ཁྱེད་རང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་དམ།

དྲི་བ། ཁྱེད་རང་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་དམ།

ཡོད། ངས་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་ང་རང་གནད་དོན་དེའི་ཐོག་སླེབས་རྒྱུར་དུས་ཡུན་རིང་པོ་ཞིག་འགོར་སོང། སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་རྒྱུ་དེ་གློ་བུར་དུ་ཡོང་གི་མེད། མི་ཁ་ཤས་ནི་སོ་སོའི་རིག་གཞུང་གི་ཆ་ཤས་སུ་སྐྱེ་བ་སྔ་ཕྱི་ཡིད་ཆེས་ཀྱི་རྒྱབ་ལྗོངས་ཤིག་ནས་ཕལ་ཆེར་ཡོང་གི་ཡོད་པ་རེད། གནད་དོན་དེ་ནི་ཨེ་ཤ་ཡའི་ལུང་པ་ཕལ་ཆེ་བའི་ནང་ཡོང་གི་ཡོད་པ་དང། རྒྱུ་མཚན་དེ་ལ་བརྟེན་ནས་ཡུལ་གྲུ་དེ་དག་ནང་གི་མི་རྣམས་ལ་བྱིས་པའི་དུས་ནས་སྐྱེ་བ་སྔ་ཕྱིའི་སྐོར་ལ་གོ་ཐོས་བྱུང་གི་ཡོད་པས། དེ་ལ་ཡིད་ཆེས་རང་བཞིན་གྱིས་ཡོང་གི་ཡོད། གང་ལྟར་ཡང་། ང་ཚོ་ནུབ་ཕྱོགས་པའི་རིག་གཞུང་ནང་འཚར་ལོངས་བྱུང་བའི་མི་རྣམས་ལ་གནད་དོན་དེ་ཐོག་མར་ཁྱད་མཚར་ཞིག་ཏུ་སྣང་གི་ཡོད། ང་ཚོར་སྤྱིར་བཏང་ཆ་ནས་སྐྱེ་བ་སྔ་ཕྱིར་ངེས་ཤེས་ཤིག་གློ་བུར་དུ་རྒྱབ་ལྗོངས་སུ་འཇའ་ཚོན་ཤར་བ་དང་རོལ་དབྱངས་སྒྲོག་པ་དང། “དཀོན་མཆོག་མཁྱེན། ད་ང་ཡིད་ཆེས་ཀྱི་འདུག་” ཅེས་པ་ལྟ་བུའི་ཐོག་ནས་སླེབས་ཀྱི་མེད། དེ་འདྲ་ནམ་རྒྱུན་ཡོང་ཐབས་མེད།

མི་ཕལ་མོ་ཆེར་སྐྱེ་བ་སྔ་ཕྱིའི་ལྟ་ཚུལ་ལ་གོམས་འདྲིས་ཆགས་རྒྱུར་དུས་ཡུན་རིང་པོ་ཞིག་འགོར་གྱི་ཡོད། ངས་དེར་ཡིད་ཆེས་བརྟན་པོ་ཞིག་འཐོབ་པའི་བརྒྱུད་རིམ་ནང་རིམ་པ་སྣ་ཚོགས་བརྒྱུད་ནས་ཕྱིན་པ་ཡིན། ཐོག་མར་ངས། “ང་རང་གིས་དོན་དངོས་སུ་སྐྱེ་བ་སྔ་ཕྱི་ཤེས་རྟོགས་མ་བྱུང།” ཞེས་བསམས་པའི་བསམ་བློ་སྒོ་འབྱེད་དགོས། ང་ཚོས་དེ་ལྟ་བུའི་ཤེས་རྟོགས་མེད་པ་དེ་ངོས་ལེན་བྱེད་རྒྱུ་གལ་འགངས་ཆེན་པོ་ཡིན། གང་ཡིན་ཞེ་ན། སྐབས་རེ་ང་ཚོས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པ་བྱེད་སྲིད་ལ། ང་ཚོས་དངོས་གནས་གང་ཁས་ལེན་མི་བྱེད་པ་དེ་ནི་ནང་ཆོས་ནས་ཀྱང་ཁས་མི་ལེན་པའི་ལྟ་ཚུལ་ཞིག་ཡིད་སྲིད་པ་རེད། མི་འགའ་རེས། “ངས་སྐྱེ་བ་སྔ་ཕྱིར་ཡིད་ཆེས་བྱེད་ཀྱི་མེད། གང་ཡིན་ཞེ་ན། ལུས་པོ་གཅིག་ནས་གཞན་དུ་འཕུར་མཁན་གྱི་གཤོག་པ་གཉིས་ཡོད་པའི་རྣམ་ཤེས་སམ་བདག་ཅིག་ཡོད་པ་ངས་བསམ་གྱི་མི་འདུག་” ཅེས་བསམ་སྲིད། “ང་ཚོས་ཀྱང་གཤོག་ཟུང་ཡོད་པའི་རྣམ་ཤེས་སམ་བདག་ཁས་ལེན་བྱེད་ཀྱི་མེད་པ་”དེར་ནང་པས་ངོས་ལེན་བྱེད་ཀྱི་ཡོད། ངས་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་མེད་ཐག་གཅོད་བྱེད་པར། རང་ཉིད་ནས་ནང་ཆོས་ལས་གསུངས་པའི་སྐྱེ་བ་སྔ་ཕྱིའི་གོ་དོན་ཤེས་རྟོགས་བྱེད་དགོས་པ་དང་། གོ་དོན་དེ་ནི་རྟོགས་སླ་པོ་ཞིག་མིན། ངས་གོང་དུ་ཤིན་ཏུ་ཕྲ་བའི་ཤེས་པ་དང་ནུས་པ། དེ་བཞིན་དེ་ལ་གྲོགས་བྱེད་པའི་བག་ཆགས་བཅས་ཀྱི་སྐོར་ལ་འགྲེལ་བརྗོད་བྱས་པ་ལས་ཁྱེད་རང་གིས་མཐོང་བ་བཞིན་དེ་ནི་ཤིན་ཏུ་མགོ་རྙོག་པོ་ཞིག་ཡོད།

