་བསྔལ་དང་། སྡུག་བསྔལ་དེ་དག་ཇི་ལྟར་མི་འདོད་པ་དང་། ཇི་ལྟར་མེད་པ་བཟོ་བ་སོགས་ལ་བསམ་བློ་གཏོང་དགོས། དེ་ནས་སོ་སོ་རང་གི་ཉམས་མྱོང་ལ་བརྟེན་ནས་བྱུང་བའི་ཚོར་སྣང་ཐོག་གཞི་བཞག་སྟེ་གཞན་ལ་དམིགས་པའི་སྙིང་རྗེ་རྒྱུད་ལ་སྐྱེད་ཐུབ། དགེ་བའི་སེམས་ཀྱི་གནས་བབས་དེ་དག་ཚང་མ་ང་ཚོས་རིམ་པས་རྒྱུད་ལ་སྦྱོང་དགོས་པ་ཡིན།

གལ་སྲིད་ང་ཚོས་གང་ཟག་གང་ཡང་རུང་བ་ཞིག་དཀའ་ངལ་དང་སྡུག་བསྔལ་ལས་ཐར་བ་འདོད་པར་མཚོན་ན། ཅི་སྟེ་ང་ཚོ་རང་གི་སྡུག་བསྔལ་ངོས་འཛིན་མ་ཐུབ་ན། གཞན་རྣམས་སྡུག་བསྔལ་ལས་ཐར་བ་ཤོག་ཅེས་པའི་བཅོས་མིན་གྱི་བློ་ཞིག་ཇི་ལྟར་སྐྱེ་ཐུབ་བམ། སྐྱིད་པོ་དང་འདོད་པ་ཁེངས་ནས་ཡོད་པའི་མི་ཞིག་དོ་སྣང་བྱུང་ན། དེ་བས་ཀྱང་སྙིང་རྗེའི་ཚོར་བ་སླེབས་རྒྱུ་ཁག་པོ་ཡིན། འོན་ཏེ་སྡུག་བསྔལ་གྱིས་མནར་བའི་མི་ཞིག་མཐོང་ན། དེ་ལ་སྙིང་རྗེའི་ཚོར་བ་སྐྱེ་རྒྱུ་ཅུང་ལས་སླ་པོ་ཡིན། དེ་ནི་སོ་སོ་རང་གི་སྡུག་བསྔལ་ངོས་བཟུང་བའི་ཐོག་ལ་གཞི་བཞག་ཡོད་ན་ལས་སླ་བ་ཡིན།

མི་ཞིག་ལ་དམིགས་པའི་སྙིང་རྗེར་དམིགས་ཚུལ་རིགས་གཉིས་ཡོད་དེ། གལ་སྲིད་བློ་དེའི་དམིགས་པ་གང་ཟག་གཞན་ཡིན་ན་སྙིང་རྗེ་དང་། དམིགས་པ་རང་ཉིད་ལ་ཡིན་ན་རང་སྡུག་བསྔལ་ལས་འབྲལ་བར་འདོད་པའི་ཆོད་སེམས་སམ་ངེས་འབྱུང་ཞེས་བྱ་བའི་བློ་ཆགས་ཀྱི་ཡོད། ངེས་འབྱུང་ནི་རང་ཉིད་ལ་དམིགས་ནས་སྡུག་བསྔལ་དང་དཀའ་ངལ་ལས་འབྲལ་བར་འདོད་པའི་བློ་དང་། སྙིང་རྗེ་ནི་གཞན་ལ་དམིགས་ནས་དེ་དག་དང་འབྲལ་བར་འདོད་པའི་བློ་དེ་ཡིན།

ངན་འགྲོའི་གནས་གང་ཞིག་ཏུ་སྐྱེ་བ་ལེན་པ་ལྟ་བུའི་དམྱལ་བའི་སྡུག་བསྔལ་ལ་ང་ཚོས་བསམ་བློ་གཏོང་སྐབས། དེ་དག་ནི་ང་ཚོར་འབྱུང་འགྱུར་འཕྲད་མི་སྲིད་པ་ཞིག་དང་། ང་ཚོ་དང་འབྲེལ་བ་མེད་པ་ཞིག །གདོང་ལེན་བྱེད་མི་དགོས་པ་ཞིག་ཏུ་ནམ་ཡང་བསམ་བློ་གཏོང་རྒྱུ་མེད། ང་ཚོས་སོ་སོའི་སེམས་རྒྱུད་དུ་བསགས་པའི་ངན་འགྲོའི་སྐྱེ་བའི་རྒྱུ་མི་དགེ་བའི་ནུས་པ་ཚང་མ་ཏག་ཏག་ཤེས་པ་བྱེད་དགོས། སེམས་ནང་གི་མི་དགེ་བའི་ནུས་པ་སོ་སོར་གཞིགས་ཏེ། ངན་འགྲོའི་གནས་གང་ཡང་རུང་བ་ཞིག་ཏུ་ལྷུང་སྲིད་པ་ཡིན། ངན་འགྲོའི་གནས་གང་དུ་ལྷུང་བ་ལ་ངེས་བརྟན་རྩ་བ་ནས་མེད། དེར་བརྟེན་ལས་རྒྱུ་འབྲས་ཐོག་ལ་བསམ་བློ་གཏོང་རྒྱུ་ཤིན་ཏུ་གནད་ཆེ།

ང་ཚོ་ཚང་མར་དལ་འབྱོར་མི་ལུས་ཐོབ་པ་འདི་སྐལ་བ་བཟང་པོ་ཞིག་ཡིན་པར་བསམ་བློ་གཏོང་དགོས། འདིའི་ཐོག་ནས་ང་ཚོས་སོ་སོའི་སེམས་རྒྱུད་ཡར་རྒྱས་གཏོང་ཐུབ། འདི་ལྟ་བུའི་རྩ་ཆེན་གསེར་ལྟ་བུའི་གོ་སྐབས་ཐོབ་སྟབས། ཆུད་ཟོས་སུ་མི་འགྲོ་བ་བྱ་རྒྱུ་གནད་ཆེ། དེར་བརྟེན་ང་ཚོས་དང་པོ་རྩ་ཆེའི་མི་ལུས་འདི་ཐོབ་དཀའ་བའི་ཚུལ་དང་ཤོར་སླ་བའི་ཚུལ་ལ་བསམ་བློ་གཏོང་དགོས། དེ་ལ་བརྟེན་ནས་འཆི་བ་དང་མི་རྟག་པའི་བསམ་བློ་ངང་གིས་འཁོར་སྲིད། གང་ཡིན་ཟེར་ན། འཆི་བ་ངེས་པ་དང་དུས་ནམ་འཆི་བ་ངེས་མེད་ཡིན། དེས་ན་ང་ཚོས་བདེན་པ་བཞི་སྟེ། སྡུག་བསྔལ་བདེན་པ་དང་། དེ་དག་འབྱུང་ས་ཀུན་འབྱུང་བདེན་པ། སྡུག་བསྔལ་དེ་ལས་ཐར་བའི་འགོག་པའི་བདེན་པ། དེ་ཐོབ་བྱེད་ཀྱི་ལམ་གྱི་བདེན་པ་བཅས་ཀྱི་སྐོར་ལ་ཡང་ནས་ཡང་དུ་བསམ་བློ་གཏོང་དགོས། དེ་ནི་སོ་སོའི་སེམས་རྒྱུད་ཡར་རྒྱས་བཏང་ནས་དལ་འབྱོར་མི་ལུས་འདི་ཚུལ་བཞིན་དུ་སྤྱོད་ཚུལ་ཡིན།

སྙིང་དོན།  

གཞུང་འདི་ལ་བློ་སྦྱོང་དོན་བདུན་མ་ཞེས་བྱ་བའི་རྒྱུ་མཚན་ནི། ང་ཚོས་སོ་སོའི་སེམས་རྒྱུད་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད། དེ་ལ་དོན་བདུན་ཡོད་པ་ནི།

  • སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ།
  • དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ།
  • རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ།
  • ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ།
  • བློ་འབྱོངས་པའི་ཚད།
  • བློ་སྦྱོང་གི་དམ་ཚིག
  • བློ་སྦྱོང་གི་བསླབ་བྱ་བཅས་ཡིན།

ད་ལྟ་བར་དུ་ང་ཚོས་སྔོན་འགྲོ་རྟེན་གྱི་ཆོས་བསྟན་པའི་སྐོར་བཤད་ཟིན་ཅིང་། ད་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་ཡིན། ཁ་སང་གི་བཤད་པའི་དོན་སྙིང་པོར་བསྡུས་ན། ད་ལྟ་བར་དུ་ང་ཚོ་ཚང་མ་རང་གཅེས་འཛིན་གྱི་གཞན་དབང་དུ་སོང་ནས་སོ་སོ་རྐྱང་རྐྱང་བསམས་ནས་བསྡད་ཡོད། རང་འདོན་དོན་གཉེར་གྱི་བློ་དེའི་ནང་བདག་བདེན་པར་འཛིན་པའི་ཆའང་ཡོད་ཅིང་། སྐལ་བ་ཐོག་མ་མེད་པ་ནས་བཟུང་ང་ཚོས་མྱངས་དགོས་བྱུང་བའི་དཀའ་ངལ་རྣམས་དེས་རྐྱེན་བྱས་པ་ཞིག་ཡིན། གཞན་ལ་བསམ་བློ་བཏང་ན། གལ་ཏེ་མི་ཞིག་རང་ཤེད་ཧ་ཅང་ཚ་པོ་ཡོད་ན། མི་དེས་རང་གི་ནུས་པ་དང་དུས་ཚོད་ཇི་ཙམ་ཆོས་ཕྱོགས་ཀྱི་བྱེད་སྒོར་བཏང་ནའང་། སེམས་རྒྱུད་ཡར་རྒྱས་འགྲོ་མི་ཐུབ་པར་མི་དེ་རང་འདོད་དོན་གཉེར་གྱི་མི་རང་འཇགས་གནས་རྒྱུ་རེད། རང་ཤེད་ཧ་ཅང་ཚ་པོ་ཡོད་པའི་མི་དེ་ཤི་བ་ཡིན་ན། དེ་ལ་མི་ཚང་མ་ལྷོད་ཡངས་དང་དགའ་པོ་ཡོང་ངེས་ཡིན། གང་ཡིན་ཟེར་ན། མི་དེ་མཐོང་མི་འདོད་པའི་རང་ཤེད་ཅན་ཞིག་ཡིན། དེར་བརྟེན་ང་ཚོས་ཚེ་འདི་པ་ཙམ་གྱི་ཐོག་ནས་བསམ་བློ་བཏང་ནའང་། གལ་སྲིད་རང་ཉིད་རང་ཤེད་ཅན་ཞིག་ཡིན་ན། མི་ཚང་མས་ཧ་ཅང་གླེན་པར་བརྩིས་ཏེ་རོགས་རམ་བྱེད་མཁན་མི་ཡོང་། དེ་ལས་ལྡོག་སྟེ། ཅི་སྟེ་རང་ཉིད་གཞན་ལ་བསམ་བློ་གཏོང་མཁན་ཞིག་དང་གཞན་དོན་ཆེད་རང་ཉིད་བློས་གཏོང་བྱེད་མཁན་ཞིག་ཡིན་ན། ཚང་མས་ང་ཚོ་མི་ཧ་ཅང་བཟང་པོར་བརྩི་ངེས་རེད།

གལ་ཏེ་རང་ཉིད་ངན་འགྲོའི་གནས་སུ་ལྷུང་ན། ང་ཚོས་ཉེས་པ་ཀུན་གྱི་སྒོ་རང་གཅེས་འཛིན་ལ་མཛུབ་མོ་བཙུགས་ཏེ་ལེ་ལན་བཤད་ན་འགྲིགས། བཀྲ་མི་ཤིས་པ་དང་དཀའ་སྡུག་ཅན་གྱི་གནས་སྟངས་གང་འདྲ་ཞིག་ཡིན་ཀྱང་། མཐར་གཏུགས་ན་རང་ཤེད་དམ་རང་གཅེས་འཛིན་གྱི་རྒྱུ་ལས་བྱུང་ཞིང་། མཁྱེན་པའི་ཡོན་ཏན་ཡག་པོ་ཡོད་མཁན་གྱི་གང་ཟག་རྣམས་སངས་རྒྱས་མི་ཐུབ་པའི་རྒྱུ་མཚན་ནི་རང་འདོད་དོན་གཉེར་འདི་ཡོད་པས་ཡིན། ཡོན་ཏན་དང་བཟང་ཕྱོགས་ཀྱི་ནུས་པ་ཡོངས་རྫོགས་མིའམ་བདེ་འགྲོའི་རྟེན་ཐོབ་པ་ལས་བྱུང་བ་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་བྱེད་ཀྱི་ལམ་ཡག་ཤོས་དེ་ཡིན། དེ་དག་ཐམས་ཅད་ཀྱང་གཞན་གཅེས་འཛིན་ནམ་གཞན་ལ་སེམས་ཁུར་བྱེད་པ་ལས་འབྱུང་གི་ཡོད།

ཐ་ན་ང་ཚོས་ཚེ་འདི་ལ་བསམས་ཀྱང་། གནས་ཚུལ་ཡག་པོ་ཚང་མ་སེམས་པ་བཟང་པོ་དང་ཕན་སེམས་བྱས་པ་ལས་ཡོང་གི་ཡོད། གལ་སྲིད་ང་ཚོས་གཞན་ལ་སེམས་ཁུར་གྱི་ཚོར་བའི་ཐོག་ནས་གཞན་ལ་བརྩི་འཇོག་བྱེད་མཁན་ཞིག་ཡིན་ན། ཚེ་འདིའི་ནང་དུའང་རང་གི་བྱ་གཞག་རྣམས་ངང་གིས་ལམ་ལྷོང་ཡོང་ཐུབ། དེར་བརྟེན་གནས་སྟངས་གང་འདྲ་ཞིག་འཕྲད་ཀྱང་རང་ཉིད་གཅིག་པུ་བསམས་ནས་སྡོད་མི་ཉན། ག་དུས་ཡིན་ཀྱང་ཚང་མ་ལ་བསམ་བློ་གཏོང་དགོས། དེ་ཡང་གཞུང་འདིའི་ནང་གཞན་ལ་སེམས་ཁུང་བྱེད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་ཞེས་གསུངས་ཡོད།

རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཡོན་ཏན་བསམས་ནས་གནད་དོན་གཙོ་བོ་རྣམས་ལ་བསྐྱར་ཞིབ་བྱས་ན། ང་ཚོས་གཞན་གཅེས་པར་འཛིན་པའི་བློ་དང་མཉམ་དུ་བྱམས་པ་སོགས་སྦྱོང་ཐུབ། དེའི་ཐོག་གཞི་བཞག་ནས་གཞན་ལ་ཕན་པའི་སླད་རང་གི་བདེ་བ་གཏོང་བ་དང་། གཞན་གྱི་དཀའ་ངལ་དང་སྡུག་བསྔལ་རྣམས་རང་སྟེང་དུ་ལེན་པའི་སེམས་ཁུར་ངང་གིས་འབྱུང་། མ་གཞི་གཞན་གྱི་སྡུག་བསྔལ་བླངས་ནས་གཞན་གྱི་སྡུག་བསྔལ་མེད་པ་ཆགས་རྒྱུ་ཁག་པོ་ཡིན་ཀྱང་། ཅི་སྟེ་ང་ཚོས་དབུགས་གཏོང་ལེན་དང་སྦྲགས་སྤྱོད་ཚུལ་དེ་སོ་སོར་རྒྱུད་ལ་འཇགས་ཐུབ་ན། མཐར་རང་རྒྱུད་ལ་ནུས་པ་ལྷག་པོ་ཞིག་བསྐྱེད་ནས་གཞན་གྱི་སྡུག་བསྔལ་སེལ་ཕྱིར་ཕན་ནུས་ཤིན་ཏུ་ཆེ། དེ་ལ་གཏོང་ལེན་གྱི་ཉམས་ལེན་ཞེས་གཞན་གྱི་སྡུག་བསྔལ་རང་གིས་ལེན་པ་དང་རང་གི་བདེ་བ་གཞན་ལ་གཏོང་བའམ་སྦྱིན་པ་ཡིན།

རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ།

ཕྱི་ནང་གཉིས་ཀའི་ཐོག་ནས་ང་ཚོ་ཚང་མར་རྐྱེན་ངན་སྣ་ཚོགས་ཤིག་འཕྲད་ཀྱི་ཡོད། དཔེར་ན། ངེད་བོད་པ་ཚོར་དཀའ་ངལ་ཧ་ཅང་མང་པོ་ཕྲད་ཡོད། དེ་ནི་གཞིས་བཞུགས་བོད་མི་ཚོའི་གནས་སྟངས་ཐོག་ནས་བདེན་པ་རེད། ཁོང་ཚོ་ག་དུས་ཡིན་ཀྱང་དངངས་སྐྲག་དང་འཇིགས་སྣང་འོག་གནས་ཏེ་ག་དུས་འཛིན་བཟུང་དང་སྲོག་ཐོག་གཏོང་མིན་བཤད་ཚོད་ཐིག་གི་མེད།

གནས་སྟངས་དེ་འདྲའི་སྐབས་ང་ཚོའི་སེམས་ནང་ཞེ་སྡང་ངམ་ཆགས་སེམས་ཡོད་པའམ་ཡང་ན་སེམས་གུ་དོག་པོ་ཆགས་ཚེ། ང་ཚོས་དང་པོ་རྐྱེན་ངན་དེ་དག་སོ་སོའི་སེམས་རྒྱུད་ཡར་རྒྱས་གཏོང་བའི་ཐབས་སུ་བེད་སྤྱོད་གཏོང་བའམ་སྒྱུར་ཐུབ་ཐབས་བྱེད་དགོས། ཐབས་གཅིག་ནི་ང་ཚོས་གཞན་རྒྱུད་ཀྱི་ཞེ་སྡང་དང་། འདོད་ཆགས། མ་རིག་པ་སོགས་སོ་སོའི་སྟེང་དུ་ལེན་ཐབས་བྱེད་རྒྱུ་དེ་ཡིན། དེ་ལྟའི་ཐོག་ནས་ང་ཚོས་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐུབ་པ་ཡོང་གི་ཡོད།

(མཆན། རྒྱལ་སྲས་ཐོགས་མེད་བཟང་པོའི་གཞུང་གི་འགྲེལ་བ་ནམ་མཁའ་དཔལ་གྱིས་མཛད་པའི་ནང་། “སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །” ཞེས་སྣོད་དང་བཅུད་མི་དགེ་བས་ཁེངས་པའི་ཚེ། རྐྱེན་ངན་དེ་དག་བྱང་ཆུབ་ལམ་དུ་བསྒྱུར་དགོས། ཞེས་གསུངས་ཡོད། ཐོགས་མེད་བཟང་པོའི་གཞུང་ནང་། དེའི་རྗེས་ཀྱི་ཚིག་རྐང་གཉིས་ཏེ། “ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །” ཞེས་པ་དེ་ནམ་མཁའ་དཔལ་གྱིས་གོང་གི་རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་པའི་སྒོ་ནས་ལེ་ལན་ཐམས་ཅད་གཅིག་ལ་གདའ་སོགས་གསུངས་ཡོད། ཕ་བོང་ཁས་ནམ་མཁའ་དཔལ་དང་མཐུན་པར་གསུངས།)

ལུས་དང་སེམས་ལ་དཀའ་ངལ་གང་འདྲ་ཞིག་ཕྲད་ཀྱང་ཅི་ཡང་མེད། སྐབས་དེ་དུས་གཞན་གྱི་སྡུག་བསྔལ་དང་དུ་ལེན་པར་ཕན་ཐོགས་ཤིན་ཏུ་ཆེ། དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་ནས་སླར་མི་འཕྲད་པ་ཤོག་ཅེས་སྨོན་ལམ་འདེབས་དགོས། ང་ཚོར་དཀའ་ངལ་གང་འདྲ་ཞིག་ཕྲད་ཀྱང་དེ་དག་ནི་རང་གིས་སྔོན་མ་བསགས་པའི་ལས་ཀྱི་འབྲས་བུར་བལྟ་ཐུབ་པ་ཡོང་གི་ཡོད། ལས་དེ་སྨིན་པའི་ཚེ་ང་ཚོས་སོ་སོའི་ལས་ངན་རྣམས་ཟད་འགྲོ་བ་ཤེས་ནས་དགའ་བ་སྒོམ་དགོས། ཆབས་ཅིག་གཞན་གྱི་ལས་ཀྱི་འབྲས་བུ་ངན་པ་ཐམས་ཅད་རང་སྟེང་དུ་སྨིན་པ་ཤོག་ཅེས་བསམ་དགོས། བསམ་བློ་དེ་ལྟར་བཏང་ན་གཞན་རྣམས་སྡུག་བསྔལ་ལས་བཟོད་ཡང་དུ་འགྲོ་བར་ཕན་རླབས་ཤིན་ཏུ་ཆེ།

ང་ཚོས་གནས་སྟངས་སྐྱིད་པོ་ཞིག་དང་ཡག་པོ་མྱོང་བའི་སྐབས། དེ་ནི་འདས་པའི་དུས་སུ་རང་གིས་བསགས་པའི་དགེ་བའི་ལས་ཀྱི་འབྲས་བུ་ཡིན་པ་ཤེས་ནས། “བསྐྱར་དུ་མ་འོངས་པར་རང་གཞན་གཉིས་ཀར་གནས་སྟངས་བཟང་པོ་ཞིག་འཕྲད་པའི་ཆེད་མུ་མཐུད་ལས་བཟང་པོ་དེ་ལས་མང་བ་གསོག་དགོས་ཀྱི་འདུག” །ཅེས་དགའ་བ་བསྒོམ་དགོས། འོན་ཏེ་བྱ་བ་བཟང་པོ་བྱས་པ་དང་རློམ་སེམས་སམ་ང་རྒྱལ་བྱ་རྒྱུ་མེད། ཡང་ན་གནས་སྟངས་ཡག་པོ་བྱུང་བའི་སྐབས་ངོམ་སོ་བྱ་རྒྱུ་མེད། དེ་ལས་ལྡོག་སྟེ། ད་དུང་དགེ་བའི་ནུས་པ་དེ་ལས་མང་བ་གསོག་པར་སེམས་ཤུགས་སྤར་ཐུབ་པ་དང་། དེ་ལ་བརྟེན་ནས་ང་ཚོའི་དགེ་བའི་ཚོགས་མི་འཛད་པ་ཡིན། དེ་ནི་རྐྱེན་ངན་རྣམས་རྐྱེན་བཟང་པོ་བྱང་ཆུབ་ལམ་དུ་སྒྱུར་ཚུལ་ཡིན།

(མཆན། ཐོགས་མེད་བཟང་པོའི་འགྲེལ་བའི་ནང་གི་རྐྱེན་ངན་སྟོང་ཉིད་ཀྱི་ལྟ་བར་བསྒྱུར་ཚུལ་སྐབས། “འཁྲུལ་སྣང་སྐུ་བཞིར་ལྟ་བ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། །” ཅེས་གསུངས་པ་དེ་ནམ་མཁའ་དཔལ་གྱི་འགྲེལ་བའི་ནང་མི་གསལ། ཕ་བོང་ཁའི་འགྲེལ་བའི་ནང་དུའང་གསལ་མེད། ནམ་མཁའ་དཔལ་དང་ཕ་བོང་ཁ་གཉིས་ཀྱིས་དེའི་ཚབ་ལ་ “འཕྲལ་ལ་གང་ཐུག་བསྒོམ་དུ་སྦྱར་” ཞེས་པའི་ཚིག་རྐང་དེ་ “སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །” ཞེས་པའི་འགྲེལ་བའི་མཇུག་ཏུ་སྦྱར་ཡོད། ཐོགས་མེད་བཟང་པོའི་འགྲེལ་བའི་ནང་། ཚིང་རྐང་དེ་དང་དེའི་གོང་གི་“འཕྲལ་ལ་གང་ཐུག་བསྒོམ་དུ་སྦྱར་” ཞེས་པ་ནམ་མཁའ་དཔལ་དང་ཕ་བོང་ཁ་གཉིས་ཀའི་འགྲེལ་བའི་ནང་གི་“སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག་” ཅེས་པའི་རྗེས་སུ་གསལ་ཡོད།)

དོན་ཚན་གཉིས་པ་འདིས་སྦྱོར་བ་བཞིའི་ཐོག་ནས་རྐྱེན་ངན་བྱང་ཆུབ་ལམ་དུ་སྒྱུར་ཚུལ་བསྟན་ཡོད།

  • སྦྱོར་བ་དང་པོ་ནི་མུ་མཐུད་ཚོགས་གསོག་པ། དེ་ཡང་གནས་སྟངས་ཐབས་རྡུགས་ག་རེ་ཕྲད་ཀྱང་གང་ཡང་བྱེད་ཀྱི་མ་རེད། དེས་ང་ཚོར་ཚོགས་གསོག་པར་སྐུལ་འདེད་བྱེད་ཐུབ་པ་དང་། དེ་ལ་བརྟེན་ནས་རང་གཞན་གཉིས་ཀས་མ་འོངས་པར་རྐྱེན་ངན་མྱོང་མི་དགོས་པ་ཆགས་ཐུབ། ང་ཚོས་ཡར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་དང་། མར་སེམས་ཅན་ཐམས་ཅད་ལ་སོ་སོས་གང་ཐུབ་ཅི་ཐུབ་ཀྱིས་སྦྱིན་པ་ཉམས་སུ་བླངས་ནས་ཕན་འདོགས་ཐུབ། དེ་ལྟར་ང་ཚོས་མུ་མཐུད་ཚོགས་གསོག་ཐུབ། དེ་ནི་སྦྱོར་བ་དང་པོའི་ཐོག་ནས་རྐྱེན་ངན་པ་དེ་རྐྱེན་བཟང་པོའམ་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་ཚུལ་དེ་རེད། དེས་དགེ་བའི་ལས་ལ་འཇུག་དགོས་པའི་ཐོག་ང་ཚོར་སེམས་ཤུགས་སྦྱིན་པར་བྱེད་ཀྱི་ཡོད།
  • སྦྱོར་བ་གཉིས་པ་ནི་སྡིག་པ་མི་དགེ་བ་སྦྱོང་བ། དེ་ཡང་ང་ཚོས་གཉེན་པོ་སྣ་ཚོགས་བསྟེན་ནས་སོ་སོས་བསགས་པའི་ལས་ངན་རྣམས་ངོས་ལེན་བྱས་ཏེ། གཙོ་བོ་འགྱོད་སེམས་ཀྱི་ཐོག་ནས་བཤགས་པ་བྱེད་དགོས། ཐ་ན་ང་ཚོས་མི་དགེ་བའི་ལས་སྟོབས་ཆེན་བསགས་ཡོད་ཀྱང་། རྗེ་བཙུན་མི་ལ་རས་པས་མཛད་པ་ལྟར། འགྱོད་སེམས་དྲག་པོ་ཞིག་སྐྱེད་ཐུབ་ན། ང་ཚོས་རང་གི་བྱས་ཉེས་ངོས་འཛིན་ཐུབ་སྟེ་ཚུལ་བཞིན་དུ་གཉེན་པོ་བསྟེན་ཐབས་བྱེད་ངེས་ཡིན། དེ་ལྟར་ང་ཚོས་རང་རྒྱུད་ཀྱི་སྡིག་པ་སྦྱོང་ཐུབ་པ་ཡིན།
  • སྦྱོར་བ་གསུམ་པ་ནི་གདོན་གེགས་ལ་མཆོད་པ། གལ་སྲིད་རང་ལ་གནོད་པ་བྱུང་ནས་དེ་གདོན་ལས་བྱུང་བར་བསམས་ན། དེ་དག་ལ་བྱམས་པ་དང་སྙིང་རྗེའི་མཆོད་པ་འབུལ་དགོས། སྐབས་རེ་ང་ཚོའི་དཀའ་ངལ་མང་པོ་ཞིག་གདོན་དེ་འདྲ་ལས་འབྱུང་སྲིད་པ་ཡིན། ང་ཚོས་གདོན་དེ་དག་གི་དཀའ་ངལ་རྣམས་རང་སྟེང་དུ་ལེན་པའི་མོས་སྒོམ་བྱེད་དགོས། གང་ཡིན་ཟེར་ན། དེ་དག་ནི་ཧ་ཅང་ཡ་ང་བའི་གནས་སུ་ལྷུང་ངེས་རེད། དེ་ལྟར་ང་ཚོས་རྐྱེན་ངན་བྱང་ཆུབ་ལམ་དུ་སྒྱུར་དགོས།
  • སྦྱོར་བ་བཞི་པ་ནི་ཆོས་སྐྱོང་ལ་མཆོད་ཅིང་གསོལ་བ། ཕྲད་དང་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ནི་འཁོར་བའི་ཆོས་ཉིད་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། དེར་བརྟེན་ང་ཚོས་རྐྱེན་ངན་དེ་དག་ཕན་ཐོགས་ཡོད་པ་ཞིག་ཏུ་སྒྱུར་ཆེད་ཆོས་སྐྱོང་རྣམས་ལ་བྱིན་རླབས་སྩོལ་རོགས་ཞེས་གསོལ་བ་འདེབས་པ་དང་མཆོད་པ་འབུལ་དགོས། ང་ཚོས་སེམས་གཏིང་ནས་བཅོས་མིན་གྱི་གསོལ་བ་འདེབས་དགོས། དེ་ལ་བརྟེན་ནས་ང་ཚོས་སོ་སོའི་བློ་སྦྱོང་ཡར་རྒྱས་གཏོང་རྒྱུར་ཕན་རླབས་ཤིན་ཏུ་ཆེ།

