ཆོས་ལུཌ་རིས་མེད་ཐོག་སྤྲུལ་སྐུའི་ཚོཌ་འདུ།

ཚོགས་ཆེན་དེ་བཞིན་༸གོང་ས་མཆོག་གི་ཐུགས་དགོངས་བཞིན་སྐོང་འཚོགས་དང་། དྷ་ས་ཆོས་རིག་ལས་ཁུངས་དང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་གོ་སྒྲིག་ཞུས། ས་དགེ་བཀའ་རྙིང་གི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་སྤྲུལ་སྐུ་དང་མཁན་པོ་སུམ་བརྒྱ་ལྔ་བཅུའི་ཡས་མས་ཤིག་གིས་ཚོགས་བཅར་གནང་ཡོད། ཕྱི་རྒྱལ་གྱི་ཟུར་ཉན་རྟོག་ཞིབ་པ་ཁག་ཅིག་ཀྱང་མགྲོན་འབོད་ཞུས་ཡོད་པ་རེད། ཚོགས་ཆེན་འདིའི་གྲོས་གཞི་ནི། རྒྱ་གར་གྱི་ཉེ་བའི་གླིང་ཆེན་དང་། བོད། དེ་བཞིན་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་གི་ནང་དུ་མ་འོངས་བོད་ཀྱི་ཆོས་ལུགས་ཁག་གི་སྐོར་དང་། ཚན་རིག་དང་ཕྱི་རྒྱལ་གྱི་ཆོས་ལུགས་ཁག་དང་འབྲེལ་ལམ་བཅས་ཀྱི་ཐོག་བགྲོ་གླེང་བྱེད་རྒྱུ་དེ་ཡིན་པ་རེད།

ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པའི་ཐོག་ནས་བོད་ཀྱི་ཆོས་ལུགས་ཁག་གི་སྲོལ་རྒྱུན་དང་། བརྒྱུད་པ། རིག་གཞུང་གི་རྣམ་པ་བཅས་ཡོངས་རྫོགས་སྲུང་སྐྱོབ་དང་ལྷག་པར་དུ་མ་འོངས་བོད་ཀྱི་ཆེད་དུ་སྲུང་སྐྱོབ་བྱེད་རྒྱུ་ནི་ཚོགས་ཆེན་གྱི་སྙིང་དོན་གཙོ་བོ་ཆགས་ཡོད། ཚོགས་འདུའི་ཐོག་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་མོས་ཀྱིས་དབུ་ཁྲིད་ལ་བསྐྱར་དུ་གཏན་ལ་ཕབ་པ་དང་། ཁོང་ལ་མུ་མཐུད་ནས་བོད་མིའི་དབུ་ཁྲིད་དང་བོད་མི་ཡོངས་ཀྱི་བདེ་དོན་སྤྱི་དང། ལྷག་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སྲིད་དོན་གྱི་གྲོས་མོལ་ཐད་ཐུགས་འགན་རྒྱུན་འཁྱོངས་གནང་རྒྱུར་རེ་སྐུལ་ཞུས་པ་རེད།

ཚོགས་བཅར་བ་མང་པོས་དགོངས་འཆར་འདྲ་མིན་གནང་བ་ལས་སྤྱིའི་ཚོགས་ཐེངས་གསུམ་དང་སྡེ་ཚན་ཆུང་ངུ་གསུམ་དུ་དབྱེ་བའི་ཚོགས་ཆུང་ཁག་དྲུག་གིས་ཚོགས་ཐུན་གཉིས་ཀྱི་ནང་འབུལ་ལམ་ཞུས་ཁག་གཤམ་གསལ།