ངས་ཐེ་ཚོམ་ལ་བརྟེན་ནས་སྐྱེ་བ་སྔ་ཕྱི་ཡོད་པར་བསམ་བློ་བཏང་བ་ཡིན། ངེས་མེད་ཀྱི་ཐོག་ནས་ང་ཚོས་སྐྱེ་བ་སྔ་ཕྱི་ཡོད་པར་ཆ་བཞག དེ་ནས་དེ་འདྲའི་ལམ་ནས་ང་ཚོ་གནས་པར་དཔྱད་ནས་མཇུག་ཏུ་ག་རེ་ཡོང་གི་ཡོད་དམ། ང་ཚོས་བྱང་ཆུབ་སེམས་དཔའི་ཉམས་ལེན་ཡོངས་རྫོགས་ཁས་ལེན་བྱེད་ཐུབ་ལ། ང་ཚོས་སེམས་ཅན་ཐམས་ཅད་ང་ཚོའི་མ་བྱས་མྱོང་ཡོད་པར་ངོས་འཛིན་ཐུབ་པས། དེས་སེམས་ཅན་གཞན་རྣམས་དང་འབྲེལ་བ་ཞིག་ཡོད་པ་ཚོར་ཐུབ།

དེས་ངའི་མི་ཚེའི་ནང་བྱུང་བའི་བྱ་དངོས་རྣམས་རྒྱུ་མཚན་ག་རེ་ལ་བརྟེན་ནས་བྱུང་བ་འགྲེལ་བརྗོད་ཀྱང་བྱེད་ཐུབ། ང་ལྟ་བུའི་རྒྱབ་ལྗོངས་ནས་ཡིན་པའི་མི་ཞིག་ལ་རྒྱ་མིའི་སྐད་ཡིག་སྦྱོང་རྒྱུར་དོ་དབྱིངས་ཤུགས་ཆེན་སླེབས་པའི་རྒྱུ་མཚན་ག་རེ་ཡིན་ནམ། ང་རང་རྒྱ་གར་ལ་འགྲོ་རྒྱུ་དང་བོད་པ་དང་ལྷན་དུ་སློབ་སྦྱོང་བྱེད་རྒྱུར་དོ་དབྱིངས་སླེབས་པའི་རྒྱུ་མཚན་ག་རེ་ཡིན་ནམ། ངའི་ཁྱིམ་ཚང་གྱི་དགའ་མོས་དང་ང་རང་འཚར་ལོངས་བྱུང་སའི་ཁོར་ཡུག་ལ་གཞིགས་ན། དེ་དག་ལ་ང་རང་དོ་དབྱིངས་སླེབས་པའི་རྒྱུ་མཚན་གང་ཡང་མེད། གང་ལྟར་ཡང། ངས་སྐྱེ་བ་སྔ་ཕྱིའི་སྐོར་ལ་བསམ་བློ་བཏང་བའི་དུས་དེར་འགྲེལ་བཤད་ཅིག་འདུག ང་ལ་ཏན་ཏན་རྒྱ་གར་དང། རྒྱ་ནག བོད་གསུམ་དང་ལྷན་དུ་ངའི་ཚེ་རབས་སྔ་མ་འདྲ་མིན་དང་འབྲེལ་བ་ཞིག་ཡོད་པ་དང་། དེས་ང་རང་རྒྱལ་ཁབ་དེ་གསུམ་དང་དེ་དག་གི་སྐད་ཡིག་དང་རིག་གཞུང་ལ་དགའ་མོས་སླེབས་པའི་རྒྱུ་རྐྱེན་བྱས་ཡོད་པ་རེད། དེ་མིན་ངས་ལན་འདེབས་གང་ཡང་མ་རྙེད་པའི་དྲི་བ་མང་པོ་ཞིག་ལ་སྐྱེ་བ་སྔ་ཕྱིས་ལེན་འདེབས་བྱས་སོང། གལ་ཏེ་སྐྱེ་བ་སྔ་མ་དང་ལས་འབྲས་མེད་ན། ངའི་མི་ཚེའི་ནང་གང་ཞིག་བྱུང་ཀྱང་དེ་ལ་རྒྱུ་མཚན་མེད་པ་རེད། སྐྱེ་བ་སྔ་ཕྱིས་ང་ལ་ཡང་ནས་ཡང་དུ་བྱུང་བའི་འཆར་ཅན་གྱི་རྨི་ལམ་ལའང་འགྲེལ་བརྗོད་ཐུབ། ལམ་དེའི་ཐོག་ནས་ངས་ག་ལེར་ག་ལེར་སྐྱེ་བ་སྔ་ཕྱིར་གོམས་འདྲིས་ཆེ་རུ་གཏོང་འགོ་བཙུགས་པ་ཡིན།

