You are in the archive Please visit our new homepage

བྷར་ཛིན་བཤད་མཛོད།

འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་གྱི་ནང་བསྟན་བཤད་མཛོད།

དྲ་ཤོག་དེའི་ནང་གི་ཡིག་ཐོག་ཅི་ཡོད་ལ་ཁ་ཕོད་པ། ཁ་ལོ་བ་གཙོ་བོར་མཆོངས། ཁ་ལོ་བ་གཙོ་བོར་རྒྱུགས།

དྲ་ཤོག་ངོ་གདོང་། > ནང་ཆོས་ལ་འཇུག་པ། > དེང་དུས་ཀྱི་འཛམ་གླིང་ནང་ནང་ཆོས། > དེང་དུས་ཀྱི་འཛམ་གླིང་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་ཁ་ཚ་དགོས་གལ་ཆེ་བའི་ཚུལ།

དེང་དུས་ཀྱི་འཛམ་གླིང་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་ཁ་ཚ་དགོས་གལ་ཆེ་བའི་ཚུལ།

ཨེ་ལེག་ཛན་ཌར། བྷར་ཛིན།
ལཊ་ཝི་ཡ། རི་ག  ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༨།

དེ་རིང་དགོང་དྲོ་ངས་དེང་དུས་ཀྱི་འཛམ་གླིང་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་ཁ་ཚ་དགོས་གལ་ཧ་ཅང་ཆེ་བའི་སྐོར་ལ་སྐད་ཆ་བཤད་ཀྱི་ཡིན། གང་ཡིན་ཞུས་ན། ༸གོང་ས་མཆོག་གིས་དེང་དུས་ཀྱི་སྤྱི་ཚོགས་ནང་མཛད་འཕྲིན་གང་བསྐྱངས་ཀྱང་ཚང་མ་དོན་དང་ལྡན་པ་དང་མི་གཞན་ལ་ཕན་འདོགས་རྒྱ་ཆེན་པོ་སྐྲུན་གྱི་ཡོད། དེ་ཡང་མི་རྣམས་ལ་གནས་སྐབས་བདེ་བ་སྟེར་བ་དང་གཞན་གྱི་འདོད་པ་གང་ཡོད་སྐོང་བ་ཙམ་མིན་པར་འཕྲལ་ཕུགས་གཉིས་ཀར་ཕན་འདོགས་མཛད་ཀྱི་ཡོད། ༸གོང་ས་མཆོག་གི་དགོངས་བཞེས་ངོ་མ་ནི་གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་རྒྱུ་དེ་ཡིན།

གཞན་ལ་ཞབསས་་འདེགས་ཞུ་བ།

མ་གཞི་འཛམ་བུ་གླིང་འདིའི་ནང་མཐའ་གཅིག་ཏུ་གཞན་དོན་སྒྲུབ་ཀྱི་ཡོད་ཟེར་མཁན་མི་མང་པོ་ཡོད་ནའང་། ངའི་བསམ་པར་ང་ཚོས་རྒྱུན་དུ་༸རྒྱལ་བ་རིན་པོ་ཆེ་ལ་༸གོང་ས་མཆོག་ཅེས་བརྗོད་པ་བཞིན། ༸གོང་ས་མཆོག་ལ་དམིགས་བསལ་ཁྱད་དུ་འཕགས་པའི་ཡོན་ཏན་ཞིག་ནི་ཁོང་གི་བཅོས་མིན་གྱི་ལྷག་བསམ་མམ་དྲང་བདེན་དེ་རེད། ཟོལ་མེད་ཀྱི་ལྷག་བསམ་དེ་ལ་བརྟེན་ནས་མི་ཧ་ཅང་མང་པོ་ཞིག་ཁོང་མཇལ་བ་དང་ཁོང་གི་གསུང་ཉན་པར་ཡོང་གི་ཡོད། ཁོང་གིས་ག་དུས་ཡིན་ཀྱང་གཙོ་བོ་དགོངས་པ་བཞེས་ས་ཆེ་ཁག་གསུམ་གསུང་གི་ཡོད་པ་ནི། དང་པོ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་དང་། གཉིས་པ་ཆོས་ལུགས་མཐུན་སྒྲིལ། གསུམ་པ་བོད་དང་བོད་མིའི་བདེ་དོན་ཡིན། དེ་དག་གི་༸གོང་ས་མཆོག་གི་སྐུ་ལས་སྐྱོན་ས་གཙོ་བོ་རྣམས་ཡིན།

བཟང་སྤྱོད་དམ་བླང་དོར།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་ཞེས་པའི་བརྗོད་དོན་ཐོག་༸གོང་ས་མཆོག་གི་རྒྱུན་དུ་བཀའ་གནང་གི་ཡོད་པ་དང་། དེའི་རྒྱུ་མཚན་ནི་འཛམ་གླིང་ནང་དེ་གཉིས་དགོས་མཁོ་ཧ་ཅང་ཆེན་པོ་ཆགས་ཡོད། ད་ལྟའི་ཆར་འཛམ་གླིང་ནང་ལྐོག་ཟ་རུལ་སུངས་མང་བ་དང་། དྲང་བདེན་མེད་པ། བཟང་སྤྱོད་ཉམས་པའི་རྐྱེན་གྱིས་མི་དང་མིའི་བར་མི་མཐུན་པ་མང་བ་སོགས་གནས་ཚུལ་ཧ་ཅང་མང་པོ་ཡོད། སྐབས་འདིར་༸གོང་ས་མཆོག་ནི་གོ་ལ་སྤྱི་ཡོངས་ཀྱི་ཁོར་ཡུག་ཐེ་བའི་མི་ཐེར་འབུམ་བདུན་ལྷག་ཡོད་པ་ཚང་མའི་བདེ་དོན་སླད་རྟག་ཏུ་སྐུ་ལས་སྐྱོན་མཁན་གྱི་ཉེ་རིང་མེད་པའི་མི་སྣ་བླ་ན་མེད་པ་ཞིག་ཆགས་ཡོད། མི་གྲངས་ཐེར་འབུམ་བདུན་ལྷག་གི་ནང་ནས། ཁ་ཤས་ཆོས་ལ་ཡིད་ཆེས་བྱེད་མཁན་དང་། ཁ་ཤས་མི་བྱེད་མཁན་ཡིན། ཆོས་ལ་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་ང་ཚོས་ཚང་མར་ཕན་ཐོགས་ཡོད་པའི་བཟང་སྤྱོད་ཀྱི་གཞི་རྟེན་ཞིག་དགོས་ཀྱི་ཡོད། དེ་ལ་ཁོང་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་གསུང་གི་ཡོད། དེས་ཆོས་ལུགས་གང་དང་ཡང་རྒྱབ་འགལ་མི་བྱེད་པར། ཆོས་ལུགས་ཚང་མ་ལ་གུས་བརྩི་བྱེད་ཀྱི་ཡོད། དེ་ཡང་ཁོང་གིས་གསུང་བཞིན་པའི་གཞི་རྩའི་མིའི་རིན་ཐང་ཐོག་རྩ་བ་བྱས་ཡོད། སྐབས་རེ་ཁོང་གིས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་མ་གསུང་པར་དེའི་ཚབ་ཏུ་གཞི་རྩའི་འགྲོ་བ་མིའི་རིང་ཐང་གོང་མཐོར་གཏོང་ཐབས་ཞེས་གསུང་ཞིང་། དེ་དག་ནི་རྩ་བའི་མིའི་ལུས་པོའི་གྲུབ་ཆའི་ཐོག་ལ་གཞི་བྱས་ཡོད། ཨ་མ་ཞིག་གིས་རང་གི་བུ་ལ་བཅངས་པའི་བརྩེ་བ་དང་དོ་ཁུར་ནི་གཞི་རྩའི་དགོས་མཁོ་དང་གལ་ཆེ་ཤོས་ཤིག་ཡིན། དེའང་མི་གཅིག་པུ་མིན་པར་དུད་འགྲོ་ཐེ་བའི་སྲོག་ཆགས་ཀུན་ལ་གཅིག་མཚུངས་ཡིན། དེ་ལྟ་བུའི་བྱམས་སྐྱོང་དང་བརྩེ་བ་ནི་ང་ཚོས་༸གོང་ས་མཆོག་གི་སྐུ་ཚེའི་ནང་ནས་དངོས་སུ་མྱོང་ཐུབ་ལ་ར་སྤྲོད་ཀྱང་ཐུབ། དེ་ནི་མི་རྣམས་ཀྱི་བློ་ལ་སེམས་འགུལ་དང་བློ་སྟོབས་སྤར་མཁན་གྱི་༸གོང་ས་མཆོག་གི་ཁྱད་ཆོས་ཡིན།

