༧གོང་ས་མཆོག་ནས་ནང་པའི་ཆོས་ཚོགས་ཁག་ལ་གནང་བའི་བཀའ་སློབ།

སེམས་ཀྱི་ཞི་བདེ་དང་བདེ་ཐང་སྒྲུབ་རྒྱུའི་གལ་གནད།

དེ་རིང་འདིར་ཡོང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ལ་བོད་རིགས་ཐེ་བའི་ནང་ཆོས་ལ་རྩེ་གཅིག་ཏུ་དོ་སྣང་ཡོད་པའི་མི་མང་པོ་ཞིག་ཐུག་འཕྲད་བྱུང་བར་དམིགས་བསལ་དགའ་པོ་བྱུང། ངོས་ནས་ཁྱེད་རང་ཚོར་དོན་ཚན་ཁ་ཤས་ཤིག་བརྗོད་འདོད་བྱུང་། 

འཛམ་གླིང་ནང་མི་ཐེར་འབུམ་བདུན་ཡོད་པ་དང་། ཁྱེད་རང་ཚོས་མཁྱེན་གསལ་ལྟར། མི་ཚང་མས་མི་ཚེ་སྐྱིད་པོ་ཞིག་འདོད་ཀྱི་ཡོད་ཅེས་ངས་རྒྱུན་དུ་ཤོད་ཀྱི་ཡོད། ད་ལྟ་བར་དུ་མི་མང་པོ་ཞིག་གིས་དོན་དམ་པའི་བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་དངུལ་ལམ་ཕྱི་དངོས་པོའི་མཐུན་རྐྱེན་ཡིན་པར་བསམ་གྱི་ཡོད། ཉེ་བའི་ལོ་ཤས་ནང་། གཅིག་བྱས་ན་གོ་ལ་ཡོངས་ཀྱི་དཔལ་འབྱོར་ལ་དཀའ་ཉེན་ཡོད་པའི་རྐྱེན་གྱིས་ཡིན་སྲིད། གང་ལྟར་ད་ཆ་རྨོངས་གཉིད་ལས་སད་མཁན་ཇེ་མང་དུ་འགྲོ་གི་འདུག །སྔོན་མ་མི་དེ་དག་གིས་དངུལ་ཡོད་པ་དེ་སྲིད་དུ་ཐམས་ཅད་འགྲིག་འགྲོ་གི་ཡོད་ཤག་བརྩིས་ཡོད། ད་ལྟ་མི་རྣམས་ཀྱིས་ད་ཡོད་ཀྱི་མི་ཚེ་སྐྱེལ་སྟངས་འདི་ཡང་དག་ཅིག་གམ་ཡང་ན་གཅིག་འདང་གི་མེད་སྐོར་དྲི་བ་སྐུལ་གྱི་ཡོད། གལ་ཆེ་ཤོས་ཤིག་ལ་ཚན་རིག་པ་མང་པོ་ཞིག་ལ་ད་ཆ་ཐ་ན་ལུས་པོ་བདེ་ཐང་ཙམ་ཞིག་གི་ཆེད་དུ་མ་ཟད། སེམས་ཀྱི་བདེ་ཐང་དང་སེམས་ཀྱི་ཞི་བདེ་ནི་གལ་ཆེ་བའི་ཆ་རྐྱེན་ཞིག་ཡིན་པར་ཚོར་འགོ་ཚུགས་ཡོད། 

ང་རང་གི་ཤེས་ཚོད་ལྟར་བྱས་ན། སེམས་དང་ཚེ་སྲོག་གི་བསྟི་གནས་ཡོད་ཅིང་། དེས་མི་རྣམས་ལ་ཤེས་ཡོན་སྤྲོད་རྒྱུར་དངོས་གནས་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོས་སོ་སོའི་ནང་སེམས་ཀྱི་ཞི་བདེ་དང་ལྷིང་འཇགས་ཡོང་བར་དོ་སྣང་མང་ཙམ་བྱེད་དགོས། དེར་བརྟེན། ཤོད་མི་དགོས་པ་ལྟར། ཆོས་ལུགས་ཆེ་ཁག་འདྲ་མིན་ལ་ནང་སེམས་ཀྱི་རིན་ཐང་གོང་མཐོར་གཏོང་ཆེད་ཀྱི་ནུས་པ་ལྡན་པར་ངས་ཆ་འཇོག་བྱེད་ཀྱི་ཡོད།

ནང་ཆོས་ནང་གྲུབ་མཐའི་འདོད་ཚུལ་མི་འདྲ་བ།

ནང་ཆོས་ནང་། སངས་རྒྱས་ཀྱིས་ཐེག་པ་གསུམ་གསུངས་ཡོད་པ་ནི། ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ། བྱང་ཆུབ་སེམས་དཔའི་ཐེག་པ་བཅས་ཡིན། ལྟ་གྲུབ་ཀྱི་ཆ་ནས་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་གྲུབ་མཐའ་བཞི་ཡོད། སྤྱིར་བཏང་ནས་བཤད་ན། མི་གཅིག་དང་། རིག་པ་དང་ལྡན་པའི་མཁས་པ། དེ་ག་ནང་བཞིན་ལྟ་གྲུབ་སྨྲ་བའི་གང་ཟག་གཅིག་གིས་ལྟ་གྲུབ་ཀྱི་འདོད་ཚུལ་མི་འདྲ་བ་དེ་དག་གསུངས་རེད་ཅེས་བཤད་ཆོག །རྒྱུ་མཚན་གང་ཡིན་ཞེ་ན། མི་ཐ་དད་ལ་ཁམས་དང་མོས་པ་ཐ་དད་ཡོད་པ་སངས་རྒྱས་ཀྱིས་མངོན་སུམ་དུ་རྟོགས་པ་ཡིན་ཙང། དགོས་པའི་དབང་གིས་ཐེག་པའམ་ལྟ་གྲུབ་མི་འདྲ་བ་དེ་དག་བསྟན་པ་ཡིན། ང་རང་ཚོ་དཔལ་ནཱ་ལནྜའི་སྲོལ་རྒྱུན་གྱི་སློབ་མ་ཡིན་པའི་ཆ་ནས། དེ་དག་ལ་རྒྱུས་མངའ་གང་ལ་གང་འཚམས་ཡོད། དཔེ་མཚོན་དེའི་ཐོག་གཞི་བཞག་སྟེ། ཆོས་ལུགས་མི་འདྲ་བ་ཚང་མར་རྗེས་སུ་ཡི་རང་བྱེད་རྒྱུ་ཕན་ཐོགས་ཆེན་པོ་ཡོད།