  • སྟོང་ཉེན་ཆེ་བའི་བརྒྱུད་པའམ། རིག་གཞུང་གི་རྣམ་པ་ཅི་ཞིག་ཡིན་ནའང་དེ་དག་སྲུང་སྐྱོབ་སླད་ཚང་མས་ནུས་ཤུགས་དང་ཁུངས་རྩ་གཅིག་ཏུ་སྒྲིལ་དགོས།
  • ནང་པའི་ཆོས་བརྒྱུད་ཚང་མའི་དགོན་སྡེ་ཁག་དང་ད་དུང་ཕྱི་རྒྱལ་ནང་པའི་ཆོས་ཚོགས་ཁག་ལ་རྒྱ་གར་གྱི་ཁུངས་ལྡན་གཞུང་གི་འགྱུར་འདེམ་སྒྲུག་བྱས་པའི་སྨོན་ལམ་གསོལ་འདེབས་ཐུན་མོང་བ་ཞིག་དགོས། དེ་ལྟ་བས་ན་ཚང་མ་ནང་པ་ཡིན་པའི་ཆིག་སྒྲིལ་གྱི་འདུ་ཤེས་ཤིག་ཡོང་བ་ཡིན། དེའི་ཐོག་སོ་སོའི་ཆོ་ག་ཕྱག་ལེན་ཁྱད་པར་བ་རྣམས་ཡོད་ན་ཆོག
  • རྒྱན་གྱིས་སྤྲས་པའི་ལྷ་ཁང་དང་ཐོག་བརྩེགས་སོགས་ཕྱིའི་ཡར་རྒྱས་ལ་དོ་གལ་ཆུང་ཙམ་དང་ནང་སྒོམ་སྒྲུབ་ཉམས་ལེན་སོགས་ཀྱི་ཡར་རྒྱས་ལ་དོ་གལ་ཆེ་ཙམ་དགོས།
  • དགོན་སྡེའི་སྡོམ་ཁྲིམས་གཙང་དུ་གཏོང་བ་དང། སོ་སོས་ཁས་བླངས་པའི་བསླབ་སྡོམ་ལ་གཞིགས་ནས་དེ་དང་མཐུན་པའི་གྱོན་ཆས་ན་བཟའི་རིགས་མི་འདྲ་བ་དགོས་པ་ཡིན། དེ་ལྟར་བྱུང་ཚེ། དཔེར་ན། དགེ་བསྙེན་གྱི་སྡོམ་པ་ཡོད་པའི་ཁྱིམ་འཛིན་བླ་མས་དགེ་ཚུལ་སློང་གྱི་སྡོམ་པ་ལྡན་པའི་སེར་མོ་བའི་གྲྭ་ཆས་མི་གྱོན་པ་ལྟ་བུ།
  • དགོན་སྡེ་ཁག་ལ་སློབ་སྦྱོང་སྤྲད་པ་ཙམ་མ་ཟད། ནང་ཆོས་དང་། གཡུང་དྲུང་བོན། བོད་ཀྱི་རིག་གཞུང་གི་རྣམ་པ་ལྡན་པའི་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་སྐྱ་བོ་རྣམས་ལའང་སློབ་སྦྱོང་སྤྲོད་རྒྱུར་དོ་གལ་ཆེ་བ་སྤྲོད་དགོས།
  • ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་ནང་ཆོས་ཀྱི་ཤེས་ཡོན་དང་གསུང་ཆོས་གནང་བཞིན་པ་ལས་ལྷག་པ་བོད་ནང་དུ་ནུས་པ་འདོན་དགོས། དཔེ་ཁྲིད་གནང་མཁན་དྲག་གྲས་རྣམས་ཕྱི་རྒྱལ་ལ་མ་བཏང་བར། ཁོང་རྣམ་པའི་དོ་སྣང་གཙོ་བོ་དེ་རྒྱ་གར་དང་། བལ་ཡུལ། འབྲུག་བཅས་ཀྱི་ནང་དུ་ཡོད་པའི་དགོན་སྡེ་ཁག་ཏུ་དཔེ་ཁྲིད་གནང་རྒྱུར་སླེབས་ཐུབ་པ་བྱས་ནས་མ་འོངས་པའི་ནང་ཆོས་དང་བོན་ངེས་བརྟན་བཟོ་དགོས།
  • ཆོས་རིག་ལས་ཁུངས་ཀྱི་ལྟ་རྟོག་འོག་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་བླ་མ་དགེ་བཤེས་རྣམས་ཕེབས་པ་དང་གཏོང་བའི་ཐད་སྟངས་འཛིན་ཆེ་རུ་གཏོང་དགོས། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་རྨང་གཞིའི་གསུང་ཆོས་གནང་རྒྱུར་དོ་གལ་ཆེ་བ་སྤྲོད་དགོས་པ་དང། ལས་དང་པོ་བའི་ཕྱི་རྒྱལ་བ་རྣམས་ལ་ཚད་མཐོ་བའི་གསང་སྔགས་ཀྱི་དབང་དང་གསུང་ཆོས་གནང་རྒྱུར་བཀག་འགོག་དང་ཚོད་འཛིན་མང་ཙམ་གནང་དགོས།