མདོར་ན། ང་ཚོར་ཕྱི་ནང་གི་གནས་སྟངས་སྡུག་ཅག་ག་རེ་ཕྲད་ཀྱང་ཁྱད་པར་མེད། གལ་སྲིད་ང་ཚོས་ཐབས་སྣ་ཚོགས་ཤིག་ཡོད་པ་དེ་དག་ལག་བསྟར་བྱས་ན། དེ་དག་བྱང་ཆུབ་ཀྱི་ལམ་དུ་སྒྱུར་ཐུབ།

གནད་དོན་འདི་དག་སྤྱོད་འཇུག་ནང་དུའང་མཇལ་རྒྱུ་ཡོད། སྤྱོད་འཇུག་གི་ལེའུ་མཐའ་མའི་ནང་སྨོན་ལམ་འདི་འདྲ་ཞིག་ཤུགས་ལ་གསུངས་ཡོད་དེ། “ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་འགྱུར་པ། །དེ་སྲིད་བདག་ནི་གནས་འགྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །”

ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། སྟོབས་ལྔ།

(མཆན། འདིའི་རྗེས་ཀྱི་ “མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། །” ཞེས་པའི་ཚིག་རྐང་གཉིས་ནི་ཐོགས་མེད་བཟང་པོ་དང་ཕ་བོང་ཁ་གཉིས་ཀའི་འགྲེལ་བའི་རྗེས་སུའང་གསལ་གྱི་ཡོད།)

ཚེ་འདིའམ་སྐྱེ་བ་གཅིག་གི་ཉམས་ལེན་དྲིལ་ནས་ཉམས་སུ་ལེན་པར་སྟོབས་ལྔ་ཡོད། སྟོབས་དང་པོ་ནི་འཕེན་པའི་སྟོབས་ཡིན། ང་ཚོས། “རྟག་ཏུ་བྱང་ཆུབ་ཀྱི་སེམས་གོང་དུ་འཕེལ་བར་ཤོག །བློ་སྦྱོང་གི་ཉམས་ལེན་ཐུབ་པར་ཤོག །གཞན་དོན་སྒྲུབ་པའི་སླད་དཀར་པོའི་ཡོན་ཏན་ཚང་མ་རྒྱུད་ལ་སྐྱེད་པར་ཤོག” །ཅེས་སྨོན་ལམ་འདེབས་ཀྱི་ཡོད། ང་ཚོས་ཀུན་སློང་གི་སྟོབས་འཕེན་པ་ནི་འདོད་དོན་དེ་དག་སྒྲུབ་པའི་ཆེད་དུ་སྟ་གོན་ལྟ་བུ་ཡིན། དེར་བརྟེན་ང་ཚོས། “ད་ལྟ་རང་ལ་ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་རྒྱུའི་གོ་སྐབས་ཡོད་པའི་སྐབས་འདིར། ངས་ལམ་ཡང་དག་པ་འདིའི་ཐོག་འགྲིམ་གྱི་ཡིན། རང་གི་ནུས་པ་དང་སྟོབས་ཡོངས་རྫོགས་ལམ་འདིའི་ཕྱོགས་སུ་ཚུལ་བཞིན་དུ་བཀོལ་སྤྱོད་བྱེད་ཀྱི་ཡིན།” ཞེས་སྟོབས་འཕེན་པར་བྱེད།

དེ་ཉིན་ལྟར་བྱེད་པར། ཞོགས་པ་གཉིད་སད་མ་ཐག་ང་ཚོའི་ཁ་ནས། “དེ་རིང་ང་གཉིད་སད་དེ་ལངས་རྒྱུ་བྱུང་བ་ཧ་ཅང་སྐལ་བ་བཟང་པོ་ཡིན། ང་གསོན་པོར་གནས། ང་ལ་དལ་འབྱོར་མི་ལུས་འདི་ཐོབ་པ་རྩ་ཆེ། ངས་འདི་ཆུད་ཟོས་སུ་མ་བཏང་བར། གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཆེད་དུ་དལ་འབྱོར་མི་ལུས་འདིའི་ནུས་པ་ཡོངས་རྫོགས་བྱང་ཆུབ་ཀྱི་སེམས་སྐྱེད་ཕྱིར་འབད་བརྩོན་བྱེད་ཀྱི་ཡིན། དེའི་ཕྱིར་རང་ཉིད་ཀྱི་སེམས་བཟང་པོ་བྱས་ཏེ། སུ་གཅིག་ལའང་ཁོང་ཁྲོའམ་བསམ་ངན་བཅང་གི་མིན། ངས་ག་ཚོད་ཐུབ་ཐུབ་ཀྱིས་རང་གི་ནུས་པ་ཆ་ཚང་གཞན་ལ་ཕན་འདོགས་ཆེད་གཏོང་གི་ཡིན།” ཞེས་བརྗོད་དེ་ཀུན་སློང་བཅོས་དགོས།

ཉིན་ལྟར་ཞོགས་པ་ཀུན་སློང་དེ་ལྟར་བཅོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེ་ག་ནང་བཞིན་མཚན་མོ་གཉིད་མ་ཁུག་གོང་ང་ཚོས་སོ་སོའི་ཉིན་གཅིག་གི་ལས་ལ་བརྟག་དཔྱད་བྱེད་དགོས། དཔེར་ན། “དེ་རིང་ངས་ག་རེ་བྱས་འདུག་གམ། ངས་དེ་རིང་མི་གང་འདྲ་ཞིག་བྱས་འདུག །ངས་མི་གཞན་ལ་ཕན་བཏགས་འདུག་གམ་ཡང་ན་རང་དོན་ཆེད་གཞན་རྣམས་བཀོལ་སྤྱོད་བྱས་འདུག་གམ། ཁོང་ཁྲོ་ལངས་འདུག་གམ། འདོད་ཆགས་སོགས་འཕེལ་འདུག་གམ།” ཞེས་ང་ཚོས་སོ་སོའི་ཉིན་གཅིག་གི་བྱ་སྤྱོད་ལ་དྲང་པོ་དྲང་བཞག་བྱས་ཕྱིར་མིག་ལྟ་དགོས། གལ་སྲིད་རང་ངོས་ནས་ཉིན་མོ་དེའི་རིང་མི་བཟང་པོ་ཞིག་དང་ཡག་པོ་ཞིག་བྱས་པ་ཤེས་ན། དེ་ལ་དགའ་བ་སྒོམ་ནས་རྗེས་སུ་ཡི་རང་བྱེད་དགོས། འོན་ཏེ་གལ་ཏེ་ང་ཚོས་བྱ་བ་ངན་པ་ཤ་སྟག་བྱས་འདུག་ན། ང་ཚོས་ནོར་འཁྲུལ་ཁས་ལེན་བྱས་ཏེ་འགྱོད་བཤགས་བྱེད་དགོས་ཤིང་། ཀུན་སློང་ཤུགས་དྲག་དང་བཅས་ཏེ། “ཉི་མ་སང་ཉིན་ནས་བཟུང་ངས་ལས་ངན་དེ་འདྲ་སླར་ཡང་རྩ་བ་ནས་བྱེད་ཀྱི་མིན།” ཞེས་ཀུན་སློང་རྣམ་དག་ཅིག་བཅོས་དགོས།

གལ་སྲིད་ང་ཚོས་ཉི་མ་རེ་རེ་བཞིན་དེ་ལྟར་བྱེད་ཐུབ་ན། རིམ་བཞིན་ཡར་རྒྱས་ཕྱིན་ཏེ། ཉིན་རྗེས་མ་དང་། ཟླ་བ། ལོ་བསྟུད་ནས་ཡག་པོ་ཞིག་བྱེད་རྒྱུའི་ཆོད་སེམས་རྙེད་དེ་རྒྱུན་མཐུད་ཐུབ་པ་ཡོང་གི་ཡོད། དཔེར་ན། ང་ཚོས་འདི་འདྲ་བའི་ཆོས་བཤད་ལ་བཅར་ནས་སོ་སོ་ཡར་རྒྱས་གཏོང་ཐུབ་པ་ལྟ་བུ་རེད། “ད་ནས་བཟུང་ངས་བློ་སྦྱོང་གི་ཆོས་ཉན་ནས་གང་ཐུབ་ཅི་ཐུབ་ཀྱིས་ཉམས་ལེན་ནང་སྒྲིལ་གྱི་ཡིན།” ཞེས་ཀུན་སློང་བརྟན་པོ་ཞིག་བཅོས་དགོས།

སྟོབས་གཉིས་པ་ནི་དཀར་པོ་ས་བོན་གྱི་སྟོབས་ཡིན། དེ་ཡང་ང་ཚོས། “གཞན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ང་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག” །ཅེས་པའི་སྨོན་ལམ་བཏབ་ནས་བསྐྱེད་དགོས། དེས་རང་གི་འཐོབ་བྱར་འགྱུར་བའི་སངས་རྒྱས་དང་གཞན་གྱི་འཐོབ་བྱར་འགྱུར་བའི་སངས་རྒྱས་གཉིས་ལ་བསྔོ་བ་བརྟན་པོ་བཟོ་གི་ཡོད།

སྟོབས་གསུམ་པ་ནི་སུན་འབྱིན་པའི་སྟོབས་ཡིན། དེའི་དོན་ནི་ང་ཚོའི་རྒྱུད་ཀྱི་རང་གཅེས་འཛིན་དང་། ཉོན་མོངས། རང་འདོད་དོན་གཉེར། རང་དོན་ལས་བྲེལ། བདག་བདེན་པར་གྲུབ་པར་འཛིན་པ་སོགས་མི་དགེ་བའི་བསམ་པ་ཐམས་ཅད་སྤོང་བའི་དོན་ཡིན། རང་ཉིད་ཉོན་མོངས་པ་དེ་དག་གི་གཞན་དབང་དུ་མ་འགྱུར་བ་བྱེད་ཀྱི་ཡིན་ཞེས་ཐག་བཅད་དེ། “ངས་རང་ཉིད་ཁེངས་རློམ་དང་། ང་རྒྱལ། རང་ཤེད་སོགས་ཀྱི་དབང་དུ་འགྲོ་གི་མིན། གལ་སྲིད་ཉོན་མོངས་དེ་རང་རྒྱུད་ལ་མངོན་དུ་འགྱུར་ན། དེ་མ་ཉིད་དུ་གཉེན་པོ་བསྟེན་པའི་ཆོད་སེམས་སྐྱེད་ཀྱི་ཡིན།” ཞེས་བསམ་བློ་གཏོང་དགོས།

སྟོབས་བཞི་པ་ནི་སྨོན་ལམ་གྱི་སྟོབས་ཡིན། སྐབས་འདིར་ང་ཚོས། “རྟག་ཏུ་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་བསྐྱེད་ཐུབ་པར་ཤོག་ཅེས་དང་། གལ་ཏེ་བསྐྱེད་ཟིན་པ་ཡིན་ན། དེ་དག་གོང་ནས་གོང་དུ་འཕེལ་བར་ཤོག” །ཅེས་སྨོན་ལམ་འདེབས་དགོས། སྨོན་ལམ་དང་བསྔོ་བའི་བར་ཁྱད་པར་ཡོད་པ་ང་ཚོས་ཤེས་ཀྱི་རེད། སྨོན་ལམ་ནི་ཆོས་གང་ཡང་རུང་བ་ཞིག་འཐོབ་པར་ཤོག་ཅེས་སྨོན་པ་ཙམ་ཡིན། དེ་ནི་སྐབས་འདིར་ང་ཚོས་བྱེད་བཞིན་ཡོད། བསྔོ་བ་ནི་ང་ཚོས་མཆོད་པའི་རྟེན་དུ་མཆོད་རྫས་ཤིག་ཕུལ་ནས་དགེ་བའི་ལས་ཀྱི་ནུས་པ་རྣམས་རང་གི་ཇི་ལྟར་འདོད་པའི་དོན་སྒྲུབ་པའི་སླད་དུའམ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་བསྔོ་བ་ཡིན།

སྟོབས་ལྔ་པ་ནི་གོམས་པའི་སྟོབས་ཡིན། དུས་རྣམ་ཀུན་ཏུ་དགེ་བའི་ཕྱོགས་ནས་བསམ་བློ་གཏོང་སྟངས་དེ་ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་གོང་འཕེལ་གཏོང་དགོས། ང་ཚོས་སེམས་དོན་གྱི་ཐབས་ལམ་གང་འདྲ་ཞིག་བསྟེན་ཀྱང་ཕན་ཐོགས་ཡོད་པའི་གོམས་གཤིས་ཤིག་རྒྱུད་ལ་འཇགས་ཐུབ་པ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན། འདོད་པའི་དོན་རྣམས་དེ་མ་ཉིད་དུ་སྒྲུབ་མི་ཐུབ་པར་གོམས་འདྲིས་ལ་བསྟེན་ནས་རིམ་བཞིན་སྒྲུབ་དགོས། དེར་བརྟེན་ང་ཚོས་ག་ལེར་སོ་སོའི་སེམས་དེ་ཕྱོགས་བཟང་ས་ཞིག་ཏུ་འགྲོ་བ་ཤེས་རྟོགས་ཐུབ། བདུན་ཕྲག་གཅིག་གམ་ཟླ་བ་གཅིག་རིང་ཉམས་ལེན་ཧུར་ཐག་བྱས་པ་ཙམ་གྱིས་མི་ཕན་པར་དུས་ཡུན་རིང་པོ་འབད་བརྩོན་སྙུགས་བསྲིངས་ནས་རྒྱུན་སྐྱོང་བྱེད་དགོས། འཁྱུག་ཙམ་རིང་ཧུར་ཐག་བྱས་དེ་ནས་གཡུགས་བཞག་ན་ཕན་མི་ཐོགས། དེ་ལས་ལྡོག་སྟེ། བཟང་ཕྱོགས་ཀྱི་གོམས་གཤིས་སྐྲུན་རྒྱུར་ང་ཚོས་སྐྱེ་བ་ནས་སྐྱེ་བར་བསམ་བློ་གཏོང་དགོས། དེས་ན་རིམ་གྱིས་ཡར་རྒྱས་འོང་བ་ཡིན། གང་ཡིན་ཟེར་ན། སྐྱེ་བ་ལ་ཐོག་མ་མེད་པ་ནས་བཟུང་། ང་ཚོས་ཉོན་མོངས་པའི་གཞན་དབང་དུ་སོང་བ་དང་། རང་གཅེས་འཛིན་གྱི་དབང་དུ་སོང་ནས་སྤྱོད་པ་སྡུག་ཅག་དེ་འདྲ་བྱས་ཡོད། དེར་བརྟེན་དེ་དག་མི་དགེ་བའི་ལས་རྣམས་མེད་པ་བཟོ་རྒྱུ་ལས་སླ་པོ་མེད། དེ་ལ་དུས་ཚོད་དང་སྙུགས་བསྲིངས་པའི་འབད་བརྩོན་དགོས། དེས་ན་སོ་སོའི་སེམས་ལ་གོམས་གཤིས་ཡག་པོ་ཞིག་འཇགས་ཆེད་ངང་རྒྱུད་རིང་པོ་བྱེད་རྒྱུ་གནད་ཆེ།

གལ་སྲིད་ང་ཚོས་བདུན་ཕྲག་གཅིག་གམ་ཟླ་གཅིག་ཙམ་རིང་ཉམས་ལེན་ཧུར་ཐག་བྱ་རྒྱུར་འབད་བརྩོན་བསྟེན་ན། ཡར་རྒྱས་འགྲོ་རྒྱུའི་ཚབ་ཏུ་སེམས་ཤུགས་ཆག་རྒྱུ་རེད། དེ་ནི་སྐྱེ་བ་ནས་སྐྱེ་བ་ང་ཚོའི་སེམས་རྒྱུད་ཡར་རྒྱས་འགྲོ་རྒྱུར་ཕུགས་ལ་གནོད་ཚབས་ཤིན་ཏུ་ཆེ། ཕྱོགས་གཞན་ཞིག་ནས་གལ་སྲིད་ང་ཚོས་སྐྱེ་བ་ནས་སྐྱེ་བ་བརྒྱུད་འབད་བརྩོན་བསྟུད་མར་བསྟེན་ན། སེམས་ཤུགས་མ་ཆག་པའམ་དོན་དངོས་དང་མི་མཐུན་པའི་རེ་བ་བྱེད་ཀྱི་མེད། དེས་ན་ང་ཚོས་སྙུགས་བསྲིང་ཐུབ་པའི་ཡར་རྒྱས་གཏོང་ཐུབ།

དགེ་བཤེས་འཆད་ཁ་བས། “སྐྱོན་གྱིས་ཁེངས་པའི་སེམས་འདིའི་ནང་རླབས་ཆེ་བའི་ཡོན་ཏན་གཅིག་ཡོད་དེ་རིམ་གྱིས་སྦྱོང་དགོས། དེ་ལྟར་ཆགས་ཀྱི་ཡོད།” གཞན་ཡང་ང་ཚོའི་སེམས་ལ་སྦྱོར་བརྡར་སྤྲད་དེ་སེམས་ཀྱི་གོམས་གཤིས་བཟང་པོ་ཞིག་དང་མི་བཟང་པོ་ཞིག་ཏུ་སྒྱུར་ཐུབ། དེ་ནི་སེམས་ཀྱི་ཡོན་ཏན་ཡིན།

འཆི་བའི་ཚེ་སྟོབས་ལྔ་ཉམས་སུ་ལེན་པ།

གཤམ་དུ་འཆི་བའི་ཚེ་སྟོབས་ལྔ་ཉམས་སུ་ལེན་ཚུལ་འགྲེལ་བཤད་བྱེད་ཀྱི་རེད།

(མཆན། འདི་ནི་ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། ། ཞེས་པའི་འགྲེལ་བ་ཡིན།)

འདིར་གོ་རིམ་ནི་ཅུང་ཟད་འདྲ་གི་མེད། ང་ཚོའི་ལུས་ལ་ཆགས་པའི་ཆགས་པ་སྤོང་དགོས་པ་ཤེས་རྒྱུ་གལ་ཆེ་ཞིང་། ཐོག་མར་དཀར་པོ་ས་བོན་གྱི་སྟོབས་ཡོང་གི་ཡོད། དེ་ཡང་འཆི་བའི་ཚེ། “ད་ངས་གསོན་པའི་ཚེ་བསགས་པའི་རང་རྒྱུད་ཀྱི་མི་དགེ་བའི་ལས་རྣམས་སྦྱོང་གི་ཡིན། གང་བྱས་པའི་མི་དགེ་བའི་ལས་དང་ཉེས་པ་རྣམས་ངོས་བཟུང་ནས། ཐམས་ཅད་བློས་གཏོང་བྱེད་ཀྱི་ཡིན།” ཞེས་བསམ་བློ་གཏོང་དགོས།

གལ་སྲིད་ང་ཚོས་གསོན་པའི་ཚེ་རང་གི་བྱ་སྤྱོད་ལ་དོ་སྣང་མ་བྱས་པར་འགྱོད་སེམས་དྲག་པོ་དང་བཅས་འཆི་དགོས་ཚེ་སེམས་ནང་དངངས་སྐྲག་ཇི་ཙམ་ཡོང་མིན་ཐད་སྤྱོད་འཇུག་གི་ལུང་ཞིག་གཞུང་འདིའི་ནང་དྲངས་ཡོད། འཆི་བའི་ཚེ་ང་ཚོའི་སེམས་ནང་འཇིགས་སྣང་དྲག་པོ་ཡོང་སྲིད་པར་བརྟེན་འཆི་བའི་དུས་སུ་དྲན་ཤེས་བསྟེན་ནས་ང་ཚོའི་རྒྱུད་དུ་བསགས་པའི་མི་དགེ་བའི་ལས་རྣམས་སེལ་ཆེད་གཉེན་པོ་བསྟེན་ཐབས་བྱས་ཏེ། ཐོག་མར་དཀར་པོ་ས་བོན་གྱི་སྟོབས་ཉམས་སུ་ལེན་དགོས། ཅི་སྟེ་ང་ཚོས་སྔགས་ཀྱི་ཉམས་ལེན་བྱེད་ཀྱི་ཡོད་ན། དབང་ཞུས་ཏེ་སྡོམ་པ་བསྐྱར་གསོ་བྱེད་དགོས། སྦྱིན་པའི་སེམས་དང་བཅས་རང་ལ་བདག་པའི་ནོར་རྣམས་གཞན་ལ་གཏོང་བ་དང་། དེ་ཡང་ཆགས་སེམས་མེད་པར་ཀུན་སློང་རྣམ་དག་གི་ཐོག་ནས་གཏོང་དགོས། དེ་ནི་དཀར་པོ་ས་བོན་གྱི་སྟོབས་ཡིན།

གཉིས་པ་ནི་འཕེན་པའི་སྟོབས་ཡིན། ང་ཚོ་འཆི་བའི་སྐབས་སེམས་ནང་། “གསོན་པོར་སྡོད་རྒྱུའི་དུས་ཚོད་ག་ཚོད་ལྷག་ཀྱང་། དེ་དག་ཚང་མ་བེད་སྤྱོད་ཡག་པོ་བྱས་ཏེ། འཆི་བར་གྲ་སྒྲིག་བྱེད་ཀྱི་ཡིན། དེར་བརྟེན་མ་འོངས་པར་ཡག་པོ་འབྱུང་ངེས།” ཞེས་བསམ་དགོས།

དེ་ནས་སུན་འབྱིན་པའི་སྟོབས་ནི། སྐྱེ་བ་ཕྱི་མར་མི་དགེ་བའི་ལས་སོགས་མི་གསོག་པའི་ཕྱིར་དང་། ཡང་དག་པ་དགེ་བའི་ལམ་དུ་འཇུག་རྒྱུའི་ཆོད་སེམས་བརྟན་པོ་ཞིག་བསྐྱེད་པ་ཡིན།

དེ་རྗེས་སྨོན་ལམ་གྱི་སྟོབས་ནི་སྐྱེ་བ་ཕྱི་མར་མུ་མཐུད་དེ་བློ་སྦྱོང་གི་ཉམས་ལེན་ལ་འཇུག་ཐུབ་པར་སྨོན་ལམ་འདེབས་རྒྱུ་དེ་ཡིན།

གོམས་པའི་སྟོབས་ནི་ང་ཚོ་འཆི་འགྲོ་བ་དང་མཉམ་དུ་བྱང་ཆུབ་སེམས་ལ་བསམ་བློ་གཏོང་བའི་གོམས་པ་ཤུགས་ཇེ་ཆེར་གཏོང་བ་ཡིན། དེར་མ་ཟད། ང་ཚོ་འཆི་བའི་ཚེ་འཆི་ལུགས་ལ་བསམས་ན། སངས་རྒྱས་སྐུ་མྱ་ངན་ལས་འདས་པའི་ཚུལ་བཞིན་དུ་འཆི་ཐབས་བྱེད་དགོས། རྩྭ་མཆོག་གྲོང་དུ་སངས་རྒྱས་མྱ་ངན་ལས་འདས་པའི་སྐབས་སྐུ་གཞོགས་གཡས་སུ་ཕབ་ནས་སེངྒེའི་འགྱིང་སྟབས་སུ་མཛད། ང་ཚོ་འཆི་བའི་ཚེ་བྱང་ཆུབ་སེམས་ལ་ཡིད་ཆེས་དང་དད་པ་བརྟན་པོ་ཞིག་བསྐྱེད་ནས་ངའི་སྐྱེ་བ་ཐམས་ཅད་ནང་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སླད་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་བྱང་ཆུབ་སེམས་གོང་ནས་གོང་དུ་འཕེལ་བར་ཤོག་ཅེས་སྨོན་ལམ་འདེབས་དགོས་པ་དང་། འཆི་བ་ཐོག་ཏུ་བབས་པའི་སྐབས་སྐྱེ་བ་ཕྱི་མའི་ཆེད་དེ་ལྟའི་ཀུན་སློང་དེ་དུས་རྟག་ཏུ་བཅོས་དགོས།

དེ་ཡང་དབུགས་གཏོང་ལེན་གྱི་བྱ་བའི་ཐོག་ནས་གཞན་གྱི་སྡུག་བསྔལ་རང་སྟེང་དུ་ལེན་པ་དང་རང་གི་བདེ་བ་གཞན་ལ་གཏོང་བར་མོས་པ་བྱེད་པ་ནི་འཆི་བའི་ལམ་ཡག་ཤོས་དེ་ཡིན། འཕོ་བའམ་རྣམ་ཤེས་འཕོ་བར་མཚོན་ན། དགེ་བཤེས་འཆད་ཁ་བས། “རྣམ་ཤེས་འཕོ་བའི་ཐད་དམ་པའི་ཆོས་ཀྱི་གསུང་ཇི་སྙེད་ཅིག་ཡོད་པ་ལས་གཏོང་ལེན་ལས་དགེ་མཚན་ཆེ་བ་གཅིག་ཀྱང་མེད།” ཅེས་གསུངས།།

