སེར་ཀོང་རིན་པོ་ཆེ་དགོངས་པ་རྫོགས་པ་དང་ཡང་སྲིད་འཁྲུངས་པ།

༧གོང་ས་མཆོག་གི་སྐུ་ཚེར་ཉེན་ཁ་འབྱུང་སྲིད་པ།

སེར་ཀོང་རིན་པོ་ཆེ་དགོངས་པ་རྫོགས་ཚུལ་ནི་ཁོང་གི་སྐུ་ཚེ་ལས་གཟི་བརྗིད་ཆེ་བ་བྱུང་ཡོད། ཕྱི་ལོ་ ༡༩༨༣ ཟླ་བདུན་པའི་ནང་སྤི་ཏི་རྟ་ཕོ་དགོན་དུ་རིན་པོ་ཆེས་༸གོང་ས་མཆོག་ལ་དུས་འཁོར་དབང་ཆེན་ཞིག་དཀའ་དྲིན་བརྩེ་གཟིགས་ཡོང་བར་སྐྱབས་འཇུག་ཞུས་ཏེ་གོ་སྒྲིག་ཞུས། དེ་རྗེས་རིན་པོ་ཆེས་ས་གནས་དགེ་འདུན་པ་རྒན་གྲས་བཀའ་ཆེན་གྲུབ་རྒྱལ་ལགས་སུ། བོད་ཀྱི་སྐར་རྩིས་ལ་གཞིགས་ན། རྩིས་འབྲས་སུ་ད་ལོ་༸གོང་ས་མཆོག་གི་དགུང་ཀེག་ཁེལ་བས། གང་ཉིད་ཀྱི་སྐུ་ཚེར་ཉེན་ཁ་ཡོད། དེར་བརྟེན་བར་ཆད་ཚང་མ་རིན་པོ་ཆེ་མཆོག་སྐུ་སྒེར་གྱི་ཐོག་ལ་འཕོ་འགྱུར་ཞུས་ན་ལེགས་སྐོར་དང་། དེའི་སྐོར་སུ་གཅིག་ལའང་མ་ཤོད་ཨང་ཞེས་གྲྭ་པ་རྒན་པོ་དེ་ལ་གསུངས་གནང་ཡོད།

དེ་རྗེས་རིན་པོ་ཆེས་གཟའ་འཁོར་གསུམ་རིང་སྐུ་མཚམས་དམ་པོར་བཞུགས་པ་དང་། དེ་རྗེས་ཉེ་འཁོར་གྱི་བོད་མིའི་དམག་སྒར་ཞིག་ནང་དམག་མི་ཚོར་སྤྱོད་འཇུག་སློབ་ཁྲིད་གནང་བར་ཕེབས། དེ་གར་སྤྱོད་འཇུག་ཆ་ཚང་ལྷོད་ལྷོད་ངང་དུས་ཚོད་འཕར་འགྱངས་ཐོག་སློབ་ཁྲིད་གནང་རྒྱུ་ཡིན་ཡང་། ཁོང་གིས་སློབ་ཁྲིད་ཧ་ཅང་མགྱོགས་པོ་གནང་བ་དང་། དམིགས་བསལ་ས་ཆ་ཞིག་ལ་ཕེབས་དགོས་གསུངས་ཏེ། འཆར་འགོད་བྱས་པའི་དུས་ཚོད་ལས་ཉིན་ཁ་ཤས་སྔོན་ནས་དམག་སྒར་ལས་ཕེབས་ཐོན་གནང་བ་རེད། དེ་ནི་ཕྱི་ལོ་ ༡༩༨༣ ཟླ་ ༨ ཚེས་ ༢༩ ཡིན་ཞིང་༸གོང་ས་མཆོག་གནམ་གྲུའི་ནང་སུད་སི་ (Switzerland) འཇི་ནི་ཝ་ (Geneva) གྲོང་ཁྱེར་དུ་ཕེབས་པའི་ཉིན་མོ་དེ་ཡིན་པ་དང་། དུས་མཚུངས་པེ་ལི་སི་ཏན་གྱི་བཅིངས་འགྲོལ་ཚོགས་པའི་ (Palestine Liberation Organization) ཚོགས་གཙོ་སྐུ་ཞབས་ཡ་སར་ཨ་ར་ཧྥ་ཊ་ (Yassar Arafat) ཡང་དེ་གར་འབྱོར་འཆར་ཡོད་པ་དང་། ཨ་ར་ཧྥ་ཊར་དམིགས་པའི་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་སྤེལ་སྲིད་པར་ཉེན་རྟོག་པས་བློ་འཚབ་བྱས་ཏེ། ༸གོང་ས་མཆོག་གི་སྐུའི་བདེ་འཇགས་ལ་འགན་ལེན་ཐུབ་པ་མི་འདུག་ཅེས་སྔོན་བརྡ་བཏང་ཡོད་པ་རེད།

༧གོང་ས་མཆོག་གི་སྐུ་ཚེའི་བར་ཆད་རྣམས་རིན་པོ་ཆེ་ཉིད་ཀྱིས་དང་ལེན་གནང་རྒྱུ་གྲ་སྒྲིག

རིན་པོ་ཆེ་དང་ངག་དབང་ལགས་གཉིས་དམག་སྒར་ནས་ཐོན་ཏེ་མྱུར་དུ་སྣུམ་འཁོར་ནང་ཕེབས་ནས་ཁྱུག་ཙམ་རིང་རྟ་ཕོ་དགོན་པར་ཁ་བཀག་ནས། བཀའ་ཆེན་གྲུབ་རྒྱལ་ལགས་མཉམ་དུ་ཕེབས་དགོས་ཞེས་གསུངས་པ་དང་། གྲུབ་རྒྱལ་ལགས་ཀྱིས་གྲྭ་ཆས་ད་ལྟ་འཁྲུས་མ་ཐག་ཡིན་ཞུས་པས། རིན་པོ་ཆེས་གང་ཡང་བྱེད་ཀྱི་མ་རེད། གྲྭ་ཆས་སྣུམ་འཁོར་གྱི་སྟེང་ལ་བསྡམས་ནས་སྐམ་འཇུག །སྨད་གཡོགས་གྱོན་ནས་ཕེབས་ཤོག་གསུངས་པ་དང་། གྲུབ་རྒྱལ་ལགས་ཀྱིས་དེ་དེ་བཞིན་དུ་གནང་ནས་མཉམ་དུ་ཕེབས་པ་རེད།

