ངན་འགྲོར་སྐྱེ་བ་སྤོང་བ།

ཆོས་ལ་སྤྲོ་བ་ལྡན་པའི་སེམས་ཤིག་ཇི་ལྟར་སྐྱེད་ཚུལ།

སྐབས་འདིར་འགྲོ་ལུགས་འགྲོ་སྟངས་ནི་ཕར་ཚུར་དྲི་བ་གཏོང་རེས་བྱ་རྒྱུ་དེ་རེད། གང་ཡིན་ཞེ་ན། གལ་ཏེ་ང་རང་འདིར་གཏམ་བཤད་རྐྱང་རྐྱང་བྱས་ནས་བསྡད་ན། ང་ཚོར་ཉིན་མ་ཁ་ཤས་ལས་མེད་ཙང་། དེས་ཕན་ཐོགས་ཆེན་པོ་དེ་ཙམ་མི་ཡོང་། དེ་ལས་ལྡོག་སྟེ། ང་ཚོས་ཕར་ཚུར་སྐད་ཆ་ཤོད་རེས་དང་དྲི་བ་གཏོང་རེས་ཀྱི་ནང་ལུགས་ནང་ཚགས་བྱས་ན། དེས་ཁྱེད་རྣམས་ལ་ཕན་རླབས་ཆེ་བ་ཡོང་གི་རེད།

ཁྱེད་རང་ཚོ་ཚང་མ་དེ་རིང་འདིར་འཛོམས་ཡོད་པ་དང་། གཞན་དང་མི་འདྲ་བའི་ས་ཆ་སྐྱིད་པོ་ཞིག་གི་ནང་ཡོད་པ། དེ་བཞིན་ཆོས་ཉམས་ལེན་བྱ་རྒྱུའི་ཐད་སྤྲོ་བ་ཆེན་པོ་ཡོད་པ། རང་ཉིད་ཆོས་ཉམས་ལེན་གོང་ནས་གོང་དུ་སྤེལ་བར་མཐའ་གཅིག་ཏུ་འབུང་བཞིན་ཡོད། འདི་ནི་ཧ་ཅང་ཡག་པོ་རེད། ཐོག་མར་ངས་ཁྱེད་རྣམས་ལ་དྲི་བ་ཞིག་འདྲི་གི་ཡིན། དེ་ཡང་། ཁྱེད་རྣམས་ཀྱིས་ཆོས་ལ་སྤྲོ་བ་ལྡན་པའི་སེམས་ཤིག་དངོས་གནས་ཇི་ལྟར་སྐྱེད་དམ།

འདས་པའི་ལོ་ཁ་ཤས་ཀྱི་ནང་། ང་ཚོས་སྒོམ་གྱི་འཛིན་གྲྭའི་སྐབས་དེའི་སྐོར་ལ་བཤད་དང་ཤོད་མུས་རེད། དེ་ཡང་སེམས་འདུལ་བར་གང་དགོས་གལ་ཆེ་བ་ཙམ་ལ་ཐག་གཅོད་ཐབས་བྱེད་བཞིན་ཡོད། འོན་ཀྱང་ང་ཚོ་སུ་གཅིག་ཀྱང་ཡིད་བརྟན་འཕེར་བ་ཞིག་བྱུང་མེད། ངའི་བསམ་པར། དེ་ནི་དོན་ངོ་མར་སྡུག་བསྔལ་མཐོང་བ་དང་དེའི་ཐད་ཐབས་ཤེས་གང་མང་ཞིག་བྱ་རྒྱུའི་ཐག་གཅོད་བྱེད་པ་དང་། སྡུག་བསྔལ་དེ་སྤོང་བའི་འགན་དེ་སོ་སོར་རག་ལུས་ཡོད་པ་ངོས་ལེན་བྱེད་པ་ཞིག་རེད།

ཕྱོགས་གཅིག་ནས་དེ་ནི་འགྲིག་པ་རེད། ཁྱེད་ཀྱིས་སྡུག་བསྔལ་དང་དཀའ་ངལ་གྱི་རིགས་ལ་བལྟ་བའི་སྐབས། འདི་དག་སུ་ལའང་དགོས་འདོད་མེད་པ་ཞིག་རེད། སྡུག་བསྔལ་འདོད་མཁན་སུ་གཅིག་མེད། ཚང་མ་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་ཀྱི་རྗེས་སུ་སྙེག་པ་དང་འབྲེལ་བའི་སྒོ་ནས་བཤད་ན། བཟའ་རྒྱུ་འཐུང་རྒྱུ་འབེལ་འབེལ་ལྷུག་ལྷུག་ཡོད་པ་དང་། རང་ཉིད་སྡོད་ས་དེ་བདེ་པོ་དང་སྐྱིད་པོ་ཞིག་ཡོད་པ་དེས་བདེ་སྐྱིད་ངེས་ཅན་ཞིག་འབྱུང་བར་བྱེད་ཀྱི་ཡོད་ནའང་། དེ་ནི་ང་ཚོས་ཤོད་བཞིན་པའི་བདེ་སྐྱིད་དེ་མ་རེད། རེད་དམ།

མ་རེད། དེ་མ་རེད། གནས་སྟངས་དེ་ལ་གཞིགས་ན། མི་རྟག་པ་དྲན་པ་དེ་རེད་དམ།

དྲི་བ་འདི་ལ་ལན་འདེབས་བྱེད་པར། གལ་ཏེ་ང་ཚོར་བཟའ་རྒྱུ་འཐུང་རྒྱུ་དང་རང་ཉིད་སྡོད་ས་བཅས་འདང་ངེས་ཡོད་པ་ལ་བརྟེན་ནས་བདེ་སྐྱིད་གང་འཚམས་ཤིག་ཡོད་ན། དེས་འགྲིགས་ངེས་རེད་དམ། དེ་ལྟ་བུ་ནི་ཚང་མས་འཚོལ་བཞིན་པའི་བདེ་སྐྱིད་དེ་རེད་དམ།