འཆི་བའི་ཚེ་སེམས་ཀྱི་གནས་བབས་ཡག་པོའམ་དགེ་སེམས་མངོན་དུ་གྱུར་ནས་འཆི་རྒྱུ་ནི་ཧ་ཅང་གལ་ཆེ། ང་ཚོ་ཁ་ཤས་ལ་འཆི་བའི་ཚེ་ན་ཟུག་དྲག་པོ་བྱུང་ནས་ཟུག་བཅག་སྨན་ཡང་བཟའ་དགོས་ཀྱི་ཡོད། དེས་སེམས་མི་གསལ་བར་བྱེད་ཀྱི་ཡོད། གལ་སྲིད་སྨན་བཟའ་མི་དགོས་པ་ཡིན་ན། སེམས་ཀྱི་གནས་བབས་གསལ་པོ་བྱས་འཆི་རྒྱུར་དགེ་མཚན་ཆེ་བ་ཡོད། གལ་ཏེ་སྨན་མི་བཟའ་ཀ་མེད་ཡིན་ན། དེ་ནི་གནས་ཚུལ་ཐ་དད་རེད། འོན་ཏེ་བཟི་སྨན་གྱིས་མ་བསླད་པར་ཤི་ན་ཡག་ཤོས་ཡིན།

བློ་འབྱོངས་པའི་ཚད།

(མཆན། ཧོར་སྟོན་ནམ་མཁའ་དཔལ་དང་སྐྱབས་རྗེ་ཕ་བོང་ཁའི་གཞུང་ནང་། གཞུང་ཚན་འདིའང་། ཆོས་ཀུན་དགོངས་པ་གཅིག་ཏུ་འདུས། །དཔང་པོ་གཉིས་ཀྱི་གཙོ་བོ་བཟུང་། །ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །བྱང་པའི་ཚད་ནི་ལོག་པ་ཡིན།འབྱོངས་རྟགས་ཆེན་པོ་ལྔ་ལྡན་ཡིན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། ། ཞེས་ཐོན་གྱི་ཡོད། ཚིག་རྐང་དང་པོ་གསུམ་ནི་ང་ཚོའི་བྱང་པའི་རྟགས་སུ་གསུངས། སྔོན་དུ་ཐོགས་མེད་བཟང་པོའི་གཞུང་ནང་། བྱང་པའི་ཚད་ནི་ལོག་པ་ཡིན། འབྱོངས་རྟགས་ཆེན་པོ་ལྔ་ལྡན་ཡིན།ཞེས་པའི་ཚིག་རྐང་གཉིས་གསལ་གྱི་མེད། ཚིག་རྐང་དང་པོ་གསུམ་དང་མཐའ་མ་བཅས་ཚང་མ་བློ་འབྱོངས་པའི་ཚད་ཀྱི་ནང་འདུས་ཡོད།)

གཞུང་འདིའི་འགྲེལ་པའི་ནང་། གལ་སྲིད་ང་ཚོས་མི་རྟག་པའི་བསམ་བློ་དང་བཅས་མི་ཚེར་ལྟ་ཕྱོགས་ཐད་བློ་སྦྱངས་ཡོད་ན། མི་ཚེའི་ནང་གང་མཐོང་ཡང་འགྱུར་བའི་བདག་ཉིད་མི་རྟག་པར་མཐོང་ཐུབ་ཅེས་གསུངས་ཡོད། དེ་ག་ནང་བཞིན་ཅི་སྟེ་ང་ཚོས་རང་གཅེས་འཛིན་གྱི་ཉེས་དམིགས་ལ་བློ་སྦྱངས་ཡོད་ན། དེའི་རྟགས་སུ་ང་ཚོས་གཞུང་གང་འདྲ་ཀློག་པ་དང་བྱ་བ་གང་འདྲ་ཞིག་བྱེད་དགོས་ཐུག་ཀྱང་། དེ་དག་གི་ནང་སྐྱོན་གྱི་ཆ་སྣ་ཚོགས་ཤིག་མཐོང་ནས་དེ་དག་ཚང་མ་རང་གཅེས་འཛིན་གྱི་རྐྱེན་ལས་བྱུང་བ་ཤེས་ཐུབ། གལ་སྲིད་ང་ཚོས་རྟག་ཏུ་རང་འདོད་དོན་གཉེར་ལས་བྱུང་བའི་མི་དགེ་བའི་རིགས་དེ་དག་ངོས་འཛིན་ཐུབ་ན། དེ་ནི་བློ་སྦྱོང་གི་ཉམས་ལེན་ཡག་པོ་བྱུང་བའི་རྟགས་ཡིན།

བློ་སྦྱོང་དོན་བདུན་མའི་ནང་། ང་ཚོས་རང་སོ་སོ་དཔང་པོའི་གཙོ་བོར་འཛིན་དགོས་ཞེས་གསུང་གི་ཡོད། ང་ཚོའི་སེམས་ཀྱི་བྱ་བ་བྱེད་ཚུལ་ཤེས་རྟོགས་སླད་རང་ཉིད་དཔང་པོ་ཡག་ཤོས་དེ་ཡིན། གཞན་སུ་གཅིག་གིས་ཀྱང་ང་ཚོར་ཚོད་དཔག་དང་དཔང་པོ་བྱེད་མི་ཐུབ། གལ་སྲིད་ང་ཚོས་ཆོས་ཕྱོགས་ཀྱི་ལས་དོན་གང་བྱེད་པར་གཞན་གྱིས་ཁག་ཐེག་བྱེད་པར་དཔང་པོ་བྱེད་དགོས་ན། གཞན་གྱི་མིག་སྔར་ང་ཚོ་ཆོས་པ་རྣམ་དག་ཡག་པོ་ཞིག་ཡིན་པར་མཐོང་ཆེད་ང་ཚོས་ཕྱི་ཚུལ་ནས་འདྲ་ཆག་པོ་བྱེད་པའི་ཉེན་ཁ་ཡོད། དེར་བརྟེན་གཙོ་བོ་ནི་སོ་སོའི་ནང་སེམས་རྒྱུད་ནས་ཉམས་ལེན་ཚུལ་བཞིན་དུ་བྱེད་རྒྱུ་དེ་ཡིན། ང་ཚོ་མི་བཟང་པོ་ཞིག་དང་ཡག་པོ་ཞིག་ཆགས་ཡོད་མེད་ཐད་དཔང་པོ་ཡག་ཤོས་ནི་སོ་སོ་རང་ཉིད་ཡིན།

འདིར་ང་ཚོས་བཀའ་གདམས་དགེ་བཤེས་རྣམས་ཀྱི་གསུང་སྒྲོས་འགའ་ཞིག་དྲངས་ནའང་འགྲིགས། དཔེར་ན། “ང་ཚོས་སྐྱོན་ཞིག་མཐོང་སྐབས། དེ་སོ་སོ་རང་གི་ཡིན་པར་བལྟ་དགོས།” ཞེས་དང་། “གལ་ཏེ་སྐྱོན་གྱི་རིགས་གང་ཞིག་ང་ཚོས་རང་གཅེས་འཛིན་ལས་བྱུང་བ་མཐོང་ན། དེ་ནི་ང་ཚོའི་ཉམས་ལེན་ལམ་ལྷོང་བྱུང་བའི་རྟགས་རེད།” ཅེས་དང་། ཡང་ “གལ་ཆེ་ཤོས་ནི་རྟག་ཏུ་དྲན་ཤེས་སྟེན་རྒྱུ་དེ་ཡིན། དེ་ཡང་རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་རྒྱུ་དེ་ཡིན།” ཞེས་གསུངས་ཡོད་པ་ལྟ་བུའོ།།

བློ་འབྱོངས་བའི་ཚད་དངོས་དེ་ནི་ང་ཚོས་གཞན་ཡལ་བར་དོར་ནས་རང་ཉིད་རྐྱང་རྐྱང་བསམ་པའི་སྔོན་དུ་ཅི་སྟེ་དེ་གཉིས་བརྗེ་པོ་རྒྱག་ཐུབ་ནས། རང་ཉིད་ཡལ་བར་དོར་ཏེ་གཞན་གཅེས་པར་བཟུང་ན། དེ་ནི་ལེགས་སྒྲུབ་བྱུང་བའི་ཚད་གཞི་ངོ་མ་དེ་རེད།

ང་ཚོས་དཔང་པོར་བརྩི་སར་དམིགས་པའི་མི་བཟང་པོའམ་ “སྐྱེས་བུ་ཆེན་པོ་ལྔའམ་འབྱོངས་རྟགས་ཆེན་པོ་ལྔ་” ཡོད་པ་ནི།

  • སེམས་དཔའ་ཆེན་པོ་ནི། གཞན་དོན་ཁོ་ནར་བསམས་ནས་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེད་ཕྱིར་རྟག་ཏུ་བརྩོན་འགྲུས་ལྷོད་མེད་བྱེད་མཁན་དེ་ཡིན།
  • དགེ་སྦྱོང་ཆེན་པོ་ནི། ཕར་ཕྱིན་བཅུ་དང་དགེ་བའི་སྤྱོད་ལམ་ལ་རྟག་ཏུ་བརྩོན་འགྲུས་ལྷོད་མེད་བྱེད་མཁན་དེ་ཡིན།
  • དཀའ་ཐུབ་ཆེན་པོ་ནི། རང་རྒྱུད་ཀྱི་ཉོན་མོངས་འཇོམས་པ་ལ་དཀའ་སྡུག་ཐམས་ཅད་ལ་བཟོད་ཐུབ་མཁན་དེ་ཡིན།
  • འདུལ་བ་འཛིན་པ་ཆེན་པོ་ནི། རང་གི་བློ་སྦྱོང་བ་དང་འབྲེལ་བའི་སྡོམ་པ་ཚང་མ་ཚུལ་བཞིན་དུ་སྲུང་མཁན་དེ་ཡིན།
  • རྣལ་འབྱོར་ཆེན་པོ་ནི། བྱང་ཆུབ་ཀྱི་སེམས་ཡན་ལག་དང་བཅས་པའི་རྣལ་འབྱོར་རྒྱུན་དུ་གོམས་པར་བྱེད་མཁན་དེ་ཡིན།

(མཆན། ཕར་ཕྱིན་བཅུ་ནི་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས། སྨོན་ལམ། སྟོབས། ཡེ་ཤེས་བཅས་ཡིན།)

གལ་སྲིད་རང་ངོས་ནས་བློ་སྦྱོང་ཡག་པོ་བྱུང་ཡོད་མེད་ཚོད་ལྟ་བྱེད་འདོད་ན། ང་ཚོས་སྒོམ་རྒྱག་པའི་སྐབས་ཁོ་ནར་གཞན་ལ་སེམས་ཁུར་བྱས་ཏེ་ཚད་འཛིན་བྱེད་རྒྱུ་མེད། དེ་ལས་སོ་སོའི་ཉིན་རེའི་མི་ཚེའི་ནང་གཞན་གྱི་རང་ལ་སྐྱོན་འཛུགས་བྱེད་པའམ་གནོད་འཚེ་བྱེད་པ་སོགས་ཀྱི་སྐབས་སུ། གལ་ཏེ་ང་ཚོས་དེར་ཡ་ལན་ཇི་ལྟར་སྤྲོད་མིན་ཐད་བསམ་ཞིབ་བྱས་ན། དེ་ལས་དོན་དངོས་སུ་ང་ཚོ་ཡར་རྒྱས་ཇི་ཙམ་ཕྱིན་ཡོད་མེད་ཉམས་ཚོད་ལེན་ཐུབ།

བློ་སྦྱོང་གི་དམ་ཚིག་བསྟན་པ།

བློ་སྦྱོང་དོན་བདུན་མའི་དྲུག་པ་དེ་བསྟན་པའི་སྲོལ་འདྲ་མིན་ཡོད། འདིར་ངས་ཁུངས་གཏུགས་སའི་ནམ་མཁའ་དཔལ་གྱི་གཞུང་ནང་དམ་ཚིག་བཅུ་དྲུག་གསུངས་ཡོད། འོན་ཀྱང་གཞུང་གཞན་ཁ་ཤས་ཀྱི་ནང་དམ་ཚིག་བཅོ་བརྒྱད་བར་དུའང་གསུངས་ཡོད།

(༸གོང་ས་མཆོག་གིས་བཀའ་ཆོས་གནང་བའི་ནམ་མཁའ་དཔལ་གྱི་འགྲེལ་བའི་ནང་། སྤྱི་དོན་གསུམ་ལ་རྟག་དུ་བསླབ། ། ཅེས་དམ་ཚིག་དང་པོ་དེ་ཉམས་ལེན་གསུམ་དུ་བརྩིས་གནང་ཡོད། དེ་ནས་གྲངས་འདྲེན་འདི་ལའང་ཁག་བཅོ་བརྒྱད་ཡོད། ༸གོང་ས་མཆོག་གིས་འགྲེལ་བ་གནང་བ་ལྟར། གྲང་འདྲེན་འདི་ནི་རྒྱལ་སྲས་ཐོགས་མེད་བཟང་པོ་དང་ཕ་བོང་ཁ་གཉིས་ཀས་མཛད་པའི་དགེ་བཤེས་འཆད་ཁ་བའི་གཞུང་ནང་གསལ་བའི་དམ་ཚིག་བཅོ་བརྒྱད་ཡིན།

ནམ་མཁའ་དཔལ་གྱི་གཞུང་གཞན་འགའི་ནང་དམ་ཚིག་བཅོ་བརྒྱད་གསལ་ཡོད་ཀྱང་། དེའི་ནང་གཤམ་གྱི་མི་འདྲ་བའི་ཁྱད་པར་ཁག་ཐོན་གྱི་ཡོད། དེ་ཡང་ཉམས་ལེན་དང་པོ་དེའི་ནང་གཅིག་ལས་བརྩི་གི་མེད།

འདིའི་ནང་ནས་དམ་ཚིག་སྲུང་བའི་ཉམས་ལེན་གཅིག་རྩིས་མེད་ཀྱང་། ང་ཚོའི་བློ་སྦྱོང་ཉམས་ལེན་ཆེད་༸གོང་ས་མཆོག་གིས་བཀའ་འགྲེལ་གནང་བའི་གཞུང་ནང་ཁ་སྣོན་མཛད་ཡོད།

  • དེ་ཡང་། ཉོན་མོངས་གང་ཆེ་སྔོན་ལ་སྦྱོང་། ཞེས་ཐོག་མར་རང་རྒྱུད་དུ་ཤུགས་ཆེ་ཤོས་ཀྱི་ཉོན་མོངས་རྣམས་སྤོང་ཐབས་བྱེད་དགོས་པ་དང་། བློ་སྦྱོང་བའི་སྡེ་ཚན་དེའི་གྲངས་སུ་རགས་པ་གང་ཡིན་སྔོན་ལ་སྦྱང་།ཞེས་ཉོན་མོངས་རགས་ཤོས་གང་ཡིན་སྔོན་དུ་སྦྱོང་ཞེས་གསལ་ཡོད།

དམ་ཚིག་གཅིག་རྦད་དེ་རྩིས་མེད་བཏང་ཡོད་པ་ནི།

  • ལྟོ་ལོག་མི་བྱ།

དམ་ཚིག་གཞན་གཉིས་ཁ་སྣོན་བྱས་ཡོད་པ་དེ་སྐབས་འདིར་༸གོང་ས་མཆོག་གིས་འགྲེལ་བཤད་བསྐྱོན་ཡོད། དེ་དག་ཀྱང་རང་རྒྱུད་འདུལ་ཐབས་སུ་གྲངས་ཀ་བརྩིས་ཡོད་པ་སྟེ།

  • བསྐོལ་བ་རྣམས་ལ་རྟག་ཏུ་སྦྱང་།
  • རྐྱེན་གཞན་དག་ལ་ལྟོས་མི་བྱ།

དམ་ཚིག་གི་ཉམས་ལེན་གཉིས་ཁ་སྣོན་བྱས་པ་དེ་དག་དམ་ཚིག་གི་ཉམས་ལེན་དང་བློ་སྦྱོང་དགོས་པའི་གནད་གཉིས་ཀའི་ཚུལ་དུ་གཞུང་གཞན་ནང་མི་གསལ་བ་ནི།

  • བཙན་གྱིས་སྤོང་བའི་ཐབས་ལ་བརྟེན་ནས་རང་རྒྱུད་ཀྱི་ཉོན་མོངས་སྤོང་བ་དང་དགེ་བ་སྒྲུབ་པ།
  • གཞན་ལ་ཆགས་པ་དང་སྡང་བ་སྐྱེ་བའི་རྒྱུ་མཚན་ཐམས་ཅད་འཇོམས་པ།)

༡༽ སྤྱི་དོན་གསུམ་ལ་རྟག་དུ་བསླབ། ཅེས་གསུངས་པའི་ནང་གི་སྤྱི་དོན་དང་པོ་ནི། བློ་སྦྱོང་ཁས་བླངས་དང་མི་འགལ་བ། དེ་ཡང་མི་དགེ་བའི་ལས་བཅུ་སོགས་སྤངས་པའི་སྒོ་ནས་ཚུལ་ཁྲིམས་སྲུང་སྟེ་ཉམས་སུ་ལེན་དགོས། དཔེར་ན། ཚུལ་ཁྲིམས་མ་སྲུང་པ་ལྟ་བུའི་སྤྱོད་པས་ང་ཚོའི་བློ་སྦྱོང་དང་འགལ་བ་ཆགས་ཀྱི་ཡོད། ཉམས་ལེན་འགོ་བཙུགས་པ་ནས་བཟུང་གསང་བ་འདུས་པའི་རྒྱུད་ཀྱི་བར་ཉམས་ལེན་དེ་ནམ་ཡང་འདོར་བར་མི་བྱ། གང་ཡིན་ཟེར་ན། ང་ཚོས་ཁས་བླངས་པའི་ཚིག་དང་མི་མཐུན་པ་འགྱུར་ངེས་ཡིན།

སྤྱི་དོན་གསུམ་ལས་གཉིས་པ་ནི། བློ་སྦྱོང་ཐོ་ཅོར་མ་སོང་བ་ཡིན། དཔེར་ན། ཁོར་ཡུག་ལ་གནོད་སྐྱོན་གཏོང་བ་ལྟ་བུ། གསུམ་པ་ནི། བློ་སྦྱོང་ཕྱོགས་རེ་བར་མ་སོང་བར། དེ་ལས་ལྡོག་སྟེ། དུད་འགྲོ་དང་འབུ་སྲིན་ཐེ་བའི་སེམས་ཅན་ཐམས་ཅད་ལ་གཅིག་མཚུངས་ཉམས་སུ་ལེན་དགོས།

༢༽ འདུན་པ་བསྒྱུར་ལ་རང་སོར་བཞག །གཞན་ཡང་ང་ཚོའི་ཕྱིའི་རྣམ་པ་དང་སྤྱི་ཚོགས་ནང་ཚུལ་བཞིན་དུ་སྤྱོད་ཚུལ་རང་སོར་བཞག་ནས་སོ་སོའི་ལུས་ངག་གི་སྤྱོད་པ་བསྒྱུར་དགོས། ཕྱོགས་གཞན་ཞིག་ནས་ང་ཚོ་སོ་སོ་རང་ཉིད་ཐད་ལ་བསམ་བློ་གཏོང་སྟངས་མི་འདྲ་བའམ་ཡ་མཚན་ཅན་དེ་འདྲ་མི་དགོས། དཔེར་ན། གལ་སྲིད་ང་ཚོས་བློ་སྦྱོང་ཉམས་ལེན་བྱེད་ཀྱི་ཡོད་ན། ཉམས་ལེན་དེ་བྱེད་པར། ཕྱི་རོལ་དུ་འགྲོ་མི་དགོས་པར་སོ་སོ་གང་འདོད་ལྟར་བྱེད་པ་ལྟ་བུ། རྒྱུན་དུ་གསུང་པ་ལྟར། ནང་སེམས་ཀྱི་ཐོག་ནས་ཆོས་ཕྱོགས་ཀྱི་ཉམས་ལེན་ཡོད་དོ་ཅོག་ཉམས་སུ་ལེན་དགོས་པ་དང་། ཕྱིའི་རྣམ་པའི་ཐོག་ནས་སོ་སོ་གང་དུ་སྡོད་སའི་ཁོར་ཡུག་དང་སྤྱི་ཚོགས་དང་ཞི་མཐུན་ངང་བརྟན་པོར་གནས་དགོས་ཀྱི་ཡོད་པ་ལས་གཏུམ་སྤྱོད་བྱས་ན་མི་ཕན། རྗེ་ཙོང་ཁ་པ་ཆེན་པ་དང་གུང་ཐང་ཚང་སོགས་སྐྱེས་ཆེན་བླ་མ་རྣམས་ཀྱིས་དེ་ལྟར་གསུངས་ཡོད།

༣༽ ཡན་ལག་ཉམས་པ་བརྗོད་མི་བྱ། ཕྱོགས་གཞན་ཞིག་ནས་བརྗོད་ན། ང་ཚོས་མི་གཞན་ལ་སྐྱོན་བརྗོད་དང་གཞན་གྱི་གྲུབ་འབྲས་ལ་བལྟས་ནས་ཟུར་ཟ་བྱེད་མི་རུང་། སྤྱིར་བཏང་ནས་ང་ཚོས་གཞན་གྱི་ལེགས་པའི་ཆ་མཐོང་ཐུབ་ཀྱི་མེད། འོན་ཏེ་ཅི་སྟེ་སྐྱོན་གྱི་ཆ་ཕྲན་བུ་ཡོད་ན། མིག་རྣོ་བའི་བྱ་ཁྲ་ལྟར་མཐོང་ནས་ལམ་སེང་སྐྱོན་བརྗོད་བྱེད་ཀྱི་ཡོད། དེ་ནི་གཞན་གྱི་སྐྱོན་བརྗོད་པ་སྤོང་བ་ཡིན།

༤༽ གཞན་ཕྱོགས་གང་ཡང་མི་བསམ་མོ། གཞན་གྱི་སྐྱོན་གྱི་ཆ་སེམས་ནང་ཉར་བའམ་བསམ་པ་སོགས་བྱེད་མི་ཉན།  

དེ་དག་ལས་གནད་དོན་དང་པོ་ལ་མཚོན་ན། དེ་དག་ལ་བློ་སྦྱོང་བའི་སྐབས་དམིགས་བསལ་གང་ཟག་རིགས་ལྔའམ་བཀོལ་བ་ལྔའི་སྒོ་ནས་སྦྱངས་ན་ཕན་ཐོགས་ཆེན་པོ་ཡོད་པ་དང་། གཤམ་གྱི་གནད་དོན་དེ་དག་ལ་དམིགས་བསལ་གྱིས་གཟབ་ནན་ཐོག་ཟུར་འདོན་བྱེད་དགོས།

  • རང་ལ་དྲིན་ཆེ་བ། དཀོན་མཆོག་གསུམ་དང་། དགེ་བའི་བཤེས་གཉེན། ཕ་མ་སོགས་རང་ལ་དྲིན་ཤིན་ཏུ་ཆེ་བ་དང་ཕྱག་བྱ་བའི་འོས་སུ་གྱུར་བའི་མི་ལ་ཁོང་ཁྲོ་བྱ་མི་ཉན། དེ་ལྟར་བྱས་ན། ཧ་ཅང་ཚབས་ཆེན་གྱི་མི་དགེ་བའི་ལས་ཡིན།
  • ཉིན་ལྟར་མཉམ་དུ་གཤིབས་མཁན་དང་ནང་མི་ཞེས་པ་ནི་དམིགས་བསལ་སོ་སོའི་ནང་མི་ཁྱིམ་ཚང་དང་མཉམ་དུ་འདུག་མཁན་ཁྱིམ་མཚེས་ལ་གཟབ་གཟབ་བྱེད་དགོས་པའི་དོན་ཡིན། རྒྱུན་དུ་ང་ཚོའི་ཁ་ནས། “སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་ཤོག །ངས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཐུབ་པར་ཤོག” །ཅེས་སྨོན་ལམ་འདེབས་ཀྱི་ཡོད། འོན་ཀྱང་དོན་དངོས་སུ་ང་ཚོས་སེམས་ཅན་དེ་དག་འབྲེལ་ཐག་རིང་པོར་བརྩི་བ་དང་། སོ་སོའི་ནང་མི་དང་གྲོགས་པོ་གྲོགས་མོ་སོགས་དང་དངོས་སུ་མཉམ་དུ་སྡོད་སྐབས་དེ་ལྟའི་སྨོན་སེམས་དེ་ལག་བསྟར་ཐུབ་ཀྱི་མེད། དེ་ནི་རྦད་དེ་ནོར་བ་ཞིག་རེད། ང་ཚོས་ཁ་ཙམ་ཚིག་ཙམ་མིན་པར་སོ་སོའི་ནུས་པ་དངོས་སུ་བེད་སྤྱོད་གཏོང་དགོས་པ་དང་། སོ་སོའི་ཁྱིམ་མཚེས་དང་རང་ཉིད་སྣང་བར་མི་འགྲོ་བའི་མི་སོགས་ཉིན་ལྟར་འབྲེལ་བ་ཡོད་པ་རྣམས་ལ་བེད་སྤྱོད་གཏོང་དགོས། དེ་ལྟར་ང་ཚོའི་སྨོན་ལམ་རྣམས་དོན་ཐོག་ཏུ་འཁྱོལ་བ་ཞིག་དང་། དྲང་བདེན་གྱི་སྒོ་ནས་གནས་སྟངས་ལ་གདོང་ལེན་བྱེད་ཐབས་བྱ་དགོས། སེམས་ཅན་ཐམས་ཅད་རྒྱང་ཐག་རིང་པོར་ཡོད་པ་མིན། ང་ཚོས་ཐད་ཀར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྒྲུབ་དགོས།
  • སྐྱ་སེར་སུ་རུང་རང་དང་འགྲན་རྩོད་བྱེད་མཁན། ང་ཚོར་ཕྲག་དོག་དང་འགྲན་རྩོད་བྱེད་མཁན་ཚོར་གདོང་ལེན་བྱེད་ཕྱོགས་ཐད་ང་ཚོས་དམིགས་བསལ་ནུས་ཤུགས་བཏོན་ནས་འབད་བརྩོན་བྱེད་དགོས། གང་ཡིན་ཟེར་ན། དེ་དག་གི་ཕྱོགས་ལ་སྡང་བ་དང་རང་གི་ཕྱོགས་ལ་རང་གཅེས་འཛིན་སྐྱེ་བའི་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན་གང་ཟག་དེ་དག་ལ་བསྟུན་ནས་བློ་སྦྱོང་སྟངས་ཐད་དམིགས་བསལ་འབད་བརྩོན་བསྟེན་དགོས།
  • རང་ངོས་ནས་ཕར་བྱ་བ་ངན་པ་ཅི་ཡང་བྱས་མེད་ཀྱང་ཚུར་ལ་གནོད་འཚེ་བྱེད་མཁན། མི་དེ་རིགས་ནི་རང་ལ་གཞན་གྱི་ཕན་ཐོགས་བྱས་ཀྱང་དེ་ལ་ཡི་རང་བྱ་རྒྱུའི་ཚབ་ཏུ་གནོད་པ་སྐྱེལ་བ་དང་ཚིག་ངན་སྨྲ་བ་སོགས་བྱེད་མཁན་ལ་གོ་དགོས། དེ་ལྟར་བྱུང་ཚེ་སྤྱིར་བཏང་ནས་སེམས་ནང་བསུན་བཙེར་སྐྱེས་ནས་ཀུན་སྤྱོད་ཚུལ་བཞིན་དུ་འཁྱེར་བའི་རེ་བ་བྱེད་ཀྱི་ཡོད། དེ་ལ་ང་ཚོས་ཁོང་ཁྲོ་མེད་པར་དམིགས་བསལ་འབད་བརྩོན་བསྟེན་དགོས་པ་དང་བློ་སྦྱོང་གི་ཉམས་ལེན་མུ་མཐུད་ཉམས་སུ་ལེན་དགོས།
  • མཐོང་བ་ཙམ་མམ་མིང་ཐོས་པ་ཙམ་གྱིས་ཞེན་པ་ལོག་སའི་མི། སོ་སོའི་རྩ་ནས་མི་དགའ་སའམ་ཞེན་པ་ལོག་སའི་མི་རྣམས་ལ་རང་ངོས་ནས་གཟབ་གཟབ་ནན་པོ་བྱེད་དགོས། དཔེར་ན། སྐབས་སྐབས་སུ་ང་ཚོར་དགའ་ས་དང་མི་དགའ་སའི་མི་འདྲ་མིན་སྣ་ཚོགས་འཕྲད་ཀྱི་ཡོད། གནས་སྐབས་དེར་དྲན་ཤེས་བརྟེན་ནས་འདོད་ཆགས་དང་། ཞེ་སྡང་ངམ་ཞེན་ལོག་སོགས་མི་དགེ་བའི་གཞན་དབང་དུ་མི་འགྱུར་བ་བྱ་རྒྱུ་གལ་ཆེ།