མཛད་འཆར།

འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཆེད་དུ་༸གོང་ས་མཆོག་གི་འཛམ་གླིང་ཡུལ་གྲུ་གང་སར་ཕེབས་རྒྱུའི་མཛད་འཆར་ལ་ང་ཚོས་གཟིགས་ན་བསམ་ཡུལ་ལས་འདས་པ་ཞིག་ཆགས་ཡོད། ཁོང་དགུང་ལོ་ ༧༨ ལ་ཕེབས་ཡོད་ནའང་། འདིར་ལཊ་ཝི་ཡ་ནང་དུ་ཕེབས་པ་བཞིན། འཛམ་གླིང་ཡུལ་གྲུ་གང་སར་གཞན་དོན་སླད་ཕེབས་ཤིང་ཕེབས་ཡུལ་ས་ཆ་གཅིག་ནང་འཁྱུག་ཙམ་མ་གཏོགས་བཞུགས་ལོང་མེད། ང་ཚོས་བསམ་བློ་བཏང་ན་ཁོང་གི་མཛད་འཆར་ནི་དངོས་གནས་གཞན་དོན་འབའ་ཞིག་སླད་ཡིན། ངས་འབྲེལ་མཐུད་པ་དང་གསུང་སྒྱུར་བ་ཞིག་གི་ངོ་བོར་༸གོང་ས་མཆོག་དང་མཉམ་དུ་ས་ཆ་མི་ཉུང་བ་ཞིག་ལ་འགྲོ་མྱོང་ཡོད་སྟབས། ཁོང་གི་མཛད་འཆར་གང་འདྲ་ཡོད་མིན་ངས་ཤེས་ཀྱི་རེད། ཉིན་གཅིག་ནང་གསུང་བཤད་ཐེངས་ཁ་ཤས་དང་། གསར་འགོད་ལྷན་ཚོགས་ཐེངས་ཁ་ཤས། སྒེར་དང་མཇལ་འཕྲད་སོགས་ཧ་ལམ་ཞལ་ལག་མཆོད་རྒྱུའི་དུས་ཚོད་ཀྱང་མེད། མ་ཟད་ས་གནས་ལ་ལྟོས་པ་མེད་པར་ཉིན་ལྟར་ཞོགས་པ་ཆུ་ཚོད་ ༣།༣༠ བཞེངས་སྟེ། ཆུ་ཚོད་བཞི་ཙམ་རིང་རྟག་པར་སྒོམ་སྒྲུབ་གནང་གི་ཡོད། ཁོང་གི་ནུས་པ་སྤྱིར་བཏང་ལས་འདས་ཤིང་རྟག་ཏུ་ཐུགས་བག་ཕེབས་དང་གཞན་དོན་གྱི་བསམ་པ་རྐྱང་རྐྱང་གིས་ཟིན། མི་རིགས་དང་དབུལ་ཕྱུག་གི་ཁྱད་པར་རྩ་བ་ནས་མེད་པར་སུ་དང་མཇལ་འཕྲད་གནང་ཀྱང་ཚང་མ་གཅིག་འགྱུར་གྱིས་གུས་བརྩི་གནང་གི་ཡོད། མདོར་ན་༸གོང་ས་མཆོག་ནི་ཆེས་བླ་ན་མེད་པ་དང་ཕུལ་བྱུང་གི་སྐྱེ་བོ་གཅིག་པུ་དེ་ཡིན།

བརྩེ་བ།

ནང་ཆོས་ནང་། ང་ཚོས་བྱམས་བརྩེ་ཟེར་མཁན་ཞིག་བརྗོད་ཀྱི་ཡོད། བྱམས་བརྩེ་ཡོད་ན་གཞན་སུ་ཐུག་ཀྱང་སེམས་ནང་ལྷོད་ལྷོད་དང་བག་ཕེབས་ཡོང་བ་དང་། གཞན་དང་མཉམ་དུ་མཐུན་པོ་ཡོང་བ་མ་ཟད་གཞན་གྱི་བདེ་དོན་ལ་བཅོས་མིན་གྱི་སེམས་ཁུར་སླེབ་ཀྱི་ཡོད། དེ་ལྟར་ཡིན་པ་༸གོང་ས་མཆོག་གི་མཛད་འཕྲིན་ཏེ། མི་མང་འདུ་ཚོགས་ཁྲོད་དུ་ཕེབས་སྐབས་ཁོང་གིས་མི་མང་ལ་གཟིགས་སྟངས་དང་། ཁོང་གིས་མི་མང་ལ་ཐུགས་ཁུར་གནང་སྟངས་སོགས་ལས་ང་ཚོས་ཤེས་ནུས་པ་དང་། ཁོང་གིས་ཕྱག་ལས་གང་འདྲ་ཞིག་གནང་ཀྱང་ཚང་མ་སེམས་ཅན་གཞན་གྱི་བདེ་དོན་སླད་སྐུ་ལས་སྐྱོན་གྱི་ཡོད་པ་གསལ་པོ་རེད། དེར་བརྟེན་འགྲོ་བ་མིའི་རིན་ཐང་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སོགས་གོང་མཐོར་གཏོང་རྒྱུའི་མགོན་པ་གང་གི་དགོངས་པའང་དེ་དག་ནི་སེམས་ཅན་ཐམས་ཅད་ལ་ཕན་བདེ་སྒྲུབ་པའི་ལམ་ལེགས་ཤོས་ཤིག་ཡིན་པ་ཁོང་གིས་ཐུགས་སུ་མངའ་བའི་གནད་ཀྱིས་ཡིན། ཁོང་ནི་ནང་པའི་ཐབས་ལམ་ལྟ་བུ་གཅིག་གི་མཁོ་ནའི་ཐོག་ནས་དགོངས་པ་བཞེས་མཁན་གྱི་རིགས་ཤིག་མ་ཡིན། ཁོང་གིས་འཛམ་གླིང་ནང་གི་ཤེས་ཡོན་ལམ་ལུགས་སྤྱིའི་ཁྲོད་ཆོས་དང་མ་འབྲེལ་བའི་རིམ་པའི་ཐོག་ནས་སློབ་སྦྱོང་སྤྲོད་ཕྱོགས་ཐད་ལམ་སྟོན་གནང་ཞིང་། དེའི་ཐོག་ནས་ཕྲུ་གུ་རྣམས་ལ་དྲང་བདེན་དང་། ཡ་རབས་བཟང་སྤྱོད། གཞི་རྩའི་འགྲོ་བ་མིའི་ཀུན་སྤྱོད་འཁྱེར་སོ་སོགས་ཀྱི་ཐད་མཛུབ་ཁྲིད་གནང་གི་ཡོད། དེ་ནི་ཚང་མར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཆགས་ཡོད།

ཆོས་ལུགས་མཐུན་སྒྲིལ།

ཆོས་ལུགས་མཐུན་སྒྲིལ་གྱི་གནས་སྟངས་ཐད་འཛམ་གླིང་ནང་ཆོས་ལུགས་འཐེན་འཁྱེར་གྱིས་རྐྱེན་པས་དཀའ་ངལ་ཆེན་པོ་ཞིག་འཕྲད་མུས་སུ་ཡོད། ཡིད་ཆེས་མེད་པ་དང་འཇིགས་སྣང་སོགས་ལ་བརྟེན་ནས་དཀའ་ངལ་སྣ་ཚོགས་ཤིག་ཡོང་གི་ཡོད། ཁོང་གིས་བསྐྱར་དུ་ཆོས་དང་མ་འབྲེལ་བའི་ཤེས་ཡོན་ཙམ་མིན་པར། རང་གཞན་དབར་གོ་རྟོགས་སོགས་ཀྱི་ཤེས་ཡོན་ཐད་ང་ཚོས་ངེས་པར་དུ་ཤུགས་གནོན་རྒྱག་དགོས་པའི་གལ་ཆེའི་རང་བཞིན་སྐོར་ལ་བཀའ་སློབ་ཟབ་མོ་གནང་གི་ཡོད། དངོས་གནས་འཇིགས་སྣང་སྐྱེ་ས་དེ་ནི་མ་རིག་པའམ་མི་ཤེས་པ་དེ་ཡིན། དེའི་སྟེང་ང་ཚོའི་རྣམ་རྟོག་གིས་ཆོས་ལུགས་གཞན་སོགས་ལ་སྒྲོ་བཏགས་ནས་དཀའ་ངལ་ཡོང་གི་ཡོད། མགོན་པོ་མཆོག་ཕེབས་བཞུགས་ཀྱི་ཆོས་ཕྱོགས་ཀྱི་བགྲོ་གླེང་ཚོགས་འདུ་འདིར་མཚོན་ན། ཚང་མ་མཉམ་དུ་འཛོམས་པ་དང་ཕན་ཚུན་མཛའ་བརྩེ་འཚམས་འདྲི་ཞུ་རེས་བྱས། སྨོན་ལམ་མཉམ་དུ་གསུང་། སྒོམ་སྒྲུབ་ལ་མཉམ་དུ་གཞོལ་བ་སོགས་སྤྱིར་ཧ་ཅང་ཕན་ཐོགས་པོ་ཡོད་ཀྱང་། དེ་ཙམ་བཤད་དེ་ལག་ལེན་མ་བསྟར་ན་ངོ་མཚར་ཆེ་རྒྱུ་གང་ཡང་མེད་ཅེས་༸གོང་ས་མཆོག་གིས་གསུང་གི་ཡོད། ག་དུས་ཡིན་ཀྱང་ཚང་མས་སྐད་ཆ་གཅིག་བཤད། ཆོས་ལུགས་ཕན་ཚུན་གྱི་འདྲ་ཆོས་གླེང་སློང་བྱས་པ་ཙམ་གྱིས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོང་ཐུབ་རྒྱུ་ཁག་པོ་རེད།