ཁོང་རྣམས་སྤི་ཏིའི་ལུང་གཤོངས་བུག་ལ་ཕེབས་བཞིན་པའི་ངང་རིན་པོ་ཆེས་ངག་དབང་ལ། ཁོང་གིས་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ཎི་ཡིག་དྲུག་མུ་མཐུད་གསོག་དགོས་པའི་སྐུལ་མ་གནང་གི་ཡོད་ཀྱང་། དེ་ལ་ཁོ་པས་གལ་ཆེན་བརྩིས་ནས་དོ་སྣང་དེ་ཙམ་བྱས་མེད་ཅེས་གསུངས་པ་རེད། དེ་ནི་ཁོང་གི་ཞལ་གྱེས་ཁའི་བསླབ་བྱ་ཡིན་པ་རེད།

དེ་རྗེས་རིན་པོ་ཆེ་མཆོད་འབུལ་གནང་འདོད་ལ་བརྟེན་ནས་ཁོང་རྣམས་དཀྱིལ་དགོན་པར་བཞུགས། ངག་དབང་ལགས་ཀྱིས་ཕྱི་པོ་ཆགས་འདུག །སང་ཉིན་ཞོགས་པ་ཕེབས་ན་བཟང་ཞེས་ཞུས་པར། རིན་པོ་ཆེས་ཨུ་ཚུགས་གནང་། ནམ་རྒྱུན་ཕལ་ཆེ་བར་རིན་པོ་ཆེས་སྐུ་ངལ་ཆེན་པོའི་ངང་ཞབས་ཐང་ལ་དལ་བུར་ཕེབས་ཀྱི་ཡོད། འོན་ཀྱང་སྐབས་དེར་ཅུང་ཟད་མགྱོགས་པོ་ཕེབས་སོང་། དཔེར་ན། ཐེངས་གཅིག་གནམ་གྲུ་འབབ་ཐང་ཞིག་ལ། ང་ཚོ་གནམ་གྲུ་རྗེས་ལུས་ཤོར་གྲབས་བྱེད་སྐབས། རིན་པོ་ཆེས་ཧ་ཅང་མགྱོགས་པོ་ཕེབས་ཏེ། ང་ཚོ་སུ་གཅིག་གིས་ཀྱང་ཁོང་གི་རྗེས་ཟིན་གྱི་མི་འདུག །དེ་བཞིན་ཐེངས་གཅིག་གནས་མཆོག་རྡོ་རྗེ་གདན་དུ་བཀའ་འགྱུར་པོ་ཏི་བརྒྱ་ལྗགས་ཀློག་ཕྱིར་འདུས་ཚོགས་ཧ་ཅང་ཆེན་པོ་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཕེབས་སྐབས། རིན་པོ་ཆེ་༸གོང་ས་མཆོག་གི་སྐུ་དྲུང་དུ་བཞུགས། ང་རང་ཡང་མཉམ་དུ་ཡོད། བཀའ་འགྱུར་ལྗགས་ཀློག་གནང་བཞིན་པའི་སྐབས། རླུང་བུས་༸གོང་ས་མཆོག་གི་ཕྱག་དཔེ་ཤོག་ལྷེ་གཅིག་འཁྱེར་མ་ཐག་རིན་པོ་ཆེས་འཕུར་བ་ལྟར་བཞུགས་ཁྲིའི་སྟེང་ནས་ཡར་བཞེངས་ཏེ་ཕྱག་དཔེ་ཞ་ལའི་སྒང་ནས་ཡར་བླངས་ཏེ་༧གོང་ས་མཆོག་ལ་ཕུལ་སོང། ནམ་རྒྱུན་ཁོང་ཡར་བཞེངས་པར་ཕྱག་རོགས་དགོས་ཀྱི་ཡོད། དེ་བཞིན་སྐབས་དེར་དཀྱིལ་དགོན་པར་ཕེབས་དུས། ཕྱག་རོགས་མི་དགོས་པར་རི་ལམ་གྱི་གྱེན་གཟར་པོ་ཡོད་ནའང་མགྱོགས་པོ་ཕེབས་སོང་།

རིན་པོ་ཆེའི་མཆོད་འབུལ་གྲུབ་རྗེས་དཀྱིལ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་མཚན་གཅིག་དེ་གར་བཞུགས་ཏུ་གསོལ་བར། ཁོང་གིས་ཞལ་བཞེས་མ་གནང་བར། མཚན་དེར་གང་ཉིད་སྐྱིད་བར་གྲོང་གསེབ་ཏུ་འབྱོར་དགོས་པ་དང་། གལ་སྲིད་ང་ཡང་བསྐྱར་ཐུག་འདོད་ན། ཁྱེད་ཚོ་ཡ་གིའི་སྟེང་ལ་འགྲོ་དགོས་ངེས་ཡིན་ཞེས། གང་འབྱུང་རྒྱུ་ཡིན་པའི་ཐད་ལ་གོ་བརྡ་ཞིག་གནང་སྟེ། མྱུར་དུ་དེ་ནས་ཕེབས་སོང་།

རིན་པོ་ཆེ་དང་ཁོང་གི་ཕྱག་རོགས་ས་ཆ་མཐོ་བའི་སྐྱིད་བར་གྲོང་གསེབ་ཏུ་འབྱོར་བ་དང་། ཁོང་གི་ངོ་ཤེས་ཞིང་པ་གཅིག་ཡོད་པ་དེའི་ནང་དུ་ཕེབས། ཞིང་པ་མི་དེས་སྐུ་མགྲོན་ཕེབས་པའི་རེ་བ་མེད་སྟབས་ད་དུང་ཞིང་ལས་བྱེད་བཞིན་ཡོད། དེ་རྗེས་རིན་པོ་ཆེས་ཞིང་པ་དེར་གཟའ་འཁོར་རྗེས་མར་བྲེལ་འཚུབ་འདི་འདྲ་ཡོད་མེད་བཀའ་འདྲི་གནང་སྐབས། ཞིང་པ་དེས་བྲེལ་བ་མེད་ཅེས་ཞུས་ཏེ་ཁོང་ནང་དུ་གདན་དྲངས།