(གང་ཟག་རིགས་ལྔའམ་བཀོལ་བ་ལྔའི་འགྲེལ་བཤད་འདི་ནམ་རྒྱུན་བློ་སྦྱོང་གི་བསླབ་བྱ་བཅུ་གཉིས་ཀྱི་འགྲེལ་ཚུལ་དེ་ཡིན། དེ་ཡང་ཟུར་དུ་བཀོད་པ་དང་འབྲེལ་བར་བློ་སྦྱོངས་ཞེས་གསུངས་པ་དང་མཐུན་པར་༧གོང་ས་མཆོག་ནས་འགྲེལ་བརྗོད་གནང་གི་ཡོད།)

ཚང་མ་བཀྲིས་ལོ་ལེགས་ངང་འགྲོ་གི་འདུག་ན། ང་ཚོ་ཁ་ཤས་ཀྱིས་ཆོས་པ་འདྲ་པོ་བྱེད་ཀྱི་ཡོད། འོན་ཀྱང་གནས་ཚུལ་ཡག་པོ་མེད་ན། འཇིག་རྟེན་པའི་ལམ་དུ་ཞུགས་ཀྱི་ཡོད། ཁྱེད་རང་ཚོས་མཁྱེན་གསལ་ལྟར། ལག་ཏུ་ཕྲེང་བ་དང་མ་ཎི་འཁོར་ལོ་བཟུང་ནས་སྨོན་ལམ་འདེབས་བཞིན་དགོན་པ་སོགས་ལ་སྐོར་བ་རྒྱག་པ་ནི་ང་ཚོའི་གོམས་སྲོལ་ཡིན། མི་ཞིག་མ་ཎི་འཁོར་ལོ་ཁྱེར་ནས་སྐོར་བ་རྒྱག་བཞིན་པའི་སྐབས། མི་གཞན་ཞིག་སླེབས་ནས། ག་རེ་བྱེད་ཀྱི་ཡོད་ཅེས་སྐད་ཆ་དྲིས་པར། མི་དེས་ངས་ཆོས་ཉམས་ལེན་བྱེད་ཀྱི་ཡོད་ཅེས་ལན་བཏབ། ཉམས་ལེན་ག་རེ་བྱེད་ཀྱི་ཡོད་ཅེས་དྲིས་སྐབས། ཁོ་པས། བཟོད་པ་གོམས་གཤིས་སུ་འཇགས་ཐབས་བྱེད་ཀྱི་ཡོད་ཅེས་བཤད། སྐབས་དེར་མི་གཞན་ཞིག་གིས་བཟོད་པ་སྦྱོང་མཁན་དེ་ལ། ཁྱེད་རང་སྐྱག་པ་བཟོ་ཞེས་བཤད་པས། བཟོད་པ་སྒོམ་ཐབས་བྱེད་ཁུལ་བྱེད་མཁན་དེ་ལམ་སེང་ཁོང་ཁྲོ་ལངས་པ་རེད། དེས་ག་རེ་སྟོན་གྱི་ཡོད་ཟེར་ན། མི་དེས་སྐོར་བ་སོགས་བྱས་ནས་ཆོས་པ་ཡིན་ཁུལ་བྱེད་པ་ཙམ་ཡིན། ཁོ་པའི་སེམས་ནང་འགྱུར་བ་རྩ་བ་ནས་ཕྱིན་མེད།

༥༽ ཉོན་མོངས་གང་ཆེ་སྔོན་ལ་སྦྱང་། ང་ཚོས་རང་རྒྱུད་ཀྱི་ཉོན་མོངས་གང་ཆེ་བ་ནས་སྤོང་ཐབས་བྱེད་དགོས། འོན་ཏེ་ཁ་ཤས་ལ་གཉེན་པོ་བསྟེན་པ་དང་ཁ་ཤས་མ་བསྟེན་པ་བྱེད་རྒྱུ་མེད། ཉོན་མོངས་དེ་དག་གདོང་ལེན་བྱེད་སྐབས། ཐར་པ་འཐོབ་པར་བར་དུ་གཅོད་བྱེད་ཀྱི་སེམས་ནང་གི་གེགས་ཐམས་ཅད་མེད་པ་བཟོ་དགོས། དེ་ལྟར་བྱེད་པར་ཁ་ཤས་ཙམ་མིན་པར་ཉོན་མོངས་ཚང་མ་སྤོང་དགོས་པ་ཡིན།

གཞུང་འདིའི་ནང་གསུང་པ་བཞིན། ང་ཚོས་སོ་སོའི་རྒྱུད་ཀྱི་ཉོན་མོངས་དང་གོམས་གཤིས་ངན་པ་ཚང་མ་བཙན་གྱིས་སྤོང་དགོས་པ་དང་རྟག་ཏུ་གཞན་ལ་སེམས་ཁུར་བྱེད་དགོས། དེ་ཡང་ཐབས་ཚུལ་དེ་དག་གི་ཐོག་ལ་ཐོས་པ་དང། བསམ་པ། སྒོམ་པ་བཅས་བྱས་ནས་སེམས་ཀྱི་གོམས་གཤིས་བཟང་པོའམ་དགེ་བའི་གོམས་གཤིས་རྣམས་གོང་འཕེལ་གཏོང་དགོས། དེ་བཞིན་སེམས་ཤུགས་མ་ཆག་པར་བདག་འཛིན་དང་རང་གཅེས་འཛིན་བཙན་གྱིས་སྤོང་ཐབས་བྱེད་དགོས། དེས་ན་འདས་པའི་དུས་སུ་ཉོན་མོངས་ཀྱི་གཞན་དབང་དུ་ཤོར་ཡོད་པས། ད་ང་ཚོས་ཉོན་མོངས་པའི་གཞན་དབང་དུ་མི་འགྱུར་བར་སེམས་ཤུགས་བརྟན་པོ་ཞིག་སྐྱེད་དགོས་པ་དང་། རྐྱེན་གང་ཞིག་གིས་ཀྱང་སོ་སོའི་ཀུན་སློང་ལ་གཡོ་བ་མེད་པ་བཟོ་དགོས།

༦༽ འབྲས་བུར་རེ་བ་ཐམས་ཅད་སྤང་། མི་ཚང་མས་རང་ལ་དགའ་པོ་དང་ཡག་པོ་བྱེད་ཡོང་བསམས་ནས་ང་ཚོས་བློ་སྦྱོང་བ་བསམ་བློ་བསྒྱུར་བཅོས་གཏོང་གི་མེད་ལ། རང་ཉིད་ཆོས་པ་ཡག་པོ་ཞིག་ཡིན་པར་གྲགས་པ་དང་གསོལ་རས་འཐོབ་འདོད་ཀྱི་ཀུན་སློང་བཅང་མི་རུང་། དེ་ལས་ལྡོག་སྟེ། ང་ཚོས་གཞན་དོན་ཁོ་ན་སྒྲུབ་ཐུབ་པའི་དམིགས་ཡུལ་ཞིག་བཟུང་ནས་བློ་སྦྱོང་དགོས་ཀྱི་ཡོད། གཞན་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་དགོས་པ་ལས་རང་དོན་ཆེད་དུ་ནི་མ་ཡིན།

༧༽ དུག་ཅན་གྱི་ཟས་སྤང་། དེ་ནི་རང་གཅེས་འཛིན་དང་རང་ཤེད་ཀྱི་བསམ་པས་ང་ཚོའི་ཉམས་ལེན་ལ་ལྷད་ཞུགས་སླ་བའི་དོན་ཡིན། ང་ཚོས་ཉམས་ལེན་དང་། སྨོན་ལམ། སྒོམ། གཞུང་ཆེན་ཁག་ལྟ་ཀློག་དང་སློབ་གཉེར་སྣ་ཚོགས་བྱེད་ཀྱི་ཡོད། མ་གཞི་ང་ཚོས་དེ་དག་ཐམས་ཅད་མཐའ་ཡས་པའི་སེམས་ཅན་གྱི་ཆེད་དུ་བྱེད་ཀྱི་ཡོད་ཅེས་བརྗོད་ནའང་། སོ་སོ་སྙན་གྲགས་ཆེ་བའི་མཁས་པ་ཞིག་ཆགས་འདོད་ཀྱི་ཀུན་སློང་ཡོད་ན་ཉམས་ལེན་དེ་དག་ཚང་མ་སྐྱོན་ཅན་ཞིག་ལས་མི་ཡོང་། དེ་བཞིན་ཚེ་འདིའི་ནང་ལོངས་སྤྱོད་འཕེལ་བ་དང་། ནད་ལས་ཐར་བ། ཚེ་རིང་བ་སོགས་ཀྱི་ཆེད་དུ་བྱས་ནས་གཞན་དོན་དུ་མ་བྱས་པ་ཡིན་ན། དེས་ཕན་མི་ཐོགས་པ་ཡིན། དེ་ནི་དུག་ཅན་གྱི་ཟས་བཟའ་བ་དང་མཚུངས་ཤིང་། རང་གཅེས་འཛིན་ཤུགས་ཆེ་རུ་འགྲོ་བའི་རྐྱེན་ཁོ་ན་བྱེད།

༨༽ གཞུང་བཟང་པོ་མ་བསྟེན།རང་གི་ཉོན་མོངས་རྣམས་ཡང་དག་པའི་ཐབས་སུ་བསྟེན་མི་ཉན།༽ འདི་ལ་འགྲེལ་བ་གཉིས་ཡོད། འགྲེལ་བ་འགའ་ཞིག་ནང་། ང་ཚོའི་སེམས་ནང་གི་ལམ་ཆེ་ཁག་རྣམས་ཉོན་མོངས་འགྲོ་སའི་ལམ་དུ་བྱ་མི་ཉན་པར་གསུངས། འགྲེལ་བ་གཞན་ལ་གཞིགས་ན། དེའི་དོན་ནི། ང་ཚོས་མི་ཞིག་མཐོང་བ་ན། རྒྱ་ལམ་ཆེན་པོ་ཞིག་གི་སྟེང་སླེབས་པ་ལྟར། སྤྱིར་བཏང་ནས་སོ་སོའི་སེམས་དེའི་ཕྱོགས་སུ་འགྲོ་གི་ཡོད། འགྲེལ་བ་གཉིས་པ་དེ་ནི། གཞུང་འདིའི་ནང་འགྲེལ་བཤད་བྱས་པ་བཞིན། དཔེར་ན། གཞན་གྱིས་ང་ཚོར་བསུན་པོ་བཟོས་པའམ་ཁོང་ཁྲོ་བསླངས་ན། འཁོན་སེམས་དང་བཅས་ང་ཚོའི་སེམས་མི་དེའི་ཕྱོགས་སུ་གཏོང་མི་ཉན། ངའི་བསམ་པར། འགྲེལ་ལུགས་དང་པོ་དེ་ཅུང་ལས་སླ་བར་སྣང་། དེའི་ནང་ང་ཚོའི་སེམས་ཀྱི་དམིགས་གཏད་གཙོ་བོ་དེ་ཉོན་མོངས་ཀྱི་ཕྱོགས་སུ་གཏོང་རྒྱུ་མེད།

༩༽ ཤགས་ངན་མི་རྒོད། འདི་ནི་འཁོན་ལན་སློག་པར་ཟེར། གཞན་གྱིས་ཚུར་ཚིག་ངན་ཞིག་སྨྲས་ན་ཕར་ཚིག་ངན་སྨྲ་བའམ་ལན་སློག་པར་གོ་ཞིང་དེ་ལྟར་བྱེད་མི་ཉན།

༡༠༽ འཕྲང་མ་སྒུགས། ཇག་པས་ལམ་ཟུར་དུ་བསྒུགས་ནས་འགྲུལ་མི་བཅོམ་པ་ལྟར། ང་ཚོས་མི་ཞིག་ལ་སྐྱོན་འཛུགས་སམ་ཧོབ་འཕྲོག་བྱ་རྒྱུའི་ཆེད་མི་དེས་ནོར་འཁྲུལ་བྱ་རྒྱུའམ་ཚུལ་མིན་གྱི་བྱ་སྤྱོད་སྤེལ་རྒྱུར་སྒུག་སྡོད་རྒྱུ་མེད། ཅི་སྟེ་ང་ཚོ་མི་བཟང་པོ་ཡིན་ན། མི་བཟང་པོ་གཞན་ལ་ཕན་སེམས་བཅངས་རྒྱུ་ལས་སླ་པོ་ཡིན། འོན་ཀྱང་སོ་སོའི་ངོས་ནས་དངོས་གནས་དྲང་གནས་གདོང་ལེན་བྱེད་དགོས་སའི་མི་དང་ཐུག་སྐབས་ཁག་པོ་ཡོད།

༡༡༽ གནད་ལ་མི་དབབ། འདིས་གཞན་གྱི་སྐྱོན་དང་ནོར་འཁྲུལ་རྣམས་གཞན་གྱི་མདུན་དུ་ཐེར་འདོན་བྱེད་པའམ་གླེང་མི་ཉན་ཞེས་ང་ཚོར་དྲན་སྐུལ་བྱེད་ཀྱི་ཡོད།

༡༢༽ མཛོ་ཁལ་གླང་ལ་མི་འབྱོ། མཛོ་ནི་གཟུགས་སྟོབས་ཆེ་བའི་སེམས་ཅན་ཞིག་ཡིན། གཡག་དང་བ་ཕྱུག་གི་རིགས་རྒྱུད་འདྲེས་པ་ལས་བྱུང་། གཞན་ཡང་སོ་སོས་བྱས་པའི་ལས་ལ་གཞན་སྟེང་དུ་ཁག་དཀྲི་རྒྱུ་མེད། ལེ་ལན་ཐམས་ཅད་གཞན་ལ་གཡོག་པ་ལས་འགན་འཁུར་ཆ་ཚང་རང་ངོས་ནས་འཁྱེར་ཐབས་བྱ་དགོས།

༡༣༽ མགྱོགས་ཀྱི་རྩེ་མ་གཏོད། ལེགས་བྱས་ཐམས་ཅད་རང་གིས་བྱས་པ་ཡིན་ཞེས་ངོ་སོ་རང་གིས་འཁྱེར་བར་ཟེར།

༡༤༽ ལྟོ་ལོག་མི་བྱ། ང་ཚོས་འདྲེ་སྲིན་གདུག་པ་ཅན་འགོག་པའི་ཕྱིར་གའུ་དང་རྩ་ཆེན་གྱི་སྲུང་འཁོར་བཏགས་པའི་སྐབས་དེའི་ངོས་ཕར་ཕྱོགས་སུ་སྟོན་དགོས། དེ་ག་ནང་བཞིན་བློ་སྦྱོང་བའི་སྐབས་གཞན་གཅེས་པར་འཛིན་དགོས། འོན་ཀྱང་སོ་སོ་རང་ཉིད་གལ་ཆེན་དུ་བརྩིས་ནས་བློ་སྦྱོང་བ་ནི་གའུ་དང་སྲུང་འཁོར་རྒྱབ་མདུན་བསློགས་ཏེ་བཏགས་པ་དང་འདྲ་བ་ཡིན།

༡༥༽ ལྷ་བདུད་དུ་མི་དབབ། འདིའི་དོན་ནི་རང་གཅེས་པར་འཛིན་པ་ལ་དགའ་ཞིང་མགུ་བའི་ཕྱིར་བྱ་བ་རྩོམ་པར་གོ་སྟེ། དཔེར་ན། སྐབས་རེར་མི་རྣམས་ཀྱིས་རང་ཉིད་ལ་བསྟོད་ཕྱིར་དང་། རང་ཉིད་གཞན་ལས་ཡག་ག་ཡོང་ཕྱིར་ཕན་ཚུན་སྐྱོན་བརྗོད་རེས་བྱེད་ཀྱི་ཡོད། དེ་ལྟར་ཁ་ཕྱོགས་ནོར་བའམ་གོལ་སར་འཇུག་གི་ཡོད་པས། དེ་ལྟར་ཅི་ནས་ཀྱང་སྤོང་དགོས།

༡༦༽ སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་འཚོལ། མདོར་ན། ལས་གང་ཞིག་བྱས་ཀྱང་སྔོན་ལ་གཞན་ལ་ཕན་ཐོགས་བྱེད་ཀྱི་ཡིན་ཞེས་ཀུན་སློང་ཡང་དག་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེར་བརྟེན་ང་ཚོས་ཞལ་འདོན་དང་སྨོན་ལམ་འདེབས་པའི་འགོ་སྟོད་དུ་ག་དུས་ཡིན་ཀྱང་ཀུན་སློང་བཅོས་པ་དང་མཇུག་ཏུ་བསྔོ་བ་བྱེད་ཀྱི་ཡོད།

བློ་སྦྱོང་གི་བསླབ་བྱ་བསྟན་པ།

འདི་ནི་བློ་སྦྱོང་དོན་བདུན་མའི་མཐའ་མ་དེ་ཡིན།

(༸གོང་ས་མཆོག་གིས་འཁྲིད་བཞིན་པའི་ནམ་མཁའ་དཔལ་གྱི་གཞུང་འདིའི་ནང་། ཉམས་སུ་བླང་བྱའི་དོན་ཚན་ནམ་བསླབ་བྱ་ཉི་ཤུ་རྩ་གཉིས་ཡོད། དེ་ག་ནང་བཞིན་དགེ་བཤེས་འཆད་ཁ་པའི་རྩ་གཞུང་གི་འགྲེལ་བ་རྒྱལ་སྲས་ཐོགས་མེད་བཟང་པོ་དང་སྐྱབས་རྗེ་ཕ་བོང་ཁས་མཛད་པའི་ནང་དུའང་གཅིག་པ་ཐོན་གྱི་ཡོད།

ནམ་མཁའ་དཔལ་གྱི་གཞུང་གཞན་འགའ་ཞིག་ནང་དོན་ཚན་ཁག་ཉི་ཤུ་རྩ་བཞི་ཡོད་ཅིང་། དེ་དག་གི་ནང་གཤམ་གྱི་མི་འདྲ་བའི་ཁྱད་པར་རྣམས་ཐོན་གྱི་ཡོད།

འདིའི་ནང་ནས་དོན་གནད་གཅིག་རྩིས་མེད་ཀྱང་། ༸གོང་ས་མཆོག་གིས་འགྲེལ་བཤད་བསྐྱོན་པའི་ནང་བློ་སྦྱོང་གི་བསླབ་བྱའི་ཚུལ་དུ་ཁ་སྣོན་བྱས་ཡོད་པ་ནི།

  • ལོག་གནོན་ཐམས་ཅད་གཅིག་གིས་བྱ།།

    འདིའི་ནང་ནས་དོན་གནད་གཉིས་རྩིས་མེད་ཀྱང་། ༧གོང་ས་མཆོག་གིས་འགྲེལ་བཤད་བསྐྱོན་པའི་ནང་བློ་སྦྱོང་གི་དམ་ཚིག་གི་ཚུལ་དུ་ཁ་སྣོན་མཛད་ཡོད། དེ་ཡང་།
  • བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ།།
  • རྐྱེན་གཞན་དག་ལ་ལྟོས་མི་བྱ།།

    བསླབ་བྱའི་གནད་ལྔ་ཁ་སྣོན་བྱས་ཡོད་པ་རྣམས་འགྲེལ་བ་གཞན་དུ་དམ་ཚིག་དང་བསླབ་བྱ་གཉིས་ཀའི་ཚུལ་དུ་མི་གསལ། དེ་དག་ནི།
  • ཉམས་སུ་བླང་བ་སླ་བར་བསླབ།།
  • ཐམས་ཅད་ཐེག་ཆེན་ལམ་དུ་བསྒྱུར།།
  • དོན་ཆེན་གང་ཡིན་བླང་བར་བྱ། །དཔེར་ན། སྦྱིན་པ་ལས་ཀྱང་ཚུལ་ཁྲིམས་བསྲུང་རྒྱུ་དོན་ཆེ་བ་དང་། དེ་བཞིན་བྱང་ཆུབ་སེམས་ནི་གནས་སྐབས་གང་དུའང་དོན་ཆེན་ཡིན་པ་ལྟ་བུ།
  • ལོག་ན་དེ་ཉིད་གཉེན་པོར་བསྒོམ། གལ་སྲིད་རང་གི་སྒོམ་ལོག་ན། དེ་ཉིད་གཉེན་པོ་བསྒོམ་དགོས་པ་དང་། གཞན་ཡང་ལོག་པ་དེ་གདོན་སོགས་ཀྱིས་གནོད་པ་ལས་བྱུང་བས་གཏོང་ལེན་ཉམས་སུ་ལེན་དགོས།
  • མ་འོངས་པ་ལ་རྟག་ཏུ་གོ་ཆ་བགོ །བྱང་ཆུབ་སེམས་ཀྱི་གོ་ཆ་བགོ་དགོས།

ཡུལ་ལ་ཉེ་རིང་མེད་པར་སྤྱད། ཡང་ན། ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང་།ཞེས་བསླབ་བྱའི་གནད་གཅིག་ནི། ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། ཞེས་པའི་ཆ་ཤས་གཞན་ནང་བསྡུས་ཡོད།)

༡༽ རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། དོན་ཚན་འདིས་ང་ཚོའི་བྱ་གཞག་ཐམས་ཅད་གཞན་ལ་ཕན་པའི་ཀུན་སློང་དང་བཅས་རྩོམ་དགོས་པར་གདམས།

༢༽ ལོག་གནོན་ཐམས་ཅད་གཅིག་གིས་བྱ། གཞན་ཡང་ང་ཚོས་གཏོང་ལེན་གྱི་ཉམས་ལེན་གཅིག་རང་ལ་བརྟེན་ནས་རང་རྒྱུད་ཀྱི་ཉོན་མོངས་ཐམས་ཅད་སྤོང་ཐབས་བྱེད་དགོས།

༣༽ ཐོག་མཐའ་གཉིས་ལ་བྱ་བ་གཉིས། དེ་ནི་ང་ཚོས་གོང་དུ་གོ་སྡུར་ཟིན་པ་དེར་གོ་བ་ཡིན། དེའི་དོན་ནི། ཀ༽ ཉིན་མ་རེ་རེ་འགོ་འཛུགས་པའི་སྐབས་ནས་ཀུན་སློང་བཟང་པོར་བཅོས་དགོས་པ་དང་། ཁ༽ མཇུག་ཏུ་དགེ་བའི་ནུས་པ་བསྔོ་བའི་ཚུལ་དེ་ཡིན།

འདི་ནི་ངས་གང་བྱས་པ་ཐམས་ཅད་གཞན་སེམས་ཅན་ལ་ཕན་པའི་ཀུན་སློང་ཞིག་བཅོས་ནས་ཉིན་ལྟར་ཉམས་ལེན་བྱེད་ཀྱི་ཡོད། ཁྱད་པར་དུ་བོད་ནང་སྡུག་རྩུབ་དང་དཀའ་ངལ་ཚད་མེད་མྱོང་བཞིན་པའི་གཞིས་བཞུགས་བོད་མི་ཚོར་དམིགས་ཀྱི་ཡོད། དེ་ནས་ཉིན་གྱི་མཐའ་མ་དེར་དགེ་བའི་ལས་གང་བསགས་པ་རྣམས་ཀུན་སློང་དེ་སྒྲུབ་པའི་ཆེད་དུ་བསྔོ་སྨོན་བྱེད་ཀྱི་ཡོད།

༤༽ གཉིས་པོ་གང་བྱུང་བཟོད་པར་བྱ། ཀ) ང་ཚོའི་བྱ་གཞག་རྣམས་བཀྲིས་ལོ་ལེགས་ངང་འགྲོ་བའི་སྐབས་རང་གི་བདེ་བ་གཞན་ལ་གཏོང་དགོས་པ་དང་། ཁ) སྡུག་པོ་བྱུང་བའི་སྐབས་གཞན་གྱི་སྡུག་བསྔལ་རང་སྟེང་དུ་ལེན་ཐབས་བྱ་དགོས། སེམས་ཤུགས་ཆག་མི་ཉན། གཏོང་ལེན་གྱི་ཉམས་ལེན་འདིར་བློ་སྟོབས་ཧ་ཅང་ཆེན་པོ་དགོས་ཀྱི་ཡོད། ཅི་སྟེ་སྐྱིད་པོ་བྱུང་ན། ང་ཚོས། “དེ་ནི་འདས་པའི་དུས་སུ་རང་གིས་བྱས་པའི་དགེ་བའི་ལས་ཀྱི་འབྲས་བུ་རེད།” ཅེས་བསམ་བློ་གཏོང་དགོས་པ་ལས། “རང་ཉིད་ཧ་ཅང་འཇོན་པོ་དང་རྒོད་པོ་ཞིག་ཡིན།” ཅེས་རྩ་བ་ནས་དྲན་མི་རུང་། རང་ཉིད་སྐྱིད་པོ་དང་གནས་སྟངས་ཡག་པོའི་ནང་ཡོད་པའི་སྐབས་སུ། གཞན་སེམས་ཅན་ཐམས་ཅད་ཀྱང་དེ་ལྟར་བདེ་བ་དང་ལྡན་པར་ཤོག་ཅེས་སྨོན་ལམ་འདེབས་དགོས།

དཀའ་ཚེགས་ཆེ་བའི་གནས་སྟངས་ཤིག་ཕྲད་ན་དེ་ལ་དམིགས་བསལ་འབད་རྩོལ་བྱ་རྒྱུ་ཧ་ཅང་གནད་འགག་ཆེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ནང་གསུང་པ་བཞིན། ང་ཚོ་ན་བའམ་དཀའ་ངལ་ཆེ་བའི་གནས་སྟངས་ཤིག་ནང་ལྷུང་ཚེ། སེམས་ཤུགས་མ་ཆག་པར། བཟོད་སྒོམ་ཐུབ་པ་དང་དམིགས་བསལ་འབད་བརྩོན་བྱས་ནས་ཐབས་ལམ་འཚོལ་རྒྱུ་དེ་གནད་ཆེན་པོ་ཡིན། དེ་ག་ནང་བཞིན་ལམ་ལྷོང་ཆེན་པོ་དང་ཐམས་ཅད་བར་ཆད་མེད་པར་བཀྲིས་ལོ་ལེགས་ཡོད་ན། རློམ་སེམས་སམ་ཁེངས་དྲེགས་མི་སྐྱེ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