ཆོས་དད་ཅན་དང་ཆོས་ལ་མི་དད་མཁན་རྣམས་ཀྱི་ཆེད་བཟང་སྤྱོད་ཀྱི་རྣམ་གཞག  

མི་ཐེར་འབུམ་བདུན་ཡོད་པ་ལས་ཐེར་འབུམ་གཅིག་གིས་དངོས་སུ་སོ་སོའི་ཆོས་ལུགས་དོར་བ་ཉེ་དུས་སྙན་ཐོ་ཞིག་གི་ནང་ངས་མཐོང་བྱུང་། དེ་ནི་གྲངས་མང་པོ་རེད། མི་བདུན་ལས་གཅིག་ཆོས་ཁས་མི་ལེན་མཁན་ཆགས་པ་རེད། ཆོས་ཁས་ལེན་མཁན་ནང་དུའང་། ཡང་ནས་ཡང་དུ་དཀྲོག་གཏམ་དང་། བཤུ་གཞོག །ཡང་ན་སྐྱོན་ཆ་མང་པོ་ཞིག་གི་སྐོར་ཡང་སེ་གོ་རྒྱུ་ཡོད། དེས་ཆོས་ལ་ཡིད་ཆེས་ཡོད་མཁན་ཐེར་འབུམ་དྲུག་གི་ནང་ནས་མང་པོ་ཞིག་གིས་དོ་གལ་ཆེན་པོས་རང་གི་ཆོས་ལུགས་ལ་བརྩི་བཀུར་དང་ལེན་མེད་པར་སྟོན་གྱི་ཡོད། སྐབས་རེ་ངས་ཆོས་ལུགས་ནི་ང་ཚོར་ཚུལ་འཆོས་ཉམས་ལེན་བྱེད་ཕྱོགས་སློབ་མཁན་ཞིག་ཏུ་འགྲེལ་བཤད་བྱེད་ཀྱི་ཡོད། དེ་ཡང་། ཕྱོགས་གཅིག་ནས་ལམ་སྟོན་ཡག་པོ་ཞིག་བྱས། ཕྱོགས་གཞན་ཞིག་ནས་ལག་ལེན་མི་འདྲ་བ་བསྟར་གྱི་ཡོད། དེས་མི་རྣམས་ཀྱིས་ཆོས་ལུགས་ནི་ལམ་དང་ལུགས་སྲོལ་ལྟ་བུར་བྱེད་པ་སྟོན་གྱི་ཡོད། ཡང་ན་མཚམས་རེ་ཉིན་གཅིག་གི་དུས་ཚོད་ཀྱི་ཆ་ཤས་ཕྲན་བུ་ཞིག་གི་རིང་དོ་སྣང་ཡག་པོ་བྱེད་ཅིང་། དུས་ཚོད་ལྷག་མ་རྣམས་སྣང་མེད་དུ་སྐྱེལ་གྱི་ཡོད། དེ་ཧ་ཅང་ཐབས་སྐྱོ་པོ་རེད། བཟང་སྤྱོད་ལ་ཡིད་ཆེས་བརྟན་པོ་མེད་པ་སྟོན་གྱི་ཡོད། དེར་བརྟེན་ད་ལྟ་ང་ཚོས་བཟང་སྤྱོད་ལ་ཡིད་ཆེས་བརྟན་པོ་ཞིག་རྙེད་ཆེད་ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོན་བྱེད་དགོས། བཟང་སྤྱོད་ཀྱི་རྣམ་གཞག་ནི་ཆོས་ལུགས་དང་། དཀོན་མཆོག །ཡང་ན་སངས་རྒྱས་བཅས་ཀྱི་གནད་དོན་ཙམ་མིན་པར། ང་ཚོ་རང་ཉིད་ཀྱི་དོན་དག་དང་སེམས་འཁུར་བྱེད་དགོས་པ་ཞིག་ཡིན། 

ཕོ་མོ་སུ་ཡིན་རུང་བཟང་སྤྱོད་ཀྱི་ཐོག་ནས་མི་ཚེ་སྐྱེལ་མཁན་དེ་རྦད་དེ་སྐྱིད་པ་ཞིག་ཡོང་གི་ཡོད། གང་ཡིན་ཞེ་ན། བཟང་སྤྱོད་ཀྱི་ཐོག་ནས་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཚང་མ་དགེ་བ་ཆགས་ཀྱི་ཡོད། དེའི་འབྲས་བུར། རང་གིས་ལས་ཀ་གང་བྱས་ཀྱང་ཚང་མ་ངོ་ལྐོག་མེད་པར་ཕྱི་གསལ་ནང་གསལ་བྱེད་ཅིང་། དེ་ལ་བརྟེན་ནས་རང་ལ་གྲོགས་པོ་གྲོགས་མོ་མང་བ་འཁོར་བ་དང་། གདེང་ཚོད་མང་བ་ཡོང་གི་ཡོད།