འདས་པའི་ལོ་བཅུ་དགུའི་རིང་ངས་རྒྱ་གར་ནང་སློབ་སྦྱོང་བྱས་མྱོང་བ་དང་དེའི་སྐབས་སུ་བཞུགས་པའི་བླ་ཆེན་སློབ་དཔོན་ཤིན་ཏུ་བགྲེས་པོ་རྣམས་དང་ལྷན་དུ་སློབ་སྦྱོང་བྱེད་རྒྱུའི་དམིགས་བསལ་ཐོབ་ཐང་དང་གོ་སྐབས་བྱུང་། དེ་དག་ལས་མང་པོ་ཞིག་འདས་གྲོངས་སུ་གྱུར་ཟིན་པ་དང་ཕྱིར་ལོག་ཀྱང་ཕེབས་ཡོད་པས། ད་ལྟ་ཁོང་རྣམས་བྱིས་པ་ཆུང་ཆུང་གྱི་ཚུལ་དུ་བསྐྱར་དུ་ངས་མཇལ་གྱི་ཡོད། ངས་ཁོང་རྣམས་སྐུ་ཐོག་གཉིས་ཀྱི་ནང་སྐུ་ངོ་ཚོར་གྱི་ཡོད།

ནང་པའི་ལམ་གྱི་ཚད་ངེས་ཅན་ཞིག་ལ་སླེབས་སྐབས་སོ་སོའི་སྐྱེ་བར་རང་དབང་ཐོབ་ནས་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད། རང་ཉིད་སངས་རྒྱས་མི་དགོས་ལ། ཐར་པ་ཐོབ་པའི་དགྲ་བཅོམ་པའི་གང་ཟག་ཀྱང་ཡིན་མི་དགོས། ཡིན་ནའང། རང་ཉིད་བྱང་ཆུབ་སེམས་དཔའ་ཞིག་ཡིན་དགོས། ཁྱེད་རང་ལ་ད་དུང་སྔགས་ལམ་གྱི་ཚད་མཐོ་བའི་གནས་ཚད་ངེས་ཅན་ཞིག་གི་ཉམས་རྟོགས་རང་རྒྱུད་ལ་མངའ་དགོས་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་ཐུབ་པའི་ལུས་པོ་ཞིག་ཏུ་སྐྱེ་བ་ལེན་རྒྱུའི་འདུན་པ་ཤུགས་དྲག་དགོས་པ་ཡིན། འདི་དག་ནི་འཆི་བ་དང་། བར་དོ། སྐྱེ་བར་འཕོ་ཐུབ་པའི་ཐབས་ལམ་དང་དམིགས་རྣམ་ངེས་ཅན་འགའ་ཞིག་ཡོད། གལ་ཏེ་རིམ་པ་དེར་དབང་སྒྱུར་ཐུབ་པ་བྱུང་ན། སོ་སོའི་སྐྱེ་བ་ཕྱི་མ་དག་ལ་དབང་སྒྱུར་ཐུབ་ཀྱི་ཡོད། བོད་པའི་ནང་གནས་རིམ་དེར་ཐོབ་པའི་གང་ཟག་ཆིག་སྟོང་ལྷག་ཙམ་ཡོད་པ་དང་། ཁོང་ཚོ་འདས་གྲོངས་སུ་གྱུར་རྗེས་བསྐྱར་དུ་རྙེད་སོན་ཡོང་གི་ཡོད། བོད་པའི་ལུགས་སྲོལ་ནང་ཁོང་ཚོར་སྤྲུལ་སྐུ་ཟེར་གྱི་ཡོད། སྤྲུལ་སྐུ་ནི་བླ་མའི་ཡང་སྲིད་ཞིག་ཡིན་ལ། རིན་པོ་ཆེའི་མཚན་གནས་གསོལ་བའི་གང་ཟག་ཞིག་ཀྱང་ཡིན། ཡིན་ནའང། རིན་པོ་ཆེའི་མཚན་གནས་ནི་སྤྲུལ་སྐུའམ་བླ་མའི་ཡང་སྲིད་ཁོ་ནར་བེད་སྤྱོད་བྱེད་པ་མ་ཡིན་པར། མཚན་དེ་དགོན་པའི་མཁན་པོའམ་མཁན་ཟུར་རྣམས་ལའང་བེད་སྤྱོད་བྱེད་སྲོལ་ཡོད། རིན་པོ་ཆེའི་མཚན་གནས་གསོལ་བའི་གང་ཟག་ཡོད་དོ་ཅོག་བླ་མའི་ཡང་སྲིད་ཡིན་པའི་ཁྱབ་པ་མེད།