༥༽ གཉིས་པོ་སྲོག་དང་བསྡོས་ལ་བསྲུང་། །ཞེས་དེ་ལ་གཉིས་ཏེ། ཀ) སྤྱིར་ཆོས་ཉམས་ལེན་གྱི་གདམས་པ་སྤྱི་དང་། བྱེ་བྲག་ཏུ། ཁ) བློ་སྦྱོང་བའི་དམ་ཚིག་རྣམས་སྲོག་དང་བསྡོས་ཏེ་བསྲུང་དགོས།

༦༽ དཀའ་བ་གསུམ་ལ་བསླབ་པར་བྱ། ཀ༽ དང་པོ་ཉོན་མོངས་ཀྱི་གཉེན་པོ་དྲན་དཀའ་བས་དེ་དག་ལ་དྲན་ཤེས་བསྟེན་དགོས་པ། ཁ༽ བར་དུ་ཟློག་དཀའ་བས་གཉེན་པོ་དེ་དག་སྟེན་རྒྱུ་བརྗེད་མི་ཉན། ག༽ ཐ་མར་རྒྱུན་གཅོད་དཀའ་བས་དེ་དག་རྒྱུན་སྲིང་བར་དྲན་ཤེས་བསྟེན་དགོས། དེར་བརྟེན་ཉོན་མོངས་མངོན་དུ་གྱུར་མ་ཐག་དེ་དག་ཟློག་པའི་གཉེན་པོ་རྣམས་དྲན་པ་བྱེད་དགོས་ཀྱི་ཡོད། འོན་ཀྱང་གཉེན་པོ་དེ་དག་དྲན་པ་ཙམ་མིན་པར། དེ་མ་ཐག་ལག་བསྟར་བྱེད་དགོས་པ་དང་མུ་མཐུད་གཉེན་པོ་བསྟེན་དགོས། དེ་ལ་བརྟེན་ནས་ཉོན་མོངས་ཀྱི་རྒྱུན་གཅོད་ཐུབ།

འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་འགྲེལ་བརྗོད་གནང་བ་བཞིན། གནས་སྟངས་སྡུག་ཅག་ཅིག་འཕྲད་པའི་སྐབས་གདོང་ལེན་བྱ་ཐབས་གཞན་ཞིག་ནི། འདི་ལས་ཐབས་སྐྱོ་བ་དང་ཚབས་ཆེ་བ་ཞིག་མ་བྱུང་བ་དེ་རླུང་རྟ་རེད་ཅེས་བསམ་དགོས། གལ་སྲིད་མི་ཞིག་གིས་རང་ལ་ཚིག་ངན་སྨྲས་ན། གཞན་གྱིས་རང་ལ་དེ་ལྟར་བྱ་འོས་ལས་ངན་པ་རྣམས་ཟད་འགྲོ་བས་དགའ་བ་སྒོམ། གལ་ཏེ་རང་ལ་ན་ཚ་བྱུང་ན། བསོད་ནམས་རེད། གང་ཡིན་ཟེར་ན། དེ་ལས་ཚབས་ཆེ་བའི་ན་ཚའམ་རྐྱེན་ངན་གྱི་རྒྱུ་ཟད་འགྲོ་གི་ཡོད། དེ་ག་ནང་བཞིན་བཙོན་དུ་འཇུག་པ་དང་། ཉེས་ཆད་འགེལ་བ། ངན་འགྲོའི་གནས་སུ་སྐྱེ་བ་སོགས་ལའང་གཅིག་པ་ཡིན།

ཉམས་ལེན་དེ་དག་སྒོམ་རྒྱག་པའི་སྐབས་ཚང་མ་སྐྱིད་པོའི་ངང་འགྲོ་བཞིན་ཡོད་པ་དང་སུན་པོ་བཟོ་མཁན་སུ་གཅིག་མེད་པའི་སྐབས་ཁོ་ནར་ལག་བསྟར་བྱ་རྒྱུའི་གནད་དོན་ཞིག་ཏུ་བསམ་བློ་གཏོང་རྒྱུ་མེད། ང་ཚོས་ལྷག་པར་དུ་དཀའ་ངལ་ཆེ་བའི་དུས་སྐབས་སུ་སོ་སོའི་སེམས་རྒྱུད་འདུལ་ཐབས་དང་བློ་སྦྱོང་ཚུལ་དེ་དག་ལག་བསྟར་བྱེད་དགོས། བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་ནས་དེ་གོང་འཕེལ་གཏོང་རྒྱུའི་དམིགས་ཡུལ་དང་བཅས་རང་གིས་དགེ་བའི་ལས་གང་བྱས་གཞན་ལ་བསྔོས་ན། ཐ་ན་ང་ཚོས་ཁ་ལག་བཟའ་བ་དང་གཉིད་ཁུག་པའམ་ཡང་ན་ཆུ་འཐུང་བ་སོགས་བྱ་བ་གང་བྱས་ཀྱང་། བྱང་ཆུབ་སེམས་བསྲུང་བ་ལ་བརྟེན་ནས་བྱུང་བའི་དགེ་བའི་ནུས་པ་རྣམས་གོང་ནས་གོང་དུ་འཕེལ་བ་ཡིན། ཉམས་ལེན་དེ་ལྟར་བྱས་ན། གཞན་ལ་རོགས་རམ་ཆེད་ཐམས་ཅད་ཡར་རྒྱས་གཏོང་བའི་རྒྱུར་འགྱུར་གྱི་ཡོད།

བཀའ་གདམས་པའི་དགེ་བཤེས་འཆད་ཁ་བ་འཆི་ལ་ཉེ་བའི་སྐབས་ཐུགས་ཕམ་བྱུང་ནས་རང་གི་དགེ་ཕྲུག་ཚོར་དམིགས་བསལ་མཆོད་པ་གྲ་སྒྲིག་བྱེད་ཤོག་ཅེས་གསུངས་པ་རེད། དགེ་ཕྲུག་རྣམས་ཀྱིས་ཤེས་འདོད་ཆེན་པོས། “རྒན་ལགས་ཁྱེད་ཀྱིས་མི་ཚེ་གང་པོ་སྒོམ་ཉམས་ལེན་གནང་ནས་བཞུགས་པ་རེད། འཆི་ལ་ཉེ་བའི་སྐབས་ད་ལྟ་ཐུགས་སེམས་སྐྱོ་པོ་དེ་འདྲ་གནང་དགོས་དོན་ཅི་ལགས་སམ།” ཞེས་ཞུས། དགེ་བཤེས་ཆད་ཁ་པས། “ང་རང་སེམས་སྐྱོ་བའིི་རྒྱུ་མཚན་ནི། ངས་མི་ཚེ་གང་པོར་སྐྱེ་བ་ཕྱི་མ་ངན་སོང་དུ་སྐྱེས་ནས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རང་གིས་ལེན་ཕྱིར་སྨོན་ལམ་བཏབ་པ་ཡིན། འོན་ཀྱང་ད་ལྟ་ང་རང་འཆི་ལ་ཉེ་བའི་སྐབས་རང་ཉིད་དམྱལ་བར་མ་སྐྱེས་པར་བདེ་འགྲོའི་གནས་སུ་སྐྱེ་རྒྱུ་ཡིན་པ་མཐོང་གི་འདུག །དེར་བརྟེན་ང་རང་སེམས་སྐྱོ་པོ་འདུག” །ཅེས་གསུངས།

༧༽ རྒྱུ་ཡི་གཙོ་བོ་རྣམ་གསུམ་བླང་། ཀ༽ དགེ་བའི་བཤེས་གཉེན་དང་འཕྲད་པ། ཁ༽དགེ་བའི་བཤེས་གཉེན་གྱིས་གསུང་པའི་ཆོས་ཉམས་སུ་ལེན་པ། ག༽ ཚུལ་ལྡན་གྱི་ཟས་གོས་གནས་ཁང་སོགས་མཐུན་རྐྱེན་ཚང་བ། དེ་ལ་བརྟེན་ནས་ང་ཚོས་ནུས་པ་ཡོངས་སུ་རྫོགས་པ་ཉམས་ལེན་སྟེང་གཏད་ཐུབ། ང་ཚོས་ཆོས་ཕྱོགས་ཀྱི་ཉམས་ལེན་ལམ་ལྷོང་ཡོང་བའི་ཆེད་དུ་རྒྱུ་ཡི་གཙོ་བོ་གསུམ་པོ་དེ་དག་ཐོབ་པར་ཤོག་ཅེས་གསོལ་བ་སྨོན་ལམ་འདེབས་དགོས།

(མཆན། ནམ་མཁའ་དཔལ་གྱི་གཞུང་གཞན་ཁ་ཤས་ཀྱི་ནང་ རྒྱུ་གཙོ་བོ་གསུམ་དེ་ཅུང་ཟད་མི་འདྲ་བར་གསུངས་ཡོད་དེ། ཆོས་སྒྲུབ་པ་ལམ་ལྷོང་ཡོང་ཆེད་ནང་གི་རྒྱུ་དལ་འབྱོར་མི་ལུས་ཐོབ་པ། ཕྱིའི་རྒྱུ་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་དགོས་པ། དེའི་མཐུན་རྐྱེན་ཟས་གོས་སོགས་མཐའ་གཉིས་སུ་མ་ལྷུང་བ་ཞེས་གསལ)

༨༽ ཉམས་པ་མེད་པ་རྣམ་གསུམ་བསྒོམ། ཀ༽ བླ་མ་དང་ཁོང་གི་བཀའ་དྲིན་ལ་དད་གུས་མ་ཉམས་པ་དང་། ཁ༽ བླ་མས་བསྟན་པའི་ཆོས་སློབ་པར་བག་ཡོད་མ་ཉམས་པ། ག༽ བློ་སྦྱོང་གི་ཐབས་སྣ་ཚོགས་ལ་སྤྲོ་བ་མ་ཉམས་པའོ། །ང་ཚོའི་ཡིད་ཆེས་དང་དང་བ་རྣམས་ཁ་ཙམ་ཚིག་ཙམ་མིན་པར། དེ་དག་བརྟན་པོ་དང་བཅོས་མིན་གྱི་སེམས་ཁོང་རུས་པའི་གཏིང་ནས་ཡོང་བ་ཞིག་དགོས། དེ་ལྟར་ཡོང་བར་བློ་སྦྱོང་དངོས་སུ་ཉམས་ལེན་བྱེད་པའི་སྐབས། སོ་སོར་ཆོས་སློབ་མཁན་དང་བསླབ་བྱ་གནང་མཁན་གྱི་དགེ་བའི་བཤེས་གཉེན་ལ་རྗེས་སུ་ཡི་རང་དང་ཡིད་ཆེས་བརྟན་པོ་དགོས།

(ནམ་མཁའ་དཔལ་གྱི་གཞུང་གཞན་ཁ་ཤས་ཀྱི་ནང་། ཉམས་པ་མེད་པ་གསུམ་ནི། ཀ༽ དགེ་བའི་བཤེས་གཉེན་ལ་ཡིད་ཆེས་པའི་དད་་མ་ཉམས་པ་དང་། དགེ་བའི་བཤེས་གཉེན་དེའི་བཀའ་དྲིན་ལ་ཡི་རང་བྱེད་པ། ཁ༽ ཚུལ་ཁྲིམས་མ་ཉམས་པ། ག༽ བློ་སྦྱོང་ལ་སྤྲོ་བ་མ་ཉམས་པའོ།)

༩༽ འབྲལ་མེད་གསུམ་དང་ལྡན་པར་བྱ། དང་པོ་ལུས། གཉིས་པ་ངག །གསུམ་པ་ཡིད་བཅས་ཉམས་ལེན་དང་འབྲལ་མི་རུང་། ལུས་ངག་ཡིད་གསུམ་གྱིས་བྱ་བ་བྱེད་པའི་སྐབས་རིམ་པ་ཚང་མར་ཁ་ཞེ་གཉིས་མེད་བྱེད་དགོས། ཐམས་ཅད་བློ་སྦྱོང་དང་མཐུན་པ་བྱེད་དགོས།

༡༠༽ “ཡུལ་ལ་ཉེ་རིང་མེད་པར་སྤྱོད་ཅེས་པའམ་སྐབས་འགར་ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱང་།” ཞེས་པ་ནི། ང་ཚོའི་གྲོགས་པོ་ཙམ་མིན་པར་སེམས་ཅན་ཐམས་ཅད་ལ་དམིགས་ནས་བློ་སྦྱོང་དགོས་པ་དང་དུག་གསུམ་སྤོང་རྒྱུ་གནད་ཆེ།

༡༡༽ ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། ང་ཚོས་ཡུལ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ཀུན་ལ་དམིགས་ཏེ་བློ་སྦྱོང་དགོས། གཞན་ཡང་ང་ཚོའི་བློ་སྦྱོང་གི་ཉམས་ལེན་རྣམས་མཐར་ཕྱིན་པ་དང་། ཆ་ཚང་བ། བཅོས་མ་མིན་པ་ཞིག་དགོས། དཔེར་ན། ང་ཚོར་དཀའ་ངལ་འཕྲད་པའི་ཚེ། “གལ་སྲིད་ང་ལ་དཀའ་ངལ་དེ་ཕྲད་མེད་ན། ངེས་འབྱུང་གི་བསམ་པ་སྐྱེ་མི་ཐུབ། གལ་ཏེ་རང་གི་སྡུག་བསྔལ་ལས་ཐར་འདོད་ཀྱི་ཆོད་སེམས་མེད་ན། གཞན་སེམས་ཅན་རྣམས་སྡུག་བསྔལ་ལས་འགྲོལ་བའི་སྙིང་རྗེ་སྐྱེ་མི་ཐུབ་པ་དང་། བྱང་ཆུབ་ཀྱི་སེམས་ཡང་དག་པ་ཞིག་སྐྱེ་མི་ཐུབ།” ཅེས་བསམ་བློ་དེ་ལྟར་གཏོང་ཆོག །དཀའ་ངལ་གང་འདྲ་ཞིག་ཕྲད་ཀྱང་དེའི་དོན་དངོས་ཀྱི་རིན་ཐང་ལ་ཡི་རང་བྱས་ཏེ་ང་ཚོས་རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐུབ།

༡༢༽ བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། དཔེར་ན། འབུ་སྲིན་ཆུང་ཆུང་ཞིག་ལ་མཚོན་ན། ཞ་ལའི་སྟེང་ཡོད་པའི་འབུ་དེ་ལས་ང་ཚོ་ལེགས་པ་ཡོད་ཅེས་བསམ་བློ་གཏོང་རྒྱུའི་ཚབ་ཏུ་ཐ་ན་འབུ་རང་ཉིད་ཀྱང་ཡར་རྒྱས་གཏོང་རྒྱུ་དང་གཞན་ལ་ཕན་འདོགས་པའི་ནུས་པ་མེད་པའི་ལུས་རྟེན་ཐབས་སྐྱོ་པོ་དེ་འདྲ་ཞིག་ཏུ་སྐྱེས་པ་དེ་སྐལ་བ་དམན་པ་ལ་ཞེས་བསམ་དགོས། དེ་ལྟར་ང་ཚོས་གཞན་ལ་ཕྲག་དོན་ག་དུས་སྐྱེས་ཀྱང་། གལ་སྲིད་རང་ངོས་ནས་བརྩོན་འགྲུས་བྱས་ན། ཕྲག་དོག་བྱེད་ས་དེ་ནང་བཞིན་ཆགས་ཐུབ་ཅེས་བསམ་བློ་གཏོང་དགོས། དེས་ན། ཉོན་མོངས་པའི་གཞན་དབང་དུ་འགྲོ་དགོས་ཀྱི་མེད། གལ་ཏེ་ང་ཚོར་ན་ཚ་ཞིག་ཡོད་ན། དེའི་ན་ཟུག་སོགས་མྱོང་འདོད་མ་བྱས་པར། ལམ་སེང་སྨན་བསྟེན་གྱི་ཡོད། དེ་ག་ནང་བཞིན། སེམས་ནང་ཉོན་མོངས་མངོན་དུ་གྱུར་སྐབས། སྨན་བཟའ་བ་ལྟར་དེ་ལ་གཉེན་པོ་བསྟེན་དགོས།

(མཆན། འདི་ལས་རྒྱས་པའི་འགྲེལ་བཤད་བྱས་ན། བཀོལ་བ་རྣམས་ནི་གང་ཟག་རིགས་ལྔ་ལ་གོ་གི་ཡོད། དེ་དག་དམིགས་སུ་བཀར་ནས་གཞུང་འདིའི་ནང་༸གོང་ས་མཆོག་གིས་བློ་སྦྱོང་གི་དམ་ཚིག་ཁག་གསུངས་ཡོད།)

༡༣༽ རྐྱེན་གཞན་དག་ལ་ལྟོས་མི་བྱ། དེ་ནི་ང་ཚོས་བློ་སྦྱོང་བའི་སྐབས་འབྱུང་ཤས་ཆེ། ང་ཚོ་ནད་ན་བའམ་གནས་སྟངས་ཡག་པོ་མེད་པ་ཆགས་སྲིད། དེར་བརྟེན་སེམས་ཞུམ་ནས། “ངས་མི་བཟང་པོ་ཞིག་ཆགས་ཆེད་བློ་སྦྱོང་ཐབས་བྱས་པ་ཡིན་ནའང་། རྟག་ཏུ་དཀའ་ངལ་འཕྲད་ཀྱི་འདུག” ཅེས་བསམ་རྒྱུ་མེད། སོ་སོའི་ཉམས་ལེན་ལ་ཁྱད་པར་འགྲོ་གི་འདུག་ན། རྐྱེན་གང་ཕྲད་ཀྱང་ཆོས་ནས་གསུངས་པའི་ཐབས་ལམ་ཡོངས་རྫོགས་ལག་བསྟར་བྱེད་དགོས། རྐྱེན་ངན་པ་རྣམས་སོ་སོའི་སྔོན་མའི་ལས་ལ་བརྟེན་བྱུང་བ་ཤེས་ན། ང་ཚོ་སེམས་ཤུགས་མི་ཆག་པའི་ཁྱད་པར་ཡོད། གནས་སྟངས་སམ་རྐྱེན་ངན་སྣ་ཚོགས་ཤིག་འཕྲད་པའི་སྐབས། དེ་དག་དངོས་སུ་བྱུང་ནས་ང་ཚོས་གདོང་ལེན་དང་སྤོང་ཐུབ་བསམ་པའི་སེམས་ནང་བདེ་བའི་ཚོར་བ་ཞིག་སྐྱེ་དགོས།  

༡༤༽ ད་རེས་གཙོ་བོ་ཉམས་སུ་བླང། ང་ཚོར་རྩ་ཆེའི་མི་ལུས་ཐོབ་ཡོད་ཅིང་། དེ་ལ་དལ་བ་དང་འབྱོར་བ་ཆ་ཚང་ལྡན་ཞིང་མི་བཟང་པོ་ཞིག་བྱེད་ཐུབ་པའི་གོ་སྐབས་ཡོད། གལ་སྲིད་ང་ཚོས་ད་ལྟ་དེ་བེད་སྤྱོད་ཡག་པོ་མ་བྱས་ན། ག་དུས་བྱེད་དམ། ག་དུས་ང་ཚོར་དེ་ལས་བཟང་བའི་གོ་སྐབས་ཤིག་འཐོབ་ཐུབ་བམ།

༡༥༽ གོ་ལོག་མི་བྱ་ཞེས་པ་ནི། གོ་ལོག་མི་འདྲ་བ་དྲུག་ཡོད་དེ།

  • སྙིང་རྗེ་གོ་ལོག་ནི། ཕྱིའི་དཔལ་འབྱོར་གྱིས་དབུལ་བའི་ཉམས་ལེན་པ་རྣམས་སྙིང་རྗེ་བྱས་ཏེ་ཕྱུག་པོ་རྣམས་ལ་སྙིང་རྗེ་མི་བྱེད་པ་ནི་སྙིང་རྗེ་གོ་ལོག་ཡིན། དེ་ནི་རྗེ་བཙུན་མི་ལས་རས་པའི་རྣམ་ཐར་གྱི་དཔེ་ཞིག་དང་འདྲ་སྟེ། རྗེ་བཙུན་ཉིན་ཞིག་སྤྲང་པོའི་རྣམ་པར་ལམ་ཟུར་དུ་ཉལ་ནས་བསྡད་པའི་སྐབས། གཅེན་གཅུང་ཕྱུག་པོ་གསུམ་གྱིས་མཐོང་ནས་སྙིང་རྗེ་སྐྱེས། སྐབས་དེར་རྗེ་བཙུན་གྱིས། “ང་ལ་སྙིང་རྗེ་བྱེད་མི་དགོས། ཁྱེད་ཚོར་སྙིང་རྗེ་དངོས་གནས་བྱེད་མཁན་དེ་ང་ཡིན། དོན་དངོས་སུ་ང་ལས་ཁྱེད་ཚོ་ཁ་ཐབས་སྐྱོ་བའི་གནས་སུ་ཡོད།” ཅེས་གསུངས།
  • འདུན་པ་གོ་ལོག་ནི། སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་འདུན་པ་དགོས་ཀྱང་། དེའི་ཚབ་ཏུ་སྤྱིར་འཁོར་བའི་ཕུན་ཚོགས། ཁྱད་པར་དུ་ཚེ་འདིས་བསྡུས་པའི་རྙེད་བཀུར་སོགས་དོན་དུ་གཉེར་བ་ནི་འདུན་པ་གོ་ལོག་ཡིན།
  • གཉེར་སེམས་གོ་ལོག་ནི། སངས་རྒྱས་ཀྱི་ཆོས་ལ་འདུན་སེམས་དགོས་པར་སྐུལ་སློང་བྱ་རྒྱུའི་ཚབ་ཏུ་འཇིག་རྟེན་པའི་ཆོས་ལ་སྐུལ་མ་འདེབས་པ་ནི་གཉེར་སེམས་གོ་ལོག་ཡིན། (མཆན། ནམ་མཁའ་དཔལ་གྱི་གཞུང་གཞན་ཁ་ཤས་ཀྱི་ནང་། གཉེར་སེམས་གོ་ལོག་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་འགོད་རྒྱུའི་ཚབ་ཏུ་སྤྱིར་དཀོན་མཆོག་གསུམ་གྱི་ཡོན་ཏན་དོན་གཉེར་བྱེད་པ་དང་། བྱེ་བྲག་ཏུ་དགེ་འདུན་དཀོན་མཆོག་གི་གྲོགས་འཐོབ་ཆེད་དོན་གཉེར་བྱེད་པར་གསུངས།)
  • རྗེས་སུ་ཡི་རངས་གོ་ལོག་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་ཡི་རངས་བྱ་རྒྱུའི་ཚབ་ཏུ་རང་ཉིད་མི་དགའ་སའི་མི་རྣམས་གནས་སྟངས་དཀའ་ངལ་ཅན་དང་འཕྲད་པའི་སྐབས་ཡི་རངས་བྱེད་པའམ། ཡང་ན་སོ་སོའི་དགྲ་བོ་ཞིག་ལ་རྐྱེན་ངན་ཕྲད་ན། ཁོ་ལ་དེ་འདྲ་དགོས་རེད་ཅེས་བརྗོད་པ་ལྟ་བུ་ཡིན།
  • བཟོད་པ་གོ་ལོག་ནི། ཆོས་ཕྱོགས་ཀྱི་གནད་དོན་ཆེད་དུ་མ་ཡིན་པར། ང་ཚོས་མི་དགེ་བའི་བྱ་བར་བཟོད་སེམས་བྱེད་པ། དཀའ་ངལ་ཞིག་འཕྲད་ན་དེ་ལས་རྣམ་པར་རྒྱལ་བྱེད་ང་ཚོས་བཟོད་པའམ་ངང་རྒྱུད་རིང་པོ་བྱེད་ཀྱི་ཡོད། འོན་ཀྱང་ཆོས་ཉམས་ལེན་སྐབས་ང་ཚོས་བཟོད་པ་སྒོམ་ཐུབ་ཀྱི་མེད། (ནམ་མཁའ་དཔལ་གྱི་གཞུང་གཞན་ཁ་ཤས་ཀྱི་ནང་། བཟོད་པ་གོ་ལོག་ནི་བཟོད་པ་ནང་བཞིན་དམིགས་བསལ་ཉོན་མོངས་ལ་བཟོད་སེམས་དགོས་ཚུལ་འགྲེལ་བརྗོད་གནང་ཡོད་པ་ལས་ང་ཚོར་ཁོང་ཁྲོ་བྱེད་མཁན་ལ་དགོས་པ་གསུང་མེད།)
  • རོ་མྱོང་གོ་ལོག་ནི། སངས་རྒྱས་ཀྱི་ཆོས་ལ་རོ་མྱོང་བའི་རེ་འདུན་བྱེད་དགོས་རྒྱུའི་ཚབ་ཏུ་ང་ཚོས་གཞི་རྩ་བརྟན་པོ་མེད་ལ་འཇིག་པའི་ཆོས་ཅན། ཡུན་གནས་མི་ཐུབ་པའི་འཇིག་རྟེན་གྱི་ཆོས་ལ་རོ་མྱོང་བ་ནི་རོ་མྱོང་གོ་ལོག་པའོ།།

༡༦༽ རེས་འཇོག་མི་བྱ་ཞེས་པ་ནི། ཉིན་གཅིག་སྒོམ་ཉམས་ལེན་བྱས། དེ་ནས་གཡུགས་བཞག །ཡང་བསྐྱར་དུ་ཉིན་གཅིག་བྱེད་པ་ལྟ་བུ་མ་ཡིན་པར་དམིགས་བསལ་བློ་སྦྱོང་ལ་སྙུགས་སྲིང་ཐུབ་པ་དགོས་པ་མ་ཟད། ཐ་ན་འཇིག་རྟེན་པའི་བྱ་བ་ལའང་གལ་སྲིད་ང་ཚོས་སྐབས་སྐབས་སུ་བྱས་ཏེ་རྒྱུན་མཐུད་དེ་མ་བྱས་ན་གྲུབ་འབྲས་ཡག་པོ་མི་ཡོང་།

༡༧༽ དོལ་ཆོད་དུ་སྦྱང་ཞེས་པ་ནི། ང་ཚོས་བློ་སྦྱོང་ཉམས་ལེན་བྱེད་སྐབས་སེམས་ཐག་གཙང་བཅད་ཀྱིས་འབད་དགོས་པ་ལས་ཐག་ཆོད་ལ་མ་ཆོད་ཀྱིས་དེ་དང་རྦད་དེ་མི་འདྲ་བའི་བྱ་བ་བྱེད་རྒྱུ་མེད། བློ་སྦྱོང་བའི་སྐབས་ཐེ་ཚོམ་རྩ་བ་ནས་བྱ་རྒྱུ་མེད།