ཆོས་ལུགས་རིས་མེད།

ངའི་བསམ་པར། ཆོས་ལུགས་འགའ་ཞིག་གིས་ཆོས་ལུགས་རིས་མེད་ཅེས་པའི་ཐ་སྙད་འདིར་ཐེ་ཚོམ་བྱེད་ཀྱི་ཡོད། ནང་ཆོས་དང་སྤྱིར་བཏང་རྒྱ་གར་གྱི་སྲོལ་རྒྱུན་ལ་གཞིགས་ན། ཆོས་ལུགས་རིས་མེད་ཀྱི་བསམ་ཚུལ་དེ་ལོ་ངོ་གསུམ་སྟོང་ཙམ་འདས་ཟིན། རྒྱ་གར་གྱི་ཐ་སྙད་འདིའི་གོ་བ་ལེན་སྟངས་ལྟར་བྱས་ན། ཆོས་ཁས་མི་མཁན་ལའང་གུས་བརྩི་བྱེད་དགོས། ངས་གོང་དུ་བརྗོད་པ་བཞིན། གལ་ཏེ་སངས་རྒྱས་སྐུ་དངོས་དེ་རིང་འདིར་བྱོན་པ་ཡིན་ནའང་། ཆོས་ཁས་མི་ལེན་མཁན་ཚོ་འགྲོ་བ་མིར་གཅིག་མཚུངས་གཟིགས་པ་མ་གཏོགས་དད་པའི་ལམ་ལུགས་ཤིག་ཁོང་ཚོས་ཁས་ལེན་དགོས་ཞེས་བཙན་དབང་གནང་མི་སྲིད། དེར་བརྟེན་ནང་པའི་ཆོས་ཚོགས་དང་སྤྱི་ཚོགས་རྣམས་ཀྱིས་ཐོག་མར་རིས་མེད་ཀྱི་ཐབས་ལམ་ཐོག་ནས་བཟང་སྤྱོད་གོང་མཐོར་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུར་དགོངས་པ་གཏིང་ཟབ་བཞེས་དགོས་ཀྱི་ཡོད། 

ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་རྟག་པར་སོ་སོ་རང་གི་སྲོལ་རྒྱུན་ཁྱབ་སྤེལ་གཏོང་ཐབས་བྱེད་མི་ཉན་ཞེས་ངས་ག་དུས་ཡིན་ཀྱང་བཤད་ཀྱི་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་རིང་། ཨ་རི་དང་། ཡུ་རོབ། དེ་མིན་ནང་པ་མིན་པའི་རྒྱལ་ཁབ་མང་པོའི་ནང་ངས་ནང་པའི་ལྟ་གྲུབ་དང་ནང་ཆོས་སྐོར་འགྲེལ་བཤད་བྱ་རྒྱུའི་གོ་སྐབས་བྱུང་བ་དང་། རྟག་ཏུ་ངས་སོ་སོའི་ཆོས་ལུགས་ཉམས་ལེན་བྱས་ནས་བསྡད་ན་ལེགས་ཤོས་རེད་ཅེས་གསལ་པོ་བཤད་ཀྱི་ཡོད། ཆོས་ལུགས་བརྗེ་པོ་རྒྱག་རྒྱུ་དེ་ལས་སླ་པོ་མ་རེད། ཁྱེད་རང་ཚོ་ཚང་མས་མཁྱེན་གསལ་རེད། དེར་བརྟེན་ངས་ནང་ཆོས་སྤེལ་ཐབས་རྩ་བ་ནས་བྱེད་ཀྱི་མེད། ང་རང་ནང་པ་ཞིག་ཡིན། གལ་ཏེ་མི་ཞིག་ལ་ནང་ཆོས་ལ་བཅོས་མིན་གྱི་དོ་སྣང་ཡོད་པ་མཐོང་དུས་ང་རང་དགའ་པོ་ལོས་ཡོང་། འོན་ཀྱང་ངས་ནང་ཆོས་ཀྱི་རྗེས་སུ་འཇུག་དགོས་ཞེས་མི་སུ་གཅིག་ལའང་བཤད་མྱོང་མེད་ལ་ཤོད་ཀྱི་མ་རེད། དེ་ལྟར་བཤད་ན་སྒེར་གྱི་རང་དབང་ལ་ཐེ་བྱུས་བྱེད་པ་འདྲ་པོ་ཆགས་ཀྱི་ཡོད། ལྷག་པར་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་དང་ནང་པ་མིན་པའི་རྒྱལ་ཁབ་ཁག་གི་ནང་བཤད་ཀྱི་མེད།

