ཧ་ར་པ་ (Harappa) དང་མོ་ཧེན་ཇོ་ད་རོ། (Mohenjodaro)
ཧ་ར་པ་དང་མོ་ཧེན་ཇོ་ད་རོའི་སྲིད་པའི་དཔལ་ཡོན་ནི་ཆུ་བོ་སེང་གེ་ཁ་འབབ་ཀྱི་གྲོང་བརྡལ་ (Indus River Valley) དུ་ཡེ་ཤུའི་སྔོན་གྱི་སྟོང་ལོ་གསུམ་པ་དང་གཉིས་པའི་ནང་དར་ཁྱབ་བྱུང་། དེ་ནི་དེང་དུས་ཨི་རཱཀ་རྒྱལ་ཁབ་ཀྱི་ས་ཁུལ་མེ་སོ་པོ་ཊ་མིའི་ (Mesopotamian) བྷཻ་བི་ལོ་ནིའི་སུ་མེ་རི་སྔ་མ་ (Pre-Babylonian Sumerians) དང་ཚོང་འབྲེལ་ཡོད་པ་ཞིག་རེད། ཡིན་ནའང་། དེ་དག་ལས་རིག་གཞུང་གི་ཤུགས་རྐྱེན་ཉུང་ངུ་ལས་བྱུང་མེད། མི་རྣམས་ཕལ་ཆེ་བ་ནི་གནའ་བོ་ཌྲེ་ཝི་ཌའི་ (Proto-Dravidians) མི་རིགས་ཡིན་པ་དང་ཆོས་ལུགས་ལ་ཆ་བཞག་ན། མཆོག་ཏུ་གྱུར་བའི་དཀོན་མཆོག་ཅིག་ཡོད་པ་དེས་གསར་དུ་སྐྱེ་བ་དང་། བསྐྲུན་པ། རྫུ་འཕྲུལ་དང་ལྡན་པའི་དཀའ་ཐུབ་ཅན་གྱི་རྣལ་འབྱོར། ཕྱུགས་བདག་བཅས་མཚོན་གྱི་ཡོད། དེ་དག་ནི་དུས་ཕྱིས་སུ་ཧིནྡུའི་ཆོས་ལུགས་ཀྱི་རྟག་ཞི་བའམ་ལྷ་ཤཱི་ཝའི་ཐོག་མའི་མ་དཔེ་ལྟ་བུ་གྱུར་བ་རེད། ཆོས་ལུགས་ཀྱི་དད་པའི་ནང་དུ་ལྷ་མོ་ཞིག་དང་། ཁྲུས་ཀྱི་ཆོ་ག །ཕོ་མཚན་གྱི་འདྲ་གཟུགས་ལ་མཆོད་པ། དེ་བཞིན་རྩ་ཆེན་ཤིང་སྡོང་པཱི་པ་ལ་དང་རྩ་ཆེན་གྱི་སྒོ་ཕྱུགས་སེམས་ཅན་བ་ཕྱུགས་ལ་དད་གུས་བྱེད་པ་བཅས་ཚུད་ཡོད། པཱི་པལ་ཟེར་བའི་ཤིང་སྡོང་དེ་ནི་ཤིང་སེ་ཡབ་ཀྱི་རིགས་ཤིག་ཡིན་པ་དང་ནང་ཆོས་ཀྱི་ནང་དེ་ལ་བྱང་ཆུབ་ལྗོན་ཤིང་ཞེས་སུ་གྲགས་པ་ཡིན།
ཡེ་ཤུའི་སྔོན་གྱི་སྟོང་ལོ་གཉིས་པའི་ཕྱེད་གཉིས་པ་ནས་འགོ་བཙུགས་ཏེ་རྒྱ་གར་དང་ཨི་རཱན་གྱི་མི་རིགས་ཚོས་སེང་གེ་ཁ་འབབ་ཀྱི་གྲོང་བརྡལ་བཙན་འཛུལ་དང་བཅས་དབང་དུ་བསྡུས་པ་རེད། དེའི་རྗེས་ནས་དེ་དག་ས་ཆ་དེ་དང་དེའི་ཤར་གྱི་ཕྱོགས་བརྒལ་ནས་རྒྱ་གར་བྱང་ཕྱོགས་སུ་གནས་བཅས། མི་རིགས་དེ་དག་ནི་ཕལ་ཆེར་ཨཧྥ་གྷ་ནིསྟཱན་གྱི་ས་ཁུལ་དང་། ཤར་ཨི་རཱན། ལྷོ་ནུབ་ཏུར་ཀིའི་ནས་བྱུང་བ་ཞིག་ཡིན་པ་དང་དེ་དག་ཨཱརྱན་ (Aryans) ཏེ། འཕགས་པ་ཞེས་སུ་གྲགས། ཨི་རཱན་ཟེར་བའི་ཚིག་དེ་དོན་ངོ་མར་ཨཱརྱན་ཟེར་བའི་ཚིག་ནང་བཞིན་འབྱུང་ཁུངས་གཅིག་ལས་བྱུང་བ་ཡིན། ཨི་རཱན་དང་རྒྱ་གར་གྱི་རིག་གཞུང་སྔ་བ་རྣམས་ཀྱི་དབར་ལ་སྐད་བརྡ་རིག་པ་དང་ཆོས་ལུགས་ཀྱི་ཁྱད་ཆོས་འགའ་ཞིག་མི་རིགས་དེ་དག་གི་ནང་དུ་ཐུན་མོང་གི་མཉམ་སྤྱོད་བྱེད་ཀྱི་ཡོད།