༡༨༽ རྟོག་དཔྱོད་གཉིས་ཀྱི་ཐར་བར་བྱ། ཉོན་མོངས་མངོན་དུ་འགྱུར་བའི་སྐབས་གཉེན་པོ་སྟོབས་བཞི་བསྟེན་དགོས། དཔེར་ན། དངོས་པོ་ཞིག་ལ་ཧ་ཅང་ཆགས་ན། དེའི་གཉེན་པོ་ནི་ཆོས་དེ་ཡིད་དུ་མི་འོང་བ་དང་སྙིང་པོ་མེད་པ་ཞིག་ཏུ་བལྟ་དགོས། ཁོང་ཁྲོ་བཟའ་ན་བྱམས་པ་སྒོམ་དགོས། གཏི་མུག་སྐྱེས་ན་རྟེན་འབྲེལ་ལ་བསམ་དགོས། སོ་སོ་ཧ་ཅང་མཁས་པ་ཡིན་ཞིང་སོ་སོའི་འཁྲིས་སུ་ཡོད་པ་རྣམས་དེ་ཙམ་མཁས་པོ་མེད་ན། ང་རྒྱལ་ཡོང་གི་ཡོད། དེར་བརྟེན་སོ་སོ་ངོ་མཚར་ཅན་ཞིག་ཏུ་མ་བསམ་པར། མི་དེ་དག་ལ་སོ་སོ་ནང་བཞིན་གོ་སྐབས་མ་ཐོབ་པ་རེད་ཅེས་བསམ་དགོས། དེ་ལྟར་སོ་སོའི་རྒྱུད་ཀྱི་ཉོན་མོངས་ཀྱི་གཞན་དབང་དུ་མ་སོང་བར་སྙིང་རྗེ་སྐྱེས་ནས་ཐར་ཐབས་བྱེད་དགོས།

༡༩༽ ཡུས་མ་བསྒོམ་ཞེས་པ་ནི། དཀའ་ངལ་འཕྲད་པའི་སྐབས་སམ་ཡང་ན་གཞན་གྱིས་རང་ལས་གང་ཡང་རུང་བ་ཞིག་དགོས་འདོད་བྱས་ཚེ་སེར་སྣ་བྱེད་མི་ཉན།

༢༠༽ ཀོ་ལོང་མ་སྡོམ་ཞེས་པ་ནི། གནས་ཚུལ་སྡུག་ཅག་ཅིག་བྱུང་བའམ་ཁོང་ཁྲོ་བཟའ་སྐབས་ལམ་སེང་ཚོར་བ་སྐྱེན་པོའམ་སྤྲོ་ཐུང་ཐུང་བྱ་རྒྱུ་མེད།

༢༡༽ ཡུད་ཙམ་པ་མི་བྱ་ཞེས་པ་ནི། བློ་སྦྱོང་བའམ་གཞན་ལ་ཕན་འདོགས་པའི་ཐད་ད་འགྲིགས་སོང་ཞེས་ཚད་གཞི་བཟོས་ན་ནོར་འཁྲུལ་ཡིན། དང་པོ་དཀའ་ལས་མང་པོ་བརྒྱབ་དེ་ནས་མཇུག་མ་སྐྱོང་ན་ཕན་ཐོགས་མེད། དེར་བརྟེན་བརྩོན་འགྲུས་རྒྱུན་བརྟན་པོ་ཞིག་དགོས།

༢༢༽ འོར་ཆེ་མི་འདོད་ཅེས་པ་ནི། གཞན་ལ་ཕན་ཅུང་ཟད་བྱས་པ་མ་ཐག་ལམ་སེང་ཚུར་རེ་བ་བྱེད་མི་ཉན། གལ་སྲིད་དབུལ་ཕོངས་ལ་སྦྱིན་པ་བཏང་བའམ་རོགས་རམ་བྱས་ཏེ་དེ་ལས་རང་ལ་བསོད་ནམས་འཐོབ་པར་རེ་ན། ཚོང་རྒྱག་པ་དང་གཅིག་པ་ཡིན། ལས་བཟང་པོ་བྱེད་སྐབས་ཆོས་ཡིན་ནའང་འདྲ། དཔལ་འབྱོར་ཡིན་ནའང་འདྲ་ཚུར་གང་ཡང་རེ་བ་རྒྱག་རྒྱུ་མེད།

དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་བ། སྟོང་ཉིད་བསྟན་པའི་སྣོད་རུང་གི་གང་ཟག

ད་བར་ང་ཚོས་སངས་རྒྱས་ཀྱི་གོ་འཕང་དང་གཞན་དོན་སྒྲུབ་པར་དམིགས་ནས་ཀུན་རྫོབ་བྱང་ཆུབ་སེམས་སྦྱོང་སྐོར་གོ་སྡུར་བྱས་ཟིན་པ་རེད། འདི་ནས་བཟུང་དོན་དམ་བྱང་ཆུབ་སེམས་སྦྱོང་སྐོར་འགོ་ཚུགས་པ་རེད། དོན་དམ་བྱང་ཆུབ་སེམས་ནི་འདིར་ཚིགས་བཅད་ཅིག་གི་ནང་བསྡུས་ནས་གསུངས་ཡོད། དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་ཆེ་བ་དང་ཆུང་བའི་ནང་གི་ལྷག་མཐོང་གི་ལེའུ་ཁ་སྣོན་བྱས་ནས་བསྟན་ཡོད་པ་དེ་ལས་རྟོགས་ཐུབ།

འདིར་གོ་སྡུར་བྱ་རྒྱུ་དེ་ལ་གཉིས་ལས། སྟོང་ཉིད་བསྟན་པའི་སྣོད་རུང་གི་གང་ཟག་རྣམས་དང་། དངོས་གཞིའི་ཆོས་བསྟན་པའོ། །གལ་སྲིད་སྣོད་རུང་གི་འདུལ་བྱར་སྟོང་ཉིད་སྐོར་མ་བསྟན་ན་མི་མང་པོ་ཞིག་ལ་གོ་ནོར་ཐེབས་ཉེན་ཡོད། དཔེར་ན། མི་འགའ་ཞིག་གི་སེམས་ནང་། ནང་ཆོས་ནང་བཤད་པའི་སྟོང་པ་ཉིད་ཀྱི་སྐོར་དེ་ཅི་ཡང་མེད་པར་གོ་འགྲོ་གི་ཡོད། ཁོང་ཚོའི་བསམ་པར་ཆད་མཐའ་སྨྲ་བ་ཞིག་ལས་དེ་ལས་ལྷག་པ་གང་ཡང་བསྟན་གྱི་མི་འདུག་བསམ་གྱི་ཡོད། དེ་ནི་ཉེན་ཁ་ཚ་པོ་རེད། གཞི་དེའི་ཐོག་བཞག་སྟེ་མི་རྣམས་ཀྱིས་སོ་སོས་གང་བྱས་ཀྱང་ཁྱད་པར་མེད། གང་ཡིན་ཟེར་ན། ཐམས་ཅད་སྟོང་པ་སྟེ་ཅི་ཡང་མེད་པ་རེད་ཅེས་བསམ་གྱི་ཡོད། དེ་ལྟའི་གང་ཟག་ནི་སྣོད་དུ་རུང་བ་ཞིག་མིན་པ་ལ་སྟོང་ཉིད་ཀྱི་དོན་རྟོགས་པའི་དུས་ལ་སླེབས་མེད།

སྟོང་ཉིད་ཚུལ་བཞིན་དུ་རྟོགས་པ་དེས་སྒོ་གསུམ་གྱི་སྤྱོད་པ་དགེ་བ་སྒྲུབ་པར་སྐུལ་ལྕག་བྱེད་ཀྱི་ཡོད། ཚུལ་དེ་དག་ཤེས་མཁན་ནི་སྟོང་ཉིད་བསྟན་པའི་སྣོད་རུང་གི་གང་ཟག་ཡིན། དེ་མིན་སྣོད་རུང་མིན་ན། སྟོང་ཉིད་བསྟན་པའི་གསུང་ལམ་ལོག་པར་འཁྱེར་ནས་སྤྱོད་པ་འདྲ་མིན་བྱེད་སྲིད། རྒྱུ་མཚན་ནི་ཁོང་ཚོས་གོ་ནོར་ཐེབས་ནས་བྱ་བ་ངན་པ་ག་རེ་བྱས་ཀྱང་ཅི་ཡང་མེད་པར་བསམ་གྱི་ཡོད། སྟོང་ཉིད་ནི་ཡིན་པ་མི་སྲིད་པའི་སྒྲུབ་ཚུལ་མེད་པར་མཚོན་བྱེད་ཙམ་དུ་སེམས། ལས་རྒྱུ་འབྲས་ཀྱི་ཐོག་ནས་ཆོས་རྣམས་སྒྲུབ་ལུགས་དངོས་སུ་མཐོང་བས་དེ་སོ་སོའི་སྤྱོད་ཚུལ་ནང་འཁྱེར་གྱི་ཡོད། དེ་བཞིན་གདེང་ཚོད་ཆེན་པོས་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་འབྲས་བུ་བཟང་པོ་ཡོང་ཆེད་ཚུལ་བཞིན་དུ་འཇུག་གི་ཡོད།

གལ་སྲིད་ང་ཚོས་སྟོང་ཉིད་བསྟན་པའི་ཆོས་ཀྱི་དོན་ནི་ཡིན་པ་མི་སྲིད་པའི་ཚུལ་གྱིས་སྒྲུབ་པའི་ཆོས་མེད་པ་དང་། དེར་བརྟེན་ཆོས་ཐམས་ཅད་ཕན་ཚུན་ལྟོས་ནས་བྱ་བ་བྱེད་ཀྱི་ཡོད་པ་རྟོགས་ན། དེ་འདྲའི་རྟོགས་ཚུལ་དེ་ཡང་དག་པ་ཞིག་ཡིན། ལྟ་ཚུལ་འདི་འདྲ་ལྟ་མཁན་གྱི་གང་ཟག་ནི་སྣོད་དུ་རུང་བ་ཡིན།

དོན་དམ་བྱང་ཆུབ་ཀྱི་སེམས་དངོས་སུ་སྦྱོང་བའི་ཚིགས་བཅད།

དབང་པོ་རྣོན་པོའམ་གོ་ཤེས་ཅན་འགའ་ཞིག་ལ་དང་པོ་དོན་དམ་བྱང་ཆུབ་སེམས་སྦྱངས་ན་ཕན་ཐོགས་ཆེན་པོ་ཡོད། ནམ་ཞིག་གནས་ལུགས་རྟོགས་པ་ན། སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དང་གཞན་དོན་སྒྲུབ་པའི་ནུས་པ་འཕེལ་རྒྱས་འགྲོ་གི་ཡོད། འོན་ཀྱང་མི་མང་ཆེ་བར་དེ་ལྟར་ཡོང་གི་མེད། དང་པོ་ཀུན་རྫོབ་བྱང་ཆུབ་སེམས་སྦྱངས་ཏེ་བརྟན་པོ་བྱུང་ན། གཞི་ནས་ལྐོག་འགྱུར་གྱི་ཆོས་དཔེར་ན་སྟོང་ཉིད་ལྟ་བུ་རྟོགས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་དགོས།

(མཆན། མི་མང་ཆེ་བས་སྦྱོང་ཚུལ་འདིའི་ཐོག་གཞི་བཞག་སྟེ། ནམ་མཁའ་དཔལ་གྱིས། ཆོས་རྣམས་རྨི་ལམ་ལྟ་བུ་བསམ། མ་སྐྱེས་རིག་པའི་གཤིས་ལ་དཔྱད། གཉེན་པོ་ཉིད་ཀྱང་རང་སར་གྲོལ། ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞགཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །ཞེས་གསུང བློ་སྦྱོང་དོན་བདུན་པོ་གཞན་དེ་དག་གི་མཇུག་ཏུབརྟན་པ་ཐོབ་ནས་གསང་བ་བསྟན། ཞེས་སེམས་བརྟན་པར་བྱས་རྗེས་གཞི་ནས་ལྐོག་འགྱུར་རྣམས་སྟོན་པར་བྱ་ཞེས་གསུངས།

ཕ་བོང་ཁ་པས། བརྟན་པ་ཐོབ་ནས་གསང་བ་བསྟན།ཞེས་པའི་ཚིགས་སུ་བཅད་པ་འདིའི་སྔ་རོལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བའི་རྗེས་ཐོག་ཉིད་དུ་གསུངས་ཡོད། དེ་ཡང་རྩ་བའི་གཞུང་གི་དོན་བདུན་ལས་གཉིས་པ་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའི་སྐབས་སུ་གསལ། རྒྱལ་སྲས་ཐོགས་མེད་བཟང་པོའི་འགྲེལ་བའི་ནང་། ཚིགས་སུ་བཅད་པ་འདི་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བའི་སྔ་རོལ་ཏུ་གསལ་ཞིང་། བརྟན་པ་ཐོབ་ནས་གསང་བ་བསྟན།ཞེས་པའི་ཚིག་རྐང་འདི་རྩ་ནས་མི་གསལ།)

བློ་སྦྱོང་དོན་བདུན་མའི་ནང་གི་ཚིག་རྐང་བཞི་པོ་འདིར་འགྲེལ་བརྗོད་མདོར་ཙམ་ཞུས་ན།

ཆོས་རྣམས་རྨི་ལམ་ལྟ་བུར་བསམ། ཞེས་པ་ནི། ཆོས་ཐམས་ཅད་དོན་དམ་པར་རམ། རང་ངོས་ནས་གྲུབ་པ། ཡང་ན་བདེན་པར་མ་གྲུབ་པའི་ཆ་ནས་རྨི་ལམ་ལྟ་བུ་རེད། རྨི་ལམ་ནང་གི་ཆོས་རྣམས་དངོས་ཡོད་དུ་གཞི་མ་གྲུབ་པ་ནང་བཞིན་རེད།

མ་སྐྱེས་རིག་པའི་གཤིས་ལ་དཔྱད། ཅེས་པ་ནི། ཡུལ་དང་ཡུལ་ཅན་གཉིས་ཀར་དཔྱོད་པ་གསུང་ཞིང་། དེ་གཉིས་ཀ་བདེན་པར་གྲུབ་མེད་པ་ཡིན། དེ་ནི་རྣལ་འབྱོར་སྤྱོད་པ་དབུ་མ་རང་རྒྱུད་པའི་འདོད་ཚུལ་དང་འདྲ་བ་ཡིན་ཞིང་ཕྱི་དོན་འགོག་གི་ཡོད། དེས་ཕྱི་རོལ་གྱི་དོན་ནི་ཡུལ་ཅན་ཤེས་པ་ལ་མ་ལྟོས་པར་གྲུབ་ལུགས་མེད་པར་འདོད། དེའི་ཕྱིར་ཡུལ་དང་ཡུལ་ཅན་གཉིས་ཀ་བདེན་པར་གྲུབ་པ་མི་འདོད།

གཉེན་པོ་ཉིད་ཀྱང་རང་སར་གྲོལ། ཞེས་པ་ནི། དེས་སྟོང་ཉིད་དེ་ཉིད་ཀྱང་བདེན་པར་གྲུབ་པས་སྟོང་པ་བསྟན། དེ་ཡང་སྟོང་ཉིད་ཀྱི་རབ་དབྱེ་མི་འདྲ་བ་ལས་ཤེས་ནུས། དཔེར་ན། སྟོང་ཉིད་བཅུ་དྲུག་གི་རབ་དབྱེ་སོགས། དེའི་ནང་སྟོང་ཉིད་ཀྱི་སྟོང་ཉིད་གསུངས་ཡོད། དེར་མ་ཟད། འདིར་སྟོང་ཉིད་རྟོགས་པའི་ཤེས་རབ་ཏུ་དྲངས་པའི་རང་རིག་ཀྱང་བདེན་པར་གྲུབ་པས་སྟོང་པ་ཡིན།

ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞག །ཅེས་པ་ནི། (མཆན། འདི་ལ་འགྱུར་འདྲ་མིན་ཡོད་དེ། ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞག་ཅེས་པའམ། ཡང་ན་ཀུན་གཞིའི་ངང་ལ་ལམ་གྱི་ངོ་བོ་བཞག་ཅེས་གསུངས།) རྟག་ཆད་ཀྱི་མཐའ་གཉིས་སེལ་ནས། (བདེན་པར་གྲུབ་པ་ཡོད་ཟེར་བ།) ཆོས་ཐམས་ཅད་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཐོག་ནས་འཇོག་དགོས། གཞན་ཡང་སྟོང་ཉིད་རྟོགས་པའི་བློ་དེ་ཐམས་ཅད་ལ་འཇུག་པར་བྱེད།

དེ་དག་ནི་ཀུན་གཞི་ཞེས་པའི་ཐ་སྙད་འགྲེལ་བརྗོད་བྱེད་ཚུལ་གཉིས་ཡིན། གཉིས་ཀར་ལམ་ཞེས་པ་ནི་འཕགས་ལམ་ལ་གོ་དགོས་ཤིང་། ཀུན་གཞི་ཞེས་པ་ནི་སངས་རྒྱས་ཀྱིས་དགེ་བ་དང་མི་དགེ་བ་གང་དུའང་མ་གསུངས་པའི་ལུང་མ་བསྟན་ཡིན།

  • འགྲེལ་ཚུལ་གཅིག་ནི་འཕགས་པའི་ལམ་ནི་ཡང་དག་པ་དང་ཉོན་མོངས་པའི་དྲི་མས་བསླད་པ་ཞུགས་མེད། དེར་བརྟེན་ཀུན་གཞི་ལུང་མ་བསྟན་ཡིན་པ་ནི་དེ་ལ་ཉོན་མོངས་པའི་ནག་ནོག་མེད་པའི་རྐྱེན་གྱིས་ཡིན།
  • གཞན་དེ་ནི་ཀུན་གྱི་གཞི་ཞེས་པ་ནི་སྟོང་ཉིད་ལ་གོ་བ་ཡིན། དེས་ན་ང་ཚོས་སོ་སོའི་སེམས་ཙམ་མིན་པར། ང་ཚོའི་རྟོགས་པ་ཐམས་ཅད་སྟོང་ཉིད་རྟོགས་པའི་ཐོག་ལ་འཇོག་དགོས།

བོད་འགྲེལ་གྱི་སྲོལ་རྒྱུན་ལ་གཞིགས་ན། ཆོས་ཐམས་ཅད་དང་འབྲེལ་དོན་དམ་བདེན་པ་གོ་སྡུར་བྱ་ཚུལ་སྣ་ཚོགས་ཤིག་ཡོད། གཅིག་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་ཉིད་ཡུལ་དུ་བྱེད་རྒྱུ་དེ་ཡིན། གསང་སྔགས་ཀྱི་ཐོག་ནས་དོན་དམ་བདེན་པ་ནི་སྟོང་ཉིད་ཡུལ་དུ་བྱེད་མཁན་གྱི་ཤེས་པར་གོ་བ་ཡིན། དེ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཚད་མཐོ་ཤོས་དེ་ཡིན། དེས་ན། ཡུལ་གྱི་ཆ་ནས་དོན་དམ་བདེན་པ་དང་། ཡུལ་ཅན་གྱི་ཐོག་ནས་དོན་དམ་བདེན་པ་གཉིས་ཀ་ཡོད།

དཔེར་ན། ས་སྐྱའི་གཞུང་ནང་འཁོར་འདས་ངོ་བོ་དབྱེར་མེད་དུ་གསུང་གི་ཡོད། དེ་ཡང་སེམས་དང་ལྷན་ཅིག་ཏུ་བྱུང་བའི་རང་བཞིན་འོད་གསལ་བ་དང་རང་བཞིན་དེ་འཁོར་འདས་ཀྱི་གཞི་རྟེན་དུ་གསུང་། གང་ཡིན་ཟེར་ན་སྣང་བ་ཐམས་ཅད་སེམས་ཀྱི་འཆར་ཚུལ་ཙམ་ཡིན། དེ་ག་ནང་བཞིན་རྙིང་མའི་གཞུང་ནང་། ཆོས་རྣམས་རང་བཞིན་དག་ཚུལ་དང་དེ་དག་གི་བྱེད་ལས་ཀྱི་ངོ་བོ་ནི་སྣང་བ་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྲེལ་བཤད་སྐྱོན་གྱི་ཡོད། ལྷུན་གྱིས་གྲུབ་པ་ཞེས་པ་ནི་སྣང་བ་ཐམས་ཅད་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་བརྟེན་ནས་འབྱུང་། ད་དུང་བཀའ་བརྒྱུད་ཀྱི་སྲོལ་རྒྱུན་ནང་ཕྱག་རྒྱ་ཆེན་པོས་ཆོས་ཐམས་ཅད་རོ་གཅིག་ཏུ་གསུང་། སེམས་ཀྱི་རང་བཞིན་འོད་གསལ་བའི་དབྱིངས་སུ་ཐམས་ཅད་རོ་གཅིག་པ་ཡིན། དེ་ནི་བཀའ་བརྒྱུད་ཀྱི་གཞུང་ནང་གི་དོན་གནད་གཙོ་བོ་ཞིག་ཡིན།

སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཡིན་ནའང་འདྲ། གང་ལྟར་དེ་དག་གིས་གདོད་མའི་སེམས་སམ་སེམས་ཀྱི་རང་བཞིན་འོད་གསལ་བ་དང་སྣང་བ་ཐམས་ཅད་ལྷུན་གྱིས་གྲུབ་པར་གསུངས། འགྱུར་གསར་མའི་ནང་ས་སྐྱའི་བདེ་སྟོང་དབྱེར་མེད་དམ། བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོ་སོགས་དེ་དག་ཚང་མས་དོན་དམ་བདེན་པ་གསུང་གི་ཡོད། དེ་ནི་སེམས་ཀྱི་ལྟ་ཚུལ་ཐོག་ནས་ཆོས་རྣམས་ཀྱི་རང་བཞིན་དངོས་དེ་ཡིན་ཞིང་སྟོང་ཉིད་ཡུལ་དུ་བྱེད། དགེ་ལུགས་ཀྱི་ནང་། རྗེ་ཙོང་ཁ་པ་ཆེན་པོ་དང་གཞན་སོགས་ཀྱི་འགྲེལ་ཚུལ་ཧ་ལམ་གཅིག་པ་ཡིན། དཔེར་ན། རྗེ་ཙོང་ཁ་པ་ཆེན་པའི་དཔལ་གསང་བ་འདུས་པའི་འགྲེལ་པའི་ནང་། སྟོང་ཉིད་ཡུལ་དུ་བྱེད་པའི་ལྷན་ཅིག་བདེ་བ་ཆེན་པོའི་ཤེས་རབ་གསུང་ཞིང་། དེས་འདིར་བགྲོ་གླེང་བྱས་པའི་བོད་ཀྱི་ཆོས་བརྒྱུད་གཞན་གསུམ་པོའི་ནང་གསུང་པ་དང་ཐད་ཀར་འབྲེལ་བ་ཆགས་ཡོད། ང་ཚོས་ཆོས་རྣམས་ཀྱི་གནས་ལུགས་སམ་ཚིགས་བཅད་འདིའི་ནང་བསྟན་པའི་སྟོང་ཉིད་ཀྱི་སྐོར་གོ་སྡུར་བྱེད་སྐབས། སྟོང་ཉིད་ཡུལ་དུ་བྱ་ཚུལ་དང་། སེམས་ཀྱི་དྲི་མ་བསལ་ནས་སྟོང་ཉིད་རྟོགས་ཚུལ་གསུང་གི་ཡོད།

ངས་འདིར་རྐང་བཙུགས་ནས་བརྗོད་བཞིན་པའི་གཞུང་གི་འགྲེལ་བ་ནི་ལྷག་མཐོང་ཆེན་མོའི་པར་གཞི་རྒྱས་པ་དང་བསྡུས་པ་ཡིན། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ལྷའི་སྲོལ་རྒྱུན་གྱི་རྗེས་སུ་འཇུག་མཁན་རྗེ་ཙོང་ཁ་པས་མཛད་པའི་ལམ་རིམ་ཆེན་མོ་ནང་གསུངས་ཡོད། དེས་ག་རེ་བསྟན་གྱི་ཡོད་ཅེ་ན། བོད་ཀྱི་བླ་མའི་གསང་སྔགས་ཉམས་ལེན་གྱི་སྒོམ་སྒྲུབ་ཀྱི་མྱོང་བ་ཁུངས་སུ་མ་བྱས་པར། གཞུང་དང་གཏན་ཚིགས་རིག་པའི་ཁུངས་གཙོ་བོ་བྱས་ཏེ་རྒྱ་གར་གྱི་པཎ་གྲུབ་རྣམས་ལ་གཏུགས་ཡོད། རྗེ་ཙོང་ཁ་པ་ཆེན་པོའི་གཞུང་གི་ཁྱད་ཆོས་གཙོ་བོ་ནི་ཁོང་གིས་རྒྱ་གར་མཁས་པར་ཁུངས་གཏུགས་ནས་དེ་དང་མཐུན་པའི་འགྲེལ་པ་བསྐྱོན་ཡོད། རྒྱ་གཞུང་དང་དེ་དག་གི་ཚད་མ་རིག་པ་ལས་ང་ཚོར་བྱུང་བའི་ཉམས་རྟོགས་སམ་སྒོམ་ཉམས་ལེན་པ་དེ་དག་གི་དངོས་མྱོང་སོགས་ལ་ང་ཚོས་ཞིབ་པར་དཔྱད་ན། དེ་དག་ཚང་མ་དགོངས་དོན་གཅིག་ཏུ་སྒྲིལ་གྱི་ཡོད།

(ཧོན་སྟོན་ནམ་མཁའ་དཔལ་གྱི་གཞུང་ནང་། “ཆོས་རྣམས་རྨི་ལམ་ལྟ་བུར་བསམ།” ཞེས་བྱ་བའི་ཚིག་རྐང་འདིས་ཆོས་ཐམས་ཅད་ཀྱི་སྟོང་ཉིད་ལ་གསུང་ཞིང་། སེམས་ཀྱི་རང་བཞིན་གང་ཡིན་པ་རྟོགས་པར་བྱེད། “མ་སྐྱེས་རིག་པའི་གཤིས་ལ་དཔྱད།” ཅེས་པ་ནི་སེམས་ཐམས་ཅད་ཀྱི་སྟོང་ཉིད་ལ་གོ་ཞིང་། དེས་ཡུལ་དུ་བྱེད། “གཉེན་པོ་ཉིད་ཀྱང་རང་སར་གྲོལ།” ཞེས་པ་ནི་སྟོང་ཉིད་སྒོམ་པའི་གང་ཟག་གི་སྟོང་ཉིད་ལ་ཟེར། “ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞག” །ཅེས་པ་ནི་སྟོང་ཉིད་ལ་མཉམ་པར་བཞག་པའི་ངང་སྒོམ་ཇི་ལྟར་རྒྱག་པའི་ཚུལ་གསུང་། མཐའ་མར། “ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ།” ཞེས་མཉམ་བཞག་གི་རྗེས་སུ་རྗེས་ཐོབ་སྐབས་བློ་སྦྱོང་བའི་ཚུལ་བསྟན། ༸གོང་ས་མཆོག་གིས་འགྲེལ་བརྗོད་མཛད་པའི་འགྲེལ་བ་ནི་སྟོང་ཉིད་སྐོར་བགྲོ་གླེང་ལྷུག་པོར་བྱས་པའི་རྗེས་ནམ་མཁའ་དཔལ་གྱིས་མཐའ་མའི་ཚིག་རྐང་འདི་རྒྱས་པར་མཛད་པ་དེ་ཡིན)

འཁོར་བའི་རྩ་བ་མ་རིག་པ་ངོས་བཟུང་བ།

གཞུང་འདིའི་ནང་བསྟན་པའི་དོན་དམ་བྱང་ཆུབ་ཀྱི་སེམས་ལ་སྡེ་ཚན་གསུམ་ཡོད་དེ།

  • འཁོར་བའི་རྩ་བ་མ་རིག་པ་ངོས་བཟུང་བ།
  • མ་རིག་པ་ཟློག་བྱེད་དུ་བདེན་མེད་རྟོགས་དགོས་གལ་ཆེ་བ།
  • དེ་ངེས་པའི་ཐབས་དངོས་བཅས་ཡིན།

