ལམ་གཙོ་རྣམ་གསུམ་གྱི་འགྲེལ་བ། ༸གོང་ས་མཆོག།

རྗེ་ཚོང་ཁ་པས། མདོ་དང་སྔགས་ཀྱི་ཉམས་ལེན་གང་ཞིག་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་མེད་དུ་མི་རུང་བའི་སེམས་ཀྱི་ལམ་མམ། ཡང་ན་ལམ་གྱི་གཙོ་བོ་རྣམ་གསུམ་གསུངས་ཡོད་པ་ནི། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བའམ་སྟོང་ཉིད་ཀྱི་ལྟ་བ་གསུམ་ཡིན།

ངོ་སྤྲོད།

ང་ཚོ་འདིར་དམིགས་བསལ་གྱི་གནས་རྡོ་རྗེ་གདན་དུ་ཡོད་པ་སོང་ཙང། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱེད་པའི་དམིགས་བསལ་གྱི་ཀུན་སློང་ཞིག་བཅོས་དགོས། དེ་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་དགོས། སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱང་བྱང་ཆུབ་སེམས་ཀྱི་དམིགས་ཡུལ་གཙང་མ་ཡོད་པའི་སྟོབས་ཀྱིས་སངས་རྒྱས་པ་རེད། ཁོང་གི་ཡོན་ཏན་དང་རྟོགས་པ་ཚང་མ་དེ་ལྟ་བུའི་བྱང་ཆུབ་དོན་གཉེར་གྱི་ཀུན་སློང་ལ་བརྟེན་ནས་ཡོད། རྟོགས་པ་དེ་ལྟ་བུ་འཐོབ་པར། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་སེམས་དེ་སྐྱེད་པར་སྨོན་ལམ་བཏབ་ནས་རྟག་ཏུ་གོང་འཕེལ་གཏོང་བར་བརྩོན་དགོས།

ཆོས་བཤད་དེ་དག་ལ་བརྟེན་ནས་ཉིན་ཤས་རིང་ང་ཚོས་དགེ་བའི་ནུས་པ་ ༼བསོད་ནམས་༽ ཕྲན་བུ་བསགས་ཐུབ་པ་བྱུང་ཡོད། དེ་རིང་མུ་མཐུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཐོག་མུ་མཐུད་ནས་ཆོས་ཁྲིད་བྱ་རྒྱུ་ཡིན། ལམ་གྱི་གཙོ་བོ་གསུམ་ནི། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་བཅས་ཡིན།

ངེས་འབྱུང་ནི། ང་ཚོའི་སེམས་འདི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་འདོད་པ་ཐམས་ཅད་ལས་མཐའ་གཅིག་ཏུ་རྒྱབ་ཀྱིས་ཕྱོགས་པའི་བསམ་བློའི་འཁྱེར་ཕྱོགས་ལ་གཞིར་བཞག་པ་ཞིག་ཡིན། ང་ཚོའི་འཐོབ་བྱར་གྱུར་བའི་ཐར་པ་དེ་ངེས་འབྱུང་གི་བསམ་པ་འདི་འདྲ་ཞིག་ཡོད་པ་ལ་བརྟེན་ནས་ཡོད། བྱང་ཆུབ་ཀྱི་སེམས་ནི། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཆེད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་པའི་བསམ་བློའི་འཁྱེར་ཕྱོགས་སམ་ཀུན་སློང་ཞིག་ཡིན། ཡང་དག་པའི་ལྟ་བ་ནི། དངོས་པོའི་གནས་ལུགས་ངོ་མ་གང་ཡིན་པ་དེ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ལྟ་བ་སྟེ། སྟོང་ཉིད་ཀྱི་ལྟ་བ་དེ་ཡིན།

ཡང་དག་པའི་ལྟ་བའམ། ཡང་ན་སྟོང་ཉིད་དང་། གནས་ལུགས། རང་བཞིན་གྱིས་གྲུབ་པར་མེད་པ་རྟོགས་པའི་ཤེས་རབ་ལ་མཚོན་ན། གལ་ཏེ་ཤེས་རབ་དེ་ངེས་འབྱུང་གི་བསམ་པས་ཟིན་ཡོད་ན། དེས་ཐར་པ་འཐོབ་པར་བྱེད་ཀྱི་ཡོད། དེ་ཡང་ཐར་པ་འཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་ཉོན་སྒྲིབ་སྟེ། ཉོན་མོངས་ཅན་གྱི་སེམས་ཚོར་དང་བློའི་འཁྱེར་ཕྱོགས་རྣམས་སྤངས་ནས་ཐར་པའི་ས་ལ་འཁྲིད་པར་བྱེད། ཉོན་མོངས་དེ་དག་གིས་ང་ཚོ་ངང་ངམ་ཤུགས་ཀྱི་འཁོར་བའི་ནང་དམ་པོར་བཅིངས་ནས་ཡོད། ཡང་གལ་སྲིད་སྟོང་ཉིད་ལ་ཡང་དག་པར་རྟོགས་པའི་ལྟ་བ་དེ་བྱང་ཆུབ་སེམས་ཀྱིས་ཟིན་ཡོད་ན། དེས་ཀྱང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་ཤེས་སྒྲིབ་སྟེ། བདེན་འཛིན་དང་རང་བཞིན་གྱིས་གྲུབ་པར་འཛིན་པའི་གོམས་པ་དེ་སྤངས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་ཀྱི་ཡོད། དེར་བརྟེན་ཡང་དག་པའི་ལྟ་བ་ནི་སྒྲིབ་པ་གཉིས་ཀྱི་ཁ་གཏད་གཅོག་མཁན་ནམ་གཉེན་པོ་གཙོ་བོ་དེ་ཡིན་པ་དང་། དེ་ལ་ངེས་འབྱུང་ཡང་ན་ངེས་འབྱུང་དང་བྱང་སེམས་གཉིས་ཀས་རོགས་བྱེད་དགོས་པ་ཡིན།

ཐེག་དམན་གྱི་ཆོས་ནང་རང་གི་འཐོབ་བྱར་གྱུར་བའི་ཐར་པ་འཐོབ་ཆེད་ངེས་འབྱུང་དང་ཡང་དག་པའི་ལྟ་བ་གསུང་གི་ཡོད། ཐེག་ཆེན་གྱིས་དེའི་སྟེང་བྱང་ཆུབ་ཀྱི་སེམས་ཁ་སྣོན་བྱས་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་སྤོང་གི་ཡོད། དེ་འདྲ་སོང་ཙང། ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བ་བཅས་ལམ་གྱི་གཙོ་བོ་རྣམ་པ་གསུམ་ནི། ཐེག་པ་ཆེ་ཆུང་གཉིས་ཀའི་ཆོས་མཉམ་དུ་སྡེབ་ནས་བསྟན་པ་ཞིག་ཡིན།

ང་ཚོའི་ཡོངས་སུ་གྲགས་པའི་སྔགས་ཀྱི་ཐེག་པའི་ནང་། ཕྲ་བའི་ལུས་དང་རྩ་རླུང་ཐིག་ལེ་སོགས་ཀྱི་གཏིང་ཟབ་པའི་བརྗོད་བྱ་རྣམས་ཀྱི་རྨང་གཞི་ལམ་གཙོ་རྣམ་གསུམ་ཏེ། མགོན་པོ་ཀླུ་སྒྲུབ་དང་ཁོང་གི་ཐུགས་སྲས་གཉིས་ཀྱིས་གསུངས་པ་ལྟར། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་ཤུགས་དྲག་པོ། སྟོང་ཉིད་ཀྱི་དོན་ཡོངས་སུ་རྫོགས་པ་རྟོགས་པ་བཅས་ཡིན། དེའི་སྟེང་སྔགས་ནང་ང་ཚོས་སོ་སོའི་སྤོབས་པའམ་བརྗིད་ཉམས་དེ་རླུང་དང་རྣམ་ཤེས་ཕྲ་མོ་ཉམས་ལེན་བྱས་པ་ལས་འབྲས་བུ་གང་ཞིག་སྒྲུབ་པའི་ནུས་པའི་སྟེང་འཇོག་གི་ཡོད། དེ་ལྟར་ང་ཚོས་གཟུགས་སྐུའམ་ཡང་ན་ཆོས་སྐུའི་བརྗིད་ཉམས་འཛིན་པའམ། ཡང་ན་དེ་གཉིས་ཀ་འཛིན་གྱི་ཡོད། མ་གཞི་ང་ཚོ་ཉམས་ལེན་བྱེད་བཞིན་པའི་དུས་སྐབས་སུ་སྐུ་དེ་གཉིས་དངོས་སུ་ཐོབ་མེད་ཀྱང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་གཉེར་གྱི་བྱང་ཆུབ་སེམས་ཀྱི་དམིགས་ཡུལ་ལ་གཞི་བཅོལ་ནས། ང་ཚོས་རིམ་པས་དེ་དག་འཐོབ་ཐུབ་པ་ཡིན། དེ་ཡང་སངས་རྒྱས་ཀྱི་སྐུ་དེ་དག་གི་བརྗིད་ཉམས་ལ་རྒྱུན་སྐྱོང་གི་ཉམས་ལེན་ལ་བརྟེན་ནས་འཐོབ་ཐུབ་པ་ཡིན།

དེ་འདྲ་ཡིན་པ་སོང་ཙང་། ལམ་གཙོ་རྣམ་གསུམ་ནི་མདོ་སྔགས་ཀྱི་ལམ་ཐམས་ཅད་ཀྱི་གཞི་རྟེན་ཡིན། གང་ལྟར་ཡང་། ང་ཚོས་དུས་རྟག་དུ་ཐབས་དང་ཤེས་རབ་གཉིས་ཟུང་དུ་འབྲེལ་བའི་ཉམས་ལེན་བྱེད་དགོས་པ་དང་། དེ་བཞིན་གཞན་ལ་ཕན་འདོགས་རྒྱུ། དགེ་བའི་ལས་སམ་བསོད་ནམས་ཀྱི་ཚོགས་གསོག་རྒྱུ་སོགས་ལ་འབད་ཐབས་བྱེད་དགོས།