ཨཱརྱན་བཙན་འཛུལ་ལ་བརྟེན་ནས་ཧ་ར་པ་དང་མོ་ཧེན་ཇོ་ད་རོའི་ནང་ཐོག་མ་ནས་ཡོད་པའི་ཡུལ་མི་ཤ་མདོག་ནག་པོ་ཡོད་པ་མང་པོ་ཞིག་བྲན་གཡོག་ཏུ་གྱུར་བ་དང་གཞན་དག་ནི་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོས་པ་རེད། ཨཱརྱན་གྱི་མི་རིགས་དེ་དག་སྐུ་དྲག་དང་ཚོ་པ་རུས་སྡེའི་མིའི་སྡེ་ཚན་དབྱེ་བ་དེ་རྒྱ་བསྐྱེད་ནས་རྒྱ་གར་གྱི་རིགས་རུས་ལམ་ལུགས་སུ་གྱུར་བ་རེད། ལེགས་སྦྱར་སྐད་དུ་རིགས་སམ་རུས་ལ་ཝརྣ་ཞེས་པ་དེའང་མདོག་ལ་གོ་བ་ཡིན།
རིག་བྱེད།
ཡེ་ཤུའི་སྔོན་གྱི་དུས་རབས་ ༡༣ པའི་ནང་ཨཱརྱན་ཚོས་རྒྱ་གར་བྱང་ཕྱོགས་སུ་པཽ་ར་ཝ་རྒྱལ་རྒྱུད་ (Paurava Empire) རྩ་འཛུགས་བྱས། ཡེ་ཤུའི་སྔོན་གྱི་དུས་རབས་ ༡༩ ཙམ་ནས་ཁོང་ཚོའི་ཆོས་ལུགས་དེ་རིག་བྱེད་ཆོས་ཀྱི་ནང་སྒྲིག་བཀོད་གཏན་འབེབས་བཟོས།
རིག་བྱེད་ཀྱི་ལྷ་རྣམས་ནི་ཁོང་ཚོའི་གནའ་བོའི་གྷི་རིག་གི་གོ་གནས་མཉམ་པ་ལས་མི་སྤྱོད་དང་མཐུན་ཆུང་བ་ཡོད། རིག་བྱེད་ཀྱི་ལྷ་དེ་དག་ནི་འཇིག་རྟེན་གོ་རིམ་སྐྱོང་མཁན་དང་བཟང་སྤྱོད་རྒྱུན་འཛིན་བྱེད་མཁན་ཡིན་པ་རེད། དེ་དག་གི་ཆེས་སྔ་ཤོས་ཀྱི་དུས་སྐབས་སུ་རིག་བྱེད་ཀྱི་ཆོས་ལུགས་ཉམས་ལེན་གྱི་ནང་མང་ཆེ་བས་ལྷ་ལ་བསྟོད་དབྱངས་ལེན་པ་དང་གསོལ་བ་འདེབས་པ་སོགས་བྱེད་སྲོལ་ཡོད། འོན་ཀྱང་། རིག་བྱེད་ཀྱི་སྒྲིག་གཞི་གཏན་འབེབས་ལ་བརྟེན་ནས་སྤྱི་ཚོགས་མི་སྡེ་ཚོས་ཆོས་དཔོན་གྱི་རིགས་ལ་ཡིད་གཏད་ནས་ལྷ་རྣམས་ལ་མཆོད་སྦྱིན་གྱི་སྦྱིན་སྲེག་བྱེད་ཀྱི་ཡོད། ཆོས་དཔོན་དེ་དག་བྲཧྨིན་ནམ་བྲམ་ཟེ་ཟེར་གྱི་ཡོད། མཆོད་སྦྱིན་བྱེད་པ་དེ་དག་ནི་ལྷ་རྣམས་ཀྱིས་གོ་རིམ་རྒྱུན་སྐྱོང་བར་སྐུལ་མ་བྱེད་པའི་ཆེད་དུ་ཡིན། དེ་མིན་ལྷ་རྣམས་ཀྱི་འཇིག་རྟེན་འདི་སྐྱོང་ངེས་མ་རེད། སྦྱིན་སྲེག་གི་ཆོ་གའི་སྐབས་སུ་མེའི་ནང་འབུལ་རྒྱུའི་རྫས་རིགས་ལ་འོ་མ་དང་། ཞུན་མར། འབྲུ་རིགས། དམིགས་བསལ་སོ་མ་སྟེ། ར་བཟི་ནུས་པའི་བཏུང་བའམ་ཁུ་བ་ཞིག་ཡིན། དེ་ནི་ཕལ་ཆེར་འཁྲུལ་སྣང་སྐྱེད་བྱེད་ཀྱི་བཟི་སྨན་རིགས་ཤིག་ཡིན།
མཆོད་པ་འབུལ་བའི་ཆོ་ག་རྣམས་ནི་ལྷ་ལས་ལྷག་པའི་གུས་འདུད་བྱེད་པ་དང་རྗེས་སུ་བྲཧྨིན་ནམ་བྲམ་ཟེ་མཆོད་དཔོན་རྣམས་ཀྱིས་སྤྱི་ཚོགས་ནང་མེད་དུ་མི་རུང་བའི་ལས་འགན་བསྒྲུབས་ཡོད། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཀྱི་བདེ་དོན་ནི་དེ་ཙམ་གྱི་ལྷའི་རོགས་མགོན་ལས་བྱུང་བ་ཞིག་མིན་པར་བྲམ་ཟེ་རྣམས་ཀྱི་ཡང་དག་པའི་ཆོ་ག་དང་མཆོད་འབུལ་སྒྲུབ་པ་ལ་རག་ལུས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སྔ་མོའི་ནང་ཆོས་ལ་བྲམ་ཟེའི་རིང་ལུགས་ཞེས་ཟེར་སྲོལ་ཡོད། གཞན་ཡང་སྤྱི་ཚོགས་ཀྱིས་མཆོད་པ་འབུལ་བ་ནི་ལྷ་ལ་བུ་ལོན་ཡོད་པ་ལྟ་བུ་ལྟ་ཚུལ་འཛིན་གྱི་ཡོད། དད་པ་འདིས་དགེ་བའི་ལས་རྣམས་རང་སོ་སོའི་ལས་འགན་བསྒྲུབ་པའི་བྲམ་ཟེའི་བསམ་བློ་བསྐྲུན་ཡོད།