  • ཆོས་ལུགས་འཐེན་འཁྱེར་འགོག་ཐབས་ལེགས་ཤོས་ནི་ཤེས་ཡོན་ཡིན། དེར་བརྟེན། ནང་པ་དང་ཡི་ཤུའི་དགོན་སྡེ་ཁག་གི་དབར་མཛད་འཆར་སྤེལ་རེས་བྱེད་ཀྱི་ཡོད་པ་བཞིན་དུ་བོད་པའི་ཆོས་ལུགས་ཁག་ལྔའི་གྲྭ་བཙུན་གྱི་དབུས་སུ་དེ་འདྲ་བའི་མཛད་འཆར་སྤེལ་རེས་དགོས།
  • བོད་ཀྱི་སྲིད་པའི་དཔལ་ཡོན་གྱི་གནའ་བོའི་ཡུལ་སྲོལ་གོམས་གཤིས་དང་ཐུན་མིན་ཁྱད་ཆོས་ངོས་འཛིན་ཡོང་སླད་གཡུང་དྲུང་བོན་གྱི་ཆོས་ལ་དཔྱད་ཞིབ་དང་དོ་སྣང་མང་ཙམ་བྱེད་དགོས། དེས་བོད་ཀྱི་སྲིད་པའི་དཔལ་ཡོན་དེ་བཞིན་རྒྱ་ནག་ལས་གསར་སྐྱེས་བྱུང་བའི་ཡན་ལག་ལྟ་བུ་ཞིག་དང་རྒྱ་གར་ནས་ཤན་ཞུགས་པ་ཙམ་ཡིན་པའི་རྒྱ་དམར་གྱི་འབད་རྩོལ་ལ་ཡ་ལན་སློག་རྒྱུར་ཕན།
  • བོད་ཀྱི་རྩོམ་རིག་གི་སྲོལ་ལུགས་སྲུང་སྐྱོབ་དང་བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་ཚད་གཞི་ཡར་རྒྱས་ཐོག་ནུས་ཤུགས་འདོན་དགོས།
  • ཚན་རིག་དང་ཕྱི་རྒྱལ་གྱི་ཆོས་ལུགས་དང་ལྟ་གྲུབ་ཀྱི་དཔེ་དེབ་སྟབས་བདེ་རྣམས་བོད་སྒྱུར་གྱིས་དགོན་སྡེ་དང་སློབ་གྲྭ་ཁག་ཏུ་སློབ་ཁྲིད་བྱས་ཏེ། དེང་དུས་ཕྱི་རྒྱལ་ཀྱི་ལྟ་བ་རྣམས་དང་གྲོས་མོལ་བྱེད་རྒྱུར་རྨང་གཞི་འདིང་དགོས་པ་ཡིན།
  • གྲྭ་བཙུན་རྣམས་ཀྱི་དགོན་པའི་ནང་གི་བཤད་སྒྲུབ་ཐོག་ཏུ་དེང་དུས་ཤེས་ཡོན་བསྣན་དགོས།
  • སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ནི་བདེན་པ་བཞི་དང་བདེན་པ་གཉིས་ཡིན་ཞིང་། དེ་ལྟ་ནའང་གསུང་རབ་ཁག་ལས་ཐབས་ཤེས་ཟུང་དུ་འབྲེལ་བའི་ཐོག་ནས་ཕྱིའི་སྣོད་འཇིག་རྟེན་གྱི་བཀོད་པའི་འགྲེལ་བཤད་བསྟན་པ་དེ་ནི་ད་ལྟའི་སྐབས་ཀྱི་གནའ་བོའི་རྒྱ་གར་ཇི་འདྲ་ཡོད་མེད་ཀྱི་ཡིད་ཆེས་དང་ལྷན་དུ་ཞི་མཐུན་དུ་གནས། དེར་བརྟེན། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་དེ་བཞིན་དེང་དུས་ཚན་རིག་དང་ས་བཤད་རིག་པའི་རྣམ་གཞག་དང་ལྷན་དུ་གཞི་མཐུན་དུ་གནས་རྒྱུར་དཔྱད་ཞིབ་ཀྱི་གོམ་པ་འགའ་མདུན་དུ་སྤོ་དགོས་པ་དང་ཆབས་ཅིག་ད་ལྟ་འཛིན་བཞིན་པའི་རྣམ་གཞག་ལ་མ་འོངས་པར་འགྱུར་བ་ཡོང་སྲིད་པ་སེམས་ལ་གཟུང་དགོས།