མ་རིག་པའམ་མི་ཤེས་པ་ནི་རིག་པའམ་ཡང་དག་པའི་ཤེས་རབ་ཀྱི་ལྡོག་ཕྱོགས་ཡིན། འདིར་ང་ཚོས་ཆོས་རྣམས་ཀྱི་གནས་ལུགས་ངོ་མ་ཤེས་པའམ་ཡང་ན་དེ་མི་ཤེས་པར་ལོག་པར་འཇུག་ཚུལ་གྱི་ཐོག་ནས་གླེང་སློང་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ང་ཚོའི་རྒྱུད་ཀྱི་མ་རིག་པའི་དབང་གིས་ང་ཚོས་རྒྱུན་དུ་དངོས་པའི་གནས་ཚུལ་དང་མི་མཐུན་པའི་ཐོག་ནས་ཆོས་རྣམས་བདེན་པར་གྲུབ་པ་འཛིན་གྱི་ཡོད། དེའི་ཕྱིར་ཆོས་རྣམས་ཀྱི་གནས་ལུགས་ངོ་མ་ང་ཚོས་གསལ་པོ་མཐོང་ཐུབ་ཀྱི་མེད། མ་རིག་པའམ་མི་ཤེས་པ་ཟེར་དུས་དེ་འདྲ་ཞིག་ལ་གོ་དགོས།

དངོས་པོའི་གནས་ཚུལ་གསལ་པོ་མ་མཐོང་བའམ་ལོག་པར་རྟོགས་པའི་འབྲས་བུར་ང་ཚོས་ཆོས་རྣམས་བདེན་པར་གྲུབ་པ་འཛིན་གྱི་ཡོད། དེའི་དོན་ནི་རང་ངོས་ནས་གྲུབ་པ་ལ་གོ །བདེན་པར་གྲུབ་པ་མེད་ཅེས་ཤོད་སྐབས། ང་ཚོས་སེམས་ཅན་ཐམས་ཅད་ཀྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཆ་ནས་ཤོད་ཀྱི་ཡོད། དེ་ཡང་བདེ་བ་སྡུག་བསྔལ་མྱོང་བ་པོ་དེ་སུ་ཡིན་མིན་དང་། དོན་དངོས་སུ་གང་འདོད་པ་དང་གང་མི་འདོད་པ་ལ་དཔྱད་པ་བྱེད་ཀྱི་ཡོད། གཞན་ཡང་ང་ཚོས་བདེ་སྡུག་མྱོང་མཁན་གྱི་གང་ཟག་དང་གང་ཟག་དེས་མྱངས་བྱའི་ཡུལ་གཉིས་ཀ་དོན་དམ་དུ་སུ་ཡིན་མིན་དཔྱད་པ་བྱེད་ཀྱི་ཡོད། དེ་གཉིས་ཀ་ལ་རང་རང་གི་ངོ་བོ་འཛིན་པ་རེད་ཡོད་ཀྱང་། བདེན་པར་གྲུབ་པ་མ་ཡིན་པ་ཤེས་ཀྱི་ཡོད། རྒྱུ་མཚན་ནི་དངོས་པོའི་གནས་ལུགས་ཐོག་ནས་བདེན་པ་དང་ངོ་བོ་ཉིད་ཀྱིས་གྲུབ་པའི་ཆོས་གཅིག་ཀྱང་མེད།

ང་ཚོས་ལོག་ཤེས་དང་བདེན་འཛིན་སྤོང་འདོད་པའི་སྐབས། བློ་དོན་མཐུན་དང་དོན་མི་མཐུན་སོ་སོར་དབྱེ་འབྱེད་གསལ་པོ་ཐུབ་དགོས་ཀྱི་ཡོད། དེ་ལས་གང་འགོག་དགོས་པ་ངོས་འཛིན་ཐུབ་པ་ཡོང་གི་ཡོད། བདེན་འཛིན་གྱི་ཡུལ་དེའམ་རང་ངོས་ནས་གྲུབ་པ་དེ་གང་འགོག་རྒྱུའི་དགག་བྱ་དེ་ཡིན།

བགྲོ་གླེང་འདིའི་སྐབས་ང་ཚོས་དགག་བྱ་ཕྲ་རགས་རྣམས་ཧ་ཅང་ཁྱབ་ཆེས་པ་དང་ཁྱབ་ཆུང་བའི་མཐའ་ལས་མི་འགལ་བ་ཤེས་པར་བྱེད་དགོས།

  • གལ་སྲིད་དགག་བྱ་ཁྱབ་ཆེ་དྲགས་ན། ང་ཚོས་དགག་བྱ་དེ་ཧ་ཅང་ཁྱབ་ཆེན་པོ་འདུག་ཅེས་བརྗོད་ཀྱི་ཡོད། དེའི་དོན་ཡང་ང་ཚོས་དགག་པར་བྱ་བ་དེ་བདེན་གྲུབ་ཙམ་མིན་པའི་དོན་ཡིན། འོན་ཀྱང་གྲུབ་ལུགས་ཐམས་ཅད་འགོག་གི་ཡོད། དེ་ལྟར་ན་དགག་བྱ་ཁྱབ་ཆེ་དྲགས་པ་ཡིན། ཧ་ཅང་ཐལ་བར་འགྱུར།
  • གལ་སྲིད་དགག་བྱ་ཁྱབ་ཆུང་དྲགས་ན། དགག་བྱ་ཐམས་ཅད་བཀག་པར་ཧ་ཅང་ཁྱབ་ཆུང་བར་འགྱུར། དེས་ན་ཡུལ་སྟེང་ནས་རྙེད་རྒྱུ་ཡོད་པ་ཞིག་གི་དབང་དུ་སོང་ནས་བདེན་པར་གྲུབ་པ་འགོག་མི་ཐུབ། དེས་ཁ་ཤས་ཙམ་འགོག་ཅིང་དགག་བྱ་ཐམས་ཅད་འགོག་གི་མེད།

དེ་དག་ནི་དགག་བྱ་ཁྱབ་ཆེ་ཆུང་གི་ཉེན་ཁ་ཡིན། དེས་ན་རྗེ་ཙོང་ཁ་པ་ཆེན་པོས་ཉེན་ཁ་དེ་དག་གཟིགས་ནས་དགག་བྱ་ངོས་འཛིན་གསལ་པོ་དགོས་སྐོར་ནན་བརྗོད་མཛད་ཡོད།

དེར་མ་ཟད། ཐབས་དང་ཤེས་རབ་ཟུང་འབྲེལ་དགོས་རྒྱུ་ཧ་ཅང་གལ་ཆེ། ང་ཚོས་དངོས་པོའི་གནས་ལུགས་ཤེས་ཐབས་བྱེད་སྐབས། རིམ་པ་ཐམས་ཅད་དུ་དེ་གཉིས་ཟུང་དུ་ཉམས་ལེན་བྱ་རྒྱུ་གལ་ཆེན་པོ་རེད། དཔེར་ན། སྟོང་ཉིད་རྟོགས་པའི་འབྲས་བུར་ཆོས་ཐམས་ཅད་གཞི་མ་གྲུབ་པའམ་རྒྱུ་མཚན་མི་ལྡན་པ་ཞིག་ཏུ་བསམས་ན། དེ་ནས་ཐམས་ཅད་རི་བོང་རྭ་ལྟ་བུར་འགྱུར་ཞིང་། ང་ཚོས་རྒྱུ་དང་འབྲས་བུ་སོགས་ཐབས་ཀྱི་ཆ་ལ་ངེས་ཤེས་ཅི་ཡང་མི་རྙེད་ཅིང་། དགེ་བའི་རྒྱུ་ལས་བདེ་བ་བྱུང་བ་དང་མི་དགེ་བ་ལས་སྡུག་བསྔལ་བྱུང་ཚུལ་ཤེས་མི་ཐུབ། དངོས་པོའི་གནས་ལུགས་ལ་ལོག་པར་རྟོགས་པ་དེ་དག་ལ་བརྟེན་ནས་ང་ཚོས་གཞན་ཕན་གྱི་བྱ་བར་འཇུག་རྒྱུ་ཁག་པོ་བྱེད་ཀྱི་ཡོད།

རྒྱུ་མཚན་དེ་དག་ལ་བརྟེན་ནས་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ཀྱི་འབྲེལ་བ་ཕྱིན་ཅི་མ་ལོག་པ་ཤེས་རྒྱུ་དགོས་གལ་ཆེན་པོ་ཡིན། དེ་ནི་ང་ཚོའི་དངོས་པོའི་གནས་ལུགས་རྟོགས་པའི་གོ་རྟོགས་དེ་རྟེན་འབྲེལ་གྱི་གོ་བ་དང་ཟུང་འབྲེལ་བྱ་དགོས་པའི་དོན་ཡིན། ཕྱི་མ་དེའི་དཔེ་ནི། ང་ཚོའི་གོ་རྟོགས་དེ་རྒྱུ་འདི་ལ་བརྟེན་ནས་འབྲས་བུ་འདི་འབྱུང་། རྒྱུ་མཚན་འདི་ལ་བརྟེན་ནས་འབྲས་བུ་འདི་འབྱུང་ཞེས་པའི་ངེས་པ་འདྲེན་པ་དགོས། དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་དེས་ང་ཚོའི་དགེ་བའི་ལས་སྟོབས་ཆེ་རུ་གཏོང་བ་དང་། དེས་དཀར་པོ་དགེ་བའི་ལས་བསྐྱར་དུ་བསགས་ནས་དེའི་འབྲས་བུ་བདེ་བ་རང་གཞན་ཚང་མ་མྱོང་ཐུབ་པ་ཡོང་གི་ཡོད། མཐར་དེ་དག་ལ་བརྟེན་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པ་ཡོང་གི་ཡོད།

གལ་སྲིད་ང་ཚོས་ཆོས་ཐམས་ཅད་ཀྱི་སྟེང་དུ་བདེན་གཉིས་ཚུལ་བཞིན་དུ་ཤེས་པ་དང་དེ་གཉིས་འགལ་བ་མིན་པ་རྟོགས་ན། ང་ཚོས་ཚོགས་གཉིས་གསོག་པ་དང་གནས་ལུགས་རྟོགས་པའི་ཤེས་རབ་གཅིག་ཅར་དུ་སྐྱེད་ཐུབ་པ་ཡོང་གི་ཡོད། དེ་ལྟར་བྱུང་ན། ཆོས་སྐུ་དང་གཟུགས་སྐུ་གཉིས་གཅིག་ཅར་དུ་འཐོབ་པ་ཡོང་ཞིང་། ཆོས་སྐུ་དང་གཟུགས་སྐུ་ཞེས་པ་ནི་སངས་རྒྱས་ཀྱི་ཐུགས་དང་སྐུ་ལ་གོ་དགོས། དེས་ན་གནས་སྐབས་ཐམས་ཅད་དུ་འགོ་ནས་མཇུག་བར། བདེན་གཉིས་ཟུང་འབྲེལ་བྱ་རྒྱུ་གལ་ཆེ། གལ་ཏེ་ང་ཚོར་གོ་རྟོགས་ཏག་ཏག་ཅིག་མེད་ན། ཆ་མི་ཚང་ལ་ནོར་འཁྲུལ་ཆེན་པོ་ཞིག་ཡིན། ཐབས་དེ་ཀུན་རྫོབ་བདེན་པའི་ཐོག་ནས་དང་། ཤེས་རབ་དེ་དོན་དམ་བདེན་པའི་ཐོག་ནས་ང་ཚོར་གཉིས་ཀ་དགོས། གང་ཡིན་ཟེར་ན། སངས་རྒྱས་ཀྱི་སྐུ་མ་ཐོབ་པར་ཐུགས་འཐོབ་ཚུལ་མེད། ཡང་ན་གཟུགས་སྐུ་མངོན་དུ་མ་བྱས་པར་ཆོས་སྐུ་མངོན་དུ་བྱ་ཚུལ་མེད།

གཞུང་འདིའི་ནང་ད་དུང་ཡིན་པ་མི་སྲིད་པའི་གྲུབ་ལུགས་མེད་པར་རྟོགས་པའི་ཤེས་རབ་དེ་གང་ཟག་གཅིག་པུའི་སྟེང་དུ་སྦྱོར་རྒྱུ་མེད། ང་ཚོས་ད་དུང་དེ་གང་ཟག་གིས་མྱོང་བའི་ཆོས་ལ་ལག་བསྟར་བྱེད་དགོས། དཔེར་ན། བྱེ་བྲག་སྨྲ་བའི་ལུགས་སུ། གང་ཟག་གི་བདག་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་གཅིག་པུ་ཤོད་ཀྱི་ཡོད་ཅིང་། ཡིན་པ་མི་སྲིད་པའི་གྲུབ་ལུགས་ཐད་གཏིང་ཟབ་པོའི་ཐོག་ནས་གླེང་སློང་བྱེད་ཀྱི་མེད། ཁོང་ཚོས་རྟག་གཅིག་རང་དབང་ཅན་གྱི་གང་ཟག་གཅིག་པུ་འགོག་གི་ཡོད། ང་ཚོས་དགག་བྱ་འགོག་པའི་ཚུལ་དེ་ཙམ་ལ་འཇོག་ཐབས་བྲལ། དེ་བཞིན་མདོ་སྡེ་པའི་ལུགས་ཀྱི་གང་ཟག་རང་རྐྱ་ཐུབ་པར་འདོད་པ་ཙམ་དུ་མི་འཇོག་པར་དེ་ཡང་འགོག་གི་ཡོད།

དེ་བཞིན་སེམས་ཙམ་པའི་རིག་པའི་དགག་བྱ་འགོག་པའི་རིམ་པ་དེ་ལའང་ཚིམས་ཏེ་འཇོག་མི་ཉན། དེས་ཀྱང་གང་ཟག་དང་འབྲེལ་ནས་གང་ཟག་རང་རྐྱ་བ་འགོག་ཅིང་། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དང་མི་འདྲ་བར། སེམས་ཙམ་པས་ཆོས་ཐམས་ཅད་ཀྱི་བདག་མེད་གསུང་གི་ཡོད། འོན་ཀྱང་ཁོང་ཚོས་བདེན་མེད་གསུང་ཚུལ་དེ་ནི་བཟུང་འཛིན་རྫས་གཞན་གྱིས་སྟོང་པ་བཤད་ཅིང་། དེ་ལྟར་གྲུབ་པ་རིག་པའི་དགག་བྱར་འདོད། དེ་དག་ཚང་མའི་དགག་བྱ་ཁྱབ་ཆུང་དྲགས་པ་ཡིན།

སེམས་ཙམ་པའི་གཞུང་ནང་དོན་དམ་བདེན་པ་འགྲེལ་ལུགས་གཉིས་ཡོད། དེས་ཆོས་གང་ཡང་རུང་བ་ཞིག་དོན་དམ་པར་ཡོད་ན་དོན་དམ་དཔྱོད་པའི་རིག་ཤེས་ཀྱི་རྙེད་རྒྱུ་ཡོད་པའམ་རིག་པའི་དཔྱད་བཟོད་དུ་འདོད། དེས་ན་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་ངོར་རྙེད་རྒྱུ་མེད་ན། གཏན་མེད་དུ་འདོད། དེ་ནི་དབུ་མ་ཐལ་འགྱུར་བའི་འདོད་ཚུལ་དང་འགལ་བ་ཡིན། ཐལ་འགྱུར་བས་བདེན་གཉིས་གང་ལ་དཔྱད་ཀྱང་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་ངོར་རྙེད་རྒྱུ་མེད་པར་འདོད། དེས་ན་སེམས་ཙམ་པས་ཆོས་རྣམས་རང་གི་ངོ་བོ་ཉིད་དམ་རང་ངོས་ནས་གྲུབ་པར་འདོད་ཀྱི་ཡོད། དེ་ནི་སེམས་ཙམ་པའི་ལྟ་བ་ཡིན།

དོན་དམ་པའི་ཆོས་གང་ཡིན་རིག་པས་དཔྱོད་པའི་སྐབས་དགག་བྱ་འགོག་པའི་ཚེ། སེམས་ཙམ་པའི་གྲུབ་མཐའི་ནང་དགག་བྱ་ངོས་ཡག་པོ་མ་ཟིན་པར་འགོག་གི་ཡོད། ཁོང་ཚོས་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་ངོར་རྙེད་རྒྱུ་མེད་ན་མེད་པར་འདོད་ཀྱི་ཡོད། དེ་ནི་དགག་བྱ་ནོར་བ་ཞིག་ཡིན། འདོད་ཚུལ་དེ་མདོ་སྡེ་པ་སོགས་གྲུབ་མཐའ་འོག་མ་དང་ཐུན་མོང་དུ་གྱུར་ཞིང་། མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་ངོར་ཡོད་ན། གཞི་གྲུབ་པ་དང་རང་ངོས་ནས་གྲུབ་པར་འདོད། གལ་སྲིད་ང་ཚོས་གྲུབ་མཐའི་འདོད་ཚུལ་དེ་ལ་ཡིད་ཆེས་ཡོད་ན། དོན་དངོས་སུ་ཆོས་རྣམས་རྨི་ལམ་ལྟ་བུ་དང་ཡིན་པ་མི་སྲིད་པའི་སྡོད་ལུགས་ཤིག་ཡོད་པར་གྱུར་ཞིང་། གཞི་མ་གྲུབ་པ་ཞིག་རིག་པའི་དཔྱད་བཟོད་དང་ཡོད་པར་ཐལ་བས། ལོག་རྟོགས་འབའ་ཞིག་ཏུ་འགྱུར།

དབུ་མ་ཐལ་འགྱུར་བའི་གཞུང་ནང་། འཁོར་བའི་རྩ་བའམ་རྒྱུ་ངོ་མ་ནི་ངང་གིས་སམ་རང་ཤུགས་ཀྱིས་སྐྱེས་པའི་ལྷན་སྐྱེས་ཀྱི་མ་རིག་པ་དེ་ཡིན། གལ་སྲིད་ནང་པའི་གྲུབ་མཐའ་གཞན་གྱིས་ཟེར་བའི་མ་རིག་པའི་འགྲེལ་བ་དེ་དག་ལ་ཆ་འཇོག་བྱས་ན། ང་ཚོས་གཞུང་དེ་དག་ནས་གསུང་པའི་མ་རིག་པ་དརཀཙམ་འགོག་ཅིང་། འགོག་ཚུལ་ཕྱིན་ཅི་ལོག་ཏུ་འགྱུར་བ་ཞིག་ཡིན། འཁོར་བའི་རྩ་བ་དངོས་ནི་གཞུང་དེ་དག་ནང་བསྟན་པ་བཞིན་མ་ཡིན་པར། རང་ཤུགས་ཀྱིས་བསྐྱེད་པའི་ལྷན་སྐྱེས་ཀྱི་མ་རིག་པ་དེ་ཡིན། མ་རིག་པ་དེའི་དབང་གིས་དུད་འགྲོ་ཡན་ཆད་སེམས་ཅན་རྣམས་ཀྱིས་ཆོས་རྣམས་རང་ངོས་ནས་སམ་རང་བཞིན་གྱིས་གྲུབ་པར་མཐོང་གི་ཡོད། དེར་བརྟེན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་ལྷན་སྐྱེས་ཀྱི་མ་རིག་པ་དེ་འགོག་དགོས་པ་ལས་གཞུང་འདྲ་མིན་ནང་གསུང་པའི་མ་རིག་པའི་འདོད་ཚུལ་དེ་དག་ཐོག་གཞི་འཇོག་རྒྱུ་མེད།

འདི་ནི་དབུ་མ་ཐལ་འགྱུར་འདོད་ཚུལ་ཐད་གོ་སྡུར་བྱེད་པའི་ཕྱོགས་ཙམ་ཞིག་ཡིན། ཐལ་འགྱུར་བས་ཆོས་རྣམས་གྲུབ་ལུགས་ནི་རྟོག་པས་བཏགས་པ་ཙམ་དུ་འདོད། གལ་སྲིད་ཆོས་རྣམས་ཡུལ་རང་ངོས་ནས་གྲུབ་པའམ་འདགས་གཞིའི་སྟེང་ནས་གྲུབ་ཡོད་ན། དེས་ན་རིག་པའི་དཔྱད་བཟོད་དང་རང་ངོས་ནས་གྲུབ་པར་ཐལ། དེ་ནི་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་རིག་པའི་དགག་བྱ་ཡིན། དེ་ནི་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ལྷའི་དགོངས་པ་ཡིན།

མགོན་པོ་ཀླུ་སྒྲུབ་ཀྱིས་སྟོང་པ་རྟེན་འབྱུང་གི་དོན་དང་རྟེན་འབྱུང་སྟོང་པའི་དོན་དུ་ཤར་དགོས་ཚུལ་གསུངས་ཡོད། གལ་ཏེ་ཆོས་རྣམས་ཡིན་པ་མི་སྲིད་པའི་གྲུབ་ཚུལ་དེ་ལྟར་ན། ལས་རྒྱུ་འབྲས་ཀྱི་གོ་རིམ་འཆོལ་བར་འགྱུར་ཞིང་། ཆོས་རྣམས་གྲུབ་ལུགས་དེ་དག་གིས་སྟོང་པས་ལས་འབྲས་ཀྱི་བྱ་བ་ཏག་ཏག་བྱེད། དེའི་དོན་ནི། བདེན་པར་གྲུབ་པའམ་རང་ངོས་ནས་གྲུབ་པ། རིག་པའི་དཔྱད་བཟོད་དུ་འདོད་པའི་སེམས་ཙམ་པ་སོགས་ཀྱི་འདོད་ཚུལ་ནི་རྒྱུ་མཚན་མི་ལྡན་པ་ཞིག་ཡིན། སྟོང་པ་རྟེན་འབྱུང་གི་དོན་དུ་ཤར་ཚུལ་འདི་ལས་ལྷག་པ་དང་། འདི་ལས་ངོ་མཚར་བ། འདི་ལས་རྨད་དུ་བྱུང་བ་ཞིག་མེད་ཅེས་གསུངས་ཡོད།

ལྷན་སྐྱེས་ཀྱི་མ་རིག་པ་དེས་ཆོས་རྣམས་འཛིན་ཚུལ་ཇི་ལྟར་ཡིན་ཞེ་ན། དེས་ཆོས་རྣམས་རྟོག་པས་བཏགས་པ་ཞིག་མ་ཡིན་པར། བདེན་པར་གྲུབ་པ་དང་རང་ངོས་ནས་སེམས་ལ་ལྟོས་པ་མེད་པར་གྲུབ་པར་བསམ་གྱི་ཡོད། མ་རིག་པ་དེས་གང་ཟག་དང་ཆོས་ཐམས་ཅད་བདེན་པར་གྲུབ་པ་ལོག་པར་རྟོགས་ཀྱི་ཡོད། དོན་དམ་དུ་རང་ངོས་ནས་གྲུབ་པ་དང་རང་དབང་དུ་གྲུབ་པ། ཐ་སྙད་དང་རྟོག་པ་སོགས་ལ་མ་ལྟོས་པར་གྲུབ་ལུགས་གཅིག་རྩ་བ་ནས་མེད། ཆོས་རྣམས་གྲུབ་ལུགས་དེ་དག་གིས་སྟོང་པ་དེ་ལ་སྟོང་ཉིད་ཅེས་བརྗོད་ཀྱི་ཡོད།

འདིར་འགྲེལ་བརྗོད་བྱེད་སྟངས་ནི་རྗེ་ཙོང་ཁ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་པ་དང་ཁོང་གིས་མཛད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་རྩ་བ་ཤེས་རབ་ཀྱི་འགྲེལ་པའི་ནང་གསུང་སྟངས་འདྲ་པོར་སྣང་། དེ་བཞིན་སློབ་དཔོན་ཟླ་བ་གྲགས་པས་ཀྱང་རྟོག་པ་དང་འབྲེལ་མེད་ཅིག་ཡིན་ན། གཞི་མ་གྲུབ་པ་དང་། ཡོད་ན་རྟོག་པ་ལ་ལྟོས་ནས་འཇོག་ཅིང་གཞི་གྲུབ་པར་འདོད་ཅེས་གསུངས་ཡོད། དེར་བརྟེན་ཆོས་རྣམས་རང་རང་འཇོག་བྱེད་ཀྱི་རྟོག་པའི་དབང་གི་བཞག་པ་ཡིན་པ་ལས་རང་ངོས་ནས་གྲུབ་པ་གཅིག་ཀྱང་མེད། རྒྱུ་མཚན་ནི་དེ་དག་རིག་པའི་དཔྱད་བཟོད་དུ་མེད་ཅིང་རང་བཞིན་གྱིས་གྲུབ་མེད།

ཆོས་རྣམས་གྲུབ་ལུགས་དེ་རང་རང་གི་རྟོག་པ་ལ་ལྟོས་ནས་ཡིན་ནམ་མིན་ཞེས་དྲིས་ན། མ་ཡིན། གྲུབ་ལུགས་དེ་ལྟར་མིན། དེ་ནི་རང་གི་སྣང་བ་ལ་ལྟོས་ནས་འཇོག་ཚུལ་ཞིག་ཡིན། གལ་སྲིད་ཆོས་ཤིག་སྤྱིར་བཏང་འཇིག་རྟེན་གྲགས་པའི་ཐོག་ནས་དཀར་པོར་འདོད་ན། རང་ངོས་ནས་དེ་སེར་པོ་རེད་ཅེས་ཨུ་ཚུགས་བྱས་སེར་པོ་བཟོ་མི་ཐུབ། དེར་བརྟེན་ཆོས་རྣམས་རང་རང་གི་སྣང་བའི་དབང་གིས་འཇོག་གི་མེད། གལ་སྲིད་དེ་ལྟར་འཇོག་དགོས་ན། དགེ་བ་དང་མི་དགེ་བ་ལའང་ཡིན་དགོས་ཤིང་། སོ་སོའི་ཉེ་རིང་ངམ་ཕྱོགས་ལྷུང་གི་ལྟ་ཚུལ་ཐོག་ནས། ལས་བྱེ་བྲག་པ་ཞིག་གི་འབྲས་བུ་དེ་དོན་དངོས་དང་མི་མཐུན་པ་ཞིག་ཏུ་འགྱུར་ཐུབ། དེ་ལྟར་ན་ཐམས་ཅད་ཁྱད་མཚར་པོ་ཆགས་ངེས་རེད། འོན་ཀྱང་གནས་ཚུལ་དེ་ལྟར་མ་རེད། དེས་ན་ཆོས་རྣམས་འཇིག་རྟེན་གྲགས་པའི་སྒོ་ནས་འཇོག་ཅིང་དེ་ཡང་སྤྱིར་མི་བྱིངས་ཀྱིས་ངོས་ཟིན་ཐུབ་པ་ཞིག་དགོས།