ལོ་འདིའི་ཟླ་བ་ ༦ པའི་ནང་། ༸གོང་ས་མཆོག་དང་ཁ་ཆེའི་ཆོས་ལུགས་སུ་ཧྥི་ཞེས་པའི་ཆོས་རྒྱུད་ཀྱི་སློབ་དཔོན་འགའ་མཇལ་འཕྲད་གནང་་བ་དང་། ༸གོང་ས་མཆོག་གིས། ཆོས་ལུགས་གཉིས་ཀྱི་འདྲ་ཆོས་ཙམ་མིན་པར་མི་མཐུན་པའི་ཆའི་ཐད་མགོན་པོ་གང་ཉིད་མཁྱེན་འདོད་ཆེན་པོ་ཡོད་ཅེས་དང་། མི་མཐུན་པ་ཡོད་པར་ངོ་ཚ་རྒྱུ་གང་ཡང་མེད། མི་མཐུན་པ་ཡོད་པ་ཤེས་པ་བརྒྱུད་ང་ཚོས་ཕན་ཚུལ་བློ་སྐྱེད་ལེན་རེས་བྱས་ཏེ། གཅིག་བྱས་ན་དེས་སོ་སོའི་ཆོས་ལུགས་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཆེན་པོ་འབྱུང་སྲིད་པ་ཡིན་ཞེས་བཀའ་གནང་ཡོད། དེ་བཞིན་ཆོས་ལུགས་ཚང་མའི་དམིགས་ཡུལ་གཅིག་པ་རེད། དེ་ཡང་ཚང་མང་མི་ཚེ་སྐྱིད་པོ་ཞིག་ཡོང་ཆེད་ཡིན། དེ་ག་རང་གི་ཐོག་ནས་གཅིག་གྱུར་གྱི་གཞི་རྟེན་ཞིག་མངོན་གྱི་ཡོད། འོན་ཏེ་ཐབས་ལམ་འདྲ་གི་མེད་ལ་དགོས་གལ་ཡང་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན། མིའི་ཁམས་དང་མོས་པ་འདྲ་གི་མེད་ཅེས་གསུངས།

མུ་མཐུད་༸གོང་ས་མཆོག་གིས། གལ་སྲིད་ང་ཚོ་ཚང་མས་སོ་སོའི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཚོར་བྱམས་པ་དང་སྙིང་རྗེ་སྦྱོང་དགོས་ཞེས་འབད་བརྩོན་བྱེད་ཀྱི་ཡོད་ན། ཁྱེད་རང་ཚོས་ཐབས་ལམ་གང་ཞིག་ཉམས་ལེན་བྱེད་ཀྱི་ཡོད། ངེད་ཚོས་ཐབས་ལམ་གང་ཞིག་ཉམས་ལེན་བྱེད་ཀྱི་ཡོད། དེའི་ཆ་ནས་ང་ཚོས་སློབ་སྦྱོང་ལེན་ཐུབ། མི་མཐུན་པའི་ཆ་དེ་དག་ལ་བལྟས་ནས་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཤིག་ཏུ་ངོས་འཛིན་བྱེད་དགོས། ཆོས་ལུགས་ཁག་གི་ཉམས་ལེན་པ་གཤའ་མ་རྣམས་མཉམ་དུ་འཛོམས་ནས་སོ་སོའི་ཉམས་མྱོང་སྤེལ་རེས་བྱེད་དགོས། འོན་ཀྱང་འདུ་ཚོགས་ཆེན་པོ་དེ་འདྲ་ངེས་པར་ཡིན་མི་དགོས། ཁ་ཞེ་གཉིས་མེད་ཀྱིས་གོ་སྡུར་ཐུབ་ན། དངོས་གནས་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་ཅེས་གསུངས།

ཚན་རིག

ཁྱེད་རང་ཚོས་གཟིགས་དང་། ༸གོང་ས་མཆོག་གི་རྩ་བའི་ཐུགས་དགོངས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་རྒྱུ་དེ་ཡིན། ཨ་ཅང་ཅང་བོད་མི་རིགས་དང་ནང་ཆོས་གཙོ་བོར་འགྱུར་བའི་བོད་ཀྱི་རིག་གཞུང་ཐད་ཁོང་ལ་དམིགས་བསལ་གྱི་ཐུགས་འགན་ཞིག་ཡོད། འོན་ཏེ་དེ་དག་ཁོང་གི་དགོངས་པ་བཞེས་ས་གཙོ་བོ་དེ་མིན། དེ་ཡང་ཚན་རིག་གི་ཐད་ལ་ཁོང་གི་གཟིགས་ཚུལ་ལས་ཤེས་ཐུབ། ཚན་རིག་དང་། འཕྲུལ་ཆས་ཀྱི་རིགས་དང་ཆོས་རྣམས་ཀྱིས་ལས་ཀ་བྱ་ཚུལ་ཐད་༸གོང་ས་མཆོག་སྐུ་ཆུང་ངུའི་དུས་ནས་ཐུགས་ཧ་ཅང་མཉེས་པོ་ཡོད། ཁོང་གི་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་ཐེངས་མང་པོ་ཚོགས་གནང་ཡོད། ཐེངས་ག་ཚོད་ཚོགས་མིན་ཏག་ཏག་ཅིག་ངས་གསལ་པོ་ཤེས་ཀྱི་མེད། འོན་ཏེ་གཏན་གཏན་ཕྱི་ལོ་ ༡༩༨༠ གྱ་གྲངས་ཙམ་ནས་ཚོགས་ཡོད། ཁོང་གིས་ཚན་རིག་སྦྱོང་འདོད་གནང་གི་ཡོད།

ནང་ཆོས་ཀྱི་རྩ་བའི་ལྟ་ཚུལ་གཅིག་ནི་ང་ཚོའི་མི་ཚེའི་ནང་གི་དཀའ་ངལ་ཁག་གི་འབྱུང་ཁུངས་སམ་རྒྱུ་ལ་བསམ་ན། ང་ཚོ་དོན་དངོས་དང་མཐུན་གྱི་མེད། ང་ཚོས་ཤེས་ཀྱི་མེད། ང་ཚོས་དངོས་པོའི་གནས་ཚུལ་ངོ་མ་མཐོང་གི་མེད། དེ་ལས་ལྡོག་སྟེ། ང་ཚོས་སོ་སོའི་རྣམ་རྟོག་གི་དབང་གིས་ཡུལ་ལ་སྒྲོ་འདོགས་ཀྱི་ཡོད། རྩ་བའི་དམིགས་ཡུལ་ནི་དོན་དངོས་དང་མཐུན་པ་བྱ་རྒྱུ་དེ་ཡིན། དེ་ལྟར་བྱུང་ན་སྙིང་རྗེ་ངང་གིས་འོང་། རྒྱུ་མཚན་ནི་ང་ཚོ་ཚང་མ་མཉམ་དུ་འཚོ་དགོས་ཀྱི་ཡོད་པ་དང་། མཉམ་དུ་འཚོ་གནས་དགོས་ཀྱི་ཡོད་ན། གོ་ལ་འདིའི་སྟེང་གི་མི་ཚང་མ་མཐུན་པོ་དགོས་ཀྱི་ཡོད། འདི་ནི་གཞི་རྩའི་དངོས་ཡོད་གནས་ཚུལ་དེ་རེད།

ཁོང་གིས་ད་དུང་གལ་སྲིད་ཚན་རིག་གི་ཐོག་ནས་ནང་པའི་གཞུང་ནས་བཤད་པའི་འཇིག་རྟེན་ཐོག་མར་གྲུབ་ཚུལ་ལྟ་བུ་དོན་དངོས་དང་མི་མཐུན་པའམ་འགལ་འདུ་ཡོད་པ་ར་སྤྲོད་ཐུབ་ན། དེ་ལྟའི་འདོད་ཚུལ་དེ་ཚུལ་བཞིན་དུ་དོར་གྱི་ཡིན་ཅེས་གསུང་ཡོད། ཀླད་པས་བྱ་བ་བྱེད་ཚུལ་དང་ཀླད་པའི་ནང་རྡུལ་ཕྲན་མང་པོ་ཡོད་པ་རྣམས་ཀྱིས་བྱེད་ལས་ཐད་ཀྱི་ནུབ་ཕྱོགས་པའི་ཚན་རིག་གི་རྙེད་དོན་ནི་ནང་པའི་གོ་རྟོགས་སྟེང་ཕུན་སུམ་ཚོགས་པའི་ཡན་ལག་ལྟ་བུ་ཞིག་ཆགས་ངེས་རེད། དེ་འགལ་བ་གང་ཡང་མ་རེད།