ཕྱག་དཔེ་འདི་ཚིགས་བཅད་ཤོ་ལོ་ཀ་ཁ་ཤས་ལས་མེད་པའི་ཐུང་ཐུང་ཞིག་ཡིན། ཐོག་མར་ངས་གཞུང་འདི་སྟག་བྲག་རིན་པོ་ཆེའི་དྲུང་ནས་ཞུས་པ་དང་། དེ་རྗེས་ཁྲི་བྱང་རྡོ་རྗེ་འཆང་སོགས་བླ་མ་གཞན་མང་པོའི་དྲུང་ནས་ཞུས་པ་ཡིན། ང་ཚོས་གཞུང་འདི་ཐོས་བསམ་བྱེད་པར་ཀུན་སློང་རྣམ་པར་དག་པ་ཞིག་བཅོས་དགོས། གལ་སྲིད་སོ་སོའི་ཀུན་སློང་དུ་སེམས་པ་བཟང་པོ་བཟོས་ན། བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་དེ་ཡིན། གལ་ཏེ་ང་ཚོར་ཀུན་སློང་དེ་འདྲ་མེད་པར། ཁེངས་དྲེགས་དང་རློམ་སེམས་ཀྱི་རྣམ་པ་སོགས་བྱས་ན། དེས་མི་བདེ་བ་དང་དཀའ་ངལ་རྐྱང་རྐྱང་འཁྱེར་ཡོང་གི་ཡོད། སྐྱེ་བ་ཕྱི་མར་ང་ཚོ་མི་བཟང་པོའམ་ངན་པ་ག་འདྲ་ཞིག་ཏུ་སྐྱེ་བ་ནི་ཚེ་འདིའི་སྤྱོད་པ་ལ་རག་ལས་ཡོད། ང་ཚོས་སྐྱེ་བ་ཕྱི་མ་ཡོད་པ་ཁས་མི་ལེན་པ་ཡིན་ནའང་། སེམས་བཟང་པོ་བྱས་ན་ད་ལྟ་ང་ཚོར་བདེ་བ་འཐོབ་པ་དང་། སེམས་པ་ངན་པ་བྱས་ན་སྡུག་བསྔལ་ཡོང་གི་ཡོད།

སེམས་བཟང་པོ་དང་རྒྱུད་འཇམ་པའི་མི་ཞིག་བྱེད་པ།

གལ་ཆེ་ཤོས་ནི་ང་ཚོའི་ཉིན་རེའི་ཀུན་སྤྱོད་ཡིན། ཐ་ན་སྐྱེ་བ་ཕྱི་མ་ཞེས་པ་དེ་འདྲ་མེད་ནའང་། རྒྱུད་འཇམ་པོ་བྱས་ན་གནོད་པ་གང་ཡང་མེད་ཅིང་། ང་ཚོའི་ཉིན་རེའི་མི་ཚེར་ཕན་ཐོགས་ཆེན་པོ་ཡོད། གལ་ཏེ་སྐྱེ་བ་ཕྱི་མ་ཡོད་ན། སེམས་པ་བཟང་པོ་དང་རྒྱུད་འཇམ་པོ་བྱེད་པས་དེ་བས་ཁེ་ཕན་ཆེ་བ་ཡོད། དེར་བརྟེན་ཁ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཚུན་འཆམ་པོ་དང་སེམས་བཟང་བྱེད་དགོས། དེ་ཡང་ང་ཚོས་སོ་སོའི་འཚོ་བ་དངོས་ཀྱི་ནང་མི་དང་གནས་སྟངས་འདྲ་མིན་འཕྲད་སྐབས་དོན་ཐོག་ཏུ་འགེལ་དགོས། དེ་ནི་ནང་ཆོས་ཀྱི་སྙིང་པོ་ཡིན་ཞིང་ལག་བསྟར་བྱེད་པར་དཀའ་ངལ་དེ་ཙམ་མེད། དེ་མིན་ཁྲོམ་ལ་ཕྱིན་ནས་ཉོ་རྒྱུ་ཞིག་མ་ཡིན་པར། རང་ངོས་ནས་ཉམས་ལེན་བྱ་རྒྱུ་ཞིག་ཡིན།

དཔེར་ན། རྒྱ་མི་ལ་ལྟོས་དང་། ཁོང་ཚོ་ནི་ང་ཚོའི་སྙིང་རྗེའི་ཡུལ་ཏག་ཏག་ཅིག་རེད། ཁོང་ཚོས་ལེགས་ཉེས་བླང་དོར་ཤེས་ཀྱི་མེད་ཅིང་། སོ་སོའི་བྱ་སྤྱོད་ཀྱི་རྗེས་འབྲས་ག་རེ་ཡོང་གི་ཡོད་ཤེས་ཀྱི་མེད། དེར་བརྟེན་ང་ཚོས་སྙིང་རྗེ་བྱེད་དགོས། ཁྱེད་ཚོ་དང་ང་ཚོ་ཚང་མས་སེམས་པ་བཟང་པོ་དང་ཡ་རབས་ཞི་དུལ་ཡོང་ཐབས་ལ་འབད་དགོས། ཆང་རག་འཐུང་མཁན་ལ་ལྟོས་དང་། དེ་གོམས་གཤིས་ངན་པ་ཞིག་རེད། ར་བཟི་བ་དང་སྐད་ཅོར་ཚ་པོ་དང་། གཤིས་ཀ་རྩུབ་པོ་བྱས་ནས་བརྡབ་གསིག་མང་པོ་བཟོ་གི་ཡོད། སངས་རྒྱས་ཀྱིས་ཆང་འཐུང་བའི་འབྲས་བུར། ང་ཚོས་རྒྱུན་དུ་ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་ལས་མང་པོ་གསོག་གི་ཡོད་ཅེས་གསུངས་ཡོད། བྱས་ཙང་། ཆང་འཐུང་རྒྱུ་དེ་རྩ་བ་ནས་ཡག་པོ་མ་རེད།

དེ་ག་ནང་བཞིན་ཐ་མག་འཐེན་པའང་གཅིག་པ་ཡིན། མ་གཞི་སངས་རྒྱས་ཀྱིས་ཐ་མག་གི་ཉེས་དམིགས་སྐོར་དམིགས་སུ་བཀར་ནས་བཀག་འགོག་གནང་མེད་ནའང་། ནུབ་ཕྱོགས་ཀྱི་སྨན་པ་ཚོས་གང་གསུངས་པ་ལས་ང་ཚོས་ཤེས་ཐུབ། དེ་ནི་ང་ཚོའི་འཕྲོད་བསྟེན་ལ་ཧ་ཅང་གནོད་ཚབས་ཆེན་པོ་ཞིག་ཡིན། གལ་ཏེ་ཐ་མག་འཐེན་པར་དམིགས་བསལ་དགོས་པ་རྒྱུ་མཚན་འདྲ་ཡོད་ན། དེ་ཁག་ཁག་རེད། འོན་ཀྱང་སྤྱིར་བཏང་ནས་ཐ་མག་འཐེན་མཁན་མང་ཆེ་བ་ནང་བཞིན་དགོས་པ་རྒྱུ་མཚན་ཅི་ཡང་མེད་ནས་འཐེན་ན་ཡག་པོ་མ་རེད། དེ་བཞིན་སྣ་ཐ་སོགས་ལའང་གཅིག་པ་རེད། ཡག་ཤོས་ནི་དེ་དག་རྩ་བ་ནས་མི་བྱ་རྒྱུ་དེ་ཡིན།

དེ་ལྟར་གོམས་གཤིས་ངན་པའི་རིགས་དེ་དག་སྤངས་ན། རིམ་པས་ང་ཚོ་མི་བཟང་བ་དང་ཞི་ཞིང་དུལ་བ་ཞིག་ཡོང་གི་རེད། ང་ཚོས་ག་ཚོད་ཀྱིས་དེ་ལྟར་བྱེད་པ་དེ་ཚོད་ཀྱིས་མཇུག་འབྲས་བཟང་པ་ཡོང་གི་ཡོད། ང་ཚོས་སྐྱེས་པ་ཡ་རབས་དང་བུད་མེད་མཛངས་མ་དེ་འདྲ་མཐོང་སྐབས་ཁོང་ཚོར་རྗེས་སུ་ཡི་རངས་བྱས་ཏེ་སོ་སོའང་ཁོང་ཚོ་ནང་བཞིན་ཆགས་ཐབས་བྱེད་དགོས། ཤེས་སོང་ངམ། ཡ་རབས་དང་བྱམས་སེམས་ཆེ་བ་སོགས་ཡོང་བར་དྲན་པ་བསྟེན་དགོས། སེམས་པ་སྡུག་ཅག་དང་། སྐད་ཅོར་ཚ་པོ། རང་འདོོད་དོན་གཉེར་ཅན། རྩུབ་པོ་སོགས་བྱས་པའི་ངན་འབྲས་ལ་ལྟོས་དང་། དེ་དག་རྟག་ཏུ་ང་རང་ཚོའི་སེམས་ལ་དྲན་དགོས་པ་ཡིན། གལ་ཏེ་ང་ཚོར་སེམས་པ་བཟང་པོ་ཡོད་ན། བདེ་སྐྱིད་དང་། བསོད་བདེ་བསོད་ནམས་ཆེ་བ། འཕྲོད་བསྟེན་ཡག་པོ། སེམས་ཀྱི་ཞི་བདེ་སོགས་ཡོང་གི་ཡོད། ང་རང་སྒེར་གྱི་བསམ་བློར་ཡང་དེ་དག་གི་ཕན་ཐོགས་ཆེན་པོ་བྱུང་། ང་ཚོ་ཚང་མ་གཅིག་པ་རེད། ཚང་མས་བདེ་བ་འདོད་པས། ཡ་རབས་དང་བཟང་པོ་གཅིག་མཚུངས་བྱེད་དགོས།

