You are in the archive Please visit our new homepage

བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

ནང་ཆོས་དང་ཚན་རིག།

ཨེ་ལེག་ཛན་ཌར། བྷར་ཛིན།
སིངྒ་པུར། ཕྱི་ལོ་ ༡༩༨༨ ཟླ་ ༨ ཚེས་ ༡༠ ཉིན།
Berzin, Alexander and Chodron, Thubten.
Glimpse of Reality.
Singapore: Amitabha Buddhist Centre, 1999
ལས་ཟུར་འདོན་ཞུས་ཏེ་བསྐྱར་ཞིབ་གནང་བ།

དྲི་བ། སྐུ་ཉིད་ནས་ནང་ཆོས་དང་ཚན་རིག་དབར་གྱི་འབྲེལ་ལམ་ཐོག་བཀའ་སློབ་ཞིབ་ཕྲ་གནང་སྐྱོང་ཡོད་པ་དང་། དེ་གཉིས་ཐུན་མོང་བའི་ཁྱད་ཆོས་ཀྱི་དམིགས་བསལ་དཔེ་མཚོན་འགའ་ཞིག་གསུང་རོགས་གནང་།

ལན་དུ། དཔེར་ན། ༸གོང་ས་༸སྐྱབས་མགོན་ཏྭ་ལའི་བླ་མ་མཆོག་གཙོ་བོར་གྱུར་བའི་ནང་པའི་མཁས་དབང་རྣམས་དང་ཚན་རིག་མཁས་དབང་དབར་གྱི་བཀའ་སྡུར་གྱིས་ད་ལྟ་བར་གཙོ་བོ་དམིགས་ཡུལ་གསུམ་གྱི་ཐོག་དོ་ནན་གནང་བཞིན་མཆིས། དང་པོ་ནི། ཐོག་མ་ཉིད་ནས་འཇིག་རྟེན་ཁམས་འདི་གོང་འཕེལ་ཇི་ལྟར་འགྲོ་ཕྱོགས་དང་འབྲེལ་བའི་ གཟའ་སྐར་གྲུབ་རྫས་དཔྱད་རིག་ཡིན་ཅིང་། འཇིག་རྟེན་ཁམས་ལ་ཐོག་མ་ཡོད་དམ་མེད། འདི་གསར་སྐྲུན་བྱས་པའམ་གདོད་མ་ནས་གནས་པའི་རྒྱུད་རིམ་ཞིག་གི་ཆ་ཤས་ཡིན་ནམ། གཉིས་པ་ནི། རྡུལ་ཕྲན་དང་རྡུལ་གྱི་བཀོད་པ་དང་འབྲེལ་བའི་རྡུལ་གྱི་དངོས་ཁམས་རིག་པ་ཡིན། གསུམ་པ་ནི། ཀླད་པས་བྱ་བ་བྱེད་སྟངས་སྐོར་གྱི་དབང་རྩའི་ཚན་རིག་བཅས་ཡིན། བགྲོ་གླེང་གི་བརྗོད་གཞི་གཙོ་བོ་དེ་དག་ཡིན།

ནང་ཆོས་དང་ཚན་རིག་གཉིས་ཀས་ཐུན་མོང་དུ་ངེས་ཤེས་རྙེད་པའི་ཐག་གཅོད་གཅིག་ནི་འཇིག་རྟེན་བཀོད་པ་པོ་མེད་པ་དེ་ཡིན། ཚན་རིག་ནང་། རྡུལ་དང་ནུས་པ་ཉར་ཚགས་བྱེད་པའི་རྣམ་གཞག་གིས་རྡུལ་དང་ནུས་པ་ནི་འགྱུར་བ་གཏོང་ཐུབ་པ་ལས། གསར་སྐྲུན་མི་ཐུབ་ལ་གཏོར་བཤིག་ཀྱང་གཏོང་མི་ཐུབ་ཅེས་བརྗོད་ཀྱི་ཡོད། ནང་པས་ དེ་མཐའ་ཅིག་ཁས་ལེན་ཅིང་རྩ་འཛིན་དེ་སེམས་ཀྱི་ཐོག་ལ་རྒྱ་བསྐྱེད་དེ་ལག་བསྟར་བྱེད། ནང་ཆོས་ནང་སེམས་ནི་རིག་ཚོར་ཅན་དང་རིག་ཚོར་ཅན་མ་ཡིན་གང་ལྟར་ཡང་ཆོས་རྣམས་རྟོགས་པའི་ཤེས་པ་ལ་གོ་བ་དང་། ཆོས་རྣམས་རྟོགས་པའི་ཤེས་པ་དེ་ནི་འགྱུར་བ་གཏོང་ཐུབ་པ་ལས། གསར་སྐྲུན་མི་ཐུབ་ལ་གཏོར་བཤིག་ཀྱང་གཏོང་མི་ཐུབ་པར་འདོད། དེས་ན། སྐྱེ་བ་ཕྱི་མ་ཞེས་པ་ཡང་ད་ལྟའི་ལུས་གཞན་ཞིག་གི་གཟུགས་ལ་བརྟེན་ནས། ད་ཡོད་ཀྱི་གང་ཟག་གང་ཞིག་གི་རྣམ་ཤེས་ཀྱི་རྒྱུན་འགྱུར་བ་འགྲོ་བ་ཡིན།