མནྟྲའམ་སྔགས་ནི་ཐོག་མར་རིག་བྱེད་རྣམས་ཀྱི་ཚིགས་སུ་བཅད་པའི་ཆོས་ཀྱི་བསྟོད་དབྱངས་ཡིན་པ་དང་དམིགས་བསལ་མཆོད་སྦྱིན་དེ་ནི་ལྷ་རྣམས་ལ་མཆོད་པའི་ཚུལ་དུ་དབྱངས་སུ་ལེན་གྱི་ཡོད། དེ་དག་གི་སྒྲ་གདངས་ནི་དམིགས་བསལ་གྱི་ནུས་མཐུ་ཡོད་པར་ལྟ་དགོས་པ་དང་དེ་ཡང་འགྱུར་བ་མེད་པའི་རྟག་པའི་རང་བཞིན་དུ་གུས་བཀུར་བྱེད་ཀྱི་ཡོད།
དེར་མ་ཟད། བྲམ་ཟེའི་ཆོས་ལུགས་ལྟར་ན། འཇིག་རྟེན་ནི་བྲམ་ཟེའི་མཆོད་སྦྱིན་ལ་བརྟེན་ནས་བསྐྲུན་པ་དང་བྲམ་ཟེ་ནི་ཐོག་མའི་མི་ཆེ་བོ་ལྟ་བུ་ཞིག་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། བྲམ་ཟེ་ནི་ཐོག་མའི་སྐྱེས་བུ་ཡིན་པ་དང་དེ་ལ་བརྟེན་ནས་འཇིག་རྟེན་བྱུང་བ་དང་འཇིག་རྟེན་དང་མི་ཚེ་རྒྱུན་སྐྱོང་བར་བྱེད་ཀྱི་ཡོད། བྲམ་ཟེའི་ལུས་ཀྱི་ཆ་ཤས་རྣམས་འཇིག་རྟེན་དང་སྤྱི་ཚོགས་ཀྱི་རིགས་རྣམ་པ་མི་འདྲ་བ་ཆགས་པ་རེད། དེར་བརྟེན་སྤྱི་ཚོགས་ཀྱིས་འཇིག་རྟེན་ནི་རང་བཞིན་གྱི་ཧྲིལ་པོ་མིའི་ལུས་པོའི་ནང་གཟུགས་བརྙན་ཤར་བ་ཞིག་ཏུ་ལྟ་གི་ཡོད། འཆི་བའི་རྗེས་མིའི་རྣམ་ཤེས་ནི་ཕུང་པོ་སྲེག་སྦྱང་གི་མེ་ལམ་བརྒྱུད་ནས་རྟག་པའི་འོད་ཀྱི་ལྷ་ཡུལ་མཐོ་ཤོས་ཀྱི་བར་དུ་སྐྱོད་ཀྱི་ཡོད། སྡིག་ཅན་རྣམས་ནི་ས་འོག་མུན་ནག་ཏུ་ཐིམ་གྱི་ཡོད།
རིག་བྱེད་ནས་རིག་གཞུང་དང་རྩོམ་རིག་རྒྱ་ཆེན་པོ་ཞིག་བྱུང་ཡོད། བྲམ་ཟེ་རྣམས་ཀྱིས་ཚིག་ལྷུག་ནང་རིག་བྱེད་ཀྱི་ཆོ་ག་རྣམས་འགྲེལ་བརྗོད་བྱས་ཡོད་པ་དང་ཆོ་ག་བསྒྲུབ་པར་རོགས་སྐྱོར་བྱས་ཡོད། གནའ་བོའི་ཧིནྡུའི་རྩོམ་རིག་པུ་རཱ་ཎ་ནས་ལོ་རྒྱུས་ཀྱི་བྱུང་རབས་འགྲེལ་བརྗོད་བྱས་ཡོད། གནའ་བོའི་དཔའ་བོའི་སྒྲུང་མ་ཧཱ་བྷ་ར་ཏ་ལྟ་བུ་ནི་དུས་ཕྱིས་སུ་ཧིནྡུའི་ཆོས་ལུགས་འཕེལ་རྒྱས་འགྲོ་བའི་ས་བོན་ལྟ་བུར་གྱུར་ཡོད། དེ་ནི་ཡེ་ཤུའི་སྔོན་གྱི་དུས་རབས་ ༩ པའི་ནང་བརྩམས་ཡོད། དེའི་སྐབས་སུ་སྔ་རབས་ཀྱི་བསམ་བློ་ལྷ་ཆེན་བིཥྞུའམ་ཁྱབ་འཇུག་ཅེས་སུ་གྲགས་པ་ཞིག་ཀྱང་བྱུང་ཡོད།
གསང་བ་པ། (ཨུཔ་ནི་ཤད྄།)
ཡེ་ཤུའི་སྔོན་གྱི་དུས་རབས་ ༨ པའི་ནང་པཽ་ར་ཝའི་རྒྱལ་རྒྱུད་ (Paurava Empire) ཉམས་འགོ་ཚུགས་པ་དང་དེ་ནི་ཆུ་ལོག་ཆེན་པོ་ཞིག་ལ་བརྟེན་ནས་དེའི་རྒྱལ་ས་སླར་ཡང་གནས་སྤོ་དགོས་བྱུང་། རིམ་པས་རྒྱལ་རྒྱུད་མངའ་སྡེ་ཆུང་ཆུང་མང་པོར་གྱེས་ནས་འགའ་ཞིག་ནི་རྒྱལ་གཞིས་ཡིན་པ་དང་འགའ་ཞིག་ནི་མི་སེར་རྒྱལ་ཁབ་ཡིན་པ་རེད། རྒྱ་གར་གྱི་སྤྱི་ཚོགས་ནང་འགྱུར་བ་ཆེ་ཁག་དེ་དག་གིས་ལྟ་གྲུབ་དང་ཆོས་ལུགས་ཀྱི་བསམ་བློའི་རྣམ་བཞག་འགོ་ཚུགས་པའི་དུས་སྐབས་བསྟན་ཡོད།