བོད་ནས་ཡོང་མཁན་ཚོར་ལྟོས་དང་། འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ཙམ་གྱི་ནང་ཁོང་ཚོར་དཀའ་ངལ་ཚད་ལས་འདས་པ་བྱུང་ཡོད་ཀྱང་རྙོག་ཁྲ་རྩ་བ་ནས་ཤོད་ཀྱི་མེད་པ་དང་། རངཉིད་ག་འདྲའི་ཡ་ང་བ་ཞིག་ཡིན་བསམས་ནས་མ་བསྡད་པར། ད་དུང་ནང་ཆོས་ལ་དོ་སྣང་བྱས་ཏེ་འདི་གར་ཡོང་གི་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་རིགས་ཚོས་ཀྱང་རྒྱ་མིར་འཁོན་འཛིན་མ་བྱས་པར། རྒྱ་གར་ནང་སླེབས་ནས་ནང་ཆོས་ཉམས་ལེན་བྱ་རྒྱུ་བྱུང་བ་དེ་གོ་སྐབས་བཟང་པོ་ཞིག་ཡིན་པ་ཚོར་དགོས། རྒྱ་མིས་བཙན་གནོན་བཏང་བ་དང་། བཙོན་དུ་བཅུག་པ། ནང་ཆོས་ཀྱི་སྦྱོང་བརྡར་མེད་པ་མང་པོ་ཞིག་གིས་ཁོང་ཁྲོ་དང་ཞེ་སྡང་བྱེད་ཀྱི་ཡོད་པ་ངས་ཤེས་ཀྱི་ཡོད། བྱས་ཙང་། ཁོང་ཁྲོ་དེ་འདྲ་མ་བྱས་པར། སེམས་བཟང་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེས་ང་ཚོ་འཆི་བའི་སྐབས་སུ་ཁྱད་པར་ཆེན་པོ་ཞིག་བཟོ་གི་ཡོད།

ཧི་ཊི་ལར་ (Hitler) ལ་ལྟོས་དང་། ཁོ་རང་གསོན་པོར་སྡོད་རིང་དབང་ཤུགས་ཧ་ཅང་ཆེན་པོ་ཡོད་ནའང་། ཞེ་སྡང་དང་ཁོང་ཁྲོས་ཡོངས་སུ་མནན་ཏེ་ཤི་བའི་སྐབས་འ་ཆད་འུ་ཐུག་དང་སྐྱིད་པོ་མེད་པར་གྱུར་ཏེ། མཐར་དུག་ཟས་ནས་རང་སྲོག་རང་གིས་གཅོད་དགོས་པ་བྱུང་ཡོད། དེ་ག་ནང་བཞིན་སེ་ཊེ་ལིན་ (Stalin) ཤི་བའི་སྐབས་སུ་སེམས་ནང་དངངས་སྐྲག་ཆེན་པོས་འཆི་དགོས་བྱུང་བ་དང་། མའོ་ཙེ་ཏུང་ (Mao Zedong) ཡང་དཀའ་ངལ་ཅན་གྱི་གནས་སྟངས་ནང་འཆི་དགོས་བྱུང་ཡོད། དེར་བརྟེན་ང་ཚོའི་མི་ཚེ་ཧྲིལ་པོའི་ནང་སེམས་བཟང་པོ་དང་སེམས་རྒྱུད་འཇམ་པོ་བྱེད་རྒྱུ་གལ་ཆེ་བ་ཡིན། དེ་ལྟར་བྱུང་བ་ཡིན་ན། ང་ཚོ་འཆི་བའི་སྐབས་སེམས་ཞི་བདེའི་ངང་འཆི་ཐུབ་པ་ཡིན།

ང་རང་འགྲོ་སའི་ཡུལ་ལུང་ཚང་མའི་ནང་། ངས་དོན་དག་དེ་ག་རང་གི་ཐོག་ལ་ཤུགས་རྒྱག་ནས་བཤད་ཀྱི་ཡོད། ང་རང་ནུབ་ཕྱོགས་སུ་ཡོད་ན་རེད། ཡང་མིན་ན་ཨུ་རུ་སུ་ལ་ཡོད་ནའང་རེད། ས་ཁུལ་གང་དུ་ཡོད་ཀྱང་། ཉེ་རིང་མེད་པའི་སྒོ་ནས་ཚང་མར་མཐུན་པོ་དང་སེམས་པ་བཟང་པོ་བྱེད་དགོས་པའི་གནད་ཤོད་ཀྱི་ཡོད། ལུང་པ་འདྲ་མིན་ནང་འགྲོ་བའི་སྐབས། མི་རིགས་སྣ་ཚོགས་དང་། ཤ་མདོག་སྣ་ཚོགས། རྒྱལ་ཁབ་འདྲ་མིན་གྱི་མི། ཆོས་ལུགས་འདྲ་མིན་མཐོང་བ་དང་། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པར་བསམ་བློ་གཏོང་གི་ཡོད། གལ་སྲིད་ང་ཚོས་ཁོང་ཚོ་དང་མཉམ་དུ་སྐད་ཆ་ཤོད་རྒྱུར་དུས་ཚོད་བཏང་ན། ཚང་མར་གཞི་རྩའི་འགྲོ་བ་མིའི་རིན་ཐང་གཅིག་པ་ཡོད་པ་རྒྱུས་མངའ་ལོན་ཐུབ། མི་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མྱོང་འདོད་ཡོད་མཁན་སུ་གཅིག་ཀྱང་མེད། དེ་འདྲ་ཡིན་པ་སོང་ཙང། ང་ཚོ་ཚང་མས་སེམས་པ་བཟང་པོ་དང་ཞི་འཇམ་པོ་བྱ་རྒྱུར་འབད་བརྩོན་བྱེད་དགོས་པ་ཡིན།

ཁྱེད་རང་ཚོས་ཤེས་སོང་ངམ། ངས་གང་བཤད་པ་དེ་དག་ཤེས་རྒྱུ་དཀའ་ལས་ཁག་པོ་མེད། འདུག་གམ། ཁྱེད་རང་ཚོས་ངའི་སྐད་ཆ་ཉན་གྱི་ཡོད་དམ། མི་བཟང་པོ་བྱེད་དགོས། ཁྱེད་རང་ཚོ་འདིར་རྡོ་རྗེ་གདན་དུ་ཡོང་པ་དང་༸ཏཱ་ལའི་བླ་མའི་དྲུང་ནས་ཆོས་ཞུ་གི་ཡོད་སྟབས། མི་བཟང་པོ་བྱ་རྒྱུ་དེ་ངའི་བསླབ་བྱ་གཙོ་བོ་དེ་ཡིན། ད་རི་བོང་ལྟར་ཁྱེད་རང་ཚོའི་རྣ་ཅོག་ཀེ་རེར་འགྲེངས་ནས་རྗེ་ཙོང་ཁ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་གསན་རོགས་གནང་།

གཞུང་འདིའི་ཆེ་བ་བརྗོད་པ།

རྗེ་ཙོང་ཁ་པ་ཆེན་པོ་ནི་ཨ་མདོར་སྐུ་འཁྲུངས་པ་དང་བོད་དབུས་གཙང་དུ་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་བསླབ་པ་སློབ་གཉེར་མཛད། ཁོང་གིས་མདོ་སྔགས་གཉིས་ལ་སྦྱངས་པ་ཕུལ་དུ་ཕྱིན་པ་གནང་ནས་མཁྱེན་པའི་ཡོན་ཏན་རབ་ཀྱི་མཐར་ཕྱིན་པར་མཛད་གནང་བ་རེད། ཁོང་གིས་རྒྱ་གཞུང་དང་དེ་དག་གི་འགྲེལ་བ་ཁག་ལ་གཙོ་བོ་ཁུངས་གཏུགས་ནས་གསུང་འབུམ་པོད་ཆེན་བཅོ་བརྒྱད་མཛད་གནང་བ་དང། ཁོང་ནས་དམིགས་བསལ་གྱི་གཞུང་འདི་རང་གི་སློབ་མའི་གཙོ་བོ་ངག་དབང་གྲགས་པ་ལ་བཏམས་གནང་མཛད་པ་རེད།

ལམ་གཙོ་རྣམ་གསུམ་དང་ལམ་རིམ་ནང་རྗེ་རིན་པོ་ཆེའི་གསུང་གི་འགྲོས་ལ་ཁྱད་པར་ཅུང་ཟད་ཡོད། འདིར་ལམ་གཙོ་རྣམ་གསུམ་ནང་ངེས་འབྱུང་གི་བསམ་པ་སྡེ་ཚན་གཉིས་སུ་འགྲེལ་བཤད་གནང་ཡོད། དང་པོ་ནི་དལ་འབྱོར་མི་ལུས་དང་མི་རྟག་པ་དྲན་པའི་སྒོ་ནས་ཚེ་འདིའི་སྣང་ཤས་ལས་རྒྱབ་ཀྱིས་ཕྱོགས་པ་དང་། གཉིས་པ་ནི་འཁོར་བའི་གནས་ཀུན་སྔུག་བསྔལ་གྱི་རང་བཞིན་དུ་དྲན་ནས་སྐྱེ་བ་ཕྱི་མའི་སྣང་ཤས་ལས་རྒྱབ་ཀྱིས་ཕྱོགས་པ་དེ་ཡིན། ཉེན་མེད་ཀྱི་ཁ་ཕྱོགས་སུ་འགྲོ་བའམ་སྐྱབས་འགྲོའི་སྐོར་ལ་ནན་བཤད་དེ་ཙམ་གནང་མེད། ཕྱོགས་གཞན་ཞིག་ནས། ལམ་རིམ་ནང་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ཀུན་སློང་གི་རིམ་པའི་ཐོག་གོ་བསྡུར་གནང་ཡོད། སྐྱེས་བུ་ཆུང་ངུ་ནི་སྐྱེས་བུ་ཆེ་འབྲིང་གཉིས་ཀྱི་གཞི་རྟེན་ཡིན་ཞིང་། ཐོག་མར་སྐྱེ་བ་ཕྱི་མར་ཕན་པའི་དོན་གཉེར་གོང་འཕེལ་གཏོང་བ་དང་། དེའི་ཐོག་ནས་སྐྱབས་འགྲོའི་བསླབ་བྱ་གསུང་གི་ཡོད། དེ་འདྲ་ཡིན་དུས་ཁྱད་པར་ཕྲན་བུ་ཡོད། མ་རེད་དམ།