རྡུལ་གྱི་དངོས་ཁམས་རིག་པ་སྨྲ་བ་ཚོས་ཆོས་ཤིག་འགྲེལ་བརྗོད་བྱེད་པར་བརྟག་ཞིབ་བྱེད་པོའི་བྱེད་ལས་ལ་ནན་ཏན་བྱེད་ཀྱི་ཡོད། དཔེར་ན། ལྟ་ཚུལ་ངེས་ཅན་ཞིག་གི་ཐོག་ནས། འོད་ནི་རྡུལ་ཡིན་པ་དང་། ཡང་ལྟ་ཚུལ་གཞན་ཞིག་གི་ཐོག་ནས། དེ་ནི་ནུས་པ་ཡིན། སྣང་ཚུལ་གང་ཞིག་ལ་འོད་དེ་འགྱུར་བའི་ཆོས་ཅན་མང་པོ་ཞིག་ལ་བརྟེན་ཅིང་གནས་པ་དང་། དམིགས་བསལ་བརྟག་ཞིབ་བྱེད་པོས་བརྟག་དཔྱད་བྱེད་པར་ལྟ་ཚུལ་གྱི་བཀོད་པ་གང་ཞིག་བེད་སྤྱོད་བྱེད་མིན་ལ་རག་ལུས་ཡོད། དེ་བས་ན། ཆོས་རྣམས་མཐོང་བའི་ཤེས་པ་ལ་འབྲེལ་བ་མེད་པར་རང་བཞིན་གྱིས་གྲུབ་པའམ་རང་ངོས་ནས་གྲུབ་པ་གཅིག་ཀྱང་མེད།

ནང་ཆོས་དེ་དང་གཅིག་མཚུངས་ཁས་ལེན་བྱེད་ཀྱི་ཡོད། ཆོས་རྣམས་གནས་པ་དེ་བརྟག་ཞིབ་བྱེད་པོར་རག་ལུས་པ་དང་དེ་དང་འབྲེལ་བའི་གང་ཟག་གི་ལྟ་ཚུལ་གྱི་བཀོད་པ་ལ་བརྟེན་ནས་ཡོད། དཔེར་ན། གནས་སྟངས་གང་ཞིག་ཁྲོད་ཧ་ཅང་མི་སྡུག་པའི་དཀའ་ངལ་ལམ་ཡང་ན་སེལ་རུང་བ་གང་ཡིན་ཀྱང་འབྲེལ་ཡོད་གང་ཟག་སྟེ་བརྟག་ཞིབ་བྱེད་པོར་རག་ལུས་ཡོད། གལ་སྲིད་མི་ཞིག་ལ་ལྟ་ཚུལ་གྱི་སྒྲོམ་གཞི་ཡོད་ཚེ། དེ་ནི་མི་སྲིད་པའི་གནས་སྟངས་ཤིག་དང་གང་ཡང་བྱེད་མི་ཐུབ། དེས་ན་དངོས་གནས་སེལ་མི་ཐུབ་པའི་དཀའ་ངལ་ཁག་པོ་ཡོད། གང་ལྟར་སེམས་ཀྱིས་བསམ་པའི་བཀོད་པ་དེ་དང་མཉམ་དུ། དེ་ནི་དཀའ་རྙོག་ཅན་ཞིག་ཡིན། འོན་ཀྱང་གལ་ཏེ་ང་ཚོས་ལམ་མི་འདྲ་བ་ཞིག་གི་ཐོག་ནས་འཇུག་ན་སེལ་ཐབས་ཡོད། དེ་རྗེས་མི་དེར་སེལ་ཐབས་འཚོལ་ཐབས་བྱེད་པར་བློ་ཁ་ཡངས་པོ་བྱེད་ཐུབ། མི་ཞིག་ལ་དཀའ་ངལ་ཆེན་པོ་ཞིག་ཡིན་པ་དེ་མི་གཞན་ཞིག་ལ་དེ་ཙམ་གྱིས་གནད་འགག་མ་ཡིན། དེ་ནི་བརྟག་ཞིབ་བྱེད་པོར་རག་ལུས་པ་དང་། ང་ཚོའི་དཀའ་ངལ་ལ་གཞིགས་ན་དེ་ནི་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་ལྟར་རང་བཞིན་གྱིས་གྲུབ་མེད། དེས་ན། ཚན་རིག་དང་ནང་ཆོས་གཉིས་ཀྱིས་ཆོས་རྣམས་ཀྱི་གནས་ལུགས་དེ་ལྟར་བརྟག་ཞིབ་བྱེད་པོར་རག་ལུས་པ་གཅིག་མཚུངས་མཐའ་སྡོམ་བརྒྱབ་ཡོད།