དེ་ག་ནང་བཞིན་ནང་པའི་ངོས་ནས་ཚན་རིག་པ་རྣམས་ལ་ཕར་བློ་སྐྱེད་སྦྱིན་ཐུབ་པའི་ལེགས་ཆ་མང་པོ་ཡོད། དེ་ནི་ནང་པའི་གཞུང་ནས་བཤད་པའི་ཚན་རིག་དང་། ཤེས་བྱ། ལྟ་གྲུབ་བཅས་ཀྱི་ཆ་དེ་རེད། དཔེར་ན། མྱོང་ཚོར་རམ་སེམས་ཚོར་གྱི་འགྲོ་སྟངས་ཏེ་ནང་སེམས་ཀྱིས་བྱ་བ་བྱེད་སྟངས་དང་དེ་དག་ལ་འབྲེལ་བ་བྱེད་ཕྱོགས་ཐད་ནང་པའི་གཞུང་ནས་ཚན་རིག་དང་མཐུན་པའི་རྣམ་གཞག་རྨད་དུ་བྱུང་བ་ཞིག་ཡོད། དེ་ནི་ནུབ་ཕྱོགས་ཀྱི་ཚན་རིག་པ་རྣམས་ལ་ཕན་ཐོགས་ཤིན་ཏུ་ཆེ། དེའི་ཕྱིར་ཁོང་གིས་དགོན་སྡེ་ཁག་ནང་ཚན་རིག་སློབ་གཉེར་བྱ་རྒྱུ་གསར་གཏོད་མཛད་དེ་གྲྭ་བཙུན་རྣམས་ཀྱིས་གཏན་འབེེབས་སློབ་ཚན་ནང་བཅུག་པ་མ་ཟད་ཚན་རིག་གི་སློབ་ཚན་མང་པོ་ཞིག་བོད་ཡིག་ནང་ཡིག་སྒྱུར་བྱེད་དུ་མངགས། དེར་བརྟེན་༸གོང་ས་མཆོག་ནི་ཐུགས་རྒྱ་ཤིན་ཏུ་ཆེ་ལ་དྲང་བདེན་གྱིས་བརླན་པའི་འཛམ་གླིང་ནང་གི་ཆོས་ལུགས་ཆེ་གྲས་ཤིག་གི་དབུ་ཁྲིད་ཡིན། དེ་ཡང་ང་ཚོས་ཁོང་གི་མཛད་འཕྲིན་དེ་དག་ལས་ཤེས་ནུས།

ཆོས་ལུགས་ཀྱི་སྲོལ་རྒྱུན་གཞན་ལའང་དོ་སྣང་སྤྲོད་པ།

༸གོང་ས་མཆོག་གིས་ཁ་ཆེའི་ཆོས་ལུགས་ལའང་ཐུགས་སྣང་གནང་གི་ཡོད། དེར་བརྟེན་ཁ་ཆེའི་ཁྱབ་ཁོངས་ནང་གི་མི་རྣམས་ལ་ཕན་འདོགས་ཆེད་ནང་པའི་གསུང་འགའ་དང་མགོན་པོ་གང་གི་གཞི་རྩའི་འགྲོ་བ་མིའི་རིང་ཐང་དང་བླང་དོར་སོགས་ཀྱི་ཐད་བཀའ་སློབ་ལམ་སྟོན་རྣམས་ཁ་ཆེའི་སྐད་ཡིག་ནང་ཕབ་སྒྱུར་བྱེད་སླད་༸གོང་ས་མཆོག་གིས་ལམ་སྟོན་དང་རྒྱུ་སྦྱོར་གནང་བ་བཞིན་ང་ཚོས་བཀའ་གསུང་ཅི་སྒྲུབ་ཞུ་བཞིན་ཡོད། ད་ལྟའི་ཆར་ཁ་ཆེའི་ཆོས་ལ་དམའ་འབེབས་དང་སྡང་འཛིན་མང་པོ་བྱེད་ཀྱི་ཡོད་དེ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། དེ་འཛམ་གླིང་ནང་ནས་ཕྱིར་འབུད་མ་བྱས་པར་ནང་དུ་འཇུག་རྒྱུ་ཤིན་ཏུ་གལ་ཆེ། ང་ཚོས་ནང་པའི་གསུང་རབ་ཀྱི་དགོངས་དོན་ཁག་ཅིག་ཁོང་ཚོར་ཤེས་སུ་འཇུག་དགོས། དེའང་ཁོང་ཚོ་ནང་པར་སྒྱུར་ཐབས་རྩ་བ་ནས་མིན། གཞི་རྩའི་གནས་ཚུལ་མང་པོ་ཞིག་ཕན་ཚུན་མཉམ་སྤྱོད་ཐུབ་ན་ཕན་ཐོགས་ཡོང་ཐུབ། ཤེས་ཡོན་ནི་གོ་རྟོགས་ཡར་རྒྱས་འགྲོ་བའི་རྨང་གཞི་ཡིན། གོ་རྟོགས་ཀྱི་ཐོག་ནས་ཡིད་ཆེས་དང་མཛའ་འབྲེལ་གོང་མཐོར་གཏོང་ཐུབ།

ནང་པའི་ཆོས་ཀྱི་ནང་དུ་རྒྱ་གར་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་ཏེ་ཐེག་པ་ཆེན་པོའི་ཕྱག་སྲོལ་ཞིག་ཡོད། དེ་བཞིན་ལྷོ་ཤར་ཨེ་ཤི་ཡཱའི་ནང་ཉམས་ལེན་བྱེད་བཞིན་པའི་ཐེག་དམན་གྱི་སྲོལ་རྒྱུན་ཡང་ཡོད། སྟབས་མི་ལེགས་པ་ཞིག་ལ་གཉིས་ཀས་ཕན་ཚུན་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་བརྗེ་ལེན་བྱེད་སྲོལ་དེ་ཙམ་མེད། ཨ་རི་ནས་ཡིན་པའི་ངའི་གྲོགས་པོ་ནང་པ་ཞིག་ལ་༸གོང་ས་མཆོག་གིས་ཐུན་སྦྱོར་གནང་སྟེ་སྲོལ་རྒྱུན་དེ་གཉིས་བར་ཉམས་ཞིབ་མཐིལ་ཕྱིན་པ་ཞིག་བྱེད་དུ་བཀའ་མངགས་གནང་། དེ་གཉིས་ཀྱི་སོ་སོའི་ཉམས་ལེན་རེ་རེའི་ནང་། ཐེག་པ་ཆེན་པོའི་བར་གཞི་གང་རེད་འདུག ཐེག་པ་དམན་པའི་བར་གཞི་གང་རེད་འདུག ཁོང་གིས་དེ་དག་ལྷོ་ཤར་ཨེ་ཤི་ཡཱའི་སྐད་ནང་བསྒྱུར་གལ་ཆེ་བར་བཀའ་སློབ་གནང་། དེ་བཞིན་ཕན་ཚུན་གཉིས་ཕྱོགས་ཀྱི་ཤེས་བྱ་སྤེལ་རེས་བྱེད་རྒྱུ་མགོན་པོ་མཆོག་གི་གལ་འགངས་ཆེན་པོ་གཟིགས།

བུད་མེད་ལ་སྡོམ་པ་འབོག་འཇོག

ང་ཚོས་བོད་པའི་སྤྱི་ཚོགས་ཁྲོད་དུ་དགོན་སྡེའི་སྲོལ་རྒྱུན་ཡར་རྒྱས་ཕྱིན་པར་བལྟས་ན། རྩ་བའི་ཆ་ནས་ས་ཁམས་ཀྱི་གནས་བབ་སོགས་ཀྱིས་རྐྱེན་པས་བོད་ནང་དགེ་སློང་མའི་སྡོམ་རྒྱུན་ཆ་ཚང་བ་ཞིག་དར་འཕེལ་བྱུང་མེད། གནའ་བོའི་དུས་སུ་རྒྱ་གར་གྱི་རབ་བྱུང་མ་སྡེ་ཚན་ཆ་ཚང་བ་ཞིག་བོད་དུ་རྐང་ཐང་མར་འགྲུལ་སྐྱོད་བྱ་རྒྱུ་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡིན། རྒྱུད་པ་སྤེལ་མ་ཐུབ་སྟབས་ཡོད་པ་རྣམས་ཉམས་པ་རེད། སྡོམ་རྒྱུན་དེ་སྤེལ་བར་དགེ་སློང་མ་བཅུ་ཚང་དགོས་པས་དེ་ལྟར་བྱུང་མེད།

ཡང་བསྐྱར་༸གོང་ས་མཆོག་གིས་དཔལ་འབྱོར་མཐུན་འགྱུར་གནང་སྟེ་དེའི་ཐད་སློབ་སྦྱོང་དང་ཉམས་ཞིབ་ཀྱི་ལས་འཆར་ཞིག་དབུ་འཛུགས་ཞུས་ཏེ། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་བཙུན་མ་རྣམས་དགེ་སློང་མའི་སྡོམ་པ་ལེན་རྒྱུར་དོན་གཉེར་ཡོད་པ་རྣམས་ཀྱི་ཆེད་དུ་སླར་སྡོམ་རྒྱུན་སྤེལ་ཕྱོགས་ཐད་ཐབས་ཤེས་གང་ལེགས་ཞུས་དང་ཞུ་བཞིན་མཆིས། དེ་ལྟའི་ལས་གཞི་དེ་ཁ་ཙམ་མིན་པར་དངུལ་དང་། ནུས་པ། མཐུན་འགྱུར་སོགས་སྒོ་གང་ཐད་ནས་ཐབས་ཤེས་ཡོད་རྒུ་སྣ་ཚོགས་ཀྱིས་དོན་ཐོག་ཏུ་ཕྱག་ལེན་གནང་བཞིན་པ་ཡིན། དེ་ལྟར་ས་ཁུལ་རྒྱ་གང་ཆེ་ཆེར་མི་མང་པོ་ཞིག་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོང་ངེས་ཡིན།