ད་གཞུང་དངོས་གཞི་འགོ་འཛུགས་ཀྱི་ཡིན།

མཆོད་པ་བརྗོད་པ་དང་། རྩོམ་པར་དམ་བཅའ་བ། སྣོད་ལྡན་ཉན་པར་སྐུལ་བ།

བདག་གི་རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།། 

ཞེས་གསུངས་པ་ལྟར། བོད་སྐད་དུ་རྗེ་བཙུན་ཞེས་པའི་ཐ་སྙད་ཀྱི་བསྟན་དོན་ནི། མི་གང་ཞིག་གིས་འཁོར་བའི་ལོངས་སྤྱོད་ལ་རྒྱབ་ཀྱིས་ཕྱོགས་ཏེ་མཐའ་གཅིག་ཏུ་ཐར་པའི་ཕྱོགས་ལ་བརྩོན་མཁན་ཞིག་ལ་གོ་བ་ཡིན། བླ་མ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་རྟོགས་པའི་ཤེས་རབ་མངའ་བའི་ཁྱད་དུ་འཕགས་པའི་གང་ཟག་ཞིག་ཡིན། བྱང་སེམས་དང་ཤེས་རབ་དེ་གཉིས་ཀྱིས་གང་ཟག་དེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་དུ་འགོད་པར་བྱེད་ཀྱི་ཡོད། འདིར་རྗེ་བཙུན་བླ་མ་ཞེས་པ་ནི། རྗེ་ཙོང་ཁ་པ་ཆེན་པོར་ལམ་རིམ་འཆད་ཁྲིད་གནང་མཁན་གྱི་བླ་མ་དང་། ལྷག་པར་དུ་ཁོང་གི་ཐུན་མོང་མ་ཡིན་པའི་དགེ་བའི་བཤེས་གཉེན་ཡིད་དམ་གྱི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ལ་གོ་བ་ཡིན།

དེ་ནས་རྩོམ་པར་དམ་བཅའ་བའི་ཚིགས་སུ་བཅད་པ་ནི།

༡༽ རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན།། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ།། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ།། ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ།།

ཞེས་གསུངས་པ་ལྟར། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན་ཞེས་པ་ནི་ངེས་འབྱུང་ལ་གོ་བ་དང་། རྒྱལ་སྲས་དམ་པ་རྣམས་ཀྱིས་སྔགས་པའི་ལམ་ནི་བྱང་ཆུབ་སེམས་ལ་གོ་ཞིང་། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ་ཞེས་པ་ནི་ཐར་པ་འཐོབ་བྱེད་ཀྱི་སྟོང་ཉིད་རྟོགས་པ་ལ་གོ་བ་ཡིན། དེར་བརྟེན་རྩོམ་པར་དམ་བཅའ་བའི་ནང་། མཛད་པ་པོས་ལམ་གཙོ་རྣམ་གསུམ་འཆད་འགྲེལ་བྱེད་ཀྱི་ཡིན་ཞེས་གསུང་གི་ཡོད། ཇི་ལྟར་ནུས་བཞིན་བདག་གིས་ཞེས་པས་གང་བསྡུས་བསྡུས་བྱས་ཏེ་འཆད་ཐབས་བྱེད་ཀྱི་ཡིན་ཞེས་པའི་དོན་ཡིན།

༢༽ གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་།། དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས།། རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི།། སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན།། 

ཞེས་གསུངས་པ་ལྟར། འདི་ནི་ཡག་པོ་བྱས་ནས་ཉན་དགོས་ཞེས་འབོད་སྐུལ་གནང་བ་ཡིན་ཞིང་། གཞུང་འདི་ཉན་བསམ་བྱེད་སྐབས་ཀུན་སློང་གང་འདྲ་ཞིག་དགོས་མིན་སྟོན་གྱི་ཡོད། རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི་ཞེས་པ་ནི་མ་ནོར་བ་དང་མ་ཚང་བ་མེད་པ་བསྟན་གྱི་ཡོད། ང་ཚོས་དེ་ལྟ་བུའི་མ་ནོར་བ་དང་མ་ཚང་བ་མེད་པའི་ལམ་དེ་ཉམས་ལེན་བྱེད་སྐབས། སངས་རྒྱས་རྣམས་ཐུགས་དགྱེས་པར་བྱེད་ཀྱི་ཡོད།

ལམ་གཙོ་རྣམ་གསུམ་གྱི་དབར་འབྲེལ་བ།

གཞུང་དངོས་གཞི་འཆད་པ་ལ་རྩ་བའི་ས་བཅད་གསུམ་དུ་དབྱེ་བ་ཕྱེས་ཡོད་པ་ནི། ངེས་འབྱུང་བཤད་པ། བྱང་ཆུབ་ཀྱི་སེམས་བཤད་པ། ཡང་དག་པའི་ལྟ་བ་བཤད་པ་བཅས་ཡིན། དེ་གསུམ་གྱི་ནང་ལམ་རིམ་གྱི་གོ་རྟོགས་འདུས་ཡོད།

ག་ཚོད་ཀྱིས་འཁོར་བའི་ཕུན་ཚོགས་ལ་ང་ཚོའི་ངེས་འབྱུང་གི་བསམ་པ་ཤུགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་གཞན་ལ་དམིགས་པའི་རང་རྒྱུད་ཀྱི་སྙིང་རྗེ་ཤུགས་ཆེ་བ་ཡོང་གི་ཡོད། དཔེར་ན། རྒྱ་གར་གྱི་མེ་འཁོར་འབབ་ཚུགས་སུ་ང་ཚོས་མིག་ལོང་བ་དང་། རྐང་ལག་མ་ཚང་བ། སྤྲང་པོ་སོགས་མཐོང་སྐབས་ལྟོས་ས་ལྟོས་ཕྱོགས་ཀྱི་སྒོ་ནས་ཁོང་ཚོར་སྙིང་རྗེའི་བསམ་པ་སྐྱེ་རྒྱུ་ཏོག་ཙམ་ལས་སླ་བ་ཡོད། འོན་ཀྱང་ང་ཚོར་ངེས་འབྱུང་མེད་ན། དཔེར་ན། གྲོང་ཁྱེར་ཆེན་པོ་ཞིག་གི་ནང་སླེབས་སྐབས། སྙིང་རྗེ་སྐྱེ་རྒྱུའི་ཚབ་ཏུ་ང་ཚོས་གང་མཐོང་བར་ཕྲག་དོག་ཟ་བ་དང་སོ་སོར་གང་ཡོད་པ་དེར་ཁེངས་པ་བྱེད་སྲིད། ཕྱོགས་གཞན་ཞིག་ནས་གལ་ཏེ་ང་ཚོས་ངེས་འབྱུང་ལ་གོམས་འདྲིས་ཡོད་པ་དང། འཁོར་བའི་ཕུན་ཚོགས་ཟེར་བ་རྣམས་མཐར་ཐུག་དོན་སྙིང་གང་ཡང་མེད་པ་ཡིན་ན། དེ་ནས་གལ་སྲིད་ང་ཚོ་ནེའུ་ཡོག་ལྟ་བུའི་གྲོང་ཁྱེར་ཞིག་ནང་འགྲོ་སྐབས། མི་དེ་དག་མཐོང་བ་དང་ང་ཚོའི་སེམས་ནང་གི་ཐོག་མའི་བསམ་བློ་ནི་རང་འགུལ་གྱིས་སྙིང་རྗེ་སྐྱེ་ཡོང་གི་རེད།

ངེས་འབྱུང་ལ་ལྟ་ཚུལ་ཕྱོགས་གཉིས་ཡོད། ཕྱོགས་གཅིག་ནས་ཆགས་ཞེན་དང་དོ་སྣང་མེད་པར་སྐྱོ་ཤས་དང་བཅས་འཁོར་བའི་སྡུག་བསྔལ་ལ་ཞེན་པ་ལོག་ནས་དེ་དག་སྤོང་འདོད་ཀྱི་བསམ་བློའི་འཁྱེར་ཕྱོགས་ཐོག་ནས་འཁོར་བ་ལ་མར་བལྟ་དགོས་པ་དང་། ཕྱོགས་གཞན་ནི་ཐར་པ་ཡིད་དུ་འོང་བ་མཐོང་ནས་དེ་འཐོབ་འདོད་ཀྱི་བསམ་པའི་ཐོག་ནས་ཐར་པའི་གོ་འཕང་ལ་ཡར་བལྟ་བ་དེ་གཉིས་ཡིན། ལྟ་ཚུལ་དེ་གཉིས་ཇི་ཙམ་གྱིས་ཤུགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་བྱང་ཆུབ་སེམས་ཤུགས་ཆེ་བ་བསྐྱེད་པ་དང་། དེ་ལའང་ཡར་ཐར་པའི་གོ་འཕང་དང་མར་འཁོར་བའི་སྡུག་བསྔལ་གྱི་ལྟ་ཚུལ་ཕྱོགས་གཉིས་ཀ་ཡོད། དེ་གཉིས་ཀྱི་ཐོག་ལ་གཞི་བཞག་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་བྱུང་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གང་རུང་ཞིག་འཐོབ་ཐུབ་པ་ཡིན།