ད་དུང་ངས་བླ་མ་ཞེས་པའི་ཐ་སྙད་དེ་བོད་པའི་ཆོས་ལུགས་གཅིག་ནས་གཞན་དུ་བེད་སྤྱོད་བྱེད་ཚུལ་ཐ་དད་ཡོད་པའི་ཚུལ་རྣམས་བརྗོད་རྒྱུ་ཡིན། ལུགས་ཁ་ཤས་ཀྱི་ནང་བླ་མ་ཞེས་པ་དེ་ཆོས་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སྟེ། དཔེར་ན། ནང་ཆོས་ཐད་ལ་འབུམ་རམས་པའམ་རིག་པའི་ཆུ་གཏེར་གྱི་ཤེས་ཚད་དང་མཉམ་པའི་དགེ་བཤེས་སམ་བླ་མའི་ཡང་སྲིད་ཅིག་ལ་གོ་བ་ཡིན། ལུགས་སྲོལ་ཁ་ཤས་ཀྱི་ནང་སྤྱི་ཚོགས་ནང་ཆོས་ཕྱོགས་ཀྱི་བྱ་བ་སྒྲུབ་མཁན་གྱི་གང་ཟག་ལ་གོ་བའང་ཡོད། དེ་འདྲ་བའི་གང་ཟག་དེས་ལོ་གསུམ་གྱི་བསྙེན་མཚམས་ཤིག་བསྡད་པ་དང་ཆོ་ག་ཕྱག་ལེན་སྣ་ཚོགས་སྦྱངས། དེ་ནས་ཕོ་མོ་གང་ཡང་རུང་བའི་གང་ཟག་དེས་གྲོང་གསེབ་དུ་བསྐྱོད་ནས་མི་རྣམས་ཀྱི་ཁྱིམ་དུ་ཆོ་ག་ཕྱག་ལེན་བྱེད་ཀྱི་ཡོད། བྱས་ཙང་། བླ་མའི་མཚན་གནས་ལ་གོ་དོན་འདྲ་མིན་ཡོད་ཆོག་པ་ཡིན།

བླ་མའི་ཡང་སྲིད་དམ་སྤྲུལ་སྐུ་ངོས་འཛིན་བྱས་པའང་ཆིག་སྟོང་མ་ཟིན་ཙམ་ཡོད་པ་དང་། ཁོང་རྣམ་པ་ཚོ་སོ་སོས་བསྟན་པའི་རྟགས་དང་མཚན་མ་སྣ་ཚོགས་པ་ཙམ་མ་ཟད། དེ་མིན་གྱི་ལྷ་དང་སྲུང་མའི་ལུང་བསྟན་ནམ་རང་བྱུང་ཁམས་ཀྱི་རྟགས་མཚན་ཁྱད་པར་བ་དག་ལ་བརྟེན་ནས་ངོ་རྟགས་ཆོད་པ་ཡོད། བླ་མ་སྐུ་གོང་མའི་ཉེ་གནས་རྣམས་ཀྱིས་ཡང་སྲིད་འཚོལ་གྱི་ཡོད། ཁོང་ཚོས་སྐུ་ཐོག་གོང་མ་སྐུ་སྒེར་གྱི་ཆོ་ག་ཕྱག་ལེན་གྱི་ཡོ་བྱད་དང་ཅ་དངོས་རྣམས་དང་ལྷན་དུ་དེ་དག་དང་འདྲ་བའི་ཅ་དངོས་ཀྱི་རིགས་མཉམ་འཁྱེར་བྱེད་ཀྱི་ཡོད་པ་རེད། རྟགས་མཚན་ཡོད་པའི་ཕྲུ་གུ་དེས་ཅ་དངོས་དེ་དག་གི་ཁྲོད་ནས་སྐུ་ཐོག་གོང་མའི་དངོས་རྫས་རྣམས་ངོས་འཛིན་བྱེད་ཐུབ། དཔེར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཁོང་ལ་མཇལ་ཁ་ཞུ་མཁན་ངོས་འཛིན་ཞུ་གི་ཡོད། ཁོང་གིས་ཁོང་ཚོའི་མཚན་ནས་སྨོས་པ་དང་དབུས་སྐད་ཐོག་ནས་བཀའ་མོལ་གནང་གི་ཡོད་ལ། སྐད་རིགས་དེ་ནི་ཁོང་འཁྲུངས་སའི་ཕ་སྐད་མ་ཡིན། དེ་ལྟ་བུའི་རྟགས་དང་མཚན་མ་ལ་བརྟེན་ནས་ཕྲུ་གུ་དེ་ཡང་སྲིད་ལ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད།