རིན་པོ་ཆེ་ཐུགས་དམ་ངང་དུ་དགོངས་པ་རྫོགས་པའི་ཕྱི་དྲོའི་ཉིན།

དེ་གར་སྐུ་འཁྲུས་གནང་བ་དང་ཞོ་ཕྲན་བུ་བཞེས་རྗེས། རིན་པོ་ཆེས་ངག་ཐོག་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ཞལ་འདོན་ཆ་ཚང་གནང་བར་ཆུ་ཚོད་གཉིས་ཙམ་འགོར། ཞལ་འདོན་གནང་གྲུབ་པ་དང་། ངག་དབང་ལགས་གསུང་འབོད་གནང་སྟེ། ཁོང་སྐུ་གཟུགས་བདེ་མོ་མེད་སྐོར་གསུངས། དེ་ནས་ངག་དབང་ལགས་ཀྱི་དཔུང་པའི་སྟེང་དབུ་བཞག་གནང་སོང་། རིན་པོ་ཆེས་ནམ་རྒྱུན་དེ་འདྲ་རྩ་བ་ནས་གནང་གི་མེད། སྐབས་འདིར་སྔར་བྱུང་བ་ལ་ཕྱི་ལྟས་ཤིག་བྱེད་དུས་ཁོང་གིས་ཞལ་གྱེས་ནས་ཕེབས་རྒྱུ་ཡིན་གསུངས་པར་སྣང་། དེ་དག་ཚང་མ་མ་བྱུང་སྔོན། ཆོས་མཛད་ལགས་ལ་འབྱུང་འགྱུར་གང་འབྱུང་མིན་ཐད་དཔང་པོ་བྱ་རྒྱུར་ཐེ་ཚོམ་མེད་པར་དཀའ་ངལ་འཕྲད་ངེས་ལ་བརྟེན། ཆོས་མཛད་ལགས་སིམ་ལར་བཏང་གནང་བ་རེད། ཆོས་མཛད་ལགས་ནི་ལོ་ངོ་དྲུག་ནས་རིན་པོ་ཆེས་ཁོང་ཉིད་ཀྱི་བུ་ལྟར་བྱམས་ཀྱིས་བསྐྱངས་ཡོད།

སྐབས་དེར་ངག་དབང་ལགས་ཀྱིས་སྨན་པ་གདན་འདྲེན་པའམ། གསོལ་སྨན་འབུལ་བ་གང་ལེགས་སྐོར་བཀའ་འདྲི་གནང་བར། རིན་པོ་ཆེས་མི་དགོས་ཞེས་གསུངས། དེ་ནས་ངག་དབང་ལགས་ཀྱིས་གང་བྱ་དགོས་མིན་ལམ་སྟོན་ཞུས་པས། རིན་པོ་ཆེས་ཆབ་གསང་ལ་ཕེབས་དུས་རོགས་པ་དགོས་ཞེས་གསུངས་པ་ལྟར་ངག་དབང་ལགས་ནས་དེ་ལྟར་བྱས་སོང། དེ་ནས་རིན་པོ་ཆེས་གཟིམས་ཆས་གྲ་སྒྲིག་བྱོས་ཞེས་གསུངས་པ་དང་། རྒྱུན་དུ་གཟིམ་སའི་གཟིམས་ཁྲིའི་ཐོག་གི་རས་སེར་པོ་དེའི་ཚབ་ལ་དཀར་པོ་གཅིག་འདིང་རོགས་ཞེས་གསུངས། གསང་སྔགས་ཀྱི་ཉམས་ལེན་སྐབས། སེར་པོ་ནི་གཞན་དོན་སྒྲུབ་པའི་ནུས་པ་གོང་མཐོར་གཏོང་ཆེད་ཆོ་གའི་ཕྱིར་སྤྱོད་པ་དང་། དཀར་པོ་ནི་བར་ཆད་ཐམས་ཅད་ཞི་བར་བྱེད་པའི་ཆེད་དུ་ཡིན་པ་རེད།

དེ་རྗེས་རིན་པོ་ཆེས་ངག་དབང་དང་བཀའ་ཆེན་གྲུབ་རྒྱལ་གཉིས་གཟིམ་ཁང་དུ་གསུང་འབོད་གནང་བས་ཁོང་གཉིས་དེར་བཅར། དེ་ནས་ཁོང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་གཟིམ་ལུགས་ལྟར། སྐུ་གཟུགས་ཀྱི་གཞོགས་གཡས་ས་ལ་ཕབ་ནས་གཟིམས། ཕྱག་གཡས་ཞལ་སྐྱོར་བ་དང་ཕྱག་གཡོན་དེའི་ཕྱོགས་སུ་འཇོག་པའི་རྒྱུན་ལྡན་གཟིམ་ལུགས་ཀྱི་སྐུ་ལུས་སྟངས་ཀའི་ཚབ་ལ། ཕྱག་གཉིས་སྔགས་ལུགས་ཀྱི་འཁྱུད་པའི་རྣམ་པ་བཞིན་གསལ་པོར་མངོན་པའི་ཐོག་ནས་གཏོང་ལེན་སྒོམ་པའི་ཚུལ་དུ་དགོངས་པ་ཆོས་དབྱིངས་སུ་ཐིམས། སྐབས་དེར་ཁོང་དགུང་གྲངས་ ༦༩ ཡིན་ཞིང་། ངས་ཟླ་བ་གཉིས་ཀྱི་སྔོན་ཁོང་ལྡི་ལིར་སྨན་ཁང་དུ་སྐུ་གཟུགས་ལ་བརྟག་དཔྱད་གནང་བར་གདན་འདྲེན་ཞུས་པ་ཡིན་པས། སྐུ་གཟུགས་ཀྱི་འཕྲོད་བསྟེན་ཧ་ཅང་ཡག་པོ་ཡོད།

དེ་འདྲའི་སྐབས་སུ་༸གོང་ས་མཆོག་ཏག་ཏག་གནམ་གྲུའི་ནང་འཇི་ནི་ཝ་ལ་ཕེབས་བཞིན་པ་དང་། ཚོགས་གཙོ་ཨ་ར་ཧྥ་ཊའི་སེམས་པ་གློ་བུར་དུ་བསྒྱུར་ནས་སུད་སིར་ཕེབས་རྒྱུ་ཕྱིར་འཐེན་བྱས། དེར་བརྟེན་གནམ་གྲུ་འབབ་ཐང་དུ་དྲག་སྤྱོད་དང་འཇིགས་སྐུལ་གྱི་ཉེན་ཁ་མེད་པར་གྱུར། མ་གཞི་༸གོང་ས་མཆོག་གི་སྐུ་ཚེ་ལ་ཉེན་ཁ་དེ་མེད་པར་གྱུར་ནའང་། ད་དུང་གནམ་ཐང་ནས་གསོལ་མགྲོན་ཁང་ལ་ཕེབས་སྐབས་ཁོང་གི་ཆིབས་འཁོར་ལམ་ནོར་ཐེབས། འོན་ཀྱང་༸གོང་ས་མཆོག་གི་སྐུ་ལ་གནོད་པའི་མཚན་མ་ཅི་ཡང་མ་བྱུང་། སེར་ཀོང་རིན་པོ་ཆེས་ལམ་ལྷོང་ཆེན་པོས་༸གོང་ས་མཆོག་གི་སྐུ་ཚེའི་བར་ཆད་བདག་གིར་བཞེས་ཏེ་ཉིད་ཀྱི་སྐུ་ཚེ་བཏང་ཡོད།