ང་ནི་གྲྭ་པ་དཀྱུས་མ་ཞིག་ཡིན།

ངའི་བསམ་པར་༸གོང་ས་མཆོག་ལ་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་རྐྱེན་ཞིག་ནི་ཁོང་གི་མཐུན་མོང་མ་ཡིན་པའི་སྐུ་གསུང་ཐུགས་གསུམ་གྱི་ངོ་མཚར་ཆེ་བའི་ཁྱད་ཆོས་དག་ཡིན། ཁོང་ལ་རློམ་སེམས་སམ་ང་རྒྱལ་སོགས་ཅི་ཡང་མེད། ༸གོང་ས་མཆོག་གིས་རྟག་ཏུ་ང་ནི་གྲྭ་པ་དཀྱུས་མ་ཞིག་ཡིན། ཁྱེད་དང་འདྲ་བར་རྒྱུན་ལྡན་གྱི་མི་ཞིག་ཡིན་ཅེས་གསུང་གི་ཡོད། ཁོང་གིས་གཞན་དང་ག་དུས་ཐུག་ཀྱང་། ངོས་ལ་མི་གཞན་སུ་ཐུག་ཀྱང་རྟག་ཏུ་རང་དང་འདྲ་བའི་མི་གཞན་ཞིག་ཐུག་གི་ཡོད། ང་ཚོའི་འབྲེལ་ལམ་ནི་མི་དང་མིའི་བར་གྱི་འབྲེལ་བ་ཡིན་པ་ལས་ཏཱ་ལའི་བླ་མ་དང་མི་གཞན་ཞིག་དང་ཡང་ན་བོད་རིགས་ཤིག་དང་ཕྱི་རྒྱལ་བ་ཞིག་ཐུག་གི་ཡོད་བསམ་གྱི་མེད། ངས་རིམ་པ་གཉིས་པའི་ཁྱད་པར་ཐོག་ནས་མིན་པར་རྩ་བའི་ཆ་ནས་མི་ཞིག་ཡིན་པའི་འདུ་ཤེས་ཐོག་ནས་འབྲེལ་བ་བྱེད་ཀྱི་ཡོད་ཅེས་གསུང་གི་ཡོད།

མི་རྣམས་ཀྱིས་རྣམ་རྟོག་གི་དབང་གིས་༸གོང་ས་མཆོག་དཀོན་མཆོག་དང་། རྒྱལ་པོ། ཡང་ན་དམིགས་བསལ་ནུས་པ་ལྡན་པའི་གང་ཟག་ཁྱད་པར་བ་ཞིག་ཡང་ན་ལྷའམ་སྲུང་མ་ལྟ་བུའི་སྐྱེ་བོ་ཞིག་ཏུ་ལྟ་བ་དེར་༸གོང་ས་མཆོག་གི་ཐུགས་མཉེས་པོ་གནང་གི་མེད། ཁོང་གིས་མི་མང་གྲངས་ལས་འདས་པའི་དབུས་སུ་ཕེབས་ཏེ་བཀའ་སློབ་དང་གསུང་བཤད་ག་དུས་གནང་ཀྱང་རྦད་དེ་ཐུགས་ལྷོད་ལྷོད་ངང་སྐུ་ཉིད་ཀྱི་གཟིམ་ཁང་དུ་བཞུགས་པ་ལྟ་བུའི་ཐུགས་ཚོར་ངང་གིས་ཡོང་གི་ཡོད། ཁོང་ནི་མ་ཡིན་ཡིན་མདོག་གནང་མཁན་ཞིག་མིན། ག་དུས་སྐུ་ལུས་ལ་ཟ་འཕྲུག་ལངས་ཚེ་སྤྱིར་བཏང་གི་མི་ཞིག་ལྟར་སྦར་ཤད་གནང་གི་ཡོད་པ་ལས་མ་ཡིན་ཡིན་མདོག་གནང་མཁན་ཞིག་རྩ་བ་ནས་མིན། གལ་སྲིད་མགོན་པོ་མཆོག་རྒྱལ་ཁབ་ཅིག་གི་སྲིད་འཛིན་དང་མཇལ་འཕྲད་གནང་འཆར་ཡོད་ན། སྐབས་དེར་ཁོང་གིས་འགྱིག་གི་བསིལ་ལྷམ་མཆོད་ཡོད་ན། དེ་ག་རང་མཆོད་ནས་མཇལ་འཕྲད་གནང་གི་ཡོད། ཁོང་གིས་གཞན་གྱི་ཡིད་འཕྲོག་ཆེད་འདྲ་ཆགས་མདོག་རྩ་བ་ནས་གནང་གི་མེད། ཁོང་གིས་གང་མཆོད་པ་དེ་ག་རང་གི་ཐོག་ནས་མཇལ་འཕྲད་གནང་གི་ཡོད།

རྒོད་བྲོ།

ཐམས་ཅད་རྒོད་བྲོའི་ངང་ནས་གནང་གི་ཡོད། དེ་ལྟར་རྒོད་བྲོ་པོའོ་ཐོག་ནས་གསུང་བཤད་དེ་འདྲ་གནང་ཐུབ་པ་ནི་ངོ་མཚར་ཤིན་ཏུ་ཆེ། ཐུགས་ལྷོད་ལྷོད་དང་བརྩེ་སེམས་ཀྱི་ཐོག་ནས་ཐམས་ཅད་ལ་བདེ་བ་སྦྱིན་གྱི་ཡོད་པ་དངོས་གནས་ངོ་མཚར་ཆེ། དཔེར་ན། ༸གོང་ས་མཆོག་ཚོགས་ཁང་འདིའི་ནང་གསུང་བཤད་གནང་བའི་སྐབས། བཞུགས་ཁྲིའམ་བཞུགས་སྟེགས་ཤིག་གི་བཞུགས་ཤིང་བཞུགས་སྟེགས་དེ་བདེ་པོ་མེད་ན། གསུང་བཤད་གྲུབ་མཚམས་སུ་གོ་སྒྲིག་གནང་མཁན་ཚོར། ཐུགས་བརྩེ་བ་ཆེན་པོས་ཁྱེད་རང་ཚོས་གྲ་སྒྲིག་ཧ་ཅང་ཡག་པོ་གནང་འདུག ཕྱིས་སུ་ང་ལ་རྐུབ་སྟེགས་འདི་ལས་བདེ་བ་ཞིག་གྲ་སྒྲིག་གནང་རོགས། རྐུབ་སྟེགས་འདི་བདེ་པོ་དེ་ཙམ་མི་འདུག་ཅེས་ཞལ་གད་མཉམ་དུ་གསུང་གི་ཡོད། དེ་མ་ཐག་ཚོགས་ཁང་ནང་གི་མི་ཚང་མ་གད་མོ་ཤོར་བ་དང་ཡིད་ལ་བཅོས་མིན་གྱི་ཚོར་སྣང་ཉེ་པོ་ཞིག་སླེབ་ཀྱི་ཡོད་པ་ལས། མི་གཅིག་གི་ཀྱང་སེམས་ནང་ནོར་བའམ་མི་འཚམ་པ་གང་ཡང་ཚོར་གྱི་མེད། དེ་བཞིན་ཁོང་གིས་མི་རྣམས་ལ་བཀའ་སྐྱོན་ཡང་གནང་གི་ཡོད། ངོ་མཚར་ཤིན་ཏུ་ཆེ།