གང་ཡང་འདོད་བློ་ཚིམས་པ་ལྟ་བུ་ཞིག་མེད།

རྒྱལ་ཁབ་འདིའི་ནང་། ཁྱེད་ལ་ལས་ཀ་རག་ཐུབ་པ་དང་འཚོ་བ་སྐྱེལ་བར་དངུལ་འདང་ངེས་ཤིག་ལས་སླ་པོའི་སྒོ་ནས་གསོག་ཐུབ། ཁྱེད་ཀྱིས་འདི་ནི་འགྲིག་ངེས་ཤིག་མིན་པ་དང་འདོད་བློ་ཚིམས་པ་ཞིག་མིན་ཞེས་བརྗོད་ཀྱི་ཡོད། དེ་ག་རེ་བྱས་ནས་རེད་དམ། དེས་འགྲིགས་ངེས་ཤིག་ཅིའི་ཕྱིར་མིན་ནམ།

དེ་ནི་འགྱུར་བ་འགྲོ་གི་ཡོད། རྟག་པ་ཞིག་མེད་པ་རེད་དམ།

དེ་བདེན་པ་རེད། དེ་ལྟ་བུའི་བདེ་སྐྱིད་ནི་རྟག་པ་མིན་པ་ཁྱེད་ཀྱིས་ཏག་ཏག་ཤོད་ཀྱི་ཡོད། བདེ་སྐྱིད་དེ་ནི་ཡུན་དུ་མི་གནས་པ་སོང་ཙང་། དེ་ནི་འདོད་བློ་མི་ཚིམས་པ་དང་སྡུག་བསྔལ་རེད། འོ་ན་བདེ་སྐྱིད་རྟག་པ་བ་གང་འདྲ་ཞིག་ཁྱེད་ཀྱིས་འཚོལ་བཞིན་ཡོད་དམ།

བདེ་སྐྱིད་རྟག་པ་བ་ཟེར་བ་ཞིག་མེད།

གང་རྟག་པ་མིན་པ་དང་བརྟན་པོ་མེད་པའི་བདེ་སྐྱིད་དེ་ནི་འདོད་བློ་ཚིམས་པ་ཞིག་དང་འདང་ངེས་ཤིག་མིན། འདིས་ཁྱེད་ཀྱིས་རྟག་བརྟན་ཡུན་གནས་ཀྱི་བདེ་སྐྱིད་ཅིག་འཚོལ་དགོས་པ་སྟོན་གྱི་ཡོད་དམ། ཡང་ན་ཁྱེད་ཀྱིས་བདེ་སྐྱིད་འཚོལ་འདོད་མེད་པ་རེད་དམ།

ཁྱེད་ཀྱིས་ལས་དང་མོས་པས་ཚད་བཀག་མ་བྱས་པའི་ཡུན་དུ་གནས་པའི་བདེ་སྐྱིད་ཅིག་འཚོལ་འདོད་བྱེད་དགོས།

དེར་བརྟེན་གལ་ཏེ་བརྟན་པོ་དང་འགྱུར་བ་མེད་པའི་བདེ་སྐྱིད་ཅིག་མེད་ན། དེ་ནས་ཁྱེད་ལ་བདེ་སྐྱིད་དེ་ཡུན་རིང་གནས་པ་ཞིག་དང་། ཕུལ་དུ་བྱུང་བ་དང་བདེ་སྐྱིད་གང་ཆེ་ཆེ་ཞིག་དགོས་པ་རེད་དམ། གལ་ཏེ་ཁྱེད་ལ་དགོས་པའི་བདེ་སྐྱིད་དེ་འདྲ་ཞིག་ཡིན་ན། ཁྱེད་ཀྱིས་བརྗོད་པ་ལྟར། འཇིག་རྟེན་ཆོས་ཀྱི་རྗེས་སུ་འབད་བརྩོན་གྱིས་བསྙེགས་ནས་ཐོབ་པའི་བདེ་སྐྱིད་ཀྱི་རིགས་དེ་ནི་ཧ་ཅང་ཚད་བཀག་ཅན་ཞིག་ཡིན་པ་ནི་བདེན་པ་རེད། དེ་ནི་འགྱུར་བ་འགྲོ་གི་ཡོད་པ་དང་གཏན་དུ་གནས་ཀྱི་མེད། དེ་འདྲ་སོང་ཙང་། ཆོས་དང་སེམས་དོན་གྱི་རྗེས་སུ་སྙེག་པ་མ་གཏོགས་ཡུན་དུ་གནས་པ་དང་ཕུལ་དུ་བྱུང་བའི་ཁྱད་ཆོས་དང་ལྡན་པའི་དངོས་གནས་བདེ་སྐྱིད་ཀྱི་རིགས་ཤིག་འཐོབ་ཐབས་གཞན་མེད།

འོ་ན་ཁྱེད་ཀྱིས་ཆོས་ཞེས་པའི་ཚིག་དེ་ལས་གོ་བ་ག་རེ་རྙེད་སོང་། དེའི་གོ་དོན་གང་རེད་དམ། ང་ཚོས་ནམ་རྒྱུན་ “ཆོས་ཉམས་ལེན་བྱོས་” ཟེར་དུས་ཁྱེད་ཀྱིས་ཆོས་ཉམས་ལེན་ངེས་པར་དུ་བྱེད་དགོས་པའི་དོན་གང་རེད་དམ།

དེ་ནི་སངས་རྒྱས་ཀྱི་ཆོས་ལ་གོ་བ་ཡིན།

ཁྱེད་ཀྱིས་དེའི་ཐད་བསམ་བློ་ཏོག་ཙམ་མང་བ་གཏོང་དགོས། ཆོས་ཉམས་ལེན་བྱེད་པའི་དོན་གང་ཡིན་པ་དང་། ཆོས་ཉམས་ལེན་བྱེད་མཁན་གྱི་མི་ཞིག་དང་ཆོས་ཉམས་ལེན་མི་བྱེད་མཁན་གྱི་མི་གཉིས་དབར་གྱི་ས་མཚམས་དེ་གང་རེད་དམ།