བར་ཆད་རྣམས་བདག་གིར་བཞེས་པའི་ཆེད་གཏོང་ལེན་གྱི་ཉམས་ལེན་གནང་ཚུལ།

གཏོང་ལེན་ནི་གཞན་གྱི་སྡུག་བསྔལ་བདག་གིར་ལེན་པ་དང་རང་གི་བདེ་བ་གཞན་ལ་སྦྱིན་པར་བྱེད་པའི་ཚད་མཐོ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལམ་ཞིག་ཡིན། རིན་པོ་ཆེས་ཉམས་ལེན་འདི་ག་དུས་འཁྲིད་ཀྱང་། ང་ཚོས་ཐ་ན་རང་སྲོག་འདོར་དགོས་བྱུང་ཀྱང་གཞན་གྱི་སྡུག་བསྔལ་རང་སྟེང་དུ་ལེན་རྒྱུའི་འདོད་པ་དགོས། ཁུ་ནུ་བླ་མ་རིན་པོ་ཆེ་བཞུགས་སའི་རྫོང་དེ་གའི་ཡུལ་མི་ཞིག་གིས་མི་གཞན་ཞིག་གི་མགོའི་ན་ཚ་བླངས་ཏེ་མཐར་ཁོ་རང་འདས་གྲོངས་སུ་གྱུར་བའི་ལོ་རྒྱུས་ཁུ་ནུ་རིན་པོ་ཆེས་གསུངས་པའི་དཔེ་དེ་སེར་ཀོང་རིན་པོ་ཆེས་རྟག་ཏུ་ལུང་འདྲེན་གནང་གི་ཡོད། ང་ཚོས་རིན་པོ་ཆེ་ལ་གལ་སྲིད་ཁྱེད་རང་ཉིད་ཀྱིས་དེ་ལྟར་གནང་ན། འཕྲོ་བརླག་མ་ཡིན་ནམ་ཞེས་བཀའ་འདྲི་ཞུ་སྐབས། རིན་པོ་ཆེས་འཕྲོ་བརླག་མ་རེད། དེ་ནི་མཁའ་དབྱིངས་འཕུར་སྐྱོད་པ་ཞིག་གིས་འཛམ་བུ་གླིང་གི་ཡར་རྒྱས་ཆེད་རང་གི་ཚེ་སྲོག་བློས་གཏོང་བྱས་པ་དང་འདྲ་བ་ཡིན་ཞེས་འགྲེལ་བརྗོད་གནང་གི་རེད། སྙིང་སྟོབས་ཅན་གྱི་མཁའ་དབྱིངས་འཕུར་སྐྱོད་པ་ཞིག་གི་སྙན་གྲགས་དང་དཔེ་མཚོན་ལ་བརྟེན་ནས་རང་གི་ནང་མིར་སྲིད་གཞུང་ནས་ལས་ཡོལ་གྱི་ཕོགས་སམ་གསོལ་རས་འདང་ངེས་བཞིན་པ་ཐོབ་པ་བཞིན་དུ། སྙིང་སྟོབས་ཅན་གྱི་བླ་མ་ཞིག་གིས་རང་གིས་ཚེ་སྲོག་བློས་གཏོང་བྱས་པའི་དཔེས་རང་གི་རྗེས་སུ་ལུས་པའི་དགེ་ཕྲུག་རྣམས་ལ་མིག་དཔེ་བཟང་པོ་བསྟན་ནས་བློ་སྟོབས་ཇེ་ཆེར་འཕེལ་ངེས་ཡིན་ཞེས་གསུངས།

ཐུགས་དམ་ཉིན་གསུམ་གྱི་རིང་བཞུགས་ཚུལ།

སེར་ཀོང་རིན་པོ་ཆེ་མཆོག་སྐུ་མྱ་ངན་ལས་འདས་རྗེས་འོད་གསལ་གྱི་སྒང་ལ་ཐུགས་དམ་ཉིན་གསུམ་བཞུགས་པ་དང་། སྤྱིར་བཏང་སྐུ་སྐྱེ་ཕྱི་མར་ཁ་ལོ་སྒྱུར་ཐུབ་མཁན་གྱི་སྐྱེ་བོ་དམ་པ་རྣམས་ཀྱིས་རང་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ཕེབས་ཕྱིར་མཛད་པ་འཕྲིན་ལས་ཀྱི་ཆ་ཤས་སུ་ཐུགས་དམ་ལ་བཞུགས་ཀྱི་ཡོད། ཐུགས་དམ་ལ་བཞུགས་པའི་སྐབས། དབུགས་འབྱིན་རྔུབ་ཀྱི་བྱ་བ་འགག་ཟིན་ནའང་། སྙིང་དྲོན་མོར་སྐུ་གཟུགས་ལ་རུལ་སྐྱོན་གྱི་དྲི་མས་མ་གོས་པར་བཞུགས་ཀྱི་ཡོད། ནམ་རྒྱུན་རྟོགས་ལྡན་བླ་མ་རྣམས་ཀྱིས་ཐུགས་དམ་ལ་ཉིན་ཤས་བཞུགས་རྗེས། དབུ་ཐུར་ལ་ཕབ་པ་དང་ཤངས་ནས་ཁྲག་ཕྱུང་སྟེ། གང་གི་རྣམ་ཤེས་སྐུ་གཟུགས་ལས་གཞན་དུ་འཕོ་བ་སྟོན་གྱི་ཡོད།