རང་ཉིད་དཔེ་རུ་ལེན་པ།

བོད་པའི་ཤོད་སྲོལ་ཞིག་ལ། རང་གི་ལུས་ལ་དཔེ་བླངས་ནས་གཞན་ལ་གནོད་པ་མ་བྱེད་ཅིག་ཟེར་བ་ཞིག་ཡོད། དཔེར་ན། རྒྱ་གར་ནང་བོད་པའི་གཞིས་ཆགས་ཤིག་གི་ས་ཁོངས་ནང་ནང་པ་མིན་པའི་སྲོལ་རྒྱུན་ཞིག་གིས་ལྷ་ཁང་ཆེན་པོ་ཞིག་བཞེངས་ན་ངའི་བསམ་པར་བོད་མི་ཚོར་མི་བདེ་བ་ཡོང་སྲིད། དེ་བཞིན་འཇིའུ་དང་ཡེ་ཤུའི་རྒྱབ་ལྗོངས་ལྡན་པའི་རྒྱལ་ཁབ་འདིའི་ནང་། གལ་སྲིད་ང་ཚོས་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཆེན་པོ་ཞིག་བཞེངས་འགོ་ཚུགས་ན། མི་འགའ་ཞིག་གིས་གང་ཡང་མ་བསམ་ནའང་། དོན་དངོས་ཐོག་ཁོང་ཚོའི་ཆོས་དད་ལ་བར་ཆད་བཟོ་གི་ཡོད་པ་རེད། ཐེངས་ཤིག་ཧྥ་རན་སིའི་ནང་། སྦྱིན་བདག་ཅིག་གིས་དེ་གར་བསྟི་གནས་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་འདོད་བྱས་ཀྱང། ཧྥ་རན་སིའི་ནང་དེ་ལྟར་བཞེངས་ན་འཚམ་པོ་མི་འདུག་ཅེས་ངས་བསམ་ཚུལ་བཤད་པ་ཡིན། གལ་ཏེ་རང་ངོས་ནས་ཞལ་འདེབས་སམ་བསྟི་གནས་ཆེན་པོ་ཞིག་བཞེང་འདོད་ན། ཐེ་ལན་ཌེའམ་རྒྱ་གར། ཡང་ན་ནང་པའི་ལུང་པ་གཞན་གྱི་ནང་བཞེང་ན་རན་པོ་ཡོད། དེ་ཁྱེད་རང་ཚོའི་སེམས་ལ་ཚོར་བ་རྣོན་པོ་ཞིག་ཡོད་པའི་ཐོག་ནས་སེམས་ལ་བཅང་དགོས་རྒྱུ་ཞིག་རེད། གཞན་གྱིས་དེ་ལྟར་བྱེད་སྐབས་ཁྱེད་རང་ཚོས་རང་ཉིད་དང་རང་ལ་གང་འབྱུང་མིན་ཐད་བསམ་བློ་གཏོང་དགོས།

ཆོས་ཁས་མི་ལེན་པའི་ཁ་གཏད་དུ་བཟང་སྤྱོད་ཁས་མི་ལེན་པ།

ངས་གོང་དུ་ཞུས་པ་བཞིན། སངས་རྒྱས་ཀྱི་ཆོས་ནི་གདུལ་བྱའི་ཁམས་དང་མོས་པ་དང་བསྟུན་ནས་གསུངས་ཡོད། དེར་བརྟེན་སངས་རྒྱས་ཀྱིས་ལྟ་གྲུབ་དང་ཐབས་ལམ་མི་འདྲ་བ་མང་པོ་བསྟན་པ་རེད། ད་ཆ་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་སླེབས་ཡོད་པ་དང་། ཆོས་ལ་ཡིད་ཆེས་མེད་མཁན་ཧ་ཅང་མང་པོ་ཡོད། བྱས་ཙང་། ཆོས་ལ་ཡིད་ཆེས་མེད་མཁན་དེ་དག་བསམ་ཤེས་ཅན་དང་སྙིང་རྗེ་ཆེ་བའི་མི་ཞིག་བཟོ་རྒྱུར་ཕན་པའི་ཆེད་ང་ཚོས་བསམ་བློ་ནན་པོ་གཏོང་དགོས། དེ་ཡང་ཤེས་ཡོན་ཁོ་ན་ལ་བརྟེན་ནས་ཡོང་ཐུབ། ཚན་རིག་གི་རྙེད་དོན་དང་ང་ཚོའི་སྤྱིར་བཏང་གི་བསམ་ཤེས་དང་ཉམས་མྱོང་བེད་སྤྱོད་བྱས་པའི་ཐོག་ནས་ཡིད་ཆེས་མེད་མཁན་ཚོར་ཤེས་ཡོན་སྤྲོད་ཐུབ། ཁྱེད་རང་ཚོ་ཆོས་ལ་ཡིད་ཆེས་མེད་པའི་ཐོག་གནས་ལོས་ཆོག །དེ་ལྟར་གནས་ན་འགྲིག་ཐག་ཆོད་རེད། ཐ་ན་རང་ཉིད་ཆོས་ལ་ངོ་རྒོལ་བྱེད་མཁན་ཡིན་ཀྱང་གནད་འགག་མེད། དེ་དཀའ་ངལ་མ་རེད། འོན་ཀྱང་སེམས་བཟང་པོ་བྱེད་རྒྱུ་གལ་ཆེ། གང་ཡིན་ཟེར་ན། དེ་སོ་སོའི་ཁེ་ཕན་ལ་ཐུག་ཡོད། དེར་བརྟེན་ཆོས་ཁས་མ་བླངས་ན་འགྲིགས་ཀྱང་བཟང་སྤྱོད་ཁས་མ་བླངས་ན་གནོད་སྐྱོན་ཡོང་རྒྱུ་ངེས་པ་རེད། 

ངའི་བསམ་པར། ས་ཆ་གང་སར་ཡོད་པའི་ད་ཡོད་ཀྱི་ནང་པའི་ཆོས་ཚོགས་སོ་སོའི་ངོས་ནས་བསམ་བློ་ཡག་པོ་གཏོང་རྒྱུ་གལ་ཆེན་པོ་ཡིན། ནང་པའི་ཉམས་ལེན་པ་རྣམས་ལ་གནས་ཚུལ་མཁོ་སྤྲོད་ཙམ་མིན་པར། ད་དུང་མཉམ་རུབ་བྱེད་ཕྱོགས་དང་། ཐ་ན་ཆུང་ཙག་ཅིག་ལས་མེད་ཀྱང་ང་ཚོ་གང་དུ་སྡོད་སའི་སྤྱི་ཚོགས་འདི་ཡག་པོ་ཞིག་ཡོང་ཆེད་མཉམ་རུབ་བྱེད་སྟངས་བསྟན་དགོས། ཐེངས་གཅིག་ང་རང་ཨོ་སི་ཊྲེ་ལི་ཡའི་ནང་འཆི་ཉེན་ཡོད་པའི་མིར་རོགས་རམ་བྱེད་མཁན་གྱི་བླ་མ་བཟོད་པའི་བསྟི་གནས་ཤིག་ནང་ཕྱིན་པ་ཡིན། དེ་གར་བོད་པའི་བཙུན་མ་དང་ཡུ་རོབ་ཀྱི་ནང་པའི་བཙུན་མ་འགས་ནད་པར་ལྟ་རྟོག་བྱེད་ཀྱིན་འདུག །དེར་བརྟེན་ཁོང་ཚོས་གཞན་ཕན་གྱི་བྱ་བ་ཕན་ཐོགས་པོ་བྱེད་ཀྱི་འདུག