ཝ་ཙི་ལོབ། ཧཱ་ཝེལ་གྱིས་གདན་འདྲེན་ཞུས་པ།

༸གོང་ས་མཆོག་ཅེག་ཁོ་སི་ལོའོ་ཝ་ཀེ་ཡར་ཝ་ཙི་ལོབ། ཧཱ་ཝེལ་གྱིས་གདན་འདྲེན་ཞུས་པའི་སྐབས་ང་རང་ཡང་༸གོང་ས་མཆོག་དང་ལྷན་དུ་ཡོད། སྐབས་དེར་ངས་ཁོ་པ་ནི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བློན་ནམ་སྲིད་འཛིན་ཡིན་པ་གཏིང་བརྗེད་དུ་ཕྱིན་འདུག ༸གོང་ས་མཆོག་ནི་སྲིད་བློན་ཁོང་གིས་གདན་ཞུ་གནང་བའི་མི་སྣ་གཉིས་པ་དེ་རེད་འདུག དང་པོ་དེ་མགྱོགས་གཞས་གཏོང་མཁན་ཧྥ་རན་ཁ། ཛབ་པཱ་རེད་འདུག ཧཱ་ཝེལ་གྱིས་༸གོང་ས་མཆོག་སྲིད་བློན་ཁོ་རང་དང་ལས་རོགས་བློན་ཆེན་རྣམས་ལ་སྒོམ་རྒྱག་ཚུལ་ཐད་བཀའ་སློབ་གནང་བར་གདན་ཞུ་གནང་འདུག གང་ཡིན་ཟེར་ན། ཁོང་གིས་ང་ཚོར་ཉམས་མྱོང་མེད། ང་ཚོར་སྲིད་གཞུང་ཞིག་འཛིན་སྐྱོང་བྱེ་དཔའི་ཉམས་མྱོང་མེད། ང་ཚོ་ཚང་མའི་སེམས་ནང་དངངས་སྐྲག་གིས་ཁེངས་ནས་གཉིད་ཀྱང་ཁུག་ཐུབ་ཀྱི་མི་འདུག་ཅེས་ཞུས། དེར་བརྟེན་༸གོང་ས་མཆོག་གིས་ཐུགས་རྗེས་མཁྱེན། ང་ཚོར་སེམས་ལྷོད་པོ་ཡོང་བའི་ཐབས་ཤིག་གནང་རོགས་གནང་ཞེས་ཞུས། དེ་མིན་སྲིད་གཞུང་དང་རྒྱལ་ཁབ་གསར་པ་ཞིག་འཛིན་སྐྱོང་བྱེད་ཐུབ་པའི་ནུས་པ་ང་ཚོར་མེད་ཅེས་ཞུས།

ཝ་ཁེ་ལེབ། ཧཱ་ཝེལ་ལགས་ནི་དོན་ལ་གནས་མཁན་ཞིག་དང་ཁ་རི་ཁ་ཐུག་ཅིག་ཡིན། ཁོང་གིས་༸གོང་ས་མཆོག་དང་བློན་ཆེན་རྣམས་དབྱར་ཁའི་ཕོ་བྲང་ཞིག་ཏུ་གདན་འདྲེན་ཞུས། དེ་ལ་ག་རེ་ཟེར་མིན་ངས་ཤེས་ཀྱི་མེད། འོན་ཀྱང་དེ་ནི་རི་ཁྲོད་འདྲ་པོ་ཞིག་འདུག རྒྱལ་ཁང་འདྲ་པོའང་འདུག ཁོ་རང་རང་ཉིད་དེ་གར་ཕེབས་མྱོང་མི་འདུག དེ་ནི་ས་ཆ་རྒྱ་ཆེན་པོ་ཞིག་ཡིན་ཅིང་མི་ཚང་མས་ཕན་ཚུན་ཡག་པོ་མཐོང་མི་ཐུབ་པ་དང་ཚང་མས་ས་ཆ་དེ་གང་ཡིན་མིན་གསལ་པོ་མི་ཤེས། ཁོང་གིས་༸གོང་ས་མཆོག་ལ། འདི་ནི་དམར་ཤོག་གི་འགོ་ཁྲིད་ཚོའི་གཞང་ཁང་རེད་ཅེས་ཞུས། ༸གོང་ས་མཆོག་ལ་དེ་ལྟ་བུའི་ཚིག་ཐད་ཀར་ཞུ་མི་ཉན་པ་དང་གུས་བརྩིའི་རྣམ་པའི་ཐོག་ནས་ཞུ་དགོས་ཀྱང་། ཁོང་ནི་ཁ་རི་ཁ་ཐུག་དེ་འདྲ་རེད་འདུག དེ་གར་ཕེབས་མི་ཚང་མ་ཚོགས་ཁང་དེའི་ནང་གི་ཞ་ལའི་སྟེང་བཞུགས་པ་དང་། སྐབས་དེར་ཧཱ་ཝེལ་དང་བློན་ཆེན་རྣམས་གྱོན་གོས་ཧ་ཅང་སྟབས་བདེ་པོ་གྱོན་ནའང་༸གོང་ས་མཆོག་གིས་ནམ་རྒྱུན་ལྟར་བཞུགས་ཏེ། ཁོང་ཚོར་སེམས་ཞི་བྱེད་དབུགས་གཏོང་ལེན་གྱི་སྒོམ་སྦྱོང་བསླབས་གནང་མཛད་སོང་།

སྤྱིར་བཏང་༸གོང་ས་མཆོག་གིས་དགོང་དྲོ་ཞལ་ལག་མ་མཆོད་པར། ཕྱི་དྲོའི་ཁ་ཟས་སྤོང་བའི་དགེ་འདུན་གྱི་སྲུང་ཁྲིམས་དམ་པོ་སྲུང་གི་ཡོད། འོན་ཏེ་ཁོང་གིས་ཐུགས་གུ་དོག་པོ་མ་གནང་བར་གཞན་རྗེས་སུ་བཟུང་བའི་སླད་དུ་ཚང་མར་བསྟུན་གྱི་ཡོད། དེར་བརྟེན་ཧཱ་ཝེལ་གྱིས་དབྱར་ཁའི་རི་ཁྲོད་དེར་༸གོང་ས་མཆོག་ལ་དགོང་དྲོའི་ཞལ་ལག་ཅིག་གྲ་སྒྲིག་གནང་འདུག བྱས་ཙང་མགོན་པོ་མཆོག་གིས་མཆོད་རྒྱུར་མོས་མཐུན་གནང་། ཁོང་རྣམ་པ་གཉིས་དེ་གར་བཞུགས་ཏེ། བགྲོ་གླེང་ལྷུག་པོ་གནང། གླེང་མོལ་དབྱིན་ཇིའི་སྐད་དུ་གནང་བའི་སྐབས་མངོན་གསལ་དོད་པོ་ཞིག་ལ་༸གོང་ས་མཆོག་གིས་ཝ་ཁེ་ལེབ། ཧཱ་ཝེལ་ལགས་སུ་བཀའ་སྐྱོན་ཞིག་གནང་སོང་ གང་ཡིན་ཟེར་ན། ཁོ་པ་ནི་ཐ་མག་འཐེན་རྒྱུར་རྦད་དེ་ལངས་ཤོར་སོང་བས་༸གོང་ས་མཆོག་དང་ཅོག་ཙེ་གཅིག་གི་ཐོག་ལྷན་དུ་བཞུགས་པའི་སྐབས་སུའང་ཐ་མག་འཐེན་གྱི་འདུག ངའི་བསམ་པར་དེ་ནི་འཚམས་པོ་མི་འདུག གང་ཡིན་ཟེར་ན་རྒྱལ་ཁབ་ཅིག་གི་སྲིད་བློན་རེད། དེར་བརྟེན་༸གོང་ས་མཆོག་གིས་ཐུགས་སྣང་དགེ་བའི་ངང་བཀའ་སྐྱོན་ནམ་སློབ་གསོ་ཞིག་གནང་སོང་། ༸གོང་ས་མཆོག་གིས། ཁྱེད་རང་གིས་ཐ་མག་ཧ་ཅང་མང་པོ་འཐེན་གྱི་འདུག མི་རིང་བར་སྐྲན་ནད་ཕོག་སྲིད་པས་ངེས་པར་དུ་ཉུང་དུ་གཏོང་དགོས་ཞེས་གསུངས། དེ་ནི་ངའི་བསམ་པར་བཀའ་སློབ་གནད་ལ་སྨིན་པ་ཞིག་ཆགས་སོང་། དེར་བརྟེན་ཕྱིས་སུ་ཧཱ་ཝེལ་ལ་གློ་བའི་སྐྲན་ནད་ཕོག་འདུག དེ་ནི་༸གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་གཞན་སེམས་ཅན་ལ་ཐུགས་ཁུར་གནང་བའི་དཔེ་མཚོན་ཞིག་ངས་འདིར་བཀོད་པ་ཡིན། ཁོང་གིས་གཞན་གྱིས་ཁོང་ལ་གང་བསམ་ཕྱོགས་ཐད་ཐུགས་སྣང་གནང་གི་མེད།