རྣམ་དཔྱོད་བློ་གྲོས་དང་ལྡན་པའི་གང་ཟག་དེས་རྣམ་དཔྱོད་ལྡན་པའི་སྒོ་ནས་ཆོས་སློབ་གཉེར་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་དམ།

ཆོས་ཉམས་ལེན་ཟེར་བ་དེ་ནི་ཚེ་འདིའི་ནང་གནས་སྟངས་རྣམས་གྲ་འགྲིག་པོ་དང་ཡག་པོ་ཞིག་ཡོང་ཕྱིར། འདིར་ཁང་པ་ཐོག་རྩེག་ཡག་པོ་ཞིག་བཞེངས་པ་ཙམ་མིན། ལས་དོན་གང་ཞིག་གི་ནང་། ཁྱེད་ཀྱི་སེམས་འཁུར་གཙོ་བོ་དེ་བཟའ་རྒྱུ་དང་འཐུང་རྒྱུ་སོགས་ཚེ་འདིའི་ནང་སྟབས་བདེ་ཞིག་ཡོང་བར་དམིགས་པ་ནི་ཆོས་ཉམས་ལེན་ངོ་མ་ཞིག་ཆགས་ཀྱི་མེད། འོན་ཀྱང་ཁྱེད་ཀྱི་སྐྱེ་བ་ཕྱི་མ་ནས་བཟུང་སྟེ་གཞན་ལ་ཕན་ཐོགས་གང་རུང་བྱེད་པར་དམིགས་པའི་ཉམས་ལེན་གང་འདྲ་ཞིག་ཡིན་ནའང་། དེ་ནི་ཆོས་ཉམས་ལེན་ཆགས་ཀྱི་ཡོད། དེ་ནི་ས་མཚམས་དེ་རེད། ཁྱེད་ཀྱིས་མཁྱེན་སོང་ངམ།

དེ་ནི་ཁྱེད་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་མེད་ཁས་ལེན་དང་མི་ལེན་ལ་ཐུག་ཡོད། གལ་ཏེ་ཁྱེད་ཀྱིས་སྐྱེ་བ་ཕྱི་མ་ཡོད་པ་ཁས་ལེན་བྱེད་ཀྱི་མེད་ན། ཆོས་ངོ་མ་ཞིག་བྱེད་ཐབས་མེད་པ་རེད། གལ་ཏེ་ཁྱེད་རང་ཡུན་གནས་ཐུབ་པའི་བདེ་སྐྱིད་ཡོང་བར་དོ་དབྱིངས་ཡོད་ན། བདེ་སྐྱིད་དེ་ནི་ཚེ་འདི་ཁོ་ནའི་དུས་ཡུན་ཐུང་ངུ་ཙམ་ཞིག་གི་ཆེད་དུ་མིན་པར། ཁྱེད་ཀྱིས་སྐྱེ་བ་ཕྱི་མ་ཚང་མའི་ནང་ཡུན་གནས་ཐུབ་པའི་བདེ་སྐྱིད་ཡོང་བར་སེམས་འཁུར་བྱེད་དགོས་ངེས་རེད། བྱས་ཙང་། འདི་ནི་ཆོས་ཉམས་ལེན་གཏོགས་པའི་བྱེད་སྒོའི་རིགས་ཤིག་རེད། དེ་ཡང་སྐྱེ་བ་ཕྱི་མའི་ཆེད་དུ་ཡུན་གནས་ཐུབ་པའི་བདེ་སྐྱིད་ཅིག་སྐྲུན་རྒྱུ་དེ་རེད།

ཆོས་སམ་ལེགས་སྦྱར་སྐད་དུ་དྷརྨ་ཟེར་བའི་ཚིག་དེ་ལ་སྔོན་འགོག་གི་ཐབས་ལམ་ཞེས་བྱ་བའི་ཐུན་མིན་གྱི་གོ་དོན་ཞིག་ཡོད་པ་དེས་རང་ཉིད་མཚམས་འཇོག་བྱེད་པའམ་གནས་སྟངས་ཤིག་འབྱུང་བར་སྔོན་འགོག་བྱེད་ཀྱི་ཡོད། དེས་ཇི་ལྟར་འཛིན་པ་དང་སྔོན་འགོག་བྱེད་པ་དེ་ཐབས་ལམ་གསུམ་གྱི་སྒོ་ནས་ཁྱེད་ཀྱིས་ཤེས་རྟོགས་ཐུབ། མཚམས་འཇོག་བྱེད་པ་ཞེས་པའི་བརྗོད་ཚུལ་དེ་ལ་ཐུན་མིན་གྱི་གོ་དོན་གསུམ་ཡོད་དེ།