སེར་ཀོང་རིན་པོ་ཆེ་ཐུགས་དམ་ལ་གྲོལ་རྗེས། ནམ་མཁར་འཇའ་ཤར་བ་དང། སྐུ་ཕུང་ཞུགས་འབུལ་གནང་གཏན་འཁེལ་བའི་རི་སྟོང་དེའི་སྟེང་ཡ་མཚན་ཆེ་བའི་འོད་འཕྲོས་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་རྟགས་དང་མཚན་མ་མང་པོ་ཞིག་བྱུང་བ་རེད། སྐབས་དེར་བཞུགས་སྒར་དྷ་སའི་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་སྐུ་ཕུང་ཞུགས་འབུལ་གྱི་མཆོད་འབུལ་གནང་བར་ཕེབས་རྒྱུར་མི་རྣམས་ཀྱིས་བརྡ་ལན་བསྐུར་ཡོད་ནའང་། དགེ་འདུན་པ་རྣམས་དུས་ཐོག་ཏུ་ཕེབས་འབྱོར་ཐུབ་མེད། དེར་བརྟེན་ཕལ་ཆེར་རིན་པོ་ཆེའི་ཐུགས་དགོངས་ཇི་བཞིན། སྤི་ཏིའི་དགེ་འདུན་པ་རྣམས་ཀྱིས་མཆོད་འབུལ་གནང་། མི་རིང་བར་སྐུ་ཕུང་ཞུགས་འབུལ་གནང་སའི་ས་ཆ་དེ་ནས་གསོ་བྱེད་ཀྱི་ནུས་པ་ལྡན་པའི་ཆུ་མིག་གསར་པ་ཞིག་ཐོན་ཡོད་པ་དེ་དུས་ད་ལྟའང་ཆུ་རྒྱུག་བཞིན་པ་དང་། གནས་སྐོར་བྱ་ཡུལ་གྱི་གནས་རྩ་ཆེན་ཞིག་ཏུ་གྱུར་ཡོད། དེ་ནས་ཟླ་བ་དགུ་ཏག་ཏག་སོང་བ་དང་། ཕྱི་ལོ་ ༡༩༨༤ ལོའི་ཟླ་ ༥ ཚེས་ ༢༩ ཉིན་བསྐྱར་དུ་སྤི་ཏིའི་ཡུལ་གྱི་དུད་ཚང་སྙེམ་ཆུང་ཞིག་གི་ནང་ཡང་སྲིད་རིན་པོ་ཆེ་སྐུ་འཁྲུངས་པ་རེད།

རིན་པོ་ཆེ་ཁོང་ཉིད་ཀྱི་ཡང་སྲིད་སྐོར་ལམ་སྟོན།

ལོ་ཤས་གོང་། རིན་པོ་ཆེས་ཚེ་རིང་ཆོས་གྲགས་དང་ཀུན་བཟང་ཆོས་སྒྲོན་བཟའ་ཚོ་གཉིས་ལ་མཇལ་ཁ་གནང་སྐབས། ཁོང་གཉིས་ཀས་རིན་པོ་ཆེའི་ཐུགས་ཧ་ཅང་མཉེས་པར་བྱས། ཁོང་གཉིས་ནང་ཆོས་ཉམས་ལེན་པ་གཤའ་མ་ཞིག་བྱ་རྒྱུའི་འདུན་པས་ཀུན་ནས་བསླངས་ཏེ། རབ་ཏུ་འབྱུང་རྒྱུའི་འདུན་པ་ཆེན་པོ་ཡོད་ཀྱང་། ས་གནས་གྲོང་སྡེའི་འགོ་འཛིན་གྱིས་ཕྲུ་གུ་ཡོད་ཅིང་རྒན་ཚད་ལོངས་ནས་རབ་ཏུ་བྱུང་ཚེ་ཕྱིས་སུ་རང་ཉིད་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ངེས་ཡིན་པས། ཐོག་མར་རང་གི་ཕྲུ་གུ་ལ་ལྟ་རྟོག་བྱེད་དགོས་པའི་སྐུལ་མ་གནང་བྱུང་ཞེས་རིན་པོ་ཆེའི་སྙན་གསན་ཞུས། རིན་པོ་ཆེས་ཀྱང་འགོ་འཛིན་དེའི་ལམ་སྟོན་ལ་རྒྱབ་སྐྱོར་ཞུས། ཁོང་གཉིས་ནི་རིན་པོ་ཆེའི་ཡང་སྲིད་ཕྲུ་གུ་བཞི་པར་སྐུ་འཁྲུངས་སའི་ཕ་མ་གཉིས་ཡིན།  

སྐུ་མྱ་ངན་ལས་འདས་པའི་ཚེ་ཐུགས་དམ་ལ་བཞུགས་ཤིང་རྟོགས་ལྡན་བླ་མ་རྣམས་ཀྱི་ཡང་སྲིད་ངོས་འཛིན་སླད་དགེ་ཕྲུག་རྣམས་ཀྱིས་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱེད་ཀྱི་ཡོད། ཐབས་ལམ་དེ་དག་གི་ཁྲོད་ཆོས་སྐྱོང་དང་མཁྱེན་པའི་བདག་པོ་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་རྣམས་ཀྱི་རྨི་ལམ་ལ་དགོངས་སྐོར་ཞུ་བ་སོགས་ཡོད། མཐའ་མའི་ཡང་སྲིད་ངོས་འཛིན་སྐབས། ཡོ་བྱད་འདྲ་པོ་མང་པོ་ལས་སྐུ་སྐྱེ་གོང་མའི་ཡོ་བྱད་མི་ཉུང་བ་ཞིག་ཏག་ཏག་ངོས་འཛིན་ཐུབ་པ་དགོས། འོན་ཀྱང་༸གོང་ས་མཆོག་གིས་ཐབས་ལམ་དེ་གཅིག་པུའི་ཐོག་བརྟེན་མི་རུང་བར། ཕྲུ་གུ་དེ་ཕོ་མོ་སུ་ཡིན་རུང་སྐུ་སྐྱེ་གོང་མའི་ཡང་སྲིད་འཁྲུལ་བྲལ་ཡིན་པའི་རྟགས་མཚན་གསལ་པོ་དགོས་སྐོར་སྔོན་བརྡ་གནང་ཡོད།

རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་ཚུལ།

སྤི་ཏིའི་མི་རྣམས་ཀྱིས་སེར་ཀོང་རིན་པོ་ཆེ་མཆོག་སྐྱེས་བུ་དམ་པ་ཞིག་ཏུ་བརྩི་བ་དང་། ཁྱིམ་ཚང་ཕལ་ཆེ་བའི་ནང་ཁོང་གི་སྐུ་པར་ཡོད། སེར་ཀོང་རིན་པོ་ཆེའི་ཡང་སྲིད་ཀྱིས་བཀའ་མོལ་གསུང་ཐུབ་པ་དང་། ཡབ་ཡུམ་གཉིས་ཀྱི་ནང་གི་གྱང་ངོས་སུ་རིན་པོ་ཆེའི་སྐུ་པར་མཛུབ་མོ་བཙུགས་ནས། དེ་ང་རེད་ཅེས་གསུངས། ཕྱིས་སུ་ངག་དབང་ལགས་ཁང་པའི་ནང་ཕྲུ་གུ་དེར་བརྟག་དཔྱད་བྱེད་པར་སླེབས་སྐབས། དེ་མ་ཐག་ཕྲུ་གུ་དེས་བརྒྱུགས་ཕྱིན་ནས་ཁོང་གི་པང་དུ་མཆོངས་ཏེ། ཁོང་དང་མཉམ་དུ་རང་གི་དགོན་པར་ལོག་འདོད་གནང་ཡོད།

ཁོང་སུ་ཡིན་མིན་མི་སུ་གཅིག་ལའང་ཐེ་ཚོམ་མེད། གང་ལྟར་ལོ་ཁ་ཤས་སྔོན་ལ། སྤི་ཏིའི་བུད་མེད་གྲགས་ཅན་ཚན་པ་ཞིག་རིན་པོ་ཆེའི་དྲུང་དུ་བཅར་ནས། སྐུ་སྐྱེ་ཕྱི་མ་ཁོང་ཚོའི་ལུང་པའི་ནང་ཕེབས་རོགས་ཞེས་གསོལ་བ་བཏབ་པ་རེད། རྒྱང་ཐག་རིང་བའི་མཐའ་མཚམས་སུ་དཀའ་ངལ་ཆེན་པོར་གནས་པའི་ཁོང་ཚོའི་ལུང་པ་དེར་རིན་པོ་ཆེ་མཆོག་ཆིབས་སྒྱུར་གནང་ཆོག་པར་རྒྱ་གར་གཞུང་ནས་བཀའ་འཁྲོལ་ཐོབ་བཀའ་བས། ཡང་སྲིད་འཁྲུངས་པ་ལ་བརྟེན་ནས་ཐམས་ཅད་འགྲོ་བདེ་སྡོད་བདེ་ཡོང་རྒྱུ་རེ་བ་རྒྱག་ཡོད། དེ་ནས་ཡང་སྲིད་རིན་པོ་ཆེའི་ཡབ་ཡུམ་གཉིས་ཀྱིས་གནང་བ་བསྩལ་ཏེ། དགུང་གྲངས་བཞི་ལ་ཁོང་བཞུགས་སྒར་དྷ་སར་ཕེབས། ཁོང་གི་ཡབ་ཡུམ་གཉིས་གཟིགས་ཞིབ་ལ་སྐབས་རེ་སྐབས་རེ་མ་གཏོགས་མ་ཕེབས་ཀྱང་། ཡབ་ཡུམ་གཉིས་ལ་ཐུགས་བསུན་ཞུ་ཡི་མེད་ལ། དྲན་གྱི་ཡོད་བཟོའང་མེད་པར་སྣང་། དང་ཐོག་ནས་ཁོང་ལ་ཉིད་ཀྱི་བླ་བྲང་གི་ནང་མི་རྙིང་པ་རྣམས་དང་ལྷན་དུ་ནང་མིའི་ཚོར་སྣང་བྱུང་ཡོད། ཁོང་ཚོ་ནི་རིན་པོ་ཆེའི་ཐུགས་ཧ་ཅང་ཉེ་བའི་ནང་མི་སྐུ་འཁོར་རྣམས་ཡིན།

ཡང་སྲིད་རིན་པོ་ཆེ་ཐོག་མར་མཇལ་སྐབས་ནས་ང་རང་ངོ་མཁྱེན་སོང་།

ཡང་སྲིད་རིན་པོ་ཆེ་ཐོག་མར་དྷ་སར་ཕེབས་འབྱོར་བྱུང་སྐབས་སུ། ཕྲན་རྒྱ་གར་ནས་ཕྱི་ལོགས་སུ་ཆོས་ཁྲིད་འགྲིམ་འགྲུལ་འགྲོ་བཞིན་པའི་སྐབས་ཡིན། ཟླ་བ་ཁ་ཤས་རྗེས་སུ་ང་རང་ཚུར་ལོག་པ་དང་ཡང་སྲིད་རིན་པོ་ཆེ་མཇལ་དུ་ཕྱིན་པ་ཡིན། དེའི་སྐབས་ང་རང་ཚད་ལས་བརྒལ་བའི་རེ་སྒུག་ཅན་ཞིག་མིན་པའམ། ཡང་ན་ཚད་ལས་བརྒལ་བའི་རེ་དྭོགས་ཅན་ཞིག་མིན་པའི་ཚུལ་གྱིས་མཇལ་བཅར་དུ་ཕྱིན་པ་ཡིན། ང་རང་རིན་པོ་ཆེའི་གཟིམ་ཁང་དུ་འཛུལ་བ་དང་ངག་དབང་ལགས་ཀྱིས་རིན་པོ་ཆེ་ལ། ང་སུ་ཡིན་ངོ་མཁྱེན་གྱི་ཡོད་དམ་ཞེས་ཞུས་པས། ཡང་སྲིད་རིན་པོ་ཆེས། “ལྐུགས་རྟགས་མ་གནང་ཡ། ངོ་ཤེས་དང་ཤེས་” ཞེས་བཀའ་ལན་གནང་སོང་། སེར་ཀོང་རིན་པོ་ཆེ་སྐུ་གོང་མ་དང་ཡེ་ཤུའི་བླ་ཆེན་པཽཔ་གཉིས་མཇལ་འཕྲད་ཅིག་གི་སྐབས་སུ་ངས་སྐད་བསྒྱུར་བྱེད་བཞིན་པའི་འདྲ་པར་ཞིག་ཁོང་གི་མཇལ་འཕྲད་ཁང་གི་གྱང་ངོས་སུ་མངོན་གསལ་དོད་པོར་དཔྱང་ཡོད་པས། ཕལ་ཆེར་དེ་ལ་བརྟེན་ནས་ཁོང་གིས་ང་ངོ་མཁྱེན་པ་ཡིན་ས་རེད་བསམས་སོང་། ཡིན་ནའང་ཡང་སྲིད་རིན་པོ་ཆེ་དང་མཇལ་འཕྲད་བྱུང་བ་ནས་བཟུང་ཁོང་གིས་ང་ལ་ནང་མི་ནང་བཞིན་མཐའ་གཅིག་ཏུ་འདྲིས་པོ་དང་བདེ་པོ་ཡོད་པའི་ཐོག་ནས་གཟིགས་གནང་གི་རེད། དགུང་ལོ་བཞིར་སླེབས་པའི་ཕྲུ་གུ་ཞིག་གིས་དེ་འདྲའི་བཅོས་མ་བྱེད་ཐུབ་ཀྱི་མ་རེད། དེར་བརྟེན་ང་རང་ཁོང་སུ་ཡིན་པའི་ཐད་ལ་སྔར་ལས་ལྷག་པའི་ཡིད་ཆེས་བརྟན་པོ་ཞིག་རྙེད་སོང་།