ཤེས་རབ་དང་དྲན་པ།

དེར་མ་ཟད་ཁོང་ནི་ད་ལྟ་བར་དུ་ངའི་མི་ཚེའི་ནང་འཕྲད་པའི་གང་ཟག་རིག་པ་གསལ་ཤོས་སམ་ཤེས་རབ་ཀྱི་རྩལ་ཆེ་ཤོས་དེ་རེད་འདུག ཁོང་ལ་པར་བརྒྱབ་པ་ནང་བཞིན་གྱི་དྲན་ཤེས་ལྡན་ཅིང་། ནང་པའི་ཆོས་གསུང་པའི་སྐབས་ནང་པའི་ཆོས་རྒྱུད་ཚང་མར་ཐུགས་རྒྱུས་གཏིང་ཟབ་མངའ་ཞིང་ནང་བྱང་ཆུབ་པས། གཞུང་གང་ས་གང་ནས་ཐུགས་ཐོག་ནས་ལུང་ཚིག་ཐོག་པ་མེད་པར་འདྲེན་གྱི་ཡོད། བོད་པའི་སྲོལ་རྒྱུན་ནང་ཆོས་ཕྱོགས་ཀྱི་སློབ་གཉེར་བྱེད་སྐབས། གཞུང་ཆེན་ཁག་བློ་འཛིན་བྱེད་སྲོལ་ཡོད། མི་མང་ཆེ་བས་ཤོག་ལྷེ་སྟོང་ཕྲག་གཅིག་ལྷག་བློ་འཛིན་བྱས་ཡོད་ངེས་རེད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་༸གོང་ས་མཆོག་ལ་རྩ་གཞུང་ཙམ་མ་ཟད་འགྲེལ་པ་ཁག་ཀྱང་ཐུགས་ལ་ཡོད། ཁོང་གི་གསུང་ཆོས་གནང་སྐབས་གཞུང་གཅིག་ནས་ཏོག་ཙམ་གསུང་། དེ་ནས་འབྲེལ་ཡོད་གཞུང་གཞན་ཞིག་ནས་ཏོག་ཙམ་གསུང་སྟེ་གཞུང་ཕན་ཚུན་བསྡུར་ནས་འགྲེལ་བརྗོད་གནང་གི་ཡོད། དེ་ནི་ཧ་ཅང་ཁག་པོ་ཞིག་རེད། གལ་སྲིད་རང་ངོས་ནས་གཞུང་ཞིག་བློ་འཛིན་བྱས་ཡོད་ན། སྤྱིར་བཏང་མི་མང་ཆེ་བས་བློ་འཛིན་བྱས་རྗེས་བསྐྱར་དུ་འགོ་ནས་མཇུག་བར་དཔེ་ཀློག་གམ་སྐྱོར་སྦྱོང་བྱེད་དགོས་ཀྱི་ཡོད། དེ་ནི་གང་བློ་འཛིན་བྱས་པ་དེ་མ་བརྗེད་པར་དྲན་གསོ་བྱེད་སྟངས་ཤིག་ཡིན། འོན་ཀྱང་༸གོང་ས་མཆོག་ལ་མཚོན་ན། གཞུང་གི་མཚམས་ཤིག་ནས་ཚིག་གཅིག་ཡར་ཞུས་ན། དེ་མ་ཉིད་དུ་༸གོང་ས་མཆོག་གིས་ཐུགས་ནས་སྐྱོར་གནང་གི་ཡོད། དེ་ནི་ཁོང་གི་ཐུན་མིན་གྱི་དྲན་ཤེས་ཀྱིས་བྱ་བ་བྱེད་ཚུལ་ཞིག་ཡིན། གཞུང་ཚང་མ་ཕན་ཚུལ་གོང་འོག་བསྒྲིགས་པའམ་གང་འཚམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་གདུལ་བྱའི་ཁམས་དང་མོས་པ་དང་བསྟུན་ནས་གསུང་པ་ནི་༸གོང་ས་མཆོག་གི་མཁྱེན་པ་དམིགས་བསལ་ཞིག་ཡིན། དཔེར་ན་ཚན་རིག་མཁས་པ་སྐུ་ཞབས་ཨེན་སེ་ཊིན་འདྲ་བའི་མི་རྣམས་ཀྱིས་ e = mc² ཡིན་པ་ཇི་ལྟར་ར་སྤྲོད་བྱས་སམ། དེ་ནི་ཆོས་མང་པོ་ཞིག་གི་སྙིང་པོ་བསྡུས་ནས་སྟོན་ཐུབ་པ་ལས་བྱུང་། ༸གོང་ས་མཆོག་གིས་དེ་ལྟར་གནང་བ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་གཏིང་ཚུགས་པའོ་གོ་བ་རྙེད་པའི་དབང་གིས་ཡིན།

ནང་པའི་གཞུང་ཆེན་ཀུན་ལ་༸གོང་ས་མཆོག་གི་ཐུགས་རིག་ཤིན་ཏུ་བཀྲ་བ་མ་ཟད་ད་དུང་དུས་ཡུན་ཇི་ཙམ་རིང་པོ་སོང་ཡང་༸གོང་ས་མཆོག་གིས་སྐུ་ངལ་མེད་པར་ལས་སླ་པོར་མི་རྣམས་ངོ་ཤེས་པའམ་མཁྱེན་གྱི་ཡོད། ངས་དེ་གསལ་པོར་ཤེས་སོང་། དངོས་གནས་བསམ་ཡུལ་ལས་འདས་པ་རེད་འདུག ༸གོང་ས་མཆོག་སྐུ་ཉིད་མཇལ་བར་བཅར་མཁན་ཚང་མ་ཐུགས་ལ་གསལ་པོར་དྲན་གནང་གི་ཡོད། ཐེངས་ཤིག་གྲྭ་པ་ལོ་ན་མཐོ་བ་ཞིག་བོད་ནས་བཞུགས་སྒར་རྡ་རམ་ས་ལར་ཡོང་སྟེ། མི་གཞན་མང་པོ་དང་ལྷན་དུ་༸གོང་ས་མཆོག་གི་མཇལ་ཁ་ཐོབ། སྐབས་དེར་མི་དམངས་ཀྱི་ཁྲོད་ནས་༸གོང་ས་མཆོག་གིས་གྲྭ་པ་རྒས་པོ་དེར་གཟིགས་ཏེ། ཨོའོ། མི་རྒས་པོ་དེ་འདི་ལ་འདུག ངས་ཁྱེད་རང་གསལ་པོར་དྲན་གྱི་འདུག ལོ་ངོ་སུམ་ཅུའི་སྔོན་ངོས་རྒྱ་གར་ལ་ཡོང་བའི་སྐབས་ལམ་བར་དུ་ཁྱེད་ཀྱི་དགོན་པར་བསྡད་མྱོང་། སྐབས་དེར་ཁྱེད་རང་ཚོས་ང་ལ་བརྟན་བཞུགས་ཤིག་ཀྱང་ཕུལ་བ་རེད། བརྟན་བཞུགས་ཕུལ་བའི་སྐབས་ཁྱེད་ཀྱིས་འབུལ་རྫས་བླུགས་པའི་སྣོད་ཅིག་ཕྲག་སྟེང་དུ་ཁྱེར་ནས་ཁྱེད་ལ་དཀའ་ལས་བྱུང་བ་ངས་དྲན་གྱི་འདུག ཁྱེད་རང་གིས་དྲན་གྱི་འདུག་གམ་ཞེས་གསུངས་སོང་། མི་ལོ་སུམ་ཅུའི་རྗེས་༸གོང་ས་མཆོག་གིས་ཐེངས་དང་པོ་མི་དེ་གཟིགས་པ་དང་ལམ་སེང་ངོ་མཁྱེན་པ་ནི་དངོས་གནས་བློ་ཡུལ་ལས་འདས་པ་ཞིག་རེད། ངའི་དགེ་བའི་བཤེས་གཉེན་སེང་ཀོང་མཚན་ཞབས་རིན་པོ་ཆེ་ནི་༸གོང་ས་མཆོག་གི་སློབ་དཔོན་ཞིག་རེད། མཚན་ཞབས་རིན་པོས་གསུང་དོན། ༸གོང་ས་མཆོག་སྐུ་ན་ཕྲ་བའི་སྐབས་སུའང་མཚན་ཞབས་སུས་མགོན་པོ་མཆོག་ལ་སློབ་ཁྲིད་གནང་ཀྱང་ཐེངས་གཅིག་ལས་འགྲེལ་བཤད་སྐྱོན་དགོས་ཀྱི་མེད། ཐེངས་གཅིག་བསླབས་པ་དང་༸གོང་ས་མཆོག་གིས་ཡོངས་སུ་མཁྱེན་ནས་ཐམས་ཅད་ཐུགས་ལ་བརྟན་པོར་གནས་ཀྱི་འདུག་ཅེས་གསུང་གི་འདུག

མཛད་པ།

༸གོང་ས་མཆོག་ནི་ང་ཚོའི་མི་རབས་དང་དུས་རབས་འདིའི་སྐབས་ཀྱི་ཆེས་བླ་ན་མེད་པ་དང་འགྲན་ཟླ་བྲལ་བའི་ཕུལ་བྱུང་གི་སྐྱེ་བོ་ངོ་མཚར་ཅན་ཞིག་དང་དགོས་གལ་ཤིན་ཏུ་ཆེ་བ་ཞིག་ཆགས་ཡོད། དགོས་གལ་ཆེ་ཚུལ་ཡང་ཁོང་གི་རླབས་ཆེན་གྱི་མཛད་རྗེས་ཁག་ལས་རྟོགས་ནུས། ཁོང་གིས་རང་རྒྱུད་ཡར་རྒྱས་གཏོང་ཐུབ་པ་དང་དེའི་ཕྱིར་དཀའ་ལས་དུ་མ་བསྐྱོན་པ་ཡིན་ཞེས་གསུང་སྟེ་ང་ཚོས་ཀྱང་དེ་ལྟར་བྱེད་ནུས་པ་བསྟན། ང་ཚོས་ཁོང་གིས་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་གནང་སྟངས་གཟིགས་དང་། འཛམ་གླིང་འདིའི་ནང་གི་མི་དམངས་ཐེར་འབུམ་གཅིག་ལྷག་གིས་རང་ཉིད་ལ་མི་དམངས་ཀྱི་དགྲ་བོ་ཨང་དང་པོ་ཞེས་སྐྱོན་འདོགས་བྱས་ན་སེམས་ནང་ག་རེ་ཡོང་ས་རེད་དམ། ༸གོང་ས་མཆོག་གིས་དེ་ལ་བཞད་གད་གནང་གི་ཡོད། གང་ཡིན་ཞེ་ན། ཁོང་གིས་དེ་དངོས་གནས་མིན་པ་མཁྱེན་གྱི་ཡོད། ཁོང་གི་དབུ་ལ་རྭ་ཅོ་སོགས་གང་ཡང་མེད། འོན་ཏེ་མི་དམངས་ཀྱི་དགྲ་དང་གྲྭ་ཆས་གྱོན་པའི་སྤྱང་ཀི་ཞེས་པ་བསྙོན་འཛུགས་བྱས་པར་ང་ཚོས་ཡ་ལན་གང་ཞིག་སློག་སྲིད་དམ།