ཡང་དག་པའི་ལྟ་བ་ནི་བདེན་པ་གཉིས་ཀྱི་ཐོག་ནས་བཤད་པ་དང་། དེ་ཡང་འཕགས་པའི་བདེན་པ་བཞི་ནས་ཡོང་གི་ཡོད། ང་ཚོའི་ཉེན་མེད་ཁ་ཕྱོགས་ཀྱི་འབྱུང་ཁུངས་སམ་སྐྱབས་སུ་འགྲོ་བའི་ཡུལ་དམ་པ་སངས་རྒྱས་ཡིན་པ་དང་། ཁོང་གིས་ཆོས་བསྟན་པ་དང་། ཁྱད་པར་དུ་ཁོང་གིས་བདེན་པ་བཞི་དང་བདེན་པ་གཉིས་ཀྱི་ཆོས་གསུངས་གནང་ཡོད། དེ་དག་སྐྱོན་གྱི་དྲི་མ་མེད་པ་དང་རྩ་བ་ནས་མ་ནོར་བ་ཞིག་ཡིན།

དེར་བརྟེན་དེ་དག་ཤེས་པ་དང་རྟོགས་པར་བྱ་རྒྱུ་གལ་ཆེན་པོ་ཡིན། བྱང་ཆུབ་སེམས་དང་མཉམ་དུ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འཁྲིད་པར་བྱེད་ཀྱི་ཡོད། ངེས་འབྱུང་གི་བསམ་པ་གཅིག་པུ་ལ་བརྟེན་པ་ཡིན་ན། དེས་ཐར་པའི་གོ་འཕང་འཐོབ་པར་བྱེད་ཀྱི་ཡོད། གཞུང་འདིའི་ནང་ཐོག་མར་ངེས་འབྱུང་གི་སྐོར་གསུང་གི་ཡོད།

ངེས་འབྱུང་།

༣༽ རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི།། བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།། སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།། ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།། 

ཞེས་གསུངས་པ་ལྟར། འདིར་རྣམ་དག་ངེས་འབྱུང་གསུངས་ཡོད། ངེས་འབྱུང་ནི་ངེས་པར་དུ་འཁོར་བའི་ཕུན་ཚོགས་དང་དཔལ་ཡོན་ལ་འདོད་པ་དང་ཆགས་ཞེན་རྩ་ནས་མེད་པའི་རྣམ་པར་དག་པ་ཞིག་དགོས། གལ་ཏེ་ང་ཚོར་རྣམ་དག་ངེས་འབྱུང་མེད་པར་འཇིག་རྟེན་གྱི་ཆོས་ལ་ཆགས་ཞེན་ཡོད་པ་ཡིན་ན། ཐར་པ་འཐོབ་པའི་ལམ་གཞན་མེད། གལ་སྲིད་ང་ཚོར་འདོག་ཆགས་དང་ཆགས་སེམས་ཡོད་ན། སོ་སོར་དགེ་བའི་ལས་ག་ཚོད་ཡོད་ཀྱང་། དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པའི་འཁོར་བའི་རྩ་བ་ནམ་ཡང་གཅོད་མི་ཐུབ། དེར་བརྟེན་ང་ཚོས་ངེས་འབྱུང་སྐྱེད་དགོས་པ་ཡིན། དེ་ཇི་ལྟར་སྐྱེད་དགོས་སམ་ཞེ་ན།

༤༽ དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།། ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག། ལས་འབྲས་མི་བསླུ་འཁོར་བའི་སྔུག་བསྔལ་རྣམས།། ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག། 

ཅེས་གསུངས་པ་ལྟར། ང་ཚོར་དལ་འབྱོར་ཀྱི་མི་ལུས་རིན་པོ་ཆེ་འདི་ཐོབ་ཡོད་ཀྱང་། དོན་ངོ་མར་འདི་མི་རྟག་པ་ཡིན་པས། དེ་དང་བྲལ་ནས་འཆི་དགོས་པ་དང། འཆི་བ་ག་འདྲ་བྱས་ནས་ཡོང་ངེས་པ་ཡིན་པ་བཅས་ཀྱི་ཐོག་ལ་བསམ་བློ་གཏོང་དགོས། དེ་ལྟར་ང་ཚོས་ད་ལྟ་སོ་སོར་ཡོད་པའི་གོ་སྐབས་འདི་ག་ཚོད་ཐོབ་དཀའ་བ་ཞིག་ཡིན་པ་དང་། ག་འདྲ་བྱས་ནས་དུས་ཚོད་རྩ་ཆེན་འདི་འཕྲོ་བརླག་གཏོང་མི་ཉན་པ་རྟོགས་ཀྱི་ཡོད། དེ་ནི་ཚེ་འདིའི་སྣང་ཤས་ལྡོག་ཚུལ་ཞིག་ཡིན།

འཆི་བ་དང་མི་རྟག་པར་བསམས་ན། འཆི་བ་ངེས་པ་དང་ནམ་འཆི་ངེས་མེད་ལྟ་བུའི་ཐོག་སྒོམ་རྒྱག་དགོས་པའི་གནད་འགག་མང་པོ་ཡོད། འཆི་བ་ནི་དུས་ངེས་མེད་དུ་ཡོང་རྒྱུ་ཡིན་པ་དང་འཆི་བ་ཐོག་ཏུ་བབས་པའི་སྐབས་ཆོས་མ་གཏོགས་གཞན་གང་གིས་ཀྱང་ཕན་མི་ཐོགས། དེར་བརྟེན་འབྱུང་འགྱུར་གྱི་འཆི་བ་དང་སྐྱེ་བ་ཕྱི་མའི་ཐད་ང་ཚོས་ད་ལྟ་ནས་གཅིག་མ་བྱས་ན་ཕྱིས་སུ་འགྱོད་པ་སྐྱེ་ངེས་རེད། ང་ཚོས་འཆི་བའི་ཐོག་བསམ་བློ་དེ་ལྟར་ག་ཚོད་ཀྱིས་མང་བ་བཏང་བ་དེའི་ཚོད་ཀྱིས་ཚེ་འདི་སྣང་ལ་ཆགས་པའི་ཆགས་ཞེན་ཉུང་དུ་གཏོང་ཐུབ་ཀྱི་རེད།

དེ་རྗེས་ང་ཚོས་བསླུ་བ་མེད་པའི་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུའི་རྣམ་གཞག་ཐོག་ལ་བསམ་བློ་གཏོང་དགོས། ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་ཤེས་རྟོགས་བྱེད་པ་ནི་དཀའ་གནད་ཆེ་ཤོས་ཤིག་ཡིན། འོན་ཀྱང་ལས་སླ་པོར་བརྗོད་ན། ཡག་པོ་བྱས་ན་ཡག་པོ་ཡོང་བ་དང་། སྡུག་ཅག་བྱས་ན་སྡུག་ཅག་ཡོང་གི་ཡོད་ཅིང་། ལས་ནི་ངེས་པ་ཡིན། དགེ་བའི་ལས་ལ་བརྟེན་ནས་བདེ་བ་འབྱུང་བ་དང་། མི་དགེ་བའི་ལས་ལ་བརྟེན་ནས་སྡུག་བསྔལ་ནི་དུས་ཚོད་སྔ་ཕྱི་ལ་མ་གཏོགས་འབྱུང་ངེས་པ་ཡིན།

དེ་འདྲ་ཡིན་པ་སོང་ཙང་། ང་ཚོ་སོ་སོའི་སེམས་རྒྱུད་ལ་སྡུག་བསྔལ་གྱི་རྒྱུ་བསགས་ཡོད་ན། འདོད་པ་ཁེངས་ནས་ལྷོད་ལྷོད་བྱས་ཇི་ལྟར་འདུག་ཐུབ་བམ། དེ་ནི་དུས་ཚོད་ཀྱི་འབར་མདེལ་དང་འདྲ་ཞིང་། དུས་ཚོད་ཀྱི་ཁྱད་པར་ཙམ་ལས་འཐོར་ངེས་པ་ཡིན། གལ་ཏེ་ང་ཚོས་རྒྱུ་དེ་མེད་པ་བཟོ་མ་ཐུབ་ན། ཞི་བདེའི་ངང་ནམ་ཡང་གནས་མི་ཐུབ། དེ་ལྟར་རྒྱུ་འབྲས་སྐོར་བསམས་པ་ན། སྡུག་བསྔལ་གྱི་རྒྱུ་ཚང་མ་མེད་པ་བཟོ་རྒྱུའི་འདོད་པ་ཤུགས་དྲག་པོ་ཞིག་རྒྱུད་ལ་སྐྱེད་ཡོང་གི་ཡོད།

དུས་མི་འདྲ་བར་ང་ཚོས་སྐྱེ་བ་དང་། འཆི་བ། རྒ་བ། ན་བ་བཅས་ཀྱི་སྡུག་བསྔལ་མྱོང་གི་ཡོད། ང་ཚོས་སྨན་ག་ཚོད་ཟས་ཀྱང་རྒ་བ་དང་ན་བའི་སྡུག་བསྔལ་ནམ་ཡང་སེལ་མི་ཐུབ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་འབྱུང་ཁུངས་ནི་ང་ཚོར་སྡུག་བསྔལ་དེ་དག་མྱོང་མཁན་གྱི་ལུས་རྟེན་འདི་ཡོད་པས་ཡིན། ང་ཚོའི་ལུས་པོ་ནི་ཟག་བཅས་ཉེར་ལེན་གྱི་ཕུང་པོའི་མ་ལག་རེད། གཞན་ཡང་དེ་དག་ཀྱང་ཟག་བཅས་ཀྱི་ལས་དང་ཉོན་མོངས་ལས་བྱུང་། གལ་ཏེ་ང་ཚོས་དེ་དག་གི་རྒྱུ་ངོ་མའམ་རྩ་བ་དེ་གཅོད་མ་ཐུབ་པ་ཡིན་ན། དུས་རྟག་ཏུ་སྡུག་བསྔལ་མྱོང་དགོས་པ་ཆགས་རྒྱུ་ཡིན།