ནང་པའི་གཞུང་ནང་ཉོན་མོངས་ལ་གདོང་ལེན་བྱེད་པ།

འདས་པའི་ལོ་ངོ་བཅུ་ཕྲག་གསུམ་གྱི་ནང་ཚན་རིག་པ་དང་མི་གཞན་མཉམ་དུ་ཚོགས་འདུ་དང་བགྲོ་གླེང་རིམ་པར་བྱུང་བའི་འབྲས་བུར། མཐར་ཚན་རིག་པ་མང་པོར་སེམས་དང་། མྱོང་ཚོར། ནང་པའི་གཞུང་ནང་ནས་ཉོན་མོངས་ལ་གདོང་ལེན་བྱ་ཚུལ་བཅས་ཀྱི་ཐད་ཕན་ཐོགས་ཆེ་བའི་གནས་ཚུལ་མང་པོ་རྙེད་ཡོད། འདས་པའི་ལོ་ངོ་གཉིས་སམ་གསུམ་རིང་། བཀའ་འགྱུར་དང་བསྟན་འགྱུར་པོད་བརྒྱ་ཕྲག་གསུམ་ཙམ་ཡོད་པའི་ནང་དོན་རྣམས་རིམ་པ་གསུམ་ནང་དབྱེ་ན་ཆོག་ཅེས་ངས་བཤད་པ་ཡིན། དང་པོ་ནི་བེམ་པོ་དང་། དུས། སེམས་དང་སེམས་ཚོར་བཅས་ནང་པའི་ཚན་རིག་གི་ཆ་དང་། གཉིས་པ་ནི། ལྟ་གྲུབ་སྟེ་གཙོ་བོ་དབུ་མའི་གྲུབ་མཐའ་ནི་ཀོན་ཊམ་གྱི་དངོས་ཁམས་རིག་པ་དང་ཧ་ཅང་འདྲ་པོ་ཡོད། དེར་བརྟེན་ཆ་འདི་ང་ཚོས་ཆོས་ཀྱི་ཉམས་ལེན་དང་འབྲེལ་ནས་བསམ་བློ་གཏོང་མི་ཉན། དེ་ལྟར་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་ཆ་གཉིས་དང་། གསུམ་པ་ནི་ཆོས་དང་འབྲེལ་བ་དེ་རེད། 

རྒྱུ་མཚན་དེ་བས་ན་ང་ཚོའི་ཆོས་ཚོགས་མང་པོ་ཡོད་པ་རྣམས་ཀྱིས་ཐར་པའི་སྐོར་མ་བཤད་པར་སེམས་དང་། སེམས་ཚོར་སོགས་ཀྱི་སྐོར་འཛིན་གྲྭ་བཙུགས་ནས་སློབ་ཁྲིད་བྱེད་དགོས། ནང་པ་ཚོས་ཐར་པར་ཡིད་ཆེས་ཡོད་པ་བརྗོད་མི་དགོས། འོན་ཀྱང་དེ་འཐོབ་རྒྱུ་ཧ་ཅང་ཁག་པོ་ཡོད། ང་ཚོས་རྒྱུན་དུ་ཁ་ནས་ཐར་པ། ཐར་པ། ཐར་པ་དང་། སེམས་ཅན་ཐམས་ཅད། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་ཤོག །སྡུག་བསྔལ་དང་འབྲལ་བར་ཤོག་ཅེས་བརྗོད་ཀྱི་ཡོད། འོན་ཀྱང་དོན་དངོས་ཐོག་ང་ཚོའི་བྱ་སྤྱོད་རྣམས་རིམ་པ་དེར་སླེབས་མེད། དེར་བརྟེན་གཞན་ལ་ཐར་པ་དང་སྐྱེ་བ་ཕྱི་མའི་སྐོར་མ་བཤད་པར། ནང་པའི་ཚན་རིག་དང་ལྟ་གྲུབ་སྦྱངས་ན་མི་ཚེ་སྐྱིད་པོ་ཡོང་བར་ཕན་ཐོགས་ཤིན་ཏུ་ཆེ། ངས་གོང་དུ་བཤད་པ་ལྟར། བདེ་སྐྱིད་ཀྱི་འབྱུང་ཁུངས་མཐར་ཐུག་དེ་ང་ཚོའི་སེམས་ཡིན་ཅིང་། དཀའ་ངལ་བཟོ་མཁན་ངོ་མ་དེ་ང་ཚོའི་སེམས་ཚོར་ཡིན།