ཁོང་ག་དུས་ཡིན་ཀྱང་ཐུགས་ཞུམ་མྱོང་མེད། རྩ་བ་ནས་མེད། ཐུགས་ཞུམ་པ་ཟེར་བ་ནི་ཁོང་ལ་མཚོན་ན་མི་སྲིད་པ་ལྟ་བུ་རེད། དེ་དངོས་གནས་ངོ་མཚར་ཆེ་བ་ཞིག་རེད། མ་རེད་དམ། ༸གོང་ས་མཆོག་ལ་རང་མཐོང་དམན་པ་དང་ཞེ་སྡང་སོགས་ཀྱི་བསམ་པ་ཅི་ཡང་མེད་ཅིང་ད་ལྟ་བར་དུ་ཐུགས་སུ་དེ་ལྟར་ཤར་མྱོང་རྩ་བ་ནས་མེད།

ཁོང་ནི་རྟག་ཏུ་རེ་བ་བཟང་སར་བཅོལ་མཁན་ཞིག་དང་། དོན་དངོས་དང་མཐུན་པ། དངོས་ཡོད་གནས་ཚུལ་རང་གི་ཐོག་ནས་ཕེབས་མཁན་ཞིག་ཡིན། ད་ལྟའི་འཛམ་གླིང་འདིའི་ནང་དཀའ་ངལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རྣམས་འགྲོ་བ་མིས་བཟོས་པས་མིས་རང་གིས་སེལ་ཐུབ་ཅེས་གསུང་གི་ཡོད། དེའི་ཕྱིར་ཁོང་གིས་ཉིན་མཚན་མེད་པར་སྐུ་ལས་སྐྱོན་གྱི་ཡོད། ཁོང་གིས་གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་བ་དང་། ཕྲུ་གུའི་ཤེས་ཡོན་ཐད་བཟང་སྤྱོད་ཀྱི་ཚོར་སྣང་བསྐྲུན་པ། ཆོས་ལུགས་ནང་ཁུལ་དབར་མཛའ་མཐུན་བསྐྲུན་པ། ཕན་ཚུན་སློབ་སྦྱོང་ལེན་པ། ཕན་ཚུན་གཉིས་ཀའི་སྲོལ་རྒྱུན་ལ་རྒྱུས་མངའ་བྱུང་ན་ཉེན་ཁ་ཅི་ཡང་མེད་ཅེས་གསུང་བཞིན་སྐུ་ལས་སྐྱོན་གྱི་ཡོད། དེ་བཞིན་འཛམ་གླིང་ཧྲིལ་པོའི་མི་དམངས་ཀྱི་བདེ་དོན་སླད་ཐུགས་ཁུར་གནང་བ་ཆབས་ཅིག་སྐུ་ཉིད་ཀྱིས་རྟག་ཏུ་ཡིན་ལུགས་ཚུལ་མཐུན་དང་ཕྱི་གསལ་ནང་གསལ་གནང་གི་ཡོད། འོན་ཏེ་ཁོང་གིས་ད་དུང་ང་ལ་དམིགས་བསལ་ཁྱད་ཆོས་ཅི་ཡང་མེད་ཅེས་གསུང་གི་ཡོད། དེ་ལྟར་མི་རྣམས་ཀྱིས་༸གོང་ས་མཆོག་ལ་ཤིན་ཏུ་གུས་པ་དང་དགའ་པོ་བྱེད་ཀྱི་ཡོད། དེ་དག་གི་སྟེང་ཁོང་ལ་བསམ་ཡུལ་ལས་འདས་པའི་ནུས་ཤུགས་ལྡན་ཡོད། དངོས་གནས་ངོ་མཚར་ཆེ་བའི་གནས་སུ་གྱུར།

༸གོང་ས་མཆོག་གི་ཞབས་ཞུ་དྲུང་ཡིག་དང་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་རྟག་ཏུ་༸གོང་ས་མཆོག་ལ་ཆིབས་སྒྱུར་ཞེ་དྲགས་མ་གནང་བར་སྐུ་ངལ་གསོ་རོགས་གནང་ཞེས་གསོལ་བ་འདེབས་ཀྱི་ཡོད་ནའང་། ༸གོང་ས་མཆོག་གིས་རྟག་ཏུ་གཞན་དོན་སླད་གང་སར་ཆིབས་སྒྱུར་གནང་བ་དང་ཆིབས་སྒྱུར་གནང་ཐེངས་རེའི་སྐབས་ཀྱི་མཛད་རིམ་ལ་བལྟས་ན། དངོས་གནས་ཡིད་ཆེས་དཀའ་བ་ཞིག་ལས་མ་འདས། ཉིན་གཅིག་ནང་སྐར་མ་རེ་རེའི་ནང་མཇལ་བཅར་བ་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་མཇལ་ཁ་གནང་བ་དང་། ཁོང་གིས་གནམ་གྲུའི་ནང་ཆིབས་སྒྱུར་གནང་ཕྱོགས་ལ་གཟིགས་ན། དཔེར་ན་གཟའ་འཁོར་གཅིག་གམ་ཉིན་བཅུ་ཙམ་ནང་ཕར་ཆིབས་སྒྱུར་གནང་ནས་ཡང་བསྐྱར་ཚུར་རྒྱ་གར་ལ་གནམ་གྲུ་དང་དེ་ནས་མོ་གྲའི་ནང་རྡ་རམ་ས་ལ་བར་ཆུ་ཚོད་བཅུ་གཉིས་ཙམ་ཕེབས་ཀྱི་ཡོད། དེ་རྗེས་རྡ་སར་ཉིན་ཤས་ལས་བཞུགས་ལོང་མེད་པར་བསྐྱར་དུ་སེམས་ཅན་གཞན་གྱི་སླད་ཕེབས་ཀྱི་ཡོད། མཛད་འཆར་དེ་ནི་ཐེངས་གཅིག་ཙམ་མིན་པར་རྟག་ཏུ་ཡིན། དེར་བརྟེན་སྐུ་བཅར་བ་རྣམས་ཀྱིས་༸གོང་ས་མཆོག་ལ་སྐུ་ངལ་གསོ་རོགས་ཞེས་གསོལ་བ་བཏབ་པ་དང་། ༸གོང་ས་མཆོག་གིས་མིན། ང་ལ་ནུས་པ་ཡོད་པའི་སྐབས་ངས་གཞན་དོན་སླད་འབད་བརྩོན་བྱེད་ཀྱི་ཡིན། གང་ལགས་ཞུས་ན་གཞན་ལ་ཕན་གྱི་འདུག་ཅེས་གསུང་གི་ཡོད།

ངའི་བསམ་པར་ཁོང་ནི་དགོས་གལ་ཆེན་པོ་ཡིན་ཏེ། ཁོང་གིས་ང་ཚོར་རེ་བ་དང་གསོན་ཤུགས་སྦྱིན་གྱི་ཡོད། ཁོང་གིས་ལྷག་བསམ་རྣམ་དག་གིས་གཞན་དོན་འབའ་ཞིག་སྒྲུབ་ཀྱི་ཡོད། འགྲོ་བ་མི་ཡར་རྒྱས་གོང་འཕེལ་ཕྱོགས་ཐད་ཁོང་གིས་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་ཤེས་ཡོན་དང་། གཉིས་མོས་ཀྱི་གོ་རྟོགས། བཟང་སྤྱོད་ཡར་རྒྱས་གཏོང་དགོས་སྐོར་བཀའ་གནང་གི་ཡོད། དེ་ནི་རྫུ་འཕྲུལ་སོགས་དང་མི་འདྲ་བར་དངོས་ཡོད་གནས་སྟངས་ཤིག་རེད། ༸གོང་ས་མཆོག་ང་ཚོའི་རྒྱལ་ཁབ་ནང་ཕེབས་པ་ནི་དངོས་གནས་གོ་སྐབས་བཟང་པོ་ཞིག་ཡིན། ༸གོང་ས་མཆོག་གི་དྲུང་ནས་རིན་ཐང་བྲལ་བའི་སློབ་སྦྱོང་ལེན་རྒྱུ་ཡོད་ལ་ཁོང་མཇལ་བ་དང་དམིགས་བསལ་སེམས་ནང་སྤྲོ་སྣང་དང་བཅོས་མིན་གྱི་དགའ་ཚོར་ཞིག་ངང་གིས་ཡོང་གི་ཡོད།