ང་ཚོའི་ལུས་རྟེན་ནི་རྩོད་རྙོག་ཅན་དང་འགལ་ཟླའི་ཤུགས་ཀྱི་མ་ལག་ཡིན། དཔེར་ན། ལུས་ནང་གི་ཚ་གྲང་གི་ཤུགས་ལ་བསམ་ཞིབ་བྱས་ན། ང་ཚོར་ཚ་བའི་ནད་ཕོག་ན་ཞི་བྱེད་ཀྱི་སྨན་བསྟེན་གྱི་ཡོད། འོན་ཀྱང་སྨན་དེ་ཟས་དྲགས་ན། གྲང་བའི་ནད་ན་གི་ཡོད། གལ་ཏེ་གྲང་ནད་དེ་སེལ་ཆེད་ཚ་བའི་སྨན་བསྟེན་པ་དང་། བསྟེན་དྲགས་ན་ཚ་ནད་བསྐྱར་དུ་ཡོང་གི་ཡོད། དེར་བརྟེན་ང་ཚོའི་ལུས་པོའི་ནང་ཚ་གྲང་གི་ཚད་སྙོམས་པོ་བྱུང་ན་སྐབས་འཕྲལ་རིང་ང་ཚོས་བདེ་པོ་ཡིན་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་དེ་རྟག་པ་བརྟན་པ་གང་ཡང་མེད། དེ་ནི་ངེས་གཏན་ཅི་ཡང་མེད་ཅིང་། འགུལ་སྐྱོད་ཏོག་ཙམ་ཐེབས་ན་ཆ་མི་སྙོམས་པ་ཆགས་ཀྱི་ཡོད། དབུ་མ་བཞི་བརྒྱ་པའི་ནང་སློབ་དཔོན་འཕགས་པ་ལྷས་གནད་དོན་འདིར་གསལ་ཁ་བཏོན་གནང་ཡོད། དེའི་ནང་ཁོང་གིས། ལུས་རྟེན་འདི་ནི་འགལ་འདུ་ཅན་ནམ་ཕན་ཚུན་འགལ་ཟླའི་ཤུགས་ཀྱི་སྣོད་ཅིག་ཡིན་པས། དཀའ་ངལ་དང་སྡུག་བསྔལ་རྐྱང་རྐྱང་འཁྱེར་ཡོང་གི་ཡོད་ཅེས་གསུངས་ཡོད།

ང་ཚོས་ལུས་འདི་ཧ་ཅང་ཡིད་དུ་འོང་བ་ཞིག་ཏུ་བསམ་གྱི་ཡོད། འོན་ཀྱང་ང་ཚོས་སོ་སོའི་སེམས་ནང་ཆ་བསིལ་ནས་ལུས་ཀྱི་ཆ་ཤས་རེ་རེ་ལ་ཁག་ཁག་སོ་སོར་བལྟ་དགོས། དཔེར་ན། མགོའམ་སྐྲ་ཡི་ཉག་མ་རེ་རེ་བྱས་ནས་བརྟག་དགོས། རྣ་ལ་ལྟོས་དང་། མིག་ལ་ལྟོས་དང། པགས་པ་དུམ་བུ་ཆུང་ཆུང་ཞིག་ལ་ལྟོས་དང་། སྙིང་ལ་ལྟོས་དང། གློ་བར་ལྟོས་དང་། གལ་སྲིད་དེ་དག་རེ་རེ་བྱས་ནས་ལྕོག་ཙེའི་སྟེང་བཞག་ན་ཞེན་པ་ལོག་རྒྱུ་ཞིག་ལས་ཡིད་དུ་འོང་བ་ཞིག་རྩ་བ་ནས་མེད། དེ་བཞིན་ང་ཚོའི་ལུས་ནས་ཐོན་པའི་གཅིན་པ་དང་། སྐྱག་པ། སྣབས་ལུད་སོགས་ཀྱང་གཅིག་པ་གཅིག་རྐྱང་ཡིན། ང་ཚོ་གཡས་གཡོན་དུ་འགྲོ་སྐྱོད་བྱེད་པའི་སྐབས་སྐྱག་གཅིན་སོགས་ཀྱི་དྲི་ངན་མི་ཁ་བའི་ཆེད་སོ་སོའི་སྣ་ལག་པས་བཀབ་ཀྱི་ཡོད། སྐྱུག་བྲོ་བའི་རྫས་དེ་དག་གང་ནས་འབྱུང་གི་ཡོད་དམ། དེ་དག་ས་ལས་སྐྱེས་པ་ཞིག་མིན་པར། ང་ཚོའི་ལུས་པོའི་ནང་ནས་ཡོང་གི་ཡོད།

ང་ཚོའི་ལུས་འདི་མི་གཙང་བའི་འབྱུང་ཁུངས་ཡིན་སྟབས་གཙང་མ་ཇི་ལྟར་ཡིན་སྲིད་དམ། ང་ཚོའི་ལུས་ནི་སོ་སོའི་ཕ་མའི་ཁུ་ཁྲག་ལས་བྱུང་བ་ཞིག་ཡིན། གལ་སྲིད་ང་ཚོས་མི་གཙང་བ་དེ་དག་བླངས་ནས་ལྕོག་ཙེའི་སྟེང་བཞག་སྟེ་བལྟས་ན། མི་ཚང་མ་སྐྱུག་མེར་ལང་ངེས་ཡིན། དེ་དག་ང་ཚོའི་ལུས་ཀྱི་ཕྱིའི་རྫས་ཀྱི་འབྱུང་ཁུངས་ཡིན་སྟབས་ང་ཚོས་དེ་དག་ལ་ཆགས་ཞེན་བྱེད་ཀྱི་ཡོད། འོན་ཀྱང་དེ་དག་རང་ངོས་ནས་བལྟས་ན་ཞེན་ལོག་སྐྱེ་ཡག་ཅིག་ཡོད། གལ་ཏེ་ང་ཚོ་ལོ་བཞི་བཅུ་བསྡད་པ་ན། དཔེར་ན། ཕྱོགས་གཅིག་ནས་ལོ་ངོ་དེ་དག་རིང་ང་ཚོས་གང་ཟས་པའི་ཟས་ཡོངས་རྫོགས་དང་། དེ་ནས་ང་ཚོའི་ལུས་ཀྱིས་གཞན་སྟེང་ཏུ་གཡུགས་པའི་བཙོག་པ་དང་གཅིན་པ་དེ་དག་ཡོངས་རྫོགས་ལ་བསམ་བློ་ཐོངས་དང། དེ་ལྟ་བུའི་ལས་ཀའི་རིགས་ང་ཚོའི་ལུས་པོས་བྱེད་ཀྱི་ཡོད་ན། ལུས་འདི་གཙང་མ་ཇི་ལྟར་ཡོང་སྲིད་དམ།

དེར་བརྟེན་ང་ཚོས་ལུས་ལ་ཆགས་པའི་ཆགས་པ་སྤོང་དགོས། ལུས་འདི་ལས་དང་ཉོན་མོངས་ལས་བྱུང་ཞིང་སྡུག་བསྔལ་ཤ་སྟག་འཁྱེར་ཡོང་གི་ཡོད། གལ་སྲིད་ལས་དང་ཉོན་མོངས་ཟད་པའམ་སྤོང་བ་ཡིན་ན། ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་དང་སྡུག་བསྔལ་དག་བསྐྱར་དུ་ནམ་ཡང་མི་འབྱུང་། ཉོན་མོངས་དང་དེས་བསླད་པའི་སྤྱོད་ལམ་རྣམས་ཕྱོགས་ལྷུང་གི་བསམ་པ་དང་ཕྱིན་ཅི་ལོག་པའི་བློ་ལས་བྱུང་། དེ་དག་ཚང་མ་མ་རིག་པ་སྟེ་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་པའི་འཛིན་པ་ལས་བྱུང་བ་ཡིན་པས། ང་ཚོས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་རྟོགས་ན། ང་ཚོའི་རྒྱུད་ཀྱི་ཉོན་མོངས་ཅན་གྱི་བསམ་བློའི་འཁྱེར་ཕྱོགས་དེ་ཟད་འགྲོ་བ་ཡིན། དེ་དག་སྟོང་པ་ཉིད་ཀྱི་དབྱིངས་སུ་ཟད་འགྲོ་གི་ཡོད། བྱས་ཙང་། འདི་ནི་ང་ཚོར་གང་དགོས་པ་དེ་ཡིན།

༥༽ དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ།། ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་།། ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ།། བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས།། 

ཞེས་གསུངས་པ་ལྟར། དེ་འདྲ་ཡིན་དུས་ང་ཚོས་ངེས་འབྱུང་སྐྱེད་པར་བྱེད་དགོས། དེ་རྗེས་བྱང་ཆུབ་སེམས་ཀྱི་དམིགས་ཡུལ་ཞིག་དགོས་ཀྱི་ཡོད།

བྱང་ཆུབ་ཀྱི་སེམས།

༦༽ ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས།། ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི།། ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས།། བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད།། 

ཅེས་གསུངས་པ་ལྟར། ང་ཚོས་གོང་དུ་བརྗོད་པ་བཞིན་བྱང་ཆུབ་ཀྱི་སེམས་མེད་ན། སངས་རྒྱས་ཀྱི་གོ་འཕང་འཐོབ་མི་ཐུབ་པ་ཡིན།

༧༽ ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།། བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།། བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།། མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།། 
༨༽ མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།། སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།། གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི།། ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད།། 

ཅེས་གསུངས་པ་ལྟར། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར་ཞེས་པ་ནི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་ཟེར་གྱི་ཡོད། ང་ཚོ་སོ་སོའི་གནོད་བྱེད་མི་དགེ་བའི་ལས་ལ་བརྟེན་ནས་བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས་ཡོད་པ་དང་། དེ་ལྟ་བུའི་མི་དགེ་བའི་ལས་ཀྱི་འབྲས་བུ་ནི་ཉིན་མ་གཅིག་སྨིན་ངེས་པ་ཡིན། ང་ཚོ་བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད་ཡོད། དངོས་པོའི་གནས་ལུགས་མི་མཐོང་བའི་མ་རིག་མུན་པའི་ནང་འཐིམ་ཡོད། གང་ཟག་དང་ཆོས་གཉིས་ཀ་རང་བཞིན་གྱིས་གྲུབ་པར་སྣང་ཀྱང་སྣང་ཚུལ་ལྟར་རྩ་བ་ནས་གྲུབ་མེད།