དེ་ག་ནང་བཞིན་དབང་རྩའི་གསོ་རིག་པ་དང་ནང་པའི་མཁས་དབང་གཉིས་ཀས་ཆོས་རྣམས་རྟེན་ཅིང་འབྲེལ་བའི་ཐོག་ནས་བྱུང་བར་དཔྱད་ཞིབ་གནང་ཡོད། དཔེར་ན། དབང་རྩའི་གསོ་རིག་པ་རྣམས་ཀྱིས་ང་ཚོའི་ཐག་གཅོད་བྱེད་མཁན་གང་ཡིན་སྐོར་ལ་ཀླད་པའི་ནང་བརྟག་དཔྱད་བྱེད་པའི་སྐབས། ཀླད་པའི་ནང་ཐག་གཅོད་བྱེད་མཁན་ལོགས་སུ་མེད་པར་ཤེས་རྟོགས་བྱུང་ཡོད། ཀློག་ཀླད་ནང་ལྟར་མཐེབ་སྣོན་ཞིག་གནོན་གཙིར་བྱས་ཏེ་ཐག་གཅོད་བྱེད་པ་བཞིན། ལག་པས་འདི་བྱེད་པ་དང་། རྐང་པས་དེ་བྱེད་ཀྱི་རེད་ཅེས། མིག་དང་། རྣ་བ་སོགས་ནས་གནས་ཚུལ་ལེན་མཁན་གྱི་བདག་ཅེས་པའི་གང་ཟག་ཅིག་མགོའི་ནང་སྡོད་མཁན་གང་ཡང་མེད། ཐག་གཅོད་ནི་རྙོག་འཛིངས་ཆེ་བའི་དབང་རྩའི་གཡོ་འགུལ་གྱི་མ་ལག་ཧ་ཅང་མང་པོ་ཕན་ཚུན་འབྲེལ་མཐུད་བྱུང་བ་དང་རྫས་དང་གློག་གི་བརྒྱུད་རིམ་བཅས་ཀྱི་འབྲས་བུ་ཡིན། དེ་དག་མཉམ་དུ་ཐག་གཅོད་བྱེད་པའི་འབྲས་བུ་སྐྲུན་གྱི་ཡོད། དེ་ཡང་ཐག་གཅོད་བྱེད་མཁན་འདི་རེད་ཅེས་ངོ་བོ་ལོགས་སུ་ཡོང་གི་མེད། ནང་ཆོས་ཀྱིས་དེ་དང་གཅིག་མཚུངས། ང་ཚོའི་མགོའི་ནང་སྡོད་མཁན་བདག་ཅེས་ཐག་གཅོད་བྱེད་པོ་རྟག་པ་དང་གཏན་དུ་བ་ཞིག་མེད། ཀུན་རྫོབ་ཏུ་ང་ཚོས། ངས་མྱོང་གི་འདུག ངས་བྱེད་ཀྱི་ཡོད་ཅེས་བརྗོད་དེ་ཐག་གཅོད་བྱེད་ཀྱི་ཡོད། འོན་ཀྱང་དོན་དངོས་སུ་རྐྱེན་མང་པོ་ཞིག་ཕན་ཚུན་འབྲེལ་བ་བྱུང་སྟེ་འབྲས་བུ་ཡོང་གི་ཡོད། ཚན་རིག་དང་ནང་ཆོས་གཉིས་དེའི་ཐོག་ཧ་ཅང་ཉེ་པོ་སླེབས་ཡོད།