སེམས་ཚོར་གྱི་འཕྲོད་བསྟེན།

ང་ཚོའི་དཀའ་ངལ་བཟོ་མཁན་གྱི་ཉོན་མོངས་ལ་གདོང་ལེན་བྱེད་པར། སེམས་ཚོར་གྱི་གནས་སྟངས་ཡོངས་རྫོགས་ཤེས་དགོས། དེང་སང་ངས་ཕྱི་ལུས་ཀྱི་འཕྲོད་བསྟེན་དང་འདྲ་བར་ནང་སེམས་ཚོར་གྱི་འཕྲོད་བསྟེན་སྐོར་ཤོད་ཀྱི་ཡོད། ང་ཚོའི་ཤེས་ཡོན་གྱི་ཆ་ཤས་སུ། སོ་སོའི་གཟུགས་པོར་བདག་གཅེས་བྱེད་སྟངས་སོགས་སློབ་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོས་སོ་སོའི་སེམས་ཚོར་གྱི་འཕྲོད་བསྟེན་ལ་ཡག་པོ་ཡོང་ཆེད་སློབ་སྦྱོང་བྱེད་དགོས། དེ་ཡང་སྲོལ་རྒྱུན་གང་དང་ཡང་མ་འབྲེལ་བར་སྤྱིར་བཏང་གི་འཕྲོད་བསྟེན་སློབ་གཞི་ལྟར་བྱེད་དགོས། ཨ་ཅང་ཅང་ང་ཚོ་ནང་པ་ཚོར་སེམས་དང་སེམས་ཚོར་གྱི་གནས་སྟངས་དང་། སེམས་ཚོར་རྣམས་ཐར་པར་སྒྱུར་ཚུལ་ཐོག་ཤེས་བྱ་ཧ་ཅང་གཏིང་ཟབ་པོ་ཡོད། འོན་ཀྱང་ཆོས་ལུགས་རིས་མེད་ཀྱི་ཁྱབ་ཁོངས་ནང་། ཁོང་ཁྲོ་དང་། ཞེ་སྡང་། འཇིགས་སྣང་སོགས་ཉོན་མོངས་ལ་གདོང་ལེན་བྱེད་ཚུལ་ཤེས་དགོས་པ་ཡིན།

དེར་བརྟེན་ང་ཚོའི་ཆོས་ཚོགས་རྣམས་ཀྱི་ནང་མི་འགའ་ཞིག་སྨོན་ལམ་འདོན་པ་དང་ཆོ་ག་ཤ་སྟག་སྒྲུབ་པ་དང་འགའ་ཞིག་ནི་ཟུར་དུ་གཉིད་ཁུག་ནས་བསྡད་ ༼གད་མོས་ཁེངས་༽ ན། དེ་ནང་ཆོས་ལ་ཡིད་ཆེས་ཡོད་མཁན་ཚོར་འགྲིག་བསྡད་ཡོད་ཀྱང་། དེའི་སྒང་ལ་སེམས་ཚོར་དང་། སེམས་ཀྱི་སྐོར། བློ་རིག་སོགས་ཀྱི་སློབ་ཚན་གཏན་འབེབས་བྱས་ན་དགེ་མཚན་ཆེ། ཆོས་མངོན་པ་མཛོད་དང་མངོན་པ་ཀུན་བཏུས་ནང་སེམས་ཚོར་གྱི་སྐོར་ལ་རྒྱས་པོ་ཞེ་དྲགས་གསུངས་ཡོད། ངའི་བསམ་པར། དེ་གཅིག་པུས་འདང་གི་མེད། སེམས་ཀྱི་བྱེད་ལས་ཀྱི་འགྲེལ་པ་རྒྱས་པ་དང་གཏིང་ཟབ་པ་ནི་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་བའི་ནང་ཡོད། གཞུང་དེའི་ལེའུ་ཆ་ཚང་དང་ལྷག་པར་དུ་ལེའུ་གསུམ་པའི་ནང་དཔལ་ལྡན་ཆོས་ཀྱི་གྲགས་པས་ཤེས་པའི་སྐོར་དང་། ཡུལ་ལ་བལྟོས་ནས་ཤེས་པའི་བྱ་བ་བྱེད་ཚུལ་འགྲེལ་བཤད་མཐིལ་ཕྱིན་པ་མཛད་ཡོད། ངའི་བསམ་པར་གཞུང་དེ་དག་ནི་ཤེས་ཡོན་དང་འབྲེལ་བའི་སློབ་གཞི་ཡང་དག་པ་ཞིག་ཡིན། 

མཐར་ང་ཚོའི་ཆོས་ཚོགས་རྣམས་ཆོས་ཚོགས་ཙམ་མིན་པར། སློབ་གཉེར་ཁང་ཞིག་དང་ཤེས་ཡོན་བསྟི་གནས་ཤིག་ཏུ་འགྱུར་ཐུབ། དེ་ནས་ནང་ཆོས་ལ་དད་པ་ཡོད་མཁན་ཚོར་སོ་སོའི་འདོད་པ་བཞིན་མཚམས་རེ་སྨོན་ལམ་གསུང་འདོན་དང་། སྒོམ་རྒྱག་པ། ཆོ་ག་བྱེད་པ་སོགས་བྱེད་དགོས་ཀྱང། སྤྱིར་བཏང་ནས་བཤད་ན། ཤེས་ཡོན་གྱི་རིམ་པ་རྐྱང་པའི་ཐོག་ནས་ནང་པའི་ཚན་རིག་དང་སེམས་ཀྱི་ཐད་ལ་ནང་ཆོས་ནས་གསུང་པའི་གནད་ལ་གཙོ་བོར་ཤུགས་བརྒྱབ་སྟེ་སློབ་གཉེར་བྱེད་ན། ཕན་ཐོགས་ཆེན་པོ་ཡོད། སློབ་གཉེར་བྱེད་མི་རྣམས་སྡེ་ཚན་གཉིས་སུ་དབྱེ་ན་ཆོག །ནང་པ་དང་ནང་པ་མིན་པ་གཉིས་ལ་སེམས་དང་། སེམས་ཚོར། ཡང་ན་ངས་སེམས་ཚོར་གྱི་ས་ཁྲ་ཞེས་བརྗོད་བཞིན་པའི་སེམས་ཀྱི་ས་ཁྲ་སོགས་ཀྱི་ཐད་ལ་སློབ་སྦྱོང་སྤྲོད་དགོས། 