ང་རང་ལྟ་བུར་མཚོན་ན། ངའི་དགེ་བའི་བཤེས་གཉེན་རྣམས་སྐུ་ཐོག་རྗེས་མར་མཇལ་ཐུབ་པ་དེས་ང་ལ་སེམས་འགུལ་གང་ཙམ་ཐེབས་ཀྱི་འདུག སེམས་འགུལ་ཆེ་ཤོས་ཐེབས་པའི་དཔེ་མཚོན་ནི་༸གོང་ས་མཆོག་གི་ཡོངས་འཛིན་འགྲེས་པ་༧སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ཡིན། ཁོང་རི་བོ་དགེ་ལྡན་པའི་བླ་མ་ཆེ་ཤོས་ཤིག་ཀྱང་ཡིན། ཁོང་སྐུ་མྱ་ངན་ལས་འདས་པའི་དུས་ཁོང་གི་ལྗགས་དབུཌ་རྒྱུན་ཆད་པ་དང་སྨན་བཅོས་ཐབས་ལམ་ཡོད་དོ་ཅོག་གིས་སྐུ་འདས་ཟིན་པར་ཆ་འཛིན་བྱས་ནའང་། བདུན་ཕྲག་གཉིས་མ་ཟིན་ཙམ་གྱི་རིང་ཐུགས་དམ་ལ་བཞུགས་པ་རེད། གང་ལྟར་ཡང་། ཁོང་གི་རྣམ་ཤེས་ཕྲ་མོ་ད་དུང་ཡང་སྐུ་ལུས་ནང་བཞུགས་ཡོད་པ་སྟེ། ཁོང་གི་ཡིད་ཤེས་ཕྲ་མོ་འཇོག་སྒོམ་ནང་དུ་ཐིམ་ཡོད་ལ་ཐུགས་ཀའི་གཡས་གཡོན་རྣམས་སུ་ད་དུང་ཡང་དྲོད་ཕྲན་བུ་གནས་པ་དང་། སྐུ་ཕུང་མ་རུལ་བར་སྒོམ་གྱི་སྟངས་ཀའི་ཚུལ་དུ་བཞུགས་ཡོད། ཁོང་ཐུགས་དམ་ལས་གྲོལ་རྗེས་དབུ་ཕྱོགས་གཅིག་ལ་ཡོར་ནས་ཤངས་ཁུང་ལས་སྐུ་ཁྲག་ཏོག་ཙམ་ཐོན་པ་རེད། དེའི་སྐབས་ཁོང་གི་རྣམ་ཤེས་ཕུང་པོ་དང་བྲལ་བ་རེད།

ང་གནས་སྡོད་བྱེད་སའི་དྷ་རམ་ས་ལའི་ནང་དུ་གནས་ཚུལ་དེ་འདྲ་བ་ལོ་གཅིག་གི་ནང་ཐེངས་གཉིས་ནས་བཞིའི་བར་འབྱུང་གི་རེད། དེ་འདྲ་བ་ཞིག་ཡོང་རྒྱུར་མི་ཞིག་གིས་ཆོས་ཕྱོགས་ཀྱི་ཉམས་ལེན་ཚད་མཐོན་པོར་སོན་དགོས་ཀྱི་ཡོད་ནའང་། དེ་ནི་དམིགས་བསལ་ཅན་ཞིག་མ་ཡིན་པར་སྒྲུབ་ཐུབ་པ་ཞིག་ཡིན།