ཕྱི་ལོ་ ༡༩༩༨ ལོར་ཡང་སྲིད་རིན་པོ་ཆེ་དགུང་ལོ་བཅུ་བཞིར་སོན་པ།

ཕྱི་ལོ་ ༡༩༩༨ ལོར་སེར་ཀོང་རིན་པོ་ཆེ་མཆོག་དགུང་ལོ་བཅུ་བཞི་ལ་ཕེབས་ཤིང་། གཙོ་ཆེ་བ་མོན་གྷོར་དགོན་པའི་ནང་སློབ་གཉེར་གནང་ནས་བཞུགས་ཤིང་༸གོང་ས་མཆོག་གིས་གསུང་ཆོས་ཆེ་ཁག་གནང་བའི་སྐབས། ལོ་རེར་བཞུགས་སྒར་རྡ་སར་ཐེངས་གཅིག་གམ་གཉིས་ཙམ་ཕེབས་ཀྱི་ཡོད། ཆོས་མཛད་ལགས་དང་རིན་པོ་ཆེའི་མ་བྱན་བགྲེས་སོང་ཁོང་འདས་གྲོངས་སུ་གྱུར་བ་དང་། ངག་དབང་ལགས་སྐྱ་བབས་ཏེ། གཉེན་སྒྲིག་བྱས་པ་དང་ད་ལྟ་བལ་ཡུལ་དུ་སྡོད་ཀྱི་ཡོད། རིན་པོ་ཆེ་མཆོག་ལ་གསོལ་དཔོན་གྲྭ་པ་གསར་པ་ཁ་ཤས་ཡོད་ཅིང་། ཚང་མ་སྐུ་སྐྱེ་སྔོན་མ་འདེམ་སྒྲུག་བྱས་པ་ཤ་སྟག་ཡིན། དཔེར་ན། ཁོང་སྐུ་ཚེ་མ་རྫོགས་པའི་ཟླ་ཤས་སྔོན་ཁོང་སྐུ་ངོ་མས་སྤི་ཏི་དང་ཁུ་ནུ་ནས་ཕྲུ་གུ་ལོ་ན་བཅུ་ལ་སོན་པ་གཉིས་བདམས་ཏེ། ཁོང་གི་སྐུ་ཚེའི་མཐའ་མཇུག་ཟླ་བ་ཁ་ཤས་ནས་བཟུང་ཁོང་ཉིད་ཀྱི་བླ་བྲང་དུ་ཞབས་ཕྱིར་བཞག་གནང་བ་ལྟ་བུ་རེད།  

མ་གཞི་ཁོང་ལ་སྐུ་སྐྱེ་སྔ་མ་དང་འདྲ་བར་བག་ཡངས་ཀྱི་དགོད་བྲོའི་ཐུགས་གཤིས་དང་ཡིན་ལུགས་ཚུལ་ལྡན་གྱི་དམའ་སར་བཟུང་བའི་ཐབས་ཚུལ་ལྡན་ཡོད་ནའང་། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་སྐུ་སྒེར་ལ་ཐུན་མིན་གྱི་ཁྱད་ཆོས་དང་རང་གཤིས་ཡོད། སྐུ་སྐྱེ་སྔོན་མ་ནས་འདིར་རྒྱུན་མཐུད་པ་ནི་རིག་རྩལ་དང་། བག་ཆགས། ལས་ཀྱི་འབྲེལ་བ་བཅས་ཡིན། ང་དང་ཁོང་གི་འབྲེལ་བར་བསམས་ན། ང་རང་ནི་ཚན་རིག་རྟོག་སྒྲུང་སྟེ། སྐར་མའི་འགྲུལ་བཞུད་ (Star Trek) གློག་བརྙན་ལ་དགའ་མོས་ཅན་གྱི་འགོ་དཔོན་ཀེར་ཀི་ (Captain Kirk) འོག་ལ་གནམ་གྲུའི་ལས་མིའི་ཁོངས་སུ་ཡོད་པ་མི་ཞིག་ཡིན་ཞིང་། ད་ཆ་མི་རབས་རྗེས་མའི་འགོ་དཔོན་པི་ཁར་ཌི་ (Captain Picard) འོག་ལ་མི་ཚོགས་སུ་ཞུགས་པ་དང་འདྲ་བའི་ཚོར་སྣང་ཡོང་གི་འདུག །ཚང་མ་འགྱུར་བ་ཕྱིན་ནའང་ད་དུང་བར་མ་ཆད་པའི་འབྲེལ་བ་ངེས་ཅན་ཞིག་གནས་ཡོད་པ་ལྟ་བུ་རེད།