  • དང་པོ་དེ་ཁྱེད་རང་སྐྱེ་བ་ཕྱི་མའི་ནང་དམྱལ་བའི་ཁམས་སུ་སྐྱེ་བ་མཚམས་འཇོག་བྱེད་པའམ་དེར་མི་ལྷུང་བའི་སྔོན་འགོག་བྱེད་ཀྱི་ཡོད།
  • ཁྱེད་ཀྱི་སྐྱེ་བ་ཕྱི་མའི་ནང་། ངན་འགྲོའི་གནས་གང་རུང་ནང་ལྷུང་བ་ལས་འཛིན་པའམ་སྔོན་འགོག་བྱེད་པའི་ཐབས་ལམ་འགའ་ཞིག་དང་ལེན་བྱེད་ཆོག་པ་དང་། ཁྱེད་རང་སྐྱེ་བ་རྗེས་མའི་ནང་མཚམས་འཇོག་བྱས་ཡོད་སྲིད་ནའང་། སྐྱེ་བ་དེའི་རྗེས་ཀྱི་སྐྱེ་བའི་ནང་ཁྱེད་རང་ངན་འགྲོའི་གནས་གང་རུང་ཞིག་གི་ནང་ཡང་བསྐྱར་ལྷུང་སྲིད་པ་རེད། བྱས་ཙང་། ཁྱེད་རང་དེ་ལས་འཛིན་པའི་ཆེད་ད་དུང་སྔོན་འགོག་གི་ཐབས་ལམ་དེ་འདྲ་ལག་བསྟར་བྱེད་ཆོག་པའམ། ཡང་ན་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་སྟེ། འཁོར་བའི་གནས་སྟངས་གང་དུའང་སླར་མི་ལྷུང་ཞིང་མི་སྐྱེ་བར་སྔོན་འགོག་བྱེད་ཕྱིར་ཁྱེད་ཀྱིས་ལག་བསྟར་བྱེད་ཆོག
  • འཁོར་བའི་ནང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་གང་འདྲ་ཞིག་ཏུ་སྐྱེ་བ་ལས་རང་ཉིད་སྔོན་འགོག་ཆེད་དུ་ཐབས་ལམ་ལག་བསྟར་བྱེད་ཐུབ་པ་ཙམ་གྱི་སྒང་ལ། མི་ཚང་མ་ཁྱེད་ཀྱི་གནས་སྟངས་དང་གཅིག་པའི་ནང་ཡོད་པ་སོང་ཙང་། སྤྱིར་བཏང་མི་སུ་འདྲ་ཞིག་ཡིན་རུང་གནས་སྟངས་དེ་འདྲའི་ནང་མི་ལྷུང་བའི་སྔོན་འགོག་གི་ཐབས་ལམ་ཁྱེད་ཀྱིས་ལག་བསྟར་བྱེད་ཆོག

བྱས་ཙང་། ཁྱེད་ཀྱིས་ཆོས་ཀྱི་སྔོན་འགོག་གི་ཐབས་ལམ་སྐོར་བཤད་པའི་སྐབས། གཤམ་གྱི་གནས་སྟངས་རིགས་མི་འདྲ་གསུམ་པོ་མི་འབྱུང་བའི་ཆེད་སྔོན་འགོག་གི་ཐབས་ལམ་ལག་བསྟར་བྱེད་ཆོག །དེ་དག་ནི།

  • སོ་སོ་རང་ཉིད་ངན་འགྲོའི་གནས་ཤིག་ཏུ་ལྷུང་བ།
  • སོ་སོ་རང་ཉིད་འཁོར་བའི་གནས་སྟངས་གང་རུང་ཞིག་གི་ནང་སླར་སྐྱེ་བ།
  • མི་སུ་འདྲ་ཞིག་ཡིན་ནའང་གནས་སྟངས་དེའི་ནང་སྐྱེ་བ་བཅས་སོ།།

དེར་བརྟེན་ཆོས་ཀྱིས་གནས་སྟངས་མི་འབྱུང་བར་སྔོན་འགོག་བྱེད་པའམ། ཁྱེད་རང་གནས་སྟངས་དེ་དག་ལས་ཕྱིར་འཐེན་བྱེད་པ། ཡང་མིན་ན་མི་ཚང་མ་གནས་སྟངས་དེ་ལས་ཕྱིར་འཐེན་བྱེད་པའི་ཐབས་ལམ་གསུམ་པོ་དེ་དག་ཁྱེད་ཀྱིས་མཁྱེན་སོང་ངམ། “འགོག་བྱེད་” ཟེར་བའི་ཚིག་འདི་ཕལ་ཆེར་ཡག་ག་ཞིག་རེད། དེ་ལ་ཆོས་ཀྱི་སྔོན་འགོག་གི་ཐབས་ལམ་ཟེར་བ་རེད། ངས་སྔོན་འགོག་གམ་འགོག་བྱེད་ཅེས་བརྗོད་དུས་ཁྱེད་རྣམས་ཀྱིས་ཤེས་ཀྱི་འདུག་གམ།

ཆོས་ཉམས་སུ་བླངས་ནས་མི་གཞན་རྣམས་འཁོར་བའི་ནང་མི་ལྷུང་བའི་ཆེད་ཆེད་ངས་ག་རེ་བྱེད་ཐུབ་བམ།

དེ་ནི་དུས་ལ་འབབ་པའི་སྐབས་སུ་འབྱུང་གི་རེད། ང་ཚོས་གནས་སྟངས་གསུམ་པོ་དེ་དག་རེ་རེ་མི་འབྱུང་བའི་ཆེད་སྔོན་འགོག་གི་ཐབས་ལམ་རེ་རེ་ལག་བསྟར་བྱེད་ཆོག །ཡིན་ནའང་གནད་དོན་དང་པོ་དེ་ནི། ཁྱེད་རང་སྔོན་འགོག་གི་ཆེད་དུ་འབད་བརྩོན་བྱེད་བཞིན་པའི་གནད་དོན་གྱི་རིམ་པ་གསུམ་པོ་དེ་དག་དངོས་གནས་གང་ཡིན་ངོས་འཛིན་བྱེད་དགོས། བྱས་ཙང་། ཁྱེད་ཀྱིས་གནད་དོན་གྱི་རིམ་པ་གསུམ་པོ་སྤྱིར་བཏང་གི་ཆ་ནས་གང་དག་ཡིན་མཁྱེན་སོང་ངམ། དེ་མཁྱེན་པའི་རྗེས་ལ་ང་ཚོས་མུ་མཐུད་རྒྱས་བཤད་བྱེད་ཆོག །རེད་དམ་མ་རེད།