༧སྐྱབས་རྗེ་གླིང་རིན་པོ་ཆེའི་ཡང་སྲིད་ནི་ཁོང་གུང་ལོ་གཅིག་དང་ཟླ་བ་དགུ་ལ་སླེབས་པའི་སྐབས་སུ་ངོས་འཛིན་ཞུས་པ་རེད། སྤྱིར་བཏང་བྱིས་པ་རྣམས་ལོ་ན་ཧ་ཅང་ཆུང་ངུའི་སྐབས་སུ་ངོས་འཛིན་ཞུ་གི་མེད། གང་ཡིན་ཞེ་ན། ཁོང་ཚོའི་ལོ་ན་ཆེ་རུ་སོང་བ་སྟེ། ལོ་གསུམ་མམ་བཞིར་སོན་པའི་སྐབས་སྐད་ཆ་ཤོད་ཐུབ་པས་སོ་སོའི་ངོས་ནས་རྟགས་མཚན་འགའ་ཞིག་སྟོན་ཐུབ། དེ་ནས་བྱིས་པ་དེ་སོ་སོའི་སྔོན་གྱི་བླ་བྲང་དུ་གདན་དྲངས་པ་དང། ཕེབས་བསུའི་མཛད་སྒོ་ཆེན་པོ་ཞིག་བྱེད་སྲོལ་ཡོད། མི་སྟོང་ཕྲག་འགའ་ཞིག་གིས་སྲང་ལམ་དུ་སེར་སྦྲེངས་སམ་བང་སྒྲིག་གི་ཡོད་པ་དང། ང་ལའང་དེའི་ཁོངས་སུ་བཞུགས་རྒྱུའི་སྐལ་བཟང་ཐོབ་མྱོང། མི་དེ་དག་གྱོན་གོས་དམིགས་བསལ་གྱོན་པ་དང་གཞས་གཏོང་བཞིན་ཡོད། དེ་ནི་དེ་འདྲའི་དགའ་ཞིང་སྤྲོ་བའི་དུས་བཟང་ཞིག་རེད།

བྱིས་པ་ཇི་ལྟར་ངོས་འཛིན་བྱེད་ཀྱི་ཡོད་དམ།

ལྷ་སྲུང་དང་སྐུ་རྟེན་དེ་བཞིན་སྐུ་ཐོག་གོང་མའི་དངོས་རྫས་སྣ་ཚོགས་དབྱེ་འབྱེད་ཐུབ་མིན་བཅས་ལ་བརྟེན་ནས་ངོས་འཛིན་ཞུ་གི་ཡོད། ད་དུང་བྱིས་པ་དེས་ལུས་ཀྱི་རྣམ་འགྱུར་གྱི་ཁྱད་ཆོས་འགའ་བསྟན་གྱི་ཡོད་པ་ནི། དཔེར་ན། ཁོང་གི་སྐུ་ཐོག་གོང་མས་རྟག་ཏུ་ཕྲེང་བ་ཕྱག་གཉིས་ཀྱིས་གཟུང་གི་ཡོད་པ་ཡིན་ན། བྱིས་པ་དེས་དེ་ལྟར་བྱེད་པ་སོགས་ཡིན། སོ་སོའི་སྐྱེ་བ་སྔོན་མའི་ནང་མི་ཡང་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གང་ལྟར་ཡང། ང་ལ་ཡིད་ཆེས་སྟེར་ཆེ་ཤོས་ནི་མཛད་སྒོའི་སྐབས་ཀྱི་གླིང་རིན་པོ་ཆེའི་ཡང་སྲིད་བྱིས་པ་དེའི་སྤྱོད་ཚུལ་དེ་རེད་འདུག བྱིས་པ་དེ་གཟིམ་ཁང་དུ་གདན་དྲངས་ནས་སྒོ་རའི་ནང་གི་ཀ་ཕིབས་ཆེན་པོར་ཁ་གཏད་པའི་སྒོ་འགྲམ་དུ་བཞུགས་ཁྲི་བརྒྱབ་སྟེ། མི་སྟོང་ཕྲག་གཉིས་གསུམ་འཛོམས་པའི་དབུས་སུ་བཞུགས་དགོས་ཀྱི་ཡོད། ལོ་ན་གཉིས་ཀྱི་འོག་ལ་ཡིན་པའི་བྱིས་པ་མང་ཆེ་བ་གནས་སྟངས་དེ་འདྲའི་སྐབས་སུ་སྐྲག་སྣང་སྐྱེས་ངེས་ཡིན། ཁོང་དེ་ལྟར་སྐྲག་སྣང་སྐྱེ་གི་མི་འདུག འབྲེལ་ཡོད་མི་སྣས་བྱིས་པ་དེ་བཞུགས་ཁྲིའི་ཐོག་འཇོག་གི་ཡོད། སྤྱིར་བཏང་ཆ་ནས་བྱིས་པ་ཕལ་མོ་ཆེས་དེའི་ཐོག་ནས་མར་འབབ་འདོད་བྱེད་པ་དང་གལ་སྲིད་ཁོང་རང་གི་འདོད་མོས་ལྟར་མ་བྱུང་ཚེ་ངུ་ངེས་ཡིན། ཁོང་ནི་མི་རྣམས་ཀྱིས་བརྟན་བཞུགས་གསོལ་འདེབས་སྨོན་ལམ་འདེབས་པའི་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་གཡོ་འགུལ་མེད་པར་སྐྱིལ་ཀྲུང་དུ་བཞུགས་གནང་བ་མ་ཟད། ཁོང་ཉིད་ནས་མཛད་རིམ་དེའི་ནང་གང་དང་གང་བྱེད་བཞིན་པ་དག་ལ་དོ་དབྱིངས་ཡོངས་རྫོགས་གཏད་གནང་བ་དང་། མི་ཚོགས་དེ་འདྲའི་མང་པོའི་དབུས་སུ་ཡོད་པ་དེས་ཁོང་རང་ལ་སུན་གཙེར་ནམ་ཡང་བྱུང་མ་སོང་།