ཉོན་མོངས་ལ་གདོང་ལེན་ཆེད་དང་པོ་ང་ཚོས་སེམས་ཚོར་དང་སེམས་ཀྱི་སྐོར་ལ་མཐའ་ཡས་པའི་གནས་ཚུལ་ཆ་ཚང་ཡིད་ལ་འཆར་ཐུབ་པ་བྱེད་དགོས། ངའི་བསམ་པར། གནད་དོན་དེ་དག་གི་ཐད་དེང་དུས་ཚན་རིག་པ་རྣམས་བྱང་ཆུབ་པ་མེད་ཅིང་། སེམས་ཀྱི་ཚན་རིག་ནི་དེ་ཙམ་ཡར་ཐོན་ཕྱིན་མེད། དེར་བརྟེན་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་རྣམས་བེད་སྤྱོད་ཤིན་ཏུ་ཆེ།

དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་པ།

ང་ཚོ་ནང་པ་ཚོར་མཚོན་ན། རྒྱུན་དུ་ངས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས་ཞེས་བརྗོད་ཀྱི་ཡོད། དེ་ཟེར་དུས་ང་ཚོས་སྨོན་ལམ་འདེབས་པ་དང་སྒོམ་སྒྲུབ་བྱེད་པ་ཐམས་ཅད་ནང་པའི་རྣམ་གཞག་མཐར་ཕྱིན་པ་ཤེས་ནས་ཉམས་ལེན་བྱེད་དགོས་པའི་དོན་ཡིན། སློབ་སྦྱོང་བྱེད་རྒྱུ་དང་སྒོམ་སྒྲུབ་བྱེད་རྒྱུ་ཤིན་ཏུ་གནད་ཆེ། འོན་ཀྱང་སྒོམ་གྱི་རྒྱུ་ཆ་ངོ་མ་དེ་སློབ་སྦྱོང་ཡིན་པས། སློབ་སྦྱོང་ནི་ཧ་ཅང་གལ་འགངས་ཆེན་པོ་རེད། ང་ཚོའི་བསྟི་གནས་འདྲ་མིན་ཡོད་པ་རྣམས་ཀྱིས་ནང་པའི་རྣམ་གཞག་ཡོངས་སུ་རྫོགས་པ་ངོ་སྤྲོད་བྱ་ཐབས་གནང་དགོས། 

བརྙན་པར། དགེ་བཤེས་བཀྲ་ཤིས་ཚེ་རིང་། “ནུབ་ཕྱོགས་སུ་ནང་ཆོས་སློབ་ཁྲིད།” 

ཨ་རིའི་ནང་ཐེངས་གཅིག་ཚོགས་འདུ་ཞིག་གི་རྗེས་ང་རང་ཉིན་དགུང་གི་ཁ་ལག་བཟའ་བའི་སྐབས་ཨ་རིའི་བུད་མེད་ཅིག་གིས། ངས་བོད་བརྒྱུད་ནང་བསྟན་ནི་ནཱ་ལནྜའི་སྲོལ་རྒྱུན་འཛིན་མཁན་ཞིག་ཡིན་ཅེས་བརྗོད་སྐབས། བཀའ་རྒྱུད་དང་ས་སྐྱ་པ་འགའ་ཞིག་གིས་མོས་མཐུན་བྱེད་ཀྱི་མི་འདུག་ཅེས་བཤད་བྱུང་། སྐབས་དེ་ག་རང་ལ་ངས་རྩོད་པའམ་གསལ་བཤད་གང་ཡང་བྱས་མེད། འོན་ཀྱང་དོན་དངོས་སུ་ས་སྐྱ་ནི་ཝི་རུ་པའི་རྗེས་འཇུག་ཡིན་ཅིང་། ཁོང་ནི་ནཱ་ལནྜའི་སློབ་དཔོན་རྩེ་གྲས་ཤིག་ཡིན། ཁོང་སློབ་གཉེར་མཛད་པ་དང་མཁས་པར་གྱུར་ནས་ནང་ཆོས་སློབ་ཁྲིད་གནང་སྐབས། མཚན་ལ་གནས་བརྟན་ཆོས་སྐྱོང་ངམ་དྷརྨ་་པཱ་ལ་ཞེས་ཞུ་གི་ཡོད། སློབ་དཔོན་ཝེན་ཚེག་གིས་བརྩམས་པའི་མདོ་དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེར་འགྲེལ་བའི་ནང་གནས་བརྟན་ཆོས་སྐྱོང་གི་ལུང་འདྲེན་ཧ་ཅང་མང་པོ་གནང་ཡོད་པ་དང་། ཕྱིས་སུ་ཁོང་གི་མཚན་ལ་ཝི་རུ་པ་ཞེས་སུ་གྲགས་པ་རེད། དེར་བརྟེན་ས་སྐྱའི་སྲོལ་རྒྱུན་དེ་ལས་བྱུང་ཞིང་། ཝི་རུ་པ་ཁོ་རང་ཡང་དཔལ་ནཱ་ལནྜའི་སློབ་དཔོན་ཆེན་པོ་ཞིག་རེད། དེ་ནས་བཀའ་རྒྱུད་ལ་མཚོན་ན། མར་པ་ལོ་ཙཱ་བ་དང་། རྗེ་བཙུན་མི་ལ་རས་པ། སྒམ་པོ་པ་བཅས་ལས་བྱུང་། མར་པའི་སློབ་དཔོན་གཙོ་བོ་ནི་ནཱ་རོ་པ་ཡིན་ཅིང་། ཁོང་ནི་ནཱ་ལནྜའི་མཁས་པ་ཆེན་པོ་ཞིག་ཡིན།