ང་ཚོར་གཏན་དུ་འགྱུར་བ་ཅན་གྱི་ཕུང་པོའི་རྒྱུན་ཞིག་དང་རྒྱུན་དེའི་སྟེང་བཏགས་པའི་ཆོས་ “ང་” ཙམ་ཞེས་པ་ཞིག་ཡོད། མ་རིག་པའི་དབང་གིས་ང་ཚོས་ཕུང་པོ་དེ་ང་ཡིན་པར་འཛིན་གྱི་ཡོད་པ་དང་། རྟག་པ་དང་། འགྱུར་བ་མེད་པ། རང་བཞིན་གྱིས་གྲུབ་པའི་ཚུལ་གྱིས་རྙེད་རྒྱུ་ཡོད་པའི་ “ང་” ཞིག་བདེན་པར་གྲུབ་པར་ཕྱིན་ཅི་ལོག་ཏུ་འཛིན་གྱི་ཡོད། མ་རིག་པའི་མུན་པ་དེས་མི་དགེ་བའི་ལས་སྟོབས་ཆེན་གསོག་པའི་རྒྱུ་བྱེད་ཀྱི་ཡོད། མི་དགེ་བའི་ལས་ཀྱིས་ང་ཚོ་ལྕགས་ཀྱི་དྲ་བའི་ནང་གཡུག་གི་ཡོད། དེར་ང་ཚོ་ལས་དང་ཉོན་མོངས་བཅས་ཀྱི་འཆིང་བས་བཅིངས་ནས་ཡོད་པ་རེད། དེ་ལ་བརྟེན་ནས་ང་ཚོས་རང་བཞིན་གྱིས་སྐྱེ་བ་ནས་སྐྱེ་བ་བརྒྱུད་སྡུག་བསྔལ་གྱི་རིགས་གྱིས་མནར་གྱི་ཡོད། དེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་ཡིན། དེ་ནི་ང་ཚོའི་མ་རྒན་སེམས་ཅན་ཐམས་ཅད་ཀྱི་གནས་སྟངས་ཡིན་སྟབས། ང་ཚོས་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་དེ་དག་ལ་རོགས་རམ་བྱེད་དགོས་ཀྱི་ཡོད།

དེ་ནས་ ༼ཡང་དག་པའི་ལྟ་བ་༽ སྟོང་ཉིད་ལ་བསམས་ན།

༩༽ གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།། ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།། སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།། དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།། 

ཅེས་གསུངས་ལ་ལྟར། རྗེ་ཙོང་ཁ་པ་ཆེན་པོའི་གསུང་གི་སྙིང་པོ་ནི་སྟོང་པ་རྟེན་འབྱུང་གྱི་དོན་དུ་ཤེས་པ་དང་། རྟེན་འབྱུང་སྟོང་པའི་དོན་དུ་ཤེས་རྒྱུ་དེ་ཡིན། དེ་འདྲ་ཡིན་དུས་ང་ཚོས་སྟོང་ཉིད་དེ་རྟེན་འབྱུང་གྱི་ཐོག་ནས་རྟོགས་རྒྱུའི་ཐབས་ལ་འབད་དགོས། དེ་ག་འདྲ་བྱས་ནས་རྟོགས་དགོས་སམ་ཞེ་ན།

༡༠༽ གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།། རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་།། དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ།། དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས།། 

ཞེས་གསུངས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་འབྲས་ཐོག་ནས་ཡོང་གི་ཡོད། དེ་ནི་ནམ་ཡང་བསླུ་བ་མེད་པ་དང་ནོར་བ་མེད་པ་ཞིག་ཡིན། དེ་ཤེས་པ་དང་དེའི་སྟེང་རང་བཞིན་གྱིས་གྲུབ་པར་འཛིན་པའི་དམིགས་པའི་རྟེན་ཀུན་ཞིག་པ་ན་རྒྱལ་བ་དགྱེས་པའི་ལམ་དུ་ཞུགས་པ་ཡིན་པས། ང་ཚོས་སྟོང་ཉིད་རྟོགས་པ་དང་རང་བཞིན་གྱིས་གྲུབ་པར་འཛིན་པའི་ཤེས་པ་མི་འོང་། དེ་ལྟར་རང་བཞིན་གྱིས་གྲུབ་པར་འཛིན་པའི་འཁྲུལ་བའི་ཤེས་པ་དེ་དག་གི་དམིགས་པའི་རྟེན་ཞིག་པའམ་ཡལ་འགྲོ་གི་ཡོད།

༡༡༽ སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།། སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས།། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།། ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།། 

ཅེས་གསུངས་པ་ལྟར། ང་ཚོས་སྟོང་ཉིད་རྟོགས་པ་དང་། ཡུལ་འདི་རེད་ཅེས་བརྗོད་པ་དང་མཛུབ་མོ་འཛུགས་ས་གང་ཡང་མེད་པ་མཐོང་གི་ཡོད། ཆོས་ཐམས་ཅད་མཐར་ཐུག་དཔྱད་པ་ག་ཚོད་བྱས་ཀྱང་རྙེད་རྒྱུ་མེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་ཆོས་རྣམས་སྣང་བ་ཙམ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། ཆོས་རྣམས་ཕྱོགས་གཅིག་ནས་རྙེད་རྒྱུ་མེད་པ་དང་ཡང་ཕྱོགས་གཞན་ཞིག་ནས་སྣང་བ་ཙམ་ཡིན་པར་རྟོགས་པའི་ངེས་ཤེས་གཉིས་རྩ་བ་ནས་འབྲེལ་མེད་དོན་གཞན་ཞིག་ཡིན་བསམ་པ་ནི། སྟོང་ཉིད་དང་བདེན་གཉིས་དང་འབྲེལ་བའི་ཐུབ་པ་སངས་རྒྱས་ཀྱི་དགོངས་པ་མ་ཡིན།

༡༢༽ ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ།། རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས།། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞི་ན།། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།། 

ཞེས་གསུངས་པ་ལྟར། འོ་ན་ང་ཚོར་གང་དགོས་པ་ནི་ཆོས་རྣམས་ཕན་ཚུན་བརྟེན་ནས་བྱུང་བ་དང་། གང་སྣང་བ་དག་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་རྒྱུ་མཚན་གྱིས་དེ་དག་རང་བཞིན་གྱིས་གྲུབ་པ་དང་བདེན་པར་གྲུབ་པས་སྟོང་པ་ཡིན། མདོར་ན་དེ་དག་རང་དབང་དུ་གྲུབ་པས་སྟོང་པའི་རྐྱེན་གྱིས་རྒྱུ་དང་རྐྱེན་ལ་ལྟོས་ནས་འབྱུང་བ་ཡིན། དེ་འདྲ་ཡིན་པ་སོང་ཙང་། གཞན་ལ་བརྟེན་ནས་དང་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་ཚུལ་ལ་གོ་རྟོགས་དང་ཡིད་ཆེས་ག་ཚོད་ཀྱིས་ཤུགས་ཆེ་བ་རྙེད་པ་དེའི་ཚོད་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་དང་རང་དབང་དུ་མ་གྲུབ་པར་རྟོགས་པའི་ཤེས་རབ་དང་ཡིད་ཆེས་གཉིས་ཤུགས་ཇེ་ཆེར་འགྲོ་གི་ཡོད། རྟེན་འབྱུང་དང་སྟོང་པ་གཉིས་ཅིག་ཅར་དུའམ་དུས་གཅིག་ཏུ་རྟོགས་ན། སྟོང་ཉིད་ལ་ཡང་དག་པར་བརྟག་དཔྱད་བྱས་པའི་ཤེས་རབ་མཐར་ཕྱིན་པ་ཡིན།

༡༣༽ གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།། སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད།། རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན།། མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ།། 

ཞེས་གསུངས་པ་ལྟར། དེ་ཡང་། རྒྱུན་དུ་སྣང་བས་མེད་མཐའ་སེལ་བའི་སྐོར་འགྲེལ་བརྗོད་བྱས་པ་ང་ཚོས་ཤེས་ཀྱི་ཡོད། དེས་ཆོས་རྣམས་མཐའ་གཅིག་ཏུ་མེད་པའམ་མ་གྲུབ་ཟེར་གྱི་མེད། གང་ཡིན་ཟེར་ན་དེ་དག་སྣང་གི་ཡོད། སྟོང་ཉིད་ཀྱིས་ཡོད་མཐའ་སེལ་ནི། ཆོས་རྣམས་རང་བཞིན་གྱིས་གྲུབ་པ་མེད་ཟེར་གྱི་ཡོད། གང་ཡིན་ཟེར་ན། ཡིན་པ་མི་སྲིད་པའི་གྲུབ་ལུགས་དེ་འདྲ་མེད་པས་ཡིན།

འོན་ཀྱང་འདིར་ང་ཚོར་ལྡོག་ཕྱོགས་ཀྱི་དམ་བཅའ་ཞིག་ཡོད་པ་ནི། སྣང་བས་ཡོད་མཐའ་སེལ་བ་དེ་ཡིན། རྒྱུ་མཚན་ནི་སྣང་བའི་ཆོས་རྣམས་ནི་རང་བཞིན་གྱིས་གྲུབ་པས་སྟོང་པ་ཡིན་དགོས་ཤིང་། རྟེན་ཅིང་འབྲེལ་ནས་འབྱུང་དགོས་ཀྱི་ཡོད། དེ་འདྲ་སོང་ཙང་། སྣང་བས་རང་བཞིན་གྱིས་གྲུབ་པའི་གོ་སྐབས་དེ་མེད་པ་བཟོ་གི་ཡོད།