མཛད་སྒོའི་ཆ་ཤས་སུ་བླ་མར་མཆོད་འབུལ་དང་སྐུ་ཚེ་ཡུན་དུ་གནས་པའི་གསོལ་བ་འདེབས་པ་བཅས་ཡོད། མི་རྣམས་ཀྱིས་གྲལ་བསྟར་བསྒྲིགས་ནས་སོ་སོའི་ལག་ཏུ་འབུལ་བ་སྟེ། སྟོན་པའི་སྐུ་བརྙན་དང་། གསུང་རབ་གླེགས་བམ། ཐུགས་རྟེན་དུ་མཆོད་རྟེན། ན་བཟའ་ཆ་ཚང་། དེ་བཞིན་གྱི་འབུལ་བ་གཞན་མང་པོ་འཁྱེར་གྱི་ཡོད་པ་རེད། མི་ཞིག་གིས་ཁོང་རང་ལ་འབུལ་བ་ཕུལ་བའི་སྐབས་ཁོང་གིས་ཕྱག་གཉིས་ཀྱིས་བཞེས་པ་དང་དེ་ནས་ཁོང་རང་གི་སྐུ་འགྲམ་གྱི་གཡོན་ཕྱོགས་སུ་ཡོད་པའི་མི་དེ་ལ་སྤྲོད་དགོས་ཀྱི་ཡོད། ཁོང་གིས་འབུལ་བའི་དངོས་པོ་དེ་དག་རེ་རེ་བཞིན་མ་ནོར་བར་དེ་ལྟར་གནང་གི་འདུག དེ་ནི་དངོས་གནས་བསྟོད་འོས་པ་ཞིག་རེད་འདུག ལོ་གཅིག་དང་ཟླ་བ་དགུ་ལ་སོན་པའི་བྱིས་པ་ཞིག་གིས་དེ་ལྟར་བྱེད་ཚུལ་རྣམས་ཇི་ལྟར་སློབ་དགོས་སམ། སློབ་མི་ཐུབ་པ་ལྟ་བུ་རེད།

མཛད་སྒོ་མཇུག་སྒྲིལ་རྗེས་མི་རྣམས་ཀྱིས་ཁོང་གི་ཕྱག་དབང་ཞུ་རྒྱུར་བང་བསྒྲིགས་ནས་མི་ཞིག་གིས་བྱིས་པ་དེ་འཁྱེར་འདུག་པས། ཁོང་གིས་ཕྱག་དབང་གནང་སའི་གནས་མ་ནོར་བར་གནང་སོང། དམིགས་པ་རྩེ་གཅིག་ཏུ་གནས་པའི་སྒོ་ནས་དོ་དབྱིངས་དང་ཐང་ཆད་སྣང་མེད་པར་བྱིས་པ་ཁོང་གིས་མི་སྟོང་ཕྲག་གཉིས་གསུམ་ཙམ་ལ་ཕྱག་དབང་གནང་སོང། དེའི་རྗེས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གྱིས་ཁོང་དང་ལྷན་དུ་ཉིན་གུང་གསོལ་ཚིགས་བཞེས་པ་དང་ཁོང་རྣམ་གཉིས་གང་ཙམ་ཞིག་ལྷན་དུ་བཞུགས། ༸གོང་ས་མཆོག་དང་ཞལ་གྱེས་ཞུས་པའི་སྐབས་ཁོ་ནར་ཁོང་ངུ་བ་དང་རྙོག་དྲ་ཕྲན་བུ་བཤད་སོང། ཁོང་༧གོང་ས་མཆོག་དང་ཞལ་གྱེས་འདོད་གནང་གི་མི་འདུག