ད་ང་ཚོས་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རྩ་བ་ཤེས་རབ་ཀྱི་འགྲེལ་བའི་ཡང་འགྲེལ་རྗེ་ཙོང་ཁ་པའི་གསུང་དབུ་མ་འཇུག་པའི་འགྲེལ་བ་དགོངས་པ་རབ་གསལ་ལ་གཟིགས་ན། གཞུང་དེའི་ནང་ཐག་པ་སྦྲུལ་དུ་འཛིན་པའི་བློ་གསུང་པ་དཔེར་མཚོན་ན། ཐག་པ་ལ་སྦྲུལ་ཞེས་འདོགས་སའི་ཡུལ་ལམ་གཞི་མེད། དེ་ག་ནང་བཞིན་ཕུང་པོ་གདག་གཞི་བྱས་ཏེ་ང་བདེན་པར་གྲུབ་པ་འཛིན་པའི་བདེན་འཛིན་ལའང་གཅིག་མཚུངས་ཡིན། དེར་བརྟེན་བུམ་པ་ལ་བུམ་པ་དང་ཀ་བ་ལ་ཀ་བ་ཞེས་འདོགས་པ་སོགས་དང་འཁྲུལ་མི་ཉན།

སྤྱིར་ཆོས་རྣམས་བློ་ལ་འཆར་ཚུལ་གསུམ་ཡོད། ང་ཚོས་ཐག་པ་ལ་སྦྲུལ་དང་། ཐག་པ་དེ་བདེན་པར་གྲུབ་པ། ཐག་པ་དེ་ཀུན་རྫོབ་པའི་ཐག་པ་བཅས་བློ་ལ་འཆར་སྲིད། ཕུང་པོ་བདག་ཏུ་བལྟས་ནས་བདེན་པར་གྲུབ་པར་བཟུང་བ་ནི་ཐག་པ་སྦྲུལ་འཛིན་དང་གཅིག་པ་ཡིན། དེ་ནི་བློས་ཡུལ་མཇལ་ཚུལ་རྦད་དེ་ནོར་བ་ཞིག་ཡིན། དེ་ལྟ་བུའི་མ་རིག་པ་ནི་ཐག་པ་ལ་ཐག་པ་དང་བུམ་པ་བུམ་ཞེས་འདོགས་པ་དང་གཅིག་པ་མིན།

དེར་མ་ཟད། ཆོས་རྣམས་དངོས་པོའི་གནས་ལུགས་དང་འགལ་བ་དང་ཡིན་པ་མི་སྲིད་པའི་གྲུབ་སྟངས་དེ་ནི་གྲུབ་མཐའ་ལྟ་ཚུལ་ཕྱོགས་རེ་བའམ་ཡང་ན་ལྷན་སྐྱེས་ཀྱི་མ་རིག་པའི་ཐོག་ནས་ཡིན་སྲིད། གང་ལྟར་ཡང་། འདིར་ངོས་འཛིན་བྱེད་པའི་མ་རིག་པ་ནི་ཆོས་རྣམས་རང་ངོས་ནས་གྲུབ་པར་འཛིན་པའི་ལྷན་སྐྱེས་ཀྱི་བདེན་འཛིན་མ་རིག་པ་དེ་འཁོར་བའི་རྩ་བ་ཡིན། ཕུང་པོ་བདག་ཏུ་འཁྲུལ་ནས་དེ་བདེན་གྲུབ་ཏུ་འཛིན་པའི་ལྷན་སྐྱེས་ཀྱི་མ་རིག་པ་ནི་ཐག་པ་སྦྲུལ་དུ་འཛིན་པའི་བློ་གཅིག་པ་ཡིན། དེ་ལྟའི་བློ་ནི་གྲུབ་མཐའ་སོགས་ལ་བརྟེན་པ་མིན་པར། རང་རང་སོ་སོའི་རྒྱུད་ལ་རང་འགུལ་དུ་ཡོང་བ་ཞིག་ཡིན། དེར་བརྟེན་ལྷན་སྐྱེས་ཀྱི་མ་རིག་པ་དེས་ཉོན་མོངས་གཞན་ཚང་མ་སྐྱེ་རུ་འཇུག་གི་ཡོད། དེ་དག་གི་མི་དགེ་བའི་ལས་སམ་ནུས་པ་བསྐྲུན་གྱི་ཡོད། ནུས་པ་དེ་ལས་ལས་འདྲ་མིན་བསགས་ཏེ་འཁོར་བའི་སྐྱེ་བ་ལེན་འཇུག་གི་ཡོད།

བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་མཁན་གྱི་ངའམ་བདག་ཅིག་ཡོད་པ་དང་། དེ་བཞིན་གྲོད་ཁོག་ལྟོགས་མཁན་དང་། ཇ་འཐུང་འདོད་མཁན། ཁ་ལག་བཟའ་འདོད་མཁན་གྱི་ང་ཞིག་ཡོད། དེ་ལྟ་བུའི་ངའམ་བདག་ནི་གདགས་གཞིའི་སྟེང་བཏགས་པའི་ང་ཡིན་པ་ཤེས་ནུས། དེ་ལྟའི་བདག་དེ་ཀུན་རྫོབ་ཏུ་ཡོད། འོན་ཀྱང་ང་ཚོར་ཆོས་རྣམས་སྣང་ཚུལ་ལ་དེ་ལྟར་སྣང་གི་མེད། ང་ཞེས་བདེ་སྡུག་མྱོང་བ་པོ་དེ་ཐ་སྙད་ཀྱི་གོ་བ་ལྟར་སྣང་ཚུལ་ལ་དེ་ལྟར་སྣང་གི་མེད། དེ་ལས་ལྡོག་སྟེ། གདག་གཞི་ཁོ་རང་གི་སྟེང་ནས་རང་ངོས་ནས་གྲུབ་པ་ཞིག་ཏུ་སྣང་གི་ཡོད། སྣང་ཚུལ་རྫུས་མ་དེའི་དབང་གིས་ང་ཚོའི་སེམས་ནང་ངར་འཛིན་ཤུགས་ཆེན་པོ་ཞིག་སྐྱེ་རུ་འཇུག་གི་ཡོད། དེའི་ཐོག་ནས་ང་ཚོས་ད་དུང་ང་ཡི་བ་རང་ངོས་ནས་གྲུབ་པ་འཛིན་གྱི་ཡོད། ལྟ་ཚུལ་དེའི་སྟེང་ང་ཚོས་དགྲ་དང་གཉེན་སོགས་དབྱེ་བ་ཕྱེ་ཞིང་། དགྲ་ལ་སྡང་བ་དང་གཉེན་ལ་ཆགས་པ་སྐྱེ། དེའི་འབྲས་བུར་ང་ཚོས་མི་དགེ་བའི་ལས་སྣ་ཚོགས་ཤིག་གསོག་པ་དང་། དེས་ན་རང་ངོས་ནས་གྲུབ་པར་འཛིན་པས་ང་ཚོར་དཀའ་ངལ་དང་སྡུག་བསྔལ་མང་པོ་ཞིག་འཕྲད་ཀྱི་ཡོད།

འདིར་ང་ཚོས་དོན་དངོས་དང་མི་མཐུན་པའི་ཆོས་ཤིག་གི་སྟེང་སྒྲོ་བཏགས་ནས་སེམས་ལ་དངོས་སུ་ལྷད་སྐྱོན་ཞུགས་ཚུལ་མཐོང་ཐུབ། དེ་ནི་ང་ཚོས་ཆོས་རྣམས་ཕྱི་ཚུལ་ནས་ཡིད་དུ་འོང་བ་ཞིག་མཐོང་ཚུལ་ཡིན། སེམས་ཀྱི་གང་ཟག་དེའི་སྟེང་དངོས་པོའི་གནས་ཚུལ་ལས་འདས་པའི་ཡིད་དུ་འོང་བའི་ཆ་ཞིག་སྒྲོ་འདོགས་པ་དང་། དེ་ནས་གང་ཟག་དེ་ཡིད་དུ་འོང་བ་དང་འདོད་ཆགས་སོགས་སྐྱེ་རུ་འཇུག་གི་ཡོད། དེ་ལྟ་བུའི་ལྷད་སྐྱོན་དེས་གང་ཟག་དེའི་སྟེང་དོན་དངོས་དང་མི་མཐུན་པའི་ཡིད་འོང་གི་ཆ་ཞིག་སྒྲོ་འདོགས་ཀྱི་ཡོད། དེའི་སྟེང་ནས་ང་ཚོའི་སེམས་ནང་འདོད་ཆགས་སོགས་སྐྱེ་གི་ཡོད། ཡང་ན་ང་ཚོའི་སེམས་ཀྱིས་གང་ཟག་ཅིག་ལ་དགྲ་ཞེས་བཏགས་ཏེ་མཐའ་གཅིག་ཏུ་ཡིད་དུ་མི་འོང་བ་དང་ཞེན་པ་ལོག་དགོས་པ་ཞིག་སྣང་བ་དང་། དེའི་ཐོག་ནས་ང་ཚོས་བྱ་སྤྱོད་འདྲ་མིན་བརྩམ་གྱི་ཡོད། དེའི་ཐོག་གཞི་བཞག་སྟེ། སེམས་ནང་སྡང་འཛིན་སླེབས་ནས་གནོད་འཚེ་ཆེ་བའི་བྱ་བ་བྱེད་ཅིང་ལས་ངན་པ་གསོག་གི་ཡོད། དེ་དག་གི་རྐྱེན་པས་ང་ཚོ་འཁོར་བའི་ནང་རྒྱུན་མ་ཆད་པར་སྐྱེ་བ་ལེན་འཇུག་གི་ཡོད། གལ་སྲིད་ང་ཚོ་སོ་སོའི་རྣམ་རྟོག་གིས་སྒྲོ་བཏགས་པའི་ཆ་དེ་མེད་པ་དང་ཆོས་རྣམས་ཀྱི་གནས་ལུགས་ངོ་མ་དེ་ཤེས་ན། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱེད་ཐུབ།

ང་བདེན་པར་གྲུབ་པ་འཛིན་པའི་བདེན་འཛིན་ཤུགས་ཆེན་ཡོད་པ་ལ་བརྟེན་ནས་ང་དང་གཞན་ཞེས་དབྱེ་བ་འབྱེད་འཇུག་པ་དང་། དེའི་ཐོག་ནས་ང་ཚོས་མི་དགེ་བའི་ལས་སྣ་ཚོགས་བྱེད་ཀྱི་ཡོད། འོན་ཀྱང་། དཔེར་ན། བཀྲིས་ཟེར་བའི་མི་ཞིག་ལ་ང་ཚོས་ཁོང་ཁྲོ་བཟའ་བ་ཡིན་ན། དོན་དངོས་སུ་ང་ཚོས་ཁོང་ཁྲོ་བཟའ་སའི་བཀྲ་ཤིས་ཟེར་བ་དེ་སུ་རེད་དམ། དེ་ཁོ་པའི་གཟུགས་པོ་རེད་དམ། ཡང་ན་སེམས་རེད་དམ། གལ་སྲིད་ཁོ་པའི་གཟུགས་པོ་དང་། མགོ །རྐང་པ། ཡང་ན་ལག་པ། སྣ་སོགས་གང་རེད་དམ་ཞེས་ང་ཚོས་བརྟག་དཔྱད་བྱེད་ཆོག །ང་ཚོས་བརྟག་དཔྱད་དེ་ལྟར་བྱེད་སྐབས། གློ་བུར་དུ་ཧང་སངས་དགོས་པའི་གནས་ཚུལ་འཕྲད་ཀྱི་ཡོད། གང་ཡིན་ཟེར་ན། སོ་སོས་ཁོང་ཁྲོ་བྱེད་སའི་བཀྲ་ཤིས་ཟེར་བའི་མི་དེ་རྙེད་རྒྱུ་མེད་པ་ཞིག་ཡིན་པ་ཤེས་ཐུབ། དེར་བརྟེན་ང་ཚོས་ཁོང་ཁྲོ་བཟའ་ས་དེ་དོན་ངོ་མའི་ཐོག་ནས་སུ་རེད་དམ་ཞེས་འདྲི་རྩད་བྱེད་ཐུབ། དེ་ནི་ཐབས་ལམ་ཧ་ཅང་ཕན་ཐོགས་ཆེན་པོ་ཞིག་ཡིན། དེར་བརྟེན་གལ་སྲིད་ང་ཚོར་དེ་ལྟར་བརྟག་དཔྱད་བྱེད་པའི་སེམས་སམ་བློ་ཡོད་ན། ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་ཐུབ།

མ་རིག་པ་ཟློག་པའི་ཐབས་སུ་བདེན་མེད་རྟོགས་དགོས་གལ་སྐོར།

གཞུང་འདིའི་ནང་། ང་ཞེས་པར་ཤིན་ཏུ་ཆགས་ནས་རང་དོན་དོན་གཉེར་འབའ་ཞིག་གི་དབང་དུ་སོང་ནས་མུ་མཐུད་འཁོར་བར་འཁྱམས་ཚུལ་གསུང་ཡོད། ཆགས་པའམ་སྡང་བའི་ཡུལ་ནི་ཐ་སྙད་དང་རྟོག་པ་ལ་ལྟོས་མེད་དུ་སྣང་གི་ཡོད། དེ་འདྲ་སོང་ཙང་། ཀུན་རྫོབ་ཏུ་གྲུབ་པའི་ཆོས་རྣམས་ཀྱི་སྣང་ཚུལ་གསལ་པོ་ཤར་བ་དང་ང་ཚོའི་རྒྱུད་ལ་ཆགས་པའམ་སྡང་བ་མངོན་དུ་འགྱུར་གྱི་ཡོད།

ང་ཚོས་བདེན་པར་གྲུབ་པར་འཛིན་པའི་བདེན་འཛིན་དེ་གསལ་པོ་བྱས་ངོས་འཛིན་ཐུབ་པ་དགོས། དེ་ནི་དཀའ་ངལ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན། ང་ཚོའི་སེམས་རྒྱུད་ནས་དེ་བདེན་འཛིན་རྩད་ནས་མེད་པ་བཟོ་དགོས་ངེས་ཆགས་ཡོད་པ་དང་། བདེན་འཛིན་བཀག་པའི་ཤུགས་སུ་བདེན་མེད་ཀྱི་དོན་རྟོགས་ཀྱི་ཡོད། འཁོར་བའི་རྩ་བ་ནི་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་ཀྱང་གྲུབ་པར་འཛིན་པའི་མ་རིག་པ་དེ་ཡིན། དེས་ནོར་བ་ཚང་མ་བཟོ་གི་ཡོད། དེས་ན་མ་རིག་པ་སྤོང་རྒྱུ་དང་དེའི་ལྡོག་ཕྱོགས་ཀྱི་གཉེན་པོ་ཞིག་ལ་བསམ་བློ་གཏོང་རྒྱུ་གནད་དགག་ཆགས་ཡོད།

ང་ཚོས་ཆོས་རྣམས་རང་ངོས་ནས་གྲུབ་པར་འཛིན་གྱི་ཡོད། འོན་ཏེ་བདེན་འཛིན་གྱི་ཡུལ་ལ་དཔྱད་དེ། དོན་དམ་དུ་བདེན་པར་གྲུབ་པ་ཡོད་དམ། རང་ངོས་ནས་གྲུབ་ཅིང་བདེན་པར་གྲུབ་པའི་ཆོས་ཡོད་དམ་ཞེ་ན། བདེན་འཛིན་དེ་རང་གི་འཇུག་ཡུལ་ལ་འཁྲུལ་བའི་བློ་ཡིན་པ་ངེས་ཤེས་རྙེད་ཐུབ། མཐར་ང་ཚོའི་བསམ་བློ་གཏོང་ཚུལ་ལ་འགྱུར་བ་འགྲོ་གི་ཡོད། གཞན་ཡང་ཆོས་རྣམས་ཀྱི་གནས་ལུགས་ངོ་མ་དེ་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱི་ངོར་རྙེད་རྒྱུ་མེད།

ང་ཚོའི་སེམས་ཀྱི་སྒྲོ་བཏགས་ཏེ་ཆོས་རྣམས་རང་ངོས་ནས་གྲུབ་པར་འཛིན་པའི་བློ་དེར་རྒྱབ་རྟེན་ཚད་མ་གང་ཡང་མེད། དཔེར་ན། འདི་གར་བསྡད་དེ་སེམས་ནང་ང་ཚོའི་རྒྱབ་ཀྱི་ཤིང་ནགས་ཁྲོད་དུ་སྟག་གདུག་པ་ཅན་ཞིག་ཡོད་ཟེར་འཇིགས་སྣང་ཆེ་བའི་རྣམ་རྟོག་འདྲ་མིན་སྐྱེ་སྐབས། བསམ་བློ་ཅི་ཡང་མ་བཏང་བར་འགུལ་སྐྱོད་མ་བྱས་ན། སྟག་ཡོད་རེད་ཟེར་བའི་རྣམ་རྟོག་དེ་མེད་པ་བཟོ་ཐུབ་ཀྱི་མེད། དོན་དངོས་སུ་སྟག་ཡོད་མེད་བརྟག་དཔྱད་བྱེད་དགོས། དེར་སྟག་དངོས་གནས་འདུག་གམ་མི་འདུག །ང་ཚོས་རྒྱུད་ཀྱི་རྣམ་རྟོག་དེ་མེད་པ་བཟོ་ཐབས་འདུག་གམ་མི་འདུག་ཅེས་དཔྱད་པ་བྱེད་དགོས། ད་གཟོད་ང་ཚོས་ཤིང་ནགས་དེའི་ནང་སྟག་མེད་པ་ར་འཕྲོད་དེ་འཇིགས་སྣང་མི་ཡོང་། དེ་ལྟར་བྱས་ཏེ་རྣམ་རྟོག་དེ་མེད་པ་བཟོ་ཐུབ། དེ་ལས་ལྡོག་སྟེ། བརྟག་དཔྱད་མ་བྱས་པར་བརྗེད་ཐབས་བྱས་ན། འཇིགས་སྣང་གི་བློ་དེས་གནས་བཟོད་མི་བདེ་བ་བཟོ་གི་ཡོད། དེར་བརྟེན་བློ་གང་དང་གང་ཡིན་ཀྱང་། དེ་ལ་གཞི་རྩའམ་རྒྱབ་རྟེན་ཚད་མའམ་དངོས་ཡོད་ཅིག་ཡོད་མེད་བརྟག་དཔྱད་བྱེད་དགོས། དེ་ག་ནང་བཞིན་ཆོས་རྣམས་ཀྱི་གནས་ལུགས་ལའང་དཔྱད་དགོས།

ཕྱོགས་གཞན་ཞིག་ནས། ཅི་སྟེ་ང་ཚོར་རྟོག་པ་ཚང་མས་སྒྲོ་བཏགས་ཏེ་དངོས་པོའི་གནས་ཚུལ་དང་འགལ་བས་ངེས་པར་དུ་སྤོང་དགོས་ཞེས་མཐའ་གཅིག་ཏུ་ཡང་མ་དག་པ་ཡིན་པའི་བསམ་ཚུལ་ཡོད་ན། རྒྱ་ནག་གི་གྲྭ་པ་ཧ་ཤང་ཟེར་བ་ལྟར་མཐར་ལྷུང་འགྲོ་གི་ཡོད། གལ་ཆེ་ཤོས་ནི་དགག་བྱ་གང་ཡིན་གསལ་པོ་བྱས་ཤེས་དགོས་པ་དང་། དེ་ནས་འགོག་ཚུལ་ཤེས་དགོས། མ་གཞི་ང་ཚོར་རྟོག་མེད་ཤེས་པ་དང་དངོས་པོའི་གནས་ལུགས་རྟོགས་པའི་མངོན་སུམ་དགོས་པ་བདེན་པ་ཡིན་ནའང་། རྟོག་མེད་ཤེས་པའི་སྟེང་ནས་ཡུལ་རྟོགས་པ་དེ་རྟོག་པས་ཡུལ་རྟོགས་པའི་ཐོག་ལ་གཞི་རྩ་འཛིན་དགོས། ང་ཚོས་སྤྱིར་མངོན་སུམ་ཟེར་གྱི་མེད། དེ་ལྟར་བྱས་ན་གསལ་པོ་ཆགས་ངེས་མ་ཡིན། དང་པོ་ང་ཚོས་བརྟག་པ་བྱ་ཡུལ་གྱི་ཡུལ་དེར་བལྟ་དགོས་པ་དང་། དཔྱད་པ་བྱས་ཏེ་བདེན་འཛིན་གྱི་ཡུལ་དེ་གཞི་མ་གྲུབ་ཚུལ་ལ་བསམ་བློ་ལེགས་པར་གཏོང་དགོས། དེ་ལྟར་ང་ཚོས་དགག་བྱ་འགོག་དགོས། གཞི་དེའི་ཐོག་ནས་རྟོག་མེད་མངོན་སུམ་སྐྱེད་ཐུབ་པ་ཡོང་གི་ཡོད། དེ་ཡང་དང་པོ་རྟོག་པ་བརྟེན་དགོས་ཀྱི་ཡོད།

བདེན་མེད་སྒོམ་ཚུལ།

དབུ་མ་ཐལ་འགྱུར་འདོད་ཚུལ་ནང་། གང་ཟག་བདག་མེད་དང་ཆོས་ཀྱི་བདག་མེད་ལ་ཕྲ་རགས་ཀྱི་ཁྱད་པར་མེད་ལ་དེ་གཉིས་བར་གཏིང་ཟབ་ལོད་ཀྱི་ཁྱད་པར་ཡང་མེད། འོན་ཀྱང་ང་ཚོས་དངོས་པོའི་གནས་ཚུལ་ཇི་ལྟ་བ་བཞིན་ཤེས་པ་ན། རྟོགས་རིམ་ལ་ཁྱད་པར་ཡོད་དམ་ཞེ་ན། ཁྱད་པར་ཡོད། མ་གཞི་དེ་གཉིས་ལ་ཁྱད་པར་མེད་ཀྱང་། རྟོགས་དཀའ་སླའི་ཐོག་ནས་རིམ་པ་ཡོད་དེ། དང་པོ་གང་ཟག་གི་བདག་མེད་རྟོགས་སླ། གང་ཡིན་ཟེར་ན། སྟོང་གཞི་ཆོས་ཅན་གྱི་ཐོག་ནས་གང་ཟག་བདག་མེད་དེ་རིགས་པས་དཔྱད་སླ་བ་ཡོད། དེ་ནས་ཆོས་ཀྱི་བདག་མེད་རྟོགས་དགོས།

དེ་དག་ཚང་མས་དོན་དམ་བྱང་ཆུབ་སེམས་སྒོམ་ཚུལ་གྱི་འགྲེལ་བཤད་རྒྱག་གི་ཡོད། དོན་དམ་ཞེས་པའི་ཚིག་འདིས་བྱ་བ་དང་། བྱ་བའི་ཡུལ། བྱེད་པ་པོ་སོགས་ཀྱི་ཐོག་ནས་དངོས་པོའི་གནས་ལུགས་ཏེ། ཆོས་རྣམས་ཀྱི་མཐའ་མའམ་དངོས་ཡོད་ཀྱི་གནས་ལུགས་ཀྱི་དོན་སྟོན་པར་གོ །དཔེར་ན། གལ་སྲིད་ང་ཚོས་མེ་ཏོག་ཅིག་ལ་བལྟས་ནས་བརྟག་དཔྱད་བྱས་ན། ཨ་ཅང་ཅང་མེ་ཏོག་དེ་རང་གི་ས་བོན་ལས་བྱུང་ཞིང་དེ་སྐྱེད་པར་ཆུ་དང་ཉི་དྲོད་སོགས་དགོས་ཀྱི་ཡོད། ཡིན་ནའི་ང་ཚོས་གློ་བུར་དུ་ཁང་པ་ཞིག་ནང་དུ་ཕྱིན་ནས་མེ་ཏོག་ཅིག་ལ་བལྟས་ན། བརྒྱུད་རིམ་དེ་དག་མི་དགོས་པར་རང་ངོས་ནས་གྲུབ་པ་ལྟ་བུར་སྣང་གི་ཡོད། ནམ་ཞིག་མེ་ཏོག་དེ་བརྙིས་ནས་ལོ་མ་རྣམས་ཟགས་འགོ་ཚུགས་ན། དེ་རང་ངོས་ནས་གྲུབ་པར་སྣང་བ་ལྟར་མ་གྲུབ་པ་གསལ་པོར་སྟོན་གྱི་ཡོད། དོན་དངོས་སུ་རྙིད་པ་སོགས་ཀྱི་འགྱུར་བ་དེ་དག་ཚང་མ་རང་རང་གི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་། རྟེན་ཅིང་འབྲེལ་བར་བྱུང་བའི་རང་བཞིན་གྱིས་སྐྱེ་བ་དང་། རྒ་བ། འཇིག་པ་སོགས་ཡོང་བ་ནི་ཆོས་ཉིད་ཡིན།

མེ་ཏོག་གི་དོན་དམ་པའི་རང་བཞིན་ནི་དེ་རང་ངོས་ནས་མ་གྲུབ་པ་དེ་ཡིན། ཕྱོགས་གཞན་ཞིག་ནས་མེ་ཏོག་གི་གནས་ལུགས་ནི་དེའི་ཕྱིའི་ཚུལ་གྱི་སྣང་བ་མིན་པར་དེའི་དོན་ངོ་མའི་གནས་ལུགས་དེ་ཡིན། ང་ཚོས་ཆོས་གང་ཡང་རུང་བ་ཞིག་གི་ཀུན་རྫོབ་བདེན་པའི་སྐོར་ཤོད་སྐབས། ཐ་སྙད་དེས་ལྐོག་འགྱུར་དུ་མེད་པའི་བདེན་ལུགས་ཤིག་ཤོད་པར་གོ་ཡི་ཡོད། ཆོས་རྣམས་ཀྱི་སྣང་ཚུལ་དང་དཀའ་ངལ་སོགས་དང་འབྲེལ་བའི་ཆོས་ཅན་སྟེང་གི་ཀུན་རྫོབ་བདེན་པས་དེ་དག་གི་དོན་དམ་བདེན་པ་སྒྲིབ་པ་ལྟ་བུར་བྱེད། ང་ཚོའི་བློས་ཀུན་རྫོབ་ཏུ་ཡོད་པའི་ཆོས་རྣམས་ལ་དམིགས་ནས་གཞན་དོན་སྒྲུབ་རྒྱུའི་འདུན་པ་བསྐྱེད་ན་དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟེར། གཞན་སྡུག་བསྔལ་ལས་སྐྱོབ་རྒྱུའི་འདུན་པ་དང་བཅས་སེམས་ཀྱི་དམིགས་པ་དོན་དམ་པའི་གནས་ལུགས་ཐོག་གཏད་ན་དེ་ལ་དོན་དམ་བྱང་ཆུབ་སེམས་ཞེས་བརྗོད།

དེ་ག་ནང་བཞིན་ང་ཚོས་ཆོས་སྐུ་ལ་དམིགས་ན། ང་ཚོས་ཆོས་རྣམས་ཀྱི་དོན་དམ་པའི་རང་བཞིན་མཐོང་བ་ལ་གེགས་བྱེད་མཁན་གྱི་སྒྲིབ་པ་རྣམས་སེལ་ནུས་པ་ཡིན། ཆོས་སྐུ་ནི་ཆོས་རྣམས་ཀྱི་གནས་ལུགས་ཡིན། སྒྲིབ་པ་དེ་དག་བསལ་ནས་ཆོས་སྐུ་མངོན་དུ་བྱེད་ཐུབ། དེས་ན། ང་ཚོས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཟུང་འབྲེལ་དུ་ཉམས་ལེན་བྱེད་ཐུབ། སོ་སོའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་དམིགས་ནས་དེའི་སྟོབས་ལས་ཀྱིས་ང་ཚོས་དྲི་མ་ཐམས་ཅད་སྤངས་ནས་ཆོས་རྣམས་ཀྱི་རང་བཞིན་ངོ་མ་མཐོང་ཐུབ།།

Top