དྲི་བ། དུས་ཚོད་ག་རེ་རེད། སློབ་ཕྲུག་ཅིག་གི་ངོས་ནས། ང་ཚོས་གཏམ་བཤད་ལ་དུས་ཚོད་ཏག་ཏག་སླེབས་དགོས་པ་དང་སློབ་སྦྱོང་ངམ་ང་ཚོའི་ལས་འགན་ལེགས་སྒྲུབ་བྱེད་པར་དུས་ཚོད་འདང་ངེས་ཤིག་དགོས་ཀྱི་ཡོད། མི་ཚེ་ལྷོད་ཡངས་པོ་བཟོ་ཕྱིར་ང་ཚོས་དུས་ཚོད་ཇི་ལྟར་ཤེས་རྟོགས་ཐུབ་བམ།

ལན་དུ། ནང་ཆོས་ཀྱིས་དུས་ཚོད་ནི་འགྱུར་བ་ཚད་མཇལ་མཁན་ཞིག་ལ་འགྲེལ་བརྗོད་བྱེད། ང་ཚོས་གཟའ་སྐར་གྱི་གཡོ་འགུལ་ནམ་ཉི་མའི་གནས་སྟངས་ལ་གཞིགས་ཏེ་འགྱུར་བ་ཚད་མཇལ་ཐུབ། སློབ་ཐུན་ཅིག་གི་ནང་ང་ཚོས་གཏམ་བཤད་ཐེངས་ག་ཚོད་ལ་བཅར་དགོས་མིན་ལ་གཞིགས་ཏེ་ཚད་མཇལ་ཐུབ། ང་ཚོས་ཐེངས་བཅུ་གཉིས་བཅར་ཟིན། ད་དུང་གཉིས་ལྷག་ཡོད་པའམ་ཡང་ན་གཟུགས་པོའི་འཁོར་རྒྱུན་ཏེ། ཟླ་མཚན་གྱི་འཁོར་རྒྱུན་ལ་གཞིགས་ཏེ་ཚད་མཇལ་ཐུབ། དེ་བཞིན་མལ་གསོ་ག་ཚོད་བརྒྱབ་ཡོད་མེད་སོགས་ལས་ང་ཚོས་ཚད་མཇལ་ཐུབ། དེ་དག་ནི་འགྱུར་བ་ཚད་མཇལ་བའི་ཐབས་ལམ་སྣ་ཚོགས་ཡོད་པ་དེ་དག་རེད།

དུས་ཚོད་གནས་ཡོད། འོན་ཀྱང་ང་ཚོས་དེའི་ཐད་བསམ་བློ་གཏོང་སྟངས་ལ་བལྟས་ན། དུས་ཚོད་ཀྱིས་ང་ཚོར་ཤུགས་རྐྱེན་མི་འདྲ་བ་སྦྱིན་གྱི་ཡོད། དཔེར་ན། ང་ཚོའི་བསམ་པར། ཡིག་ཚད་གཏོང་བར་ཉིན་གཅིག་ཁོ་ནས་ལས་ལྷག་མེད་བསམ་གྱི་ཡོད། གང་ཡིན་ཞེ་ན། ང་ཚོས་དུས་ཚོད་ནི་ཧ་ཅང་ཉུང་ཉུང་ཅིག་ཏུ་བསམ་བློ་བཏང་སྟེ། དུས་ཚོད་འདང་ངེས་མེད་སྟབས་བློ་འཚབ་ཡོང་གི་ཡོད། གལ་སྲིད་ང་ཚོས་ཕྱོགས་གཞན་ནས་བསམ་བློ་བཏང་ན། ཆུ་ཚོད་ཉི་ཤུ་རྩ་བཞི་ལྷག་ཡོད། དེས་ན་གྲ་སྒྲིག་བྱེད་པར་དུས་ཚོད་འདང་ངེས་ཡོད་པ་ཚོར་གྱི་ཡོད། སེམས་ཁམས་རིག་པའི་ཐོག་ནས་བཤད་ན། དེ་ནི་ང་ཚོའི་ལྟ་ཕྱོགས་ལ་རག་ལུས་ཡོད། གལ་ཏེ་དུས་ཚོད་ནི་གཏན་དུ་བ་ཞིག་དང་མི་བདེ་བཟོ་མཁན་ཞིག་ཏུ་བརྩིས་པ་ན། དེས་ང་ཚོར་ཡོངས་སུ་མནར་ནས་དུས་ཚོད་འདང་ངེས་ཤིག་ཡོང་མི་ཐུབ། གང་ལྟར་ང་ཚོར་དུས་ཚོད་ཐོག་གུ་ཡོངས་པོར་བལྟས་ན། མི་བདེ་བ་ཆགས་རྒྱུའི་ཚབ་ལ་ང་ཚོས་དུས་ཚོད་གནད་ལ་སྨིན་པོ་ཞིག་བེད་སྤྱོད་གཏོང་ཐབས་བྱེད་ཐུབ།