དངོས་གནས་བྱས་ན། བྱིས་པ་དེས་གླིང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་མ་ཞུས་པའི་སྔོན་ནས་ཕྱག་དབང་གནང་གྱིན་ཡོད་པ་རེད། ཁོང་གི་མ་ཡུམ་ཁོང་སྐུ་བལྟམས་མ་ཐག་འདས་གྲོངས་སུ་གྱུར་བ་ཡིན་པ་སོང་ཙང་། ཁོང་དང་ཁོང་གི་གཅེན་པོ་གཉིས་ག་དྭ་ཕྲུག་གསོ་སྐྱོང་ཁང་ཞིག་ཏུ་ཡོད། ཁོང་གི་ཡབ་ནི་ཧ་ཅང་སྐྱོ་པོ་ཞིག་ཡིན་པས་ཕྲུ་གུ་གཉིས་དྭ་ཕྲུག་ཁང་དུ་མི་སྐྱེལ་ཀ་མེད་བྱུང་བ་རེད། ཁོང་གིས་དེར་ཡོད་མི་རྣམས་ལ་རྒྱུན་དུ་ཕྱག་དབང་གནང་བཞིན་བཞུགས། རང་ལོ་གསུམ་བཞི་ལ་སོན་པའི་ཁོང་གི་གཅེན་པོས་མི་རྣམས་ལ། “ངའི་གཅུང་པོ་ཧ་ཅང་རྩ་ཆེན་པོ་རེད། ཁོ་བླ་མ་རེད། ཁོ་རིན་པོ་ཆེ་རེད། ཁོ་ལ་སྡུག་ཅག་མ་བྱེད། ཁོ་ལ་ཡག་པོ་བྱོས།” ཞེས་བརྗོད་ཀྱི་ཡོད་པ་རེད།

གླིང་རིན་པོ་ཆེ་སྐུ་ཐོག་གོང་མ་རྣམས་ཀྱིས་༸གོང་ས་༧སྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་གསུམ་གྱི་ཡོངས་འཛིན་གནང་མྱོང་ཡོད། གླིང་རིན་པོ་ཆེའི་སྐུ་ཐོག་གཅིག་གིས་༸གོང་ས་སྐུ་ཕྲེང་བཅུ་གཉིས་པའི་ཡོངས་འཛིན་དང་། དེའི་སྐུ་ཐོག་རྗེས་མ་དེས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡོངས་འཛིན་གནང་ཞིང་། དེའི་རྗེས་མས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཡོངས་འཛིན་གནང་བ་རེད། མི་ཚོས་ཡང་སྲིད་འདིས་༸གོང་ས་སྐུ་ཕྲེང་རྗེས་མའི་ཡོངས་འཛིན་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཤག་རེད།

དེ་འདྲ་བའི་དཔེ་མཚོན་འདི་དག་དངོས་སུ་མཐོང་བ་འདིས་ང་རང་ལ་སྐྱེ་བ་ཕྱི་མ་སྲིད་པའི་རང་བཞིན་ལ་སེམས་འགུལ་དང་ངེས་ཤེས་ཚད་མེད་བྱུང། དེར་བརྟེན། བསམ་བློ་གཏོང་བ་དང་། རྣམ་ཐར་ལོ་རྒྱུས་ཐོས་པ། དེ་འདྲ་བའི་གནས་ཚུལ་མིག་མཐོང་ལག་ཟིན་བྱུང་བ་བཅས་ལ་བརྟེན་ནས་རིམ་བཞིན་མི་ཞིག་ལ་སྐྱེ་བ་སྔ་མ་དང་ཕྱི་མ་ཡོད་པའི་ཐད་ཡིད་ཆེས་ཇེ་མང་སླེབས་ཀྱི་ཡོད། ད་ལྟ་ཁྱེད་རང་གིས་ང་ལ། “ཁྱེད་རང་སྐྱེ་བ་ཕྱི་མ་ལ་ཡིད་ཆེས་ཡོད་དམ།” ཞེས་དྲིས་ན། དེ་ལ་ངས། “ཡོད། ཡིད་ཆེས་ཡོད།” ཅེས་ལན་འདེབས་བྱེད་ཀྱི་ཡིན།

བླ་མ་ཡང་སྲིད་རྣམས་བོད་པ་ཁོ་ནའི་ནང་དུ་རྙེད་སོན་འབྱུང་གི་ཡོད་དམ།

ཡོད་མ་རེད། ཡང་སྲིད་བདུན་མ་ཟིན་ཙམ་ཞིག་ནུབ་ཕྱོགས་པའི་ཡུལ་གྲུ་ཁག་ནས་ཀྱང་ངོས་འཛིན་ཞུས་ཡོད། དེའི་དག་ནང་ནས་བླ་མ་འོད་གསལ་ལམ། བླ་མ་ཐུབ་བསྟན་ཡེ་ཤེས་ཀྱི་ཡང་སྲིད་ནི་སི་པཻན་གྱི་བྱིས་པ་ཞིག་ཡིན་པ་རེད། བླ་མ་འོད་གསལ་མཇལ་བ་དེས་བླ་མ་ཡེ་ཤེས་མཇལ་མྱོང་མཁན་གྱི་སྐྱེ་བོ་རྣམས་ལ་སྐྱེ་བ་སྔ་ཕྱིར་ངེས་ཤེས་འདྲེན་པར་བྱེད་ཀྱི་ཡོད།།

Top