དེར་མ་ཟད། སྟོང་པས་མེད་མཐའ་སེལ་བ་དང། རང་བཞིན་གྱིས་གྲུབ་པས་སྟོང་ཟེར་བའི་དོན་ནི། དེ་གཞན་ལ་བརྟེན་ནས་སྣང་ཐུབ་པ་ཡིན། དེ་མཐའ་གཅིག་ཏུ་མེད་པའམ་མ་གྲུབ་པ་ཆགས་ཀྱི་མེད། དེར་བརྟེན་སྟོང་པས་མེད་མཐའ་སེལ་བ་ཡིན།

འདི་ནི་རྗེ་ཙོང་ཁ་པ་ཆེན་པོའི་དམིགས་བསལ་གྱི་དམ་བཅའ་ཡིན་ཞིང་། ཅོ་ནེ་བླ་མ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པའི་འགྲེལ་བའི་ནང་དུའང་དེ་དང་མཐུན་པ་གསུངས་ཡོད། དེ་ཡིན་དུས་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པ་ཡིན་ཏེ། རྟེན་འབྱུང་ཡིན་པའི་ཕྱིར་ཞེས་དང། ཆོས་རྣམས་རྟེན་ནས་འབྱུང་བ་ཡིན་ཏེ། རང་བཞིན་གྱིས་མ་གྲུབ་པའི་ཕྱིར་ཞེས་རང་བཞིན་གྱིས་གྲུབ་པ་དང་བདེན་པར་གྲུབ་པའི་མཐའ་དང་མཐའ་གཅིག་ཏུ་མེད་པའི་མཐའ་གཉིས་སེལ་བ་ཡིན།

དེ་རྗེས་ཉམས་ལེན་ལ་སྐུལ་བ།

ཉམས་ལེན་ལ་སྐུལ་བ།

༡༤༽ དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི།། གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ།། དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས།། གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ།། 

ཞེས་གསུངས་པ་ནང་བཞིན། ང་ཚོས་ཡང་དག་པའི་ཆོས་ཉན་པའི་སྟོབས་ཀྱིས་ལམ་གཙོ་རྣམ་གསུམ་ལ་གོ་རྟོགས་རྙེད་པའི་སྐབས་དེ་དག་ལ་ཡིད་ཆེས་བརྟན་པོ་མ་སྐྱེས་ཀྱི་བར་དུ་བསམ་བློ་གཏོང་བ་དང་བརྟག་དཔྱད་བྱེད་དགོས་ཤིང་། དེ་ནས་ང་ཚོས་གནས་དབེན་པ་ལ་བསྟེན་ནས་དེ་དག་གི་ཐོག་རྩེ་གཅིག་ཏུ་དམིགས་པ་ཡོངས་སུ་གཏད་ནས་སྒོམ་ཉམས་ལེན་གྱིས་དེ་རྟོགས་པར་བྱེད་དགོས། དེ་ཡང་སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཛད་པ་ལྟར་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་ཀྱི་ཐོག་ནས་སྒྲུབ་དགོས། དཔེར་ན། ཡོངས་སུ་གྲགས་པ་རྗེ་བཙུན་མི་ལ་རས་པ་དང། རྒྱལ་བ་དབེན་ས་པ་དང་ཁོང་གི་སློབ་མ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་སོགས་པ་ལྟ་བུ་རེད། དེ་ནས་ང་ཚོས་བླ་ན་མེད་པའི་དམིགས་ཡུལ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ། སྐབས་འདིར་ཁོང་གིས། “ངའི་བུ་” ཞེས་གསུངས་དུས་རྗེ་རིན་པོ་ཆེའི་སློབ་མ་ངག་དབང་གྲགས་པ་ལ་གོ་དགོས།

ཆོས་ལུགས་རིས་མེད་ཐོག་མཇུག་སྡོམ་གྱི་གཏམ།

འདིའི་ནང་ལམ་གཙོ་རྣམ་གསུམ་གྱི་འགྲེལ་པ་ཐུང་ངུ་ཞིག་གཏོགས་ཡོད། དེ་ནི་གཞུང་གལ་ཆེན་པོ་ཞིག་ཡིན་ཞིང་། མདོ་སྔགས་ལམ་གྱི་བསླབ་བྱ་གནད་སྙིང་རྣམས་བསྡུས་ཡོད། སྟོང་ཉིད་བསྟན་པའི་ཆོས་དེ་དག་ཏོག་ཙམ་ཁག་པོ་ཡོད། མི་འདུག་གམ། ང་ཚོས་ཐུན་མིན་གྱི་བརྡ་ཆད་རྣམས་ལ་རྒྱུས་མངའ་བྱུང་ན་མ་གཏོགས། ཡང་དག་པའི་ལྟ་བ་དང་བདེན་གཉིས། སྟོང་ཉིད་བཅས་ཀྱི་སྐོར་ཤོད་སྐབས་མགོ་འཐོམ་ཡག་ཆགས་སྲིད་པ་རེད། ཐ་སྙད་དེ་དག་ཀྱང་རྒྱ་གར་གྱི་ནང་པའི་གྲུབ་མཐའ་བཞིའི་ནང་འགྲེལ་བརྗོད་བྱེད་སྟངས་ཁྱད་པར་ཆེན་པོ་ཡོད། དེ་བཞིན་སྔགས་ཀྱི་རྒྱུད་སྡེ་བཞིའི་ནང་དུའང་མི་འདྲ་བའི་ཁྱད་པར་ཡོད། དེར་མ་ཟད། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་བཞི་པོའི་སོ་སོའི་གཞུང་དང་རྣམ་གཞག་ཐོག་ནས་ཀྱང་དེ་དག་འགྲེལ་བརྗོད་མི་འདྲ་བ་བྱེད་ཀྱི་ཡོད།

ང་ཚོས་དེ་དག་ཤེས་རྟོགས་བྱུང་ན། སྐབས་དོན་སོ་སོར་གཞིགས་ཏེ་མགོ་མ་འཐོམས་པར་ཐ་སྙད་སོ་སོའི་བསྟན་དོན་གང་ཡིན་ཤེས་ཐུབ། སྲོལ་རྒྱུན་གཅིག་ཁོ་ནའི་འགྲེལ་ཚུལ་རྟོགས་ནས་གཞན་རྣམས་མི་འདྲ་ཙམ་རྒྱུ་མཚན་དུ་བྱས་ཏེ་སྐྱོན་བརྗོད་བྱེད་པ་ནི་དེ་དག་གི་གོ་བ་ཕྱིན་ཅི་མ་ལོག་པ་མི་ཤེས་ཤིང་གནོད་སྐྱོན་ཤིན་ཏུ་ཆེ། མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རིན་ཆེན་ཕྲེང་བའི་ནང་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ནང་གསུངས་པ་བཞིན། གནས་སྟངས་དེ་འདྲའི་སྐབས་ཅི་ཡང་མ་བརྗོད་པར་སྣང་མེད་དུ་འཇོག་པའམ་བར་དུ་གནས་རྒྱུ་དེ་ཡག་ཤོས་ཡིན།

དཔེར་ན། ཐ་ན་དགེ་ལུགས་ལྟ་བུ་སྲོལ་རྒྱུན་གྱི་ཆོས་ལུགས་གཅིག་གི་ནང་དུའང་། མདོ་དང་སྔགས་ནང་གསུང་པའི་སྟོང་ཉིད་ཀྱི་གོ་རྟོགས་ལ་གཞིགས་པའི་བཞེད་ཚུལ་མི་འདྲ་བ་ཡོད། མདོ་སྔགས་གཉིས་ཀའི་ནང་ཡུལ་གྱི་གནས་ལུགས་ཕྲ་མོའི་ཐོག་སླེབས་སྐབས་སྟོང་ཉིད་ལ་ཁྱད་པར་གང་ཡང་མེད། མི་འདྲ་བའི་ཁྱད་པར་སྟོང་ཉིད་རྟོགས་པའི་བློ་ལ་ཡོད། དེར་མ་ཟད། མདོ་སྔགས་གཉིས་ཀའི་ནང་བདེན་གཉིས་དང་དེ་གཉིས་ཐོག་སྒོམ་རྒྱག་ལུགས་ཐད་ཀྱི་འགྲེལ་བཤད་མི་འདྲ་བ་ཡིན། རྣལ་འབྱོར་བླ་ན་མེད་པའི་སྔགས་ཀྱི་ནང་དུའང་རྣམ་གཞག་མང་པོ་ཞིག་འདྲ་གི་མེད། དཔེར་ན། དཔལ་གསང་བ་འདུས་པའི་ནང་གསུངས་པའི་ཐབས་རྣམས་དུས་འཁོར་གྱི་རྒྱུད་ནང་གསུངས་པ་དང་འདྲ་གི་མེད། དེ་བཞིན་དཔྱད་སྒོམ་དང་འཇོག་སྒོམ་བར་གྱི་ཁྱད་པར་ཡང་མཐོང་ཐུབ། གལ་ཏེ་ང་ཚོས་རྣམ་གཞག་དེ་དག་ཚང་མ་སློབ་སྦྱོང་མ་བྱས་ན། ཧ་ཅང་མགོ་རྙོག་ཚ་པོ་ཆགས་རྒྱུ་རེད།

མདོར་ན། གལ་སྲིད་ང་ཚོས་ཆོས་ལུགས་བྱེ་བྲག་པ་ཞིག་གི་སྐོར་གང་ཡང་མ་ཤེས་ན། དེའི་སྐོར་གང་ཡང་བརྗོད་རྒྱུ་མེད་ལ་ལྷག་པར་དུ་སྐྱོན་འཛུགས་བྱ་རྒྱུ་མེད། ཆོས་ལུགས་རིས་མེད་ཀྱི་ཐབས་ལམ་གཅིག་པུའི་ཐོག་ནས་ང་ཚོས་སངས་རྒྱས་ཀྱི་ཆོས་ཀྱི་རྒྱ་ཆེ་བ་དང་ཟབ་པའི་དགོངས་པར་ཡི་རངས་བྱེད་ཐུབ་པ་ཡིན།།

Top