དྲི་བ། ནང་ཆོས་ཀྱིས་གཏན་ཚིགས་རིག་པ་དང་རྒྱུ་མཚན་འགོད་པར་ནན་ཏན་བྱེད་ཀྱི་ཡོད། ཆོས་ལུགས་གཞན་ནང་ལྟར། དད་པ་ཇི་ཙམ་དགོས་མིན་ཐད་དེར་གནད་འགག་ཅིག་ཡོད་དམ།

ལན་དུ། ནང་ཆོས་ལ་དེ་དགོས་ཀྱི་མེད། དེ་ནི་གཞི་གྲུབ་ཀྱི་ཐོག་ནང་པའི་འགྲེལ་བཤད་ལས་ང་ཚོས་ཤེས་རྟོགས་ཐུབ། གཞི་གང་གྲུབ་པ་ནི་གང་ཤེས་པ་ལས་འགྲེལ་བརྗོད་བྱེད་ཐུབ། གལ་ཏེ་དེ་ཤེས་མི་ཐུབ་ན། དེ་གཞི་གྲུབ་མེད། དཔེར་ན། རི་བོང་གི་རྭ་དང་། རུས་སྦལ་གྱི་སྤུ། བྱའི་སོ་སོགས་ལྟ་བུ། ང་ཚོས་མིའི་སོ་བྱའི་ཐོག་ལ་བསམ་བློ་བཏང་ན། ང་ཚོས་བྱ་དེའི་ཐོག་རི་མོའི་སོ་ཞིག་བསམས་ན་འགྲིགས། འོན་ཀྱང་ང་ཚོས་བྱའི་ཁ་ནང་བྱ་སོ་ནམ་ཡང་མཐོང་མི་འདུག གང་ལགས་ཞེ་ན། བྱ་སོ་གཞི་གྲུབ་མེད། དེ་ཤེས་མི་ཐུབ་པར་དེ་གཞི་གྲུབ་མེད།

དེས་གང་གཞི་གྲུབ་པའི་ཆོས་ཚང་མ་ཤེས་རྟོགས་ཐུབ་པ་སྟོན་གྱི་ཡོད། མིང་སྨྲོས་ན། ཆོས་རྣམས་རྟོགས་པའི་ང་ཚོའི་སེམས་ཀྱི་བྱེད་ལས་ཁྲོད་ཚང་མ་གཏོགས་ཡོད། གསུང་རབ་ནང་ལྟོས་མེད་རང་རྐྱ་བ་ (absolute) རྣམས་སེམས་དང་བརྡ་ཡི་ཡུལ་ལས་འདས་པར་གསུངས་ཡོད། དང་པོ། ངས་དབྱིན་འཇིའི་ཚིག་ཨེབ་སོ་ལུ་ཌེ་ཞེས་པ་དེ་སྒྱུར་འདོད་མེད། གང་ཡིན་ཟེར་ན། དེ་ནི་ནམ་མཁར་གནས་པའི་དངོས་པོ་ཞིག་ལྟར། ང་ཚོ་ལས་འདས་པ་ཞེས་པའི་དོན་སྟོན་གྱི་འདུག དེའི་ཚབ་ལ་ངས་ཆོས་རྣམས་ཀྱི་གཏིང་ཟབ་ཤོས་ཀྱི་བདེན་པ་ (the deepest fact about things, དོན་དམ་བདེན་པ) ཞེས་སྒྱུར་འདོད་བྱུང་། ཆོས་རྣམས་ཀྱི་གཏིང་ཟབ་ཤོས་ཀྱི་བདེན་པ་གཞི་གྲུབ་ཡོད། དེ་ནི་སེམས་དང་། རྟོག་པ། བརྡ་བཅས་ཀྱི་རྒྱ་ལས་བརྒལ་བ་སྟེ། སྤྱིར་བཏང་ང་ཚོའི་རྟོགས་ཚུལ་ལས་འདས་པ་ཡིན། སྐད་ཡིག་དང་རྟོག་པས་ཆོས་རྣམས་ཡང་དག་མ་དག་གི་ཐོག་ནས་གནས་པ་སྟོན་གྱི་ཡོད། མི་བཟང་པོ། མི་ངན་པ། གླེན་པ། ཕུལ་བྱུང་ཞེས་པའི་བརྡ་ཆད་བེད་སྤྱོད་བྱེད་པའི་ཤུགས་ཀྱི་བསྟན་དོན་ནི་ངོ་ཐོག་བྱས་ན་ཆོས་རྣམས་འགྲེལ་བརྗོད་ལེགས་པ་བྱས་པ་དང་རང་དབང་གྱི་སྡེ་ཚན་དེ་ལྟའི་ནང་གནས་ཡོད། འདི་མི་ལྐུག་པ་རེད། ཁོས་གང་ཡང་འགྲིགས་པ་ཞིག་བྱེད་མི་ཐུབ། འདི་མི་ལེགས་པོ་རེད། གནས་ལུགས་རྟོགས་པ་ནི་ཆོས་རྣམས་ཡང་དག་མ་དག་གི་སྡེ་ཚན་དུ་ཡིན་པ་མི་སྲིད་པའི་ལམ་ནས་རྣམ་རྟོག་གིས་ཡུལ་དུ་མེད་པར་རྟོགས། ད་ལྟ་མི་ཞིག་གིས་བྱ་བ་གང་ཡང་རུང་བ་ཞིག་བྱེད་མི་ཐུབ་ཀྱང། དེས་ཕོ་མོ་སུ་ཡིན་རུང་རྦད་དེ་དབང་རྟུལ་ཡིན་པའི་དོན་སྟོན་གྱི་མེད། དེ་འདྲའི་མི་དེ་དག་རང་གྲོགས་པོ་ཞིག་དང་། རང་གི་ཕ་མ་སོགས་སུ་ཡིན་ཀྱངསྲིད།