བྲམ་ཟེའི་ལུགས་ཀྱི་དུམ་ཚན་མཐའ་མ་དེ་ཨུཔ་ནི་ཤ་དའམ་གསང་བ་པའི་རྩོམ་རིག་འཕེལ་རྒྱས་ཕྱིན་པ་དེ་ཡིན་པ་དང་། དེ་ནི་ཆ་ཚང་བ་ལྟ་བུ་བྲམ་ཟེའི་ལུགས་ཀྱི་ལྟ་གྲུབ་ཀྱི་གཞི་རྩར་གྱུར་ཡོད། དེ་ཡང་དུས་རབས་ ༧ པའི་མཇུག་ཏུ་འགོ་ཚུགས་ནས་བྲིས་ཏེ་ལོ་ངོ་བརྒྱ་ཕྲག་འགའ་ཙམ་ལས་མང་བ་ཕྱིན་ཡོད་པ་དང་དེ་དག་ལས་གསང་བ་པ་བཅུ་གཉིས་ནི་སངས་རྒྱས་ཀྱི་སྔོན་ནས་བྱུང་བར་གྲགས། གསང་བ་པ་བཅུ་གཉིས་རེ་རེ་ནས་ཆོས་ཚུལ་ཅུང་ཟད་མི་འདྲ་བ་བསྟན་ཡོད་ནའང་། དེ་དག་གིས་སྤྱིར་བཏང་བརྗོད་བྱ་མང་དག་ཅིག་མཉམ་སྤྱོད་བྱས་ཡོད།
བྲམ་ཟེའི་ལུགས་ཀྱི་འགྲོ་བ་མི་དང་ཐོག་མའི་མི་ཆེ་བོ་གཉིས་ཀྱི་ཐུན་ཕྱོགས་ལས་གསང་བ་པའི་ནང་བྲམ་ཟེ་ལ་བརྟེན་ནས་བདག་རྟག་པའི་ངོ་བོ་འདོད་ཚུལ་དེ་བཤད་ཡོད། གཞན་ཡང་འཇིག་རྟེན་གྱི་རྒྱུ་གཙོ་བོ་ལྟ་བུར་བྲམ་ཟེས་དུས་རིམ་བཞིན་དུ་རང་ཉིད་ནས་འཇིག་རྟེན་བསྐྲུན་པ་དང་རང་ཉིད་ལ་འཇིག་རྟེན་ཕྱིར་བསྡུ་བྱས་པ་རེད། ཁྱད་ཆོས་ངེས་ཅན་ལྡན་པའི་གསང་བ་པ་ལ་བལྟོས་ནས་རྒྱུད་རིམ་འདི་ཐབས་ལམ་གཉིས་ལས་གཅིག་གི་ནང་འབྱུང་གི་ཡོད། བྲམ་ཟེ་འཇིག་རྟེན་ན་འབྱུང་བ་དང་དེའི་ནང་སེམས་ཅན་ཚང་མ་ཡོད་པའམ། ཡང་ན་འཇིག་རྟེན་དང་དེའི་ནང་གི་སེམས་ཅན་ཚང་མ་བྲམ་ཟེའི་སྣང་བ་ཙམ་ཡིན་པ་རེད། དེ་གཉིས་གང་ཡིན་རུང་དངོས་ཡོད་གནས་ཚུལ་ནི་ཆོས་ཐམས་ཅད་དང་སེམས་ཅན་ཐམས་ཅད་བྲམ་ཟེ་དང་གཅིག་ཏུ་སྒྲིལ་བ་དེ་རེད། དངོས་པོ་ལོགས་སུ་ཡོད་པ་དང་སེམས་ཅན་སྒེར་སོ་སོའི་མཐོང་སྣང་ནི་སྒྱུ་མ་ལྟ་བུ་ཡིན། དོན་ངོ་མར་སྒེར་སོ་སོའི་རྟག་པའི་བདག་གམ་རྣམ་ཤེས་ཚང་མ་བྲམ་ཟེ་དང་དབྱེར་མེད་གཅིག་མཚུངས་ཡིན་པ་རེད།
གསང་བ་པ་རྣམས་ཀྱིས་ད་དུང་ལས་དང་སྐྱེ་བ་ཕྱི་མ་འདོད་པའི་སྐོར་ངོ་སྤྲོད་བྱས་ཡོད། འདོད་ཚུལ་དེ་དག་ནི་ཁོང་ཚོའི་འགྲེལ་བརྗོད་ཀྱི་ནང་འཇིག་རྟེན་ནི་དུས་ཚོད་ཧ་ཅང་རིང་པོའི་ནང་ཡང་ནས་ཡང་དུ་སྐྲུན་པ་དང་འཇིག་པའི་རྒྱུན་གྱི་འཁོར་མོ་ཞིག་དང་མཐུན་པ་རེད། དེ་ག་ནང་བཞིན་སྒེར་སོ་སོའི་རྟག་པའི་བདག་དེས་ཚེ་རབས་གྲངས་མེད་པར་ཡང་ནས་ཡང་དུ་སྐྱེ་འཆི་ཉམས་སུ་མྱོང་གི་ཡོད། ཡང་ནས་ཡང་དུ་སྐྱེ་བའི་འཁོར་བ་འདི་འབྱུང་བའི་རྒྱུ་མཚན་ནི། སེམས་ཅན་རྣམས་ཀྱིས་རང་སོ་སོ་ངོ་བོ་དང་བྲམ་ཟེའི་ངོ་བོ་མི་ཤེས་པའི་དབང་གིས་རེད། དེར་མ་ཟད། དེ་ནི་ལས་ཀྱིས་ནུས་ཤུགས་ཀྱིས་རྐྱེན་བྱས་ཡོད་པ་དང་ཁོང་ཚོའི་སྦྱོར་བ་རྣམས་ཆོས་རྣམས་སྒྱུ་མ་ཡིན་པ་དེ་མ་རྟོགས་པ་ལ་གཞི་བྱས་ཡོད། སོ་སོ་རང་ཉིད་དང་བྲམ་ཟེ་གཉིས་གཅིག་པའི་རང་བཞིན་གྱི་གནས་སྟངས་གང་ཡིན་པ་དེ་རྟོགས་པའི་སྐབས། དེ་གཉིས་ཀྱི་དབར་མཐའ་གཅིག་ཏུ་སྒྱུ་མ་ཡིན་པ་ཁ་བྲལ་བ་ལ་བརྟེན་ནས་གཅིག་ཐར་པ་ཐོབ་ཀྱི་ཡོད། ཐར་པའི་ལམ་གྱི་ནང་མ་ཆགས་པ་དང་འཇིག་རྟེན་ཆིག་སྒྲིལ་ལ་ཐོས་བསམ་སྒོམ་པའི་བརྒྱུད་ནས་དངོས་ཡོད་གནས་ཚུལ་ལ་ཡང་དག་པའི་གོ་རྟོགས་རང་རྒྱུད་ལ་སྐྱེད་པ་དེ་ཚུད་ཡོད། ཡིན་ནའང་། ནམ་རྒྱུན་འགྲོ་བ་མིའི་ཆོས་ཕྱོགས་ཀྱི་ཡར་རྒྱས་འདི་མི་ཚེའི་རིམ་པ་བཞི་བརྒྱུད་ནས་འགྲོ་གི་ཡོད་པ་སྟེ།
- སློབ་མས་ཚངས་སྤྱོད་ཀྱི་མི་ཚེ་སྐྱེལ་བ། (ལེགས་སྦྱར། བྲཧྨ་ཙཱརྱ།)
- ཁྱིམ་པ་ཆགས་ནས་ནང་མི་གསོ་སྐྱོང་བྱེད་པ། (གྲཧསྠཱ།)
- ཤིང་ནགས་སུ་གནས་བཅས་ཏེ་རི་ཁྲོད་པ་ལྟར་གནས་པ། (ཝ་ན་པྲསྠཱ།)
- ཚང་མ་སྤངས་ནས་ནགས་སུ་གནས་བཞིན་དུ་ཐར་པ་འཐོབ་ཕྱིར་གཟབ་ནན་གྱིས་ཆོས་ཉམས་ལེན་བྱེད་པ། (སནྣྱས།)
དེར་བརྟེན་ཨུ་པ་ནི་ཤ་དའམ་གསང་བ་པས་འཇིག་རྟེན་ནི་ཤེས་རྟོགས་རུང་བ་ཡིན་པ་དང་ཡང་ནས་ཡང་དུ་སྐྱེ་བའི་འཁོར་བའི་སྡུག་བསྔལ་ལས་མི་ཐར་བ་ནི་མི་ཤེས་པ་དང་ལས་ལ་བརྟེན་ནས་ཡིན། ང་ཚོས་དངོས་པོའི་གནས་ཚུལ་བདེན་པ་དེ་གང་ཡིན་མཐོང་དགོས་པ་དང་སོ་སོ་རང་ངོས་ནས་དེ་ཉམས་སུ་མྱོང་དགོས། ནང་ཆོས་དང་གཞན་དུས་ཕྱིས་ཀྱི་རྒྱ་གར་གྱི་ལྟ་གྲུབ་དང་ཆོས་ལུགས་མང་པོས་འགྲེལ་བརྗོད་འདི་ཁས་ལེན་གྱི་ཡོད།
སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་དུས་སུ་རྒྱ་གར་ནང་ཆབ་སྲིད་ཀྱི་གནས་སྟངས།
རྒྱ་གར་བྱང་དེ་ཕྱོགས་མི་སེར་རྒྱལ་ཁབ་དང་རྒྱལ་གཞིས་གཉིས་སུ་དབྱེ་བ་དེ་ཤཱཀྱ་ཐུབ་པའི་ (ཡེ་ཤུའི་སྔོན་གྱི་ལོ་ ༥༦༦-༤༨༥) སྐུ་དུས་སུ་མུ་མཐུད་ནས་གནས་ཡོད། དེ་དག་ལས་ཆེ་བ་ནི་བྲི་ཇི་ (Vrji Republic) མི་སེར་རྒྱལ་ཁབ་ཡིན་ཞིང་། དེ་དང་མཉམ་དུ་མང་ཚོགས་ཀྱི་ཚོགས་འདུ་དང་མང་གཙོའི་བསྟི་གནས། དེ་བཞིན་མི་གཅིག་དབང་སྒྱུར་གྱི་ཀོ་ས་ལ་དང་མ་ག་དྷའི་རྒྱལ་གཞིས་རྣམས་རེད། འོན་ཀྱང་། མངའ་སྡེའི་རིགས་གཉིས་ཀ་བྲམ་ཟེའི་ལུགས་ཀྱི་ཆོ་གའི་སྒྲོམ་གཞི་ནང་ལས་ཀ་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་བྲམ་ཟེའི་ཆོས་ལུགས་ལ་དབང་སྒྱུར་བ་ཞིག་གི་ལས་འགན་ཞེས་འགྲེལ་བ་མ་གཏོགས་དེའི་དབང་ཤུགས་དང་གཞུང་གི་རྣམ་པར་འགྲེལ་བརྗོད་བྱས་མེད། སངས་རྒྱས་ནི་ཤཱཀྱའི་ཡུལ་དུ་སྐུ་འཁྲུངས་ཤིང་། དེ་ནི་ཀོ་ས་ལའི་རྒྱལ་གཞིས་ཀྱི་ནང་མཉམ་སྡེབ་བྱས་པའི་མི་སེར་རྒྱལ་ཁབ་གོང་མ་ཞིག་ཡིན་པ་དང་། སངས་རྒྱས་ཀྱིས་ཀོ་ས་ལ་དང་མ་ག་དྷ་གཉིས་ཀར་ཆོས་གསུངས་པ་མ་ཟད། བྲི་ཇི་ནང་དུའང་ཆོས་གསུངས་ཡོད།