རིན་པོ་ཆེའི་འཚར་ལོངས་ལ་རྒྱབ་སྟེགས་ཀྱི་འགན་འཁུར་ཞུ་བ།

ད་ལྟ་བར། སེར་ཀོང་རིན་པོ་ཆེ་མཆོག་གི་འཚར་ལོངས་ཐད་ངས་རྒྱབ་སྟེགས་ཀྱི་འགན་འཁུར་ཞུས་དང་ཞུ་མུས་ཡིན། སྐུ་སྐྱེ་སྔ་མ་ཁོང་ལ་གཙོ་བོ་རང་མི་རིགས་ལ་ཞབས་འདེགས་ཞུ་རྒྱུའི་དགོངས་པ་གཏིང་ཟབ་ཡོད་པ་ང་རང་ལ་ཚོར་སྣང་བྱུང་། བླ་མ་སྐྱེས་བུ་དམ་པ་མང་པོ་ཞིག་གིས་སོ་སོའི་རིག་གཞུང་གི་ཁྱབ་ཁོངས་ལས་བརྒལ་བའི་མངའ་ཁུལ་ནུབ་ཕྱོགས་སམ། ཨེ་ཤི་ཡའི་ནང་སློབ་ཁྲིད་གནང་བར་རྩེ་གཅིག་ཏུ་གཞོལ་བ་དང་། དེ་ནི་བོད་ཀྱི་རིག་གཞུང་ཐད་གནོད་སྐྱོན་ཆེན་པོ་ཞིག་ཡིན། གལ་སྲིད་བོད་རྒྱུད་ནང་བསྟན་ཡང་དག་པར་གནས་དགོས་ན། མི་རབས་རྗེས་མ་རྣམས་ལ་སྦྱོང་བརྡར་སྤྲོད་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན། ད་ལྟའི་ཆར་ནང་ཆོས་ཆ་ཚང་ལ་ཡང་དག་པ་དེ་བོད་ཀྱི་སྐད་ཡིག་ཁོ་ནའི་ནང་བཞུགས་ཡོད། ང་རང་གི་སྦྱོང་བརྡར་དང་རང་རྒྱུད་ཡར་རྒྱས་གཏོང་ཆེད་རིན་པོ་ཆེས་བསམ་ཡུལ་ལས་འདས་པའི་མཐུན་རྐྱེན་གནང་བྱུང་། ཁོང་གི་བཀའ་དྲིན་སེམས་ལ་བཅངས་ནས་དྲིན་ལན་གསབ་པ་ལ། ད་ལྟའི་སྐུ་སྐྱེའི་སྐབས་ང་རང་གིས་ཡང་སྲིད་ཀྱི་སྦྱོང་བརྡར་ཆེད་དུ་མཐུན་རྐྱེན་སྒྲུབ་རྒྱུར་ཐབས་ཤེས་བྱེད་ཀྱི་ཡོད།

རིག་གཞུང་གི་རྩོད་རྙོག་འགོག་ཐབས་སུ། ངས་རིན་པོ་ཆེའི་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ཐད་ཐེ་བྱུས་བྱས་མེད། དངོས་གནས་བྱས་ན། ངས་དགོས་པའི་དབང་གིས་ཁོང་དང་འབྲེལ་གཏུགས་ཧ་ཅང་མང་པོ་བྱ་རྒྱུར་འཛེམ་ཟོན་བྱས་ནའང་། ཁོང་ག་དུས་མཇལ་ཀྱང་ངེད་གཉིས་དབར་ཐུན་མིན་གྱི་འབྲེལ་ལམ་ཞིག་གནས་པ་མངོན་གསལ་དོད་པོ་ཡིན། དེ་དང་ཆབས་ཅིག་ཁོང་ལ་དབྱིན་ཡིག་དང་། ཚན་རིག །སྤྱི་ཚོགས་རིག་གནས་སློབ་གཉེར་ཆེད་ས་གནས་བོད་དགེ་ཞིག་བཀོད་སྒྲིག་ཞུས་ཏེ་རྒྱ་གར་ནང་བོད་མིའི་སློབ་གྲྭ་ཁག་ནང་ལག་བསྟར་བྱེད་བཞིན་པའི་གཏན་འབེབས་སློབ་ཚན་ཁག་གཞིར་བཟུང་ཐོག་སློབ་གཉེར་གནང་བཞིན་པ་རེད། དེའི་འབྲས་བུར། རིན་པོ་ཆེས་རང་མི་རིགས་ལ་འབྲེལ་བ་ལྷུག་པོ་གནང་ཐུབ་པ་བྱུང་ཡོད། ངས་ཁོང་ནུབ་ཕྱོགས་སུ་གདན་དྲངས་མེད་ལ་གློག་ཀླད་དང་བརྙན་འཕྲིན་རྩེད་ཆས་སོགས་གང་ཡང་ཕུལ་མེད་པ་མ་ཟད། མི་གཞན་གྱིས་ཁོང་ལ་དེ་ལྟར་འབུལ་མི་རུང་བར་རེ་སྐུལ་ཡང་ཞུས་པ་ཡིན། གང་ཡིན་ཞེ་ན། སྐུ་ན་གཞོན་པའི་བླ་སྤྲུལ་ཧ་ཅང་མང་པོས་གློག་ཀླད་བརྒྱུད་རྩེད་མོ་དང་། འཐབ་འཛིང་གི་ལྟད་མོ་བརྙན་རྩེད་རྣམས་ལ་དབུ་མང་བ་འཁོར་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་དགོན་པའི་སློབ་གཉེར་ལ་འཐུས་ཤོར་གཏོང་བ་མཐོང་ཆོས་ལྟར་རེད།

སླར་ཡང་རིན་པོ་ཆེའི་སློབ་མར་འགྱུར་བའི་སྨོན་ལམ།

ངའི་ལམ་སྟོན་གྱིས་ལེགས་སྐྱེས་དང་ཕན་ཐོགས་ག་ཚོད་ཕུལ་ཐུབ་མེད་ངས་ཤེས་ཀྱི་མེད། འོན་ཀྱང་རིན་པོ་ཆེས་ཐུགས་བློ་ཚིམ་པའི་བཞིན་མདངས་སྟོན་པ་དང་སྐུ་ཉིད་ཀྱི་རིག་གཞུང་གཅིག་པའི་སྤྱི་ཚོགས་ཁྲོད་ཐུགས་དགྱེས་ཚོར་ཆེན་པོ་ཡོད་པར་སྣང་། དེ་ལྟར་ཁོང་ལ་ཐུགས་ཕན་གསོས་པ་དང་འབྱུང་འགྱུར་ཁོང་མཇལ་མཁན་མི་ཚང་མར་ཕན་ཐོགས་ཆེ་བ་ཡོང་ཐུབ། ནུབ་ཕྱོགས་ཀྱི་ཤེས་ཡོན་ཐད། སྐུ་ན་གང་ལ་གང་འཚམ་གྱི་སྨིན་ཚད་ལོངས་པ་དང་ཐད་ཀར་སློབ་གཉེར་གནང་ཐུབ། མཐའ་དོན། རང་གི་སྐྱེ་བ་ཕྱི་མར་ཡང་བསྐྱར་རིན་པོ་ཆེའི་སློབ་མར་འགྱུར་ཐུབ་པའི་སྨོན་ལམ་གཅིག་ཏུ་འདེབས་བཞིན་ཡིན།།

Top