དེས་ན། ང་ཚོས་ང་ཚོའི་སེམས་དང་བརྗོད་བྱེད་ཀྱི་སྒྲ་ལས་འདས་པའི་ཆོས་རྣམས་ཀྱི་གཏིང་ཟབ་ཤོས་ཀྱི་བདེན་པ་ཞེས་བརྗོད་དུས། ཆོས་རྣམས་རྟོག་པ་དང་སྒྲས་སྟོན་པ་བཞིན་མ་གྲུབ་པར་སྒོ་བསྟུན་གྱི་ཡོད། ང་ཚོའི་སེམས་ལ་དེ་རྟོགས་པའི་ནུས་པ་ལྡན་ཡོད།

ང་ཚོའི་སེམས་ཀྱི་ཆོས་ཅན་བྱེ་བྲག་པ་ཞིག་རྟོགས་མི་ཐུབ་པར་ང་ཚོས་དེ་དག་རྟོགས་ཐུབ་རྒྱུར་དད་པ་ཙམ་ལ་བརྟེན་དགོས་པ་དེ་ལྟར་མ་ཡིན། ནང་ཆོས་ནང་རྨོངས་དད་ནམ་ཡང་བྱ་རྒྱུ་མེད་པ་གསུངས་ཡོད། དེ་ལས་ལྡོག་སྟེ། སངས་རྒྱས་ཀྱིས། ངས་གང་བཤད་པ་དེ་ང་ལ་བརྩི་བཀུར་བྱ་ཕྱིར་ཁས་ལེན་མ་བླངས་པར། གསེར་ལ་བརྟག་པ་བཞིན། རང་ངོས་ནས་བརྟག་དཔྱད་བྱེད་དགོས་ཞེས་བཀའ་བསྩལ། དེ་ནི་རྣམ་པ་ཐམས་ཅད་དུ་བདེན་པ་ཡིན།

གནད་དོན་བྱེ་བྲག་ཅིག་གི་རྒྱུ་མཚན་ནི་ང་ཚོ་ལམ་སེང་གསལ་པོ་མེད་སྲིད། གང་ལྟར་ཡང་ང་ཚོས་ཐོག་མར་གོ་རྟོགས་མ་ཐུབ་ནའང་ཁས་མི་ལེན་པ་བྱེད་རྒྱུ་མེད། སྔོན་ནས་མི་ཤེས་པ་ཞིག་ཤེས་པའི་ཆེད་དུ་ང་ཚོས་ངང་རྒྱུན་རིང་པོས་སློབ་པ་དང་བརྟག་དཔྱད་སོགས་བྱེད་དགོས།། །།