སངས་རྒྱས་ཀྱི་དུས་སྐབས་སུ་ཚོང་པའི་སྡེ་བྱུང་བ་དང་རྒྱུ་ནོར་ཆེན་པོ་བསགས་ཡོད་པ་ནི་དེང་སང་དངུལ་ལ་ཚད་འཇལ་བ་ལས་སྒོ་ཕྱུགས་ལ་འཇལ་གྱི་མེད། ཚོང་པ་དེ་དག་རྒྱལ་པོ་ལས་ཀྱང་ཕྱུག་པ་ཆགས་པ་སོང་ཙང་། རྒྱལ་པོ་རྣམས་ཀྱིས་མི་གཅིག་དབང་སྒྱུར་གྱི་ཐབས་ལ་བརྟེན་ནས་འཐབ་རྒོལ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤྱི་ལ་སྟངས་འཛིན་བྱས་ཡོད། དེར་བརྟེན་རྒྱལ་གཞིས་དེ་དག་གི་ནང་སྔོན་ཚུད་ཀྱི་ལས་བྲེལ་གཙོ་བོ་ཁག་ནི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཤུགས་འཐོབ་རྒྱུ་དེ་ཡིན་པ་རེད། དེའི་རྗེས་ནས་དངུལ་དང་འཚེ་བའི་ནུས་ཤུགས་བེད་སྤྱོད་ལ་ནན་བརྗོད་དང་བཅས་རྒྱལ་གཞིས་དེ་དག་མི་སེར་རྒྱལ་ཁབ་ལས་དཔལ་འབྱོར་དང་། ཆབ་སྲིད། དམག་དོན་བཅས་ཀྱི་སྒོ་ནས་ཤུགས་ཆེ་བར་གྱུར། དེའི་འབྲས་བུར་མི་རྣམས་ཀྱིས་རང་སོ་སོའི་རང་དབང་ཉམས་སུ་མྱོང་བ་དག་འཕེལ་རིམ་བཞིན་དམ་བསྒྲགས་ཆེ་རུ་ཕྱིན་པ་དང་སྡུག་བསྔལ་ཆེ་རུ་ཕྱིན་པ་རེད། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཚུད་པའི་དེའི་སྐབས་ཀྱི་ལྟ་གྲུབ་སྨྲ་བ་མང་པོས་ཆོས་ཕྱོགས་ཀྱི་ཐབས་ལམ་བརྒྱུད་ནས་ཐར་པ་བཙལ་ཡོད།
དཀའ་ངལ་ཅན་གྱི་གནས་སྟངས་འདི་ལ་ཡ་ལན་གྱི་ཚུལ་དུ་ཆོས་ཕྱོགས་ཀྱི་སྡེ་ཁག་གཙོ་བོ་གཉིས་ཀྱིས་ཐར་པའི་ལམ་སྟོན་གྱི་ཡོད།
- བྲཱཧྨ་ཎ་ས་ཏེ། བྲམ་ཟེ་རྣམས་ནི་ལམ་ལུགས་ལ་ཞེན་ཆགས་ཅན་ཡིན་པ་དང་ཁོང་ཚོ་ནི་བྲམ་ཟེའི་ལུགས་ཀྱི་ཆོ་ག་རྙིང་པ་དང་མཉམ་དུ་གནས་ཡོད། ཁོང་ཚོས་རང་གི་ལྟ་གྲུབ་ཀྱི་གཞི་རྩ་དེ་ཨུ་པ་ནི་ཤ་དའི་རྗེས་སུ་འབྲངས་ནའང་། དེ་ནི་ཐོག་མར་སྤྱི་ཚོགས་ཀྱི་ནང་འགན་འཁྲི་ཡོད་པའི་མི་ཚེ་ཞིག་སྐྱེལ་བ་དང་རྒས་ཡོལ་རྗེས་སུ་གཞི་ནས་ཚངས་སྤྱོད་ཆགས་ཀྱི་ཡོད། དེ་དག་ནི་བྲམ་ཟེའི་རིགས་གཅིག་པུ་ནས་ཡིན་པ་དང་ནགས་སུ་དབེན་གནས་བསྟེན་པའི་དཀའ་ཐུབ་ཅན་བྱེད་པའི་སྒོ་ནས་ཐར་པའི་ལམ་ལ་རྩེ་གཅིག་ཏུ་འབད་ཀྱི་ཡོད།
- ཤྲ་མ་ཎ་ས་ཏེ། དགེ་སྦྱོང་རྣམས་ནི་གང་སར་བསོད་སྙོམས་སློང་བཞིན་འཁྱམ་པའི་ཆོས་ཉམས་ལེན་ལ་འབད་མཁན་དག་ཡིན། དེ་དག་ནི་བྲམ་ཟེ་ལས་བྱུང་བ་མིན་པར་རིགས་ལས་བྱུང་ཞིང་། ཐོག་མ་ཉིད་ནས་སྤྱི་ཚོགས་སྤངས་ཏེ་ཐར་པ་བཙལ་ཡོད། ཁོང་ཚོ་ཚང་མ་མཉམ་དུ་ཤིང་ནགས་སུ་ཆོས་ཀྱི་བསྟི་གནས་སམ་དགེ་འདུན་གྱི་སྡེའི་ཚུལ་དུ་རིགས་རུས་ཁྱད་མེད་ཐོག་གནས་ཀྱི་ཡོད་པ་ལས། དབེན་པའི་གནས་སུ་དཀའ་ཐུབ་ཅན་ལྟར་གནས་ཀྱི་མེད། ཁོང་ཚོས་མི་སེར་རྒྱལ་ཁབ་ལ་དཔེ་བྱས་ཏེ་རང་སོ་སོའི་རང་སྐྱོང་