ཆོས་བརྒྱུད་འདྲ་མིན་དབར་ཕྱོགས་རིས་དང་མཐུན་སྒྲིལ།

ངའི་བསམ་པར། གནད་དོན་དེ་དག་གི་ཐད་ཤེས་རྟོགས་གསལ་པོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག །དེ་མིན་ས་སྐྱའི་ཆོས་བརྒྱུད་རང་བཟོ་བྱས་ཤིང་རྒྱུད་པ་དང་འབྲེལ་བ་མེད་པར་བསམ་བློ་འཁོར་སྲིད། དེ་ག་ནང་བཞིན་དགེ་ལུགས་པའམ་བཀའ་གདམས་པའང་དེ་ལྟར་རེད། དེ་དག་ཚང་མ་ཆེ་ཆུང་ལ་མ་ལྟོས་པར་སོ་སོར་རང་དབང་ཡོད། འོན་ཀྱང་ང་ཚོ་དང་ཁོང་ཚོ་ཞེས་འབོད་སྐབས། ཕྱོགས་རིས་ཀྱི་གནས་སྟངས་ཡོང་ཞིང་། བཀྲ་མི་ཤིས་པ་ཤ་སྟག་ཡོང་གི་ཡོད། དེར་བརྟེན་ང་ཚོས་ཕྱོགས་རིས་རྩ་བ་ནས་སྤོང་དགོས། བོད་བརྒྱུད་ནང་བསྟན་ནི་སངས་རྒྱས་ཀྱི་བསྟན་པ་ཆ་ཚང་ཤོས་ཤིག་དང་ནང་པའི་སྲོལ་རྒྱུན་ཕྱུག་ཤོས་ཤིག་ཡིན་པ་ངས་ཤེས་རྟོགས་བྱུང་། དེ་ལ་དོགས་པ་ཅི་ཡང་མེད། 

དེ་བཞིན་བོད་ཀྱི་སྐད་ཡིག་ཀྱང་ཧ་ཅང་གལ་ཆེན་པོ་ཡིན། གང་ཡིན་ཞེ་ན། ནཱ་ལནྜའི་སྲོལ་རྒྱུན་གྱི་ལྟ་གྲུབ་དྲི་མ་མེད་པ་དེ་ཞིབ་ཚགས་པོའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་མཁན་ཡག་ཤོས་དེ་བོད་ཡིག་ཡིན། ཁྱེད་རང་ཚོས་མཁྱེན་གསལ་ལྟར་དེང་སྐབས་སྐད་སྒྱུར་བ་ཡག་པོ་མང་པོ་ཡོད། ང་ལས་ཡག་ག་ཁྱེད་རང་ཚོས་མཁྱེན་གསལ་རེད། སྲོལ་རྒྱུན་ཕྱུག་པོ་འདི་ལ་དེང་སང་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། བྱས་ཙང་། དུས་ཚོད་འདི་འདྲའི་སྐབས། བོད་བརྒྱུད་ནང་པའི་ཉམས་ལེན་པ་ཚང་མས་ངེས་པར་དུ་མཐུན་སྒྲིལ་ཡོང་ཆེད་བསམ་བློ་ཡག་པོ་གཏོང་དགོས། འབྲེལ་མཐུན་དམ་ཟབ་ནི་ཧ་ཅང་དགོས་གལ་ཆེ། ཕྱོགས་རིས་ལམ་ལུགས་ནི་དོན་དངོས་སུ་ཆོ་མེད་པ་དང་དངོས་པོའི་གནས་ལུགས་ལ་གོ་རྟོགས་མེད་པའི་རྟགས་རེད། མཚམས་རེ་ཕྱོགས་རིས་ལམ་ལུགས་དེ་ཆོས་ལུགས་སོ་སོའི་ཞྭ་མོའི་ཁ་མདོག་མི་འདྲ་བའི་རྐྱེན་གྱིས་བཟོས་པར་བསམ་གྱི་འདུག །ང་ཚོར་ཞྭ་མོ་དམར་པོ་དང་། སེར་པོ། ནག་པོ། དཀར་པོ་བཅས་ཡོད། ད་ལྟ་བར་དུ་ཞྭ་མོ་ལྗང་ཁུ་མེད། སྣོད་བཅུད་རྟེན་འབྲེལ་རིག་པ་མཚོན་ཆེད་ངས་ཞྭ་མོ་ལྗང་ཁུ་ཞིག་བཟོས་ན་འགྲིགས། (ཚང་མ་གད་མོ་ཤོར་) བྱས་ཙང་། དེ་དག་ཚང་མ་བྱབ་ཆུང་དང་སེམས་གུ་དོག་པོ། ཁྱོན་ཡོངས་ཀྱི་གནས་ཚུལ་མ་ཤེས་པའི་སྐྱོན་རེད། ལྷག་པར་དུ་ད་ལྟའི་གནས་སྟངས་ཛ་དྲག་པའི་སྐབས་གནས་ཚུལ་བྱབ་ཆུང་དེ་འདྲ་ཡོང་གི་འདུག

དེར་བརྟེན་གཟབ་གཟབ་བྱེད་དགོས། དེ་ནི་ངས་གང་བཤད་འདོད་པ་དེ་ཡིན། དེ་རིང་ཆར་པ་བཏང་ནས་གནམ་གཤིས་ཡག་པོ་མི་འདུག །ང་ཚོ་གནམ་གྲུའི་ནང་འཛུལ་རྗེས་ཧ་ལམ་ཆུ་ཚོད་གཅིག་ཙམ་སྒུག་དགོས་བྱུང་། འོན་ཀྱང་མཐའ་མར་དཀོན་མཆོག་གི་དྲིན་ལ་བརྟེན་ནས་ང་ཚོ་འདིར་སླེབས་ཐུབ་པ་རེད།། (གད་མོས་ཁེངས།)

Top