ཚོགས་བཅར་བ་རྣམས་ནས་དེ་ལས་ལྷག་པའི་གྲོས་འཆར་མང་པོ་བཏོན་ཡོད། དེ་རྣམས་ཕྱོགས་སྒྲིག་དང། ཚོགས་ཆེན་ནས་གཞུང་འབྲེལ་གསལ་བསྒྲགས་གང་ཡང་གནང་མེད་ནའང་། དེའི་ཁྲོད་ནས་དོན་ཚན་འགའ་ཞིག་ལག་བསྟར་བྱ་རྒྱུའི་འབད་རྩོལ་རིམ་བཞིན་བསྟེན་ངེས་ཡིན།

ཚོགས་ཆེན་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་ཞིག་ཡིན་པར་ཚང་མས་ངོས་འཛིན་ཞུས་ཡོད། ཚོགས་ཆེན་དེ་བཞིན་བོད་པའི་ཆོས་ལུགས་ཡོངས་ཀྱི་ཆོས་ལུགས་རིས་མེད་ཀྱི་ཚོགས་ཆེན་ཐེངས་བཞི་པ་ཡིན་ནའང་། དེ་ནི་ཕལ་ཆེར་གཞི་རྒྱ་ཆེ་ཤོས་དེ་ཆཌ་ཡོད་པ་རེད། མ་འོངས་པའི་ནང་དེ་ལྟ་བུའི་ཚོགས་ཆེན་དེ་ལས་མང་བ་འཚོགས་ཐུབ་པའི་རེ་བ་བཅངས་ཡོད་ཅིང། རྗེས་སུ་བོད་ནང་ནས་ཀྱང་སྤྲུལ་སྐུ་གདན་འདྲེན་ཞུ་འཆར་ཡོད། དེ་དང་སྦྲགས་ཆོས་ལུགས་རིས་མེད་ཀྱི་མཉམ་སྦྲེལ་སྙིང་སྟོབས་ཐོག་ནས་གྲོས་འཆར་དེ་རྣམས་ཀྱི་ཐོག་ལས་འགུལ་སྤེལ་རྒྱུར་བོད་ཀྱི་ཆོས་ལུགས་ཁག་སོ་སོའི་འཐུས་མི་ཚོགས་ཆུང་འགའ་ཡོང་ངེས།།

Top