གི་སྤྱི་ཚོགས་མི་སྡེ་གོ་སྒྲིག་བྱས་ཡོད་པ་དང་དེ་དག་ནི་ལྷན་ཚོགས་ཀྱིས་ཐག་གཅོད་བྱས་ཡོད། དེར་མ་ཟད། དེ་དག་ཚང་མས་མཆོག་ཏུ་གྱུར་བའི་བྲམ་ཟེའམ་བྲཱཧྨ་ལྟ་བུ་ལྷ་ཞིག་ཡོད་པར་ཁས་ལེན་མི་བྱེད་ལ། དེ་ལས་གཞན་པའི་འཇིག་རྟེན་བྱེད་པོ་དང་སྐྲུན་པ་པོ་ཁས་མི་ལེན་པ་རེད། དགེ་སྦྱོང་དེ་དག་གི་ནང་རིགས་རུས་ཀྱི་ཁྱད་པར་མེད་ནའང་། མི་སྐྱ་ཕོ་མོས་དམའ་བའི་རིམ་པའི་ཆོས་རྣམས་ལ་འཇུག་པ་དང་དེ་དག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ནི་ད་དུང་ཡང་རིགས་ཀྱི་ལམ་ལུགས་ཀྱི་སྒྲོམ་གཞི་དང་མཉམ་དུ་གནས་ཡོད།
དགེ་སྦྱོང་གི་ཆོས་བརྒྱུད་གཙོ་བོ་ལྔ།
བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་རྒྱལ་སྲས་ཀྱི་འཚོ་བ་སྤངས་བའི་སྐབས། ཁོང་དགེ་སྦྱོང་གི་སྡེར་བཞུགས་མཛད། དེ་དང་བསྟུན་ནས་ཁོང་སངས་རྒྱས་པའི་རྗེས་སུ་རང་སྐྱོང་གི་འདུས་སྡེ་དང་ལྷན་དུ་དགེ་སྦྱོང་གི་སྡེ་གཞན་དང་བརྒྱུད་པ་གཅིག་པ་ཁོང་གི་རྗེས་སུ་འབྲང་མཁན་གྱི་ཆོས་ཉམས་ལེན་པ་རྣམས་ཀྱི་སྒྲིག་འཛུགས་བཟོས་གནང་བ་རེད། དེར་བརྟེན་དེའི་སྐབས་སུ་ནང་ཆོས་ནི་དགེ་སྦྱོང་གི་ཆོས་བརྒྱུད་ལྔ་ལས་ལྔ་པ་དེ་ཆགས་པ་རེད།
དགེ་སྦྱོང་གི་ཆོས་བརྒྱུད་ལྔ་དང་དེ་དག་གི་གཞི་རྩའི་ལྟ་བ་ནི།
- ཨ་ཇཱི་ཝི་ཀའམ་འཚོ་བ་ཅན་གྱི་ཆོས་བརྒྱུད་ནི་གོ་ས་ལ་ (Gosala) སྟེ། ཀུན་ཏུ་རྒྱུ་ངག་ལྷས་ཀྱི་བུས་སྲོལ་གཏོད་པ་དང་དེ་ནི་ཐག་གཅོད་སྨྲ་བ་ཡིན་པས། ལས་ཀྱི་རྒྱུའི་རྒྱུད་རིམ་ཁས་མི་ལེན་པ་ཡིན། ཁོང་ཚོས་འཇིག་རྟེན་གྱི་སྒྲུབ་བྱེད་འབྱུང་བ་ས་ཆུ་མེ་རླུང་དང་། བདེ་བ་སྡུག་བསྔལ། འཚོ་སྟེ་ཇཱི་ཝ་བཅས་པ་ནི་སུས་ཀྱང་མ་བསྐྲུན་པ་དང་ཆ་མེད་ཀྱི་རྡུལ་ཕྲན་ནམ་ཕྲ་གཟུགས་ཕན་ཚུན་འབྲེལ་བ་མི་བྱེད་ཅེས་བརྗོད་ཀྱི་ཡོད། ཚང་མ་སྔོན་ཚུད་ནས་ཐག་གཅོད་ཟིན་པ་སོང་ཙང་། སྒྲུབ་བྱེད་དེ་དག་གི་རྡུལ་ཕྲན་བརྒྱུད་ནས་ལས་འབྱུང་གི་ཡོད་ནའང་། ལས་ཁོ་རང་དང་ཡང་ན་རྡུལ་ཕྲན་རྣམས་དོན་ངོ་མར་ཆོས་གང་འདྲ་ཞིག་འབྱུང་བར་རྒྱུ་བྱེད་ཀྱི་མེད། ཚེ་སྲོག་ཡང་ན་ཤེས་པ་ནི་སྐྱེ་བ་གྲངས་མེད་པ་བརྒྱུད་ནས་འགྲོ་གི་ཡོད་པ་དང་འབྱུང་སྲིད་པའི་མི་ཚེ་ཡོངས་སུ་རྫོགས་པ་མྱོང་བའི་རྗེས་སུ་དེ་དག་རང་ཤུགས་ཀྱིས་ཞི་བའི་གནས་བབས་ཤིག་གི་ནང་འཛུལ་བར་བརྟེན་སླར་སྐྱེ་བ་ལས་ཐར་གྱི་ཡོད། དེ་དྲ་སོང་ཙང་། ཐར་པ་ནི་མི་སུ་འདྲ་ཞིག་གིས་དོན་ངོ་མར་ལས་གང་ཞིག་བྱེད་པར་ལག་ལུས་མེད།