བཟང་སྤྱོད་ཀྱི་ཁྲིམས་རང་བསྲུང་ངམ་ཚུལ་ཁྲིམས། མི་དགེ་བ་བཅུ་སྤོང་བ།

ད་ཁྱེད་ཀྱིས་ངན་འགྲོའི་གནས་གང་རུང་དུ་མི་སྐྱེ་བའི་སྔོན་འགོག་ཆེད་དུ་ཐོག་མར་སྔོན་འགོག་གི་ཐབས་ལམ་བསྟེན་དགོས་ངེས་དེ་ནི་མི་དགེ་བ་བཅུའི་ལས་སྤོང་རྒྱུ་དེ་རེད། དེ་ལྟ་བུའི་བཟང་སྤྱོད་ཀྱི་རིགས་ལ་བརྟག་ཞིབ་བྱེད་པའི་སྒོ་ནས་ཁྱེད་རང་ངན་འགྲོའི་གནས་སུ་མི་སྐྱེ་བར་སྔོན་འགོག་བྱེད་དགོས།

དེ་ལྟ་བུའི་བཟང་སྤྱོད་ཀྱི་ཁྲིམས་རང་བསྲུང་གི་རྗེས་སུ་འཇུག་ཐུབ་པར་ཁྱེད་ཀྱིས་མི་དགེ་བའི་ལས་བཅུ་པོ་གང་དག་ཡིན་ཤེས་དགོས་ཤིང་། དེ་ནི་ཕལ་ཆེར་ཁྱེད་རྣམ་པས་མཁྱེན་གསལ་རེད། མཁྱེན་གྱི་ཡོད་དམ།

ཤེས་ཀྱི་མེད།

ལུས་ཀྱི་མི་དགེ་བ་གསུམ་ལས། སྲོག་གཅོད་པ།

ཐོག་མར་ལུས་ཀྱི་སྒོ་ནས་མི་དགེ་བའི་ལས་གསུམ་ཡོད། དེ་དག་ལས་དང་པོ་ནི་སེམས་ཅན་གང་རུང་གི་སྲོག་གཅོད་པ་དེ་རེད། གལ་ཏེ་ཁྱེད་ཀྱིས་དེའི་སྐོར་བསམ་བློ་བཏང་ན། ང་ཚོས་གཅེས་སྐྱོང་ཆེ་ཤོས་བྱེད་སའམ་རང་བདག་གི་རྒྱུ་དངོས་རྩ་ཆེ་ཤོས་སུ་ཆ་འཇོག་བྱེད་པ་དེ་ནི་ང་ཚོའི་མི་ཚེའམ་ཚེ་སྲོག་རེད། གལ་ཏེ་མི་ཞིག་གིས་ང་ཚོ་ཚེ་སྲོག་འཕྲོགས་ན། དེ་ནི་ང་ཚོས་སོ་སོའི་རྒྱུ་དངོས་ནང་ནས་གང་ལ་གཅེས་འཛིན་ཆེ་ཤོས་བྱེད་པའི་ཐོག་ནས་བསམ་བློ་གཏོང་དུས་མི་ཞིག་གིས་ང་ཚོར་བྱེད་སྲིད་པའི་གནད་དོན་སྡུག་ཤོས་དེ་རེད། སེམས་ཅན་གཞན་ཚང་མ་ལ་དེ་དག་གཅིག་མཚུངས་རེད། ཁོང་ཚོས་གང་ཞིག་ལ་གཅེས་འཛིན་ཆེ་ཤོས་བྱེད་པ་ནི་ཚེ་སྲོག་རེད།

སེམས་ཅན་ཞིག་གི་སྲོག་གཅོད་པའི་ལས་དེ་ཡོངས་སུ་རྫོགས་པར། གནད་དོན་བཞི་ངེས་པར་དུ་ཚང་དགོས། དེ་དག་ནི། ལས་དེའི་གཞི་དང་། བསམ་པའམ་ཀུན་སློང་། ལས་དངོས་སུ་བྱེད་པའམ་སྦྱོར་བ། མཐར་ཐུག་བཅས་བཞི་ཚང་དགོས།

  • ལས་དེ་ཡོངས་རྫོགས་པར། དང་པོ་སྲོག་གཅོད་པའི་གཞི་དེ་ཚང་དགོས། ཕྱོགས་གཞན་ཞིག་ནས་དེ་ནི་སྲོག་གཅོད་ཡུལ་གྱི་དུད་འགྲོ་སེམས་ལྡན་དཔེར་ན། ར་དང་ལུག་སོགས་གང་རུང་ཞིག་དགོས།
  • བསམ་པའམ་ཀུན་སློང་ལ་གཞིགས་ན། དེའི་སྐབས་སུ་འདུ་ཤེས་དང་ཀུན་སློང་མ་ནོར་བ་གཉིས་ཀ་དགོས། འདི་ལ་ལས་ཡོངས་སུ་རྫོགས་པ་དང་དེའི་རྗེས་འབྲས་ཡོངས་སུ་རྫོགས་པར། ཁྱེད་ལ་འདུ་ཤེས་ཡང་དག་པ་ཞིག་དགོས། དཔེར་ན། གསོད་བྱར་འགྱུར་བའི་སེམས་ཅན་དེ་རའམ་ཡང་ན་ལུག་གཉིས་ནས་གཅིག་ཡིན་པའི་དབང་དུ་བཏང་ནས། ཁྱེད་རང་ལུག་དེ་གསོད་དུ་འགྲོ་གི་ཡོད། འོན་ཀྱང་ཁྱེད་ཀྱིས་ར་ལུག་གཉིས་ནས་ལུག་ངོས་འཛིན་མ་ཐུབ་པར་སྟེས་དབང་གིས་ར་དེ་བསད་པ་ལྟ་བུ་རེད། དེ་ནི་ཁྱེད་ཀྱིས་ལས་གང་ཞིག་བྱེད་བཞིན་པ་དེ་ལ་འདུ་ཤེས་ཡོངས་སུ་རྫོགས་པའི་སྒོ་ནས་བྱེད་པ་དང་མི་འདྲ་བ་ཡིན། ཁྱེད་ཀྱིས་གང་ཞིག་གསོད་རྒྱུ་ཡིན་པ་དེ་ངོས་འཛིན་དགོས།
  • དུད་འགྲོ་དེ་དངོས་སུ་གསོད་པའམ་སྦྱོར་བ་དངོས་ཀྱི་སྐབས། དེའི་ནང་ཀུན་སློང་གི་རིགས་གསུམ་ལས་གང་རུང་ཡིན་ཆོག །དེ་ཡང་འདོད་པ་དང་ཆགས་སེམས་ཀྱིས་ཀུན་ནས་བསླངས་ཏེ་གསོད་པ་དང་། ཁོང་ཁྲོ་དང་ཞེ་སྡང་གི་ཀུན་ནས་བསླངས་ཏེ་གསོད་པ། ཡང་མིན་ན་མ་རིག་པ་དང་གཏི་མུག་གིས་ཀུན་ནས་བསླངས་ཏེ་གསོད་པ་བཅས་གསུམ་ཡིན། འདོད་པའམ་ཆགས་སེམས་ཀྱིས་རྨོངས་སུ་བཅུག་ནས་ལུག་དེ་གསོད་སྲིད། གང་ཡིན་ཞེ་ན། ཁྱེད་ཀྱིས་ལུག་དེའི་ཤ་བཟའ་འདོད་ཡོད། ཁྱེད་རང་ཤ་ལ་འདོད་ཆགས་སྐྱེས་ཡོད། ཡང་ཁྱེད་ཀྱིས་ཁོང་ཁྲོ་དང་ཞེ་སྡང་དབང་གིས་གསོད་སྲིད། དཔེར་ན། གལ་ཏེ་ཁྱེད་རང་དུད་འགྲོ་སེམས་ཅན་ཞིག་ལ་ཧ་ཅང་ཁོང་ཁྲོ་བཟས་ན། ཁྱེད་ཀྱིས་དྲག་རྡུང་བཏང་ནས་གསོད་པ་ལྟ་བུ་རེད། ཡང་མིན་ན་མ་རིག་པ་དང་གཏི་མུག་དབང་གིས་གསོད་སྲིད། དཔེར་ན། དུད་འགྲོ་སེམས་ཅན་དེ་དམར་མཆོད་བྱས་ན། སྐྱེ་བ་བཟང་བ་ཞིག་འཐོབ་ཐུབ་པར་ཡིད་ཆེས་བྱས་ཏེ། དུད་འགྲོ་སེམས་ཅན་མང་པོ་སྡེབ་གསོད་བྱེད་པ་དང་། ཀུན་སློང་དེ་རྒྱུ་མཚན་དུ་བྱས་ནས་ཁྱེད་ཀྱིས་ཁྲག་གི་མཆོད་པ་འབུལ་བ་ལྟ་བུ་རེད། དེ་ནི་མ་རིག་པའམ་གཏི་མུག་གིས་ཀུན་ནས་བསླངས་ཏེ་སྲོག་གཅོད་པ་རེད།
  • གསུམ་པ་ནི། སྦྱོར་བ་དངོས་བརྩམ་དགོས་ཀྱི་ཡོད། དེ་ཡང་དཔེར་ན། ལུག་གི་མགྲིན་པ་གཤགས་པའམ། ཡང་ན་ལུག་གི་གྲོད་པ་ལྷེབ་མོར་གཏུབས་ནས་ཁོག་པའི་ནང་ཁྲོལ་ཕྱི་རུ་འཐེན་པ་སོགས་ལུག་དེ་དངོས་སུ་གསོད་ཆེད་དུ་བསམ་སྲིད་པའི་ཐབས་ལམ་གང་རུང་ལ་གོ་བ་ཡིན། སྦྱོར་བ་དངོས་དེ་དགོས་ཀྱི་ཡོད།
  • དེ་ནས་བྱ་བའི་མཇུག་རྫོགས་དགོས་པས་དེ་ལ་མཐར་ཐུག་ཟེར། ཕྱོགས་གཞན་ཞིག་ནས་སྲོག་གཅོད་ཀྱི་ལས་དེ་ཡོངས་སུ་རྫོགས་པར་ཕ་རོལ་གྱི་དུད་འགྲོ་སེམས་ཅན་དེ་དངོས་སུ་ངེས་པར་དུ་ཤི་དགོས།

དེར་བརྟེན་སྲོག་གཅོད་དང་འབྲེལ་བའི་སྐོར་ལ་ཁྱེད་ཀྱིས་དེ་དག་ངེས་པར་དུ་རྟོགས་དགོས་ཤིང་། དེ་ཡང་སོ་སོ་རང་ཉིད་ཀྱི་སྲོག་ཡིན་ནའང་འདྲ། སེམས་ཅན་གཞན་ཞིག་གི་སྲོག་ཡིན་ནའང་འདྲ་སྟེ། སྲོག་གཅོད་ཀྱི་ལས་ཡོངས་སུ་རྫོགས་པར་ཆ་རྐྱེན་དེ་དག་ངེས་པར་དུ་ཚང་དགོས།

སེམས་ཅན་གཞན་ཞིག་གསོད་པ་ལ་གཞིགས་ན། དུད་འགྲོ་དང་མི་གང་ཡིན་རུང་གསོད་བྱར་འགྱུར་བ་དེ་ག་རང་ངེས་པར་དུ་ཤི་དགོས་པའམ། ཡང་ན་ལས་དེ་ཡོངས་སུ་རྫོགས་པར། སོ་སོ་རང་ཉིད་མ་ཤི་གོང་ལ་ཕ་རོལ་གྱི་སྲོག་ཆགས་ཡང་ན་མི་དེ་ངེས་པར་དུ་ཤི་དགོས། རང་ཤི་རྒྱག་པའམ་རང་གིས་རང་སྲོག་གཅོད་པ་ནི་སེམས་ཅན་གཞན་གྱི་སྲོག་གཅོད་པ་དང་ལས་གཅིག་པ་གཅིག་རྐྱང་མིན། རང་ཤི་རྒྱག་པའི་སྐབས། ཁྱེད་ཀྱིས་གསོད་པར་འགྱུར་བ་དེ་སོ་སོའི་སྔོན་དུ་ཤི་དགོས་པའི་གཞི་དེ་མིན། བྱས་ཙང་། དེ་ནི་ལས་མི་འདྲ་བ་ཞིག་ཡིན།

སེམས་ཅན་གཞན་གྱི་སྲོག་གཅོད་པའི་མི་དགེ་བའི་ལས་དེ་ལྟ་བུ་ལས་བྱུང་བའི་འབྲས་བུ་ལ་ཆ་བཞག་ན། དེ་དག་འབྲས་བུ་བཞིའི་སྒོ་ནས་རྟོགས་ཐུབ། དེ་ཡང་།

  • དང་པོ་ནི་རྣམ་སྨིན་གྱི་འབྲས་བུ་སྟེ། ལས་ལ་བརྟེན་ནས་སྨིན་པའི་སྐྱེ་བ་ལེན་པ་དེ་རེད། དེ་ནི་དམྱལ་བ་དང་། ཡི་དྭགས། དུད་འགྲོ་བཅས་ཀྱི་སྐྱེ་བ་ལེན་པ་ལྟ་བུ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ངན་སོང་གསུམ་གྱི་སྐྱེ་གནས་གང་རུང་ནང་སྐྱེ་བ་ལེན་པ་དེ་རེད།
  • དེ་ནས་རྣམ་སྨིན་གྱི་འབྲས་བུ་དེ་ཟད་པ་དང་། ཁྱེད་ཀྱིས་འདས་པའི་དུས་སུ་དགེ་བའི་ལས་སྣ་ཚོགས་བྱས་པའི་རྒྱུ་མཚན་གྱིས་མིའི་ལུས་རྟེན་དུ་སླར་ཡང་སྐྱེ་བ་ལེན་གྱི་ཡོད། མིའི་ལུས་རྟེན་དེའི་སྐབས། ཁྱེད་ལ་ནད་ན་ཚ་དང་དཀའ་ངལ་ཧ་ཅང་མང་བའི་མི་ཚེ་ཐུང་ཐུང་ཞིག་མྱོང་གི་རེད། འདི་ནི་འབྲས་བུ་གཉིས་པ་དེ་ཆགས་ཀྱི་ཡོད། དེ་ནི་ཁྱེད་ཀྱིས་གང་ཉམས་སུ་མྱོང་བ་ལ་གཞིགས་ནས་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཆགས་ཀྱི་ཡོད། ཁྱེད་ཀྱིས་མི་ཚེ་ཞིག་བླངས་པ་དང་གཞན་ཞིག་གི་མི་ཚེ་ཐུང་དུ་བཏང་ཡོད། བྱས་ཙང་། སོ་སོ་རང་ཉིད་ཀྱི་མི་ཚེ་དེ་ཐུང་ཐུང་ཆགས་པ་རེད།
  • འབྲས་བུ་གསུམ་པ་ནི། དེའི་རྗེས་སུ་ཡོང་འགྱུར་གྱི་མིའི་ལུས་རྟེན་ནང་། ཆུང་བྱིས་པ་ལོ་ན་གཞོན་དུས་ནས་བཟུང་ཁྱེད་རང་སེམས་ཅན་གཞན་གྱི་སྲོག་གཅོད་རྒྱུ་དགའ་པོ་ཡོད་པ་དཔེར་ན། ཁྱེད་རང་གང་སར་ཕྱིན་ནས་འབུ་སྲིན་ལྟ་བུ་སྲོག་ཆགས་སེམས་ཅན་ལ་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་རྩུབ་སྤྱོད་ཅན་ཞིག་ཆགས་ཀྱི་རེད། དེ་ནི་ཁྱེད་ཀྱི་ལྷན་སྐྱེས་བག་ཆགས་ཀྱི་སྤྱོད་ལམ་ལ་གཞིགས་ན་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཆགས་ཀྱི་ཡོད། ཁྱེད་རང་རྩུབ་སྤྱོད་ཅན་གྱི་སྲོག་གཅོད་མཁན་ཞིག་ཆགས་པའི་བག་ཆགས་དེ་མུ་མཐུད་དེ་ཡོང་གི་རེད།
  • འབྲས་བུ་བཞི་པ་ལ་བདག་པོའི་འབྲས་བུ་ཟེར། འདི་ནི་བདག་པོ་སྟེ། ཁྱེད་རང་སོ་སོ་ནང་བཞིན་སྐྱེ་བ་སྔོན་མ་བསད་པའི་སེམས་ཅན་གཞན་མང་པོ་དང་མཉམ་དུ་ས་ཆ་ཞིག་ལ་སྐྱེ་བ་བླངས་པ་རེད། དེའི་འབྲས་བུར་ཁྱེད་རང་སྐྱེ་སའི་ས་ཆ་དེའི་ནང་ཚང་མས་མཉམ་དུ་བདག་འབྲས་གཅིག་མྱོང་བ་དང་། ཚང་མར་སྟོབས་ཤུགས་ཆུང་ངུ་ལས་མེད། དཔེར་ན། གནས་དེར་སྨན་གྱི་མཐུན་རྐྱེན་ཧ་ཅང་ཞན་པ་དང་ཕན་ནུས་ཆུང་བ། ཟས་དང་ལོ་ཏོག་ཞན་པ་དང་ཟས་རིགས་ལ་བཅུད་ཀྱི་རིན་ཐང་ཧ་ཅང་ཉུང་བ་ཡོད་པ་ལྟ་བུ་རེད། དེ་ནི་ཁྱེད་རང་ཚོ་ཚང་མས་མཉམ་དུ་མྱོང་བའི་བདག་པོའི་འབྲས་བུ་ཞིག་ཡིན།

བྱས་ཙང་། གལ་ཏེ་ཁྱེད་ཀྱིས་སྐྱོན་གྱི་ཆ་རྣམས་ལ་བལྟས་ན། གཞན་གྱི་སྲོག་གཅོད་པའི་ལས་ལ་བརྟེན་ནས་དེའི་རྗེས་འབྲས་ཧ་ཅང་གནོད་ཚབས་ཅན་འབྱུང་གི་ཡོད། གནད་དོན་དེ་དག་ངོས་འཛིན་པ་ལ་གཞི་བྱས་ཏེ། ཁྱེད་ཀྱིས་རང་གིས་རང་ལ་སྟངས་འཛིན་ཐོག་སྲོག་གཅོད་ཀྱི་ལས་ནམ་ཡང་མི་བྱེད་པའི་འབད་བརྩོན་ཤུགས་ཆེན་བྱེད་དགོས། དེ་ནི་དགེ་བའི་ལས་ཡིན་ཞིང་། དགེ་བའི་ལས་བཅུ་ལས་དང་པོ་ནི་གཞན་གྱི་སྲོག་གཅོད་སྤོང་བ་དེ་ཡིན། དཔེར་ན། ང་ཚོ་ད་ལྟ་ཕུལ་དུ་བྱུང་ཞིང་བྱ་བའི་རྟེན་གཞིར་གྱུར་བའི་འགྲོ་བ་མིའི་ལུས་རྟེན་བཟང་པོར་སྐྱེས་ཡོད་པ་ནི་སྐྱེ་བ་སྔོན་མའི་དུས་སུ་དགེ་བའི་ལས་རླབས་པོ་ཆེ་བསགས་པའི་འབྲས་བུ་ཉག་གཅིག་ཡིན།

གལ་ཏེ་ཁྱེད་རང་འགྲོ་བ་མི་དང་། ལྷ། ཡང་ན་ལྷ་མ་ཡིན་སོགས་སྐྱེ་བ་བཟང་པོ་དེ་དག་ལས་གང་རུང་ཞིག་ལ་སྐྱེ་འདོད་ཡོད་ན། ཁྱེད་ཀྱིས་སྲོག་གཅོད་སྤོང་བའི་བཟང་སྤྱོད་ཀྱི་ཁྲིམས་རང་བསྲུང་ངེས་པར་དུ་བྱེད་དགོས། དེ་ག་ནང་བཞིན་དེའི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི། ཁྱེད་ལ་མི་ཚེ་རིང་པོ་དང་། བདེ་ཐང་དང་ལྡན་པ། ནད་ན་ཚ་དང་བྲལ་བ་ཞིག་ཡོང་གི་རེད། དེའི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི། ཁྱེད་རང་སྲོག་གཅོད་རྒྱུའི་བསམ་བློ་ལ་ཞེ་ལོག་པ་དང་ཤ་བཟའ་འདོད་སྐྱེ་གི་མ་རེད། ཤ་བཟའ་རྒྱུ་ལ་ལྷན་སྐྱེས་ཀྱིས་ཞེ་ལོག་གི་རེད། དེའི་བདག་པོའི་འབྲས་བུ་ནི། ང་ཚོ་དང་འདྲ་མཉམ་དུ་སྲོག་གཅོད་ཀྱི་ལས་སྤངས་པའི་སེམས་ཅན་གཞན་མང་པོ་དང་མཉམ་དུ་སྐྱེས་ནས་ཚང་མས་མཉམ་དུ་གང་དུ་སྐྱེ་སའི་གནས་དེ་མྱོང་བ་དང་། རང་ཉིད་ཀྱི་ཉེ་འཁོར་དུ་ཡོད་པ་ཐམས་ཅད་ཧ་ཅང་བདེ་ཐང་དང་། འཚོ་བའི་རྒྱབ་རྟེན་ཧ་ཅང་ཆེ་བའམ་ཟས་བཅུད་ཀྱི་རིན་ཐང་ཆེ་བ། ཟས་ཀྱི་རིགས་བཟང་པོ། སྨན་ཕན་ནུས་ཆེ་བ་ལ་སོགས་པ་དང་ལྡན་པ་ཡོང་གི་རེད། 

ང་ཚོས་མི་དགེ་བའི་ལས་དེ་དག་གང་ཡིན་ངོས་འཛིན་རྒྱུ་དང་། ལས་དེ་དག་མི་བྱ་རྒྱུའི་སྟངས་འཛིན་ཇི་ལྟར་བྱེད་པ། དེ་ལྟར་དགེ་བའི་སྤྱོད་ཚུལ་གྱི་ཐོག་ནས་བྱ་བ་རྩོམ་དགོས། དེ་ལྟར་བྱེད་པ་ནི་སོ་སོ་རང་ཉིད་ངན་སོང་གི་སྐྱེ་གནས་གང་རུང་དུ་མི་སྐྱེ་བར་སྔོན་འགོག་བྱེད་པའི་སྔོན་འགོག་གི་ཐབས་ལམ་མམ་ཆོས་ཟེར་བ་དེ་ཆགས་ཀྱི་ཡོད། གང་ལྟར་ཡང་། ཐབས་ལམ་དེ་ཆོས་ཀྱི་ཐབས་ལམ་གྱི་རིམ་པ་རྗེས་མ་དེའི་ནང་འཚུད་པར་བྱེད་པ་དང། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བའི་གནས་སྟངས་གང་འདྲ་ཞིག་གི་ནང་མི་སྐྱེ་བར་སྔོན་འགོག་བྱེད་པའི་ཐབས་ལམ་བསྟེན་པའི་ཆེད་དེ་ནི་ལྷག་པའི་བསླབ་པ་གསུམ་གྱི་ནང་རན་འཚམས་ཤིག་ཆགས་དགོས། བསླབ་པ་གསུམ་པོ་དེ་དག་ལས་གསུམ་པ་ནི། ལྷག་པའི་བསླབ་པ་ཤེས་རབ་བབ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་བསླབ་པ་དེ་རེད།།

Top