Study buddhism shantideva

རྒྱལ་སྲས་ཆེན་པོ་ཞི་བ་ལྷ།

རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ (དུས་རབས་ ༨ ) ནི། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཚང་མའི་ནང་ཡོད་པའི་བྱང་ཆུབ་སེམས་དཔའ་དང་འབྲེལ་བའི་ཆོས་ཚུལ་འཕགས་ཡུལ་ནས་བྱུང་བ་དེའི་འབྱུང་ཁུངས་དེ་ཁོང་ཡིན་པ་དང་། ལྷག་པར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་དང་འབྲེལ་བའི་འབྱུང་ཁུངས་ཁོང་ནས་ཡིན་པ་རེད།

རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་། རྒྱ་གར་ཤར་ཕྱོགས་བྷངྒ་ལའི་ཡུལ་གྱི་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ཁོང་རྒྱལ་ཁྲིར་འཁོད་ལ་ཉེ་བའི་སྐབས། ཁོང་གི་གཟིམ་ལམ་ནང་འཇམ་དཔལ་དབྱངས་རྨིས་ནས་ཁོང་ལ། “རྒྱལ་པོའི་ཁྲི་ནི་ཁྱེད་ཀྱི་ཆེད་དུ་མ་རེད་” ཅེས་བཀའ་གནང་། འཇམ་དཔལ་དབྱངས་ཀྱི་ཞལ་གདམས་ལ་ཐུགས་སྣང་མཛད་ནས། རྒྱལ་སྲིད་སྤངས་ཏེ་ནགས་གསེབ་ཏུ་སྐུ་མཚམས་ལ་བཞུགས། དེར་ཁོང་གིས་ཕྱི་རོལ་པའི་བླ་མ་མང་པོ་བསྟེན་པ་དང་དེ་དག་གི་དྲུང་དུ་སློབ་གཉེར་གནང་ཞིང་། ཞུགས་བསྒྲིལ་ཏེ་སྒོམ་ཉམས་