- ཙཱར་ཝཱ་ཀ་སྟེ། འཇིག་རྟེན་སྨྲ་བའམ་རྒྱང་འཕེན་པའི་གྲུབ་མཐའ་ནི་དྲང་སྲོང་འཇིག་རྟེན་མིག་གིས་སྲོལ་གཏོད་པ་དང་སངས་རྒྱས་ཞལ་བཞུགས་པའི་དུས་སྐབས་སུ་ (Ajita Keshakambala) མི་ཕམ་སྐྲའི་ལྭ་བ་ཅན་གྱིས་གསུངས་པ་དང་དེས་ཀྱང་ལས་ཁས་མི་ལེན་པ་ཡིན། དེ་ཙམ་དུ་མ་ཟད། སྐྱེ་བ་སྔ་ཕྱི་དང་རྣམ་ཤེས་སམ་ཚེ་སྲོག་ཡོད་པའང་ཁས་ལེན་མི་བྱེད་པ་ཡིན། དེས་ཆད་པར་ལྟ་བའི་ལུགས་ཁས་བླངས་ཏེ། ལས་གང་འདྲ་ཞིག་ཡིན་ནའང་རང་བཞིན་གྱིས་འབྱུང་དགོས་པ་དང་རང་ངོས་ནས་རྒྱུ་རྐྱེན་ལ་མི་བལྟོས་པར་འབྱུང་དགོས་པར་འདོད། གང་ལྟར་དེ་དག་རང་བཞིན་གྱིས་བྱུང་བ་ཡིན་དགོས་པ་དེ་རེད། མི་ཚེའི་དམིགས་ཡུལ་ནི་འདོད་པའི་ཡོན་ཏན་ག་ཚོད་ཐུབ་ཐུབ་ཉམས་སུ་མྱོང་རྒྱུ་དེ་ཡིན། གྲུབ་མཐའ་འདིས་མངོན་སུམ་ཚད་མ་ཁོ་ནར་ཡོད་པར་འདོད་པས་རྒྱུ་མཚན་རིགས་པ་གཞན་ཚང་མ་མེད་པར་འདོད།
- ཇཻན་ཡང་ན་གཅེར་བུ་པ་སྟེ། མ་ཧཱ་ཝཱི་རའམ་དཔའ་བོ་ཆེན་པོས་སྲོལ་གཏོད་ཅིང་། རྒྱང་འཕེན་པའི་གྲུབ་མཐའ་ལས་གྱེས་པ་ཞིག་ཡིན་པ་དང་དེ་ལ་ཡ་ལན་གྱི་དགག་པ་ཤུགས་ཆེན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་རྣམ་ཤེས་ནི་ལས་ཀྱི་ནུས་ཤུགས་ལ་བརྟེན་ནས་སྐྱེ་བ་ཕྱི་མར་འགྲོ་བར་འདོད་ཀྱི་ཡོད། གཅེར་བུ་པའི་ལུགས་ནི་ད་དུང་ཡང་རྒྱ་གར་གྱི་ཆོས་ལུགས་ནང་གི་ཆེ་ཁག་ཅིག་ཏུ་གནས་ཡོད་པ་དང་། ཧ་ཅང་དམ་བསྒྲགས་ཅན་གྱི་བཟང་སྤྱོད་ཀྱི་སྐོར་ཆོས་གསུང་བ་དང་། དོན་ངོ་མར་ཐར་པ་འཐོབ་པའི་ཐབས་སུ་ཧ་ཅང་ཐལ་བའི་དཀའ་ཐུབ་སྤྱད་ཀྱི་ཡོད།
- དངོས་མིན་ཁས་མི་ལེན་པའི་ཨཛྙཱ་ནའམ་མི་ཤེས་པ་པའི་གྲུབ་མཐའ་ནི་སན་ཇཱ་ཡིན་ཏེ། ཡང་དག་རྒྱལ་བ་ཅན་གྱིས་སྲོལ་གཏོད། གྲུབ་མཐའ་འདིས་ལྟ་གྲུབ་ཀྱི་འཆར་སྒོའམ་ཡང་ན་རྒྱུ་མཚན་རིགས་པར་གཞི་བྱས་པའི་རྩོད་གླེང་ལ་བརྟེན་ནས་ཆོས་རྣམས་ཀྱི་མཐར་གཏུགས་པའི་ཤེས་བྱ་འཐོབ་མི་སྲིད་པར་འདོད། ལུགས་འདིས་གྲོགས་འདྲིས་ཁོ་ནར་ནན་བརྗོད་བྱས་པའི་ཚངས་སྤྱོད་ཀྱི་སྤྱི་ཚོགས་ནང་གནས་པར་འགྲེལ་བརྗོད་བྱས་ཡོད།
- ནང་ཆོས་ནི་དགེ་སྦྱོང་གི་ཆོས་བརྒྱུད་ལས་དར་རྒྱས་བྱུང་བ་ཞིག་དང་འདིས་ལས་ཀྱི་ནུས་ཤུགས་འོག་སྐྱེ་བ་སྔ་ཕྱི་ཁས་ལེན་པ་དང་ཆབས་ཅིག་གྲུབ་མཐའ་གཞན་དག་གིས་ཁས་ལེན་པའི་རྟག་པའི་བདག་གམ་ཤེས་པ་ཞིག་ཡོད་པ་ལ་དགག་པ་རྒྱག་གི་ཡོད། དེའི་སྒང་ལ་སངས་རྒྱས་ཀྱིས་ཐར་པའི་ལམ་གྱི་ཆ་ཤས་སུ་རྒྱུ་མཚན་རིགས་པ་སྤྱོད་དགོས་པར་ཁས་ལེན་གནང་ཡོད་ལ་བཟང་སྤྱོད་ཀྱང་ཁས་ལེན་གནང་གི་ཡོད། ཡིན་ནའང་། གཅེར་བུ་པའི་དཀའ་ཐུབ་རིང་ལུགས་ཀྱི་ཚད་དེ་འདྲ་ཁས་ལེན་གནང་གི་མེད། དེ་ལྟར་ནང་ཆོས་ཀྱིས་གོང་སྨྲོས་ཀྱི་དགེ་སྦྱོང་ཆོས་བརྒྱུད་བཞི་པོའི་མཐའ་རྣམས་སྤངས་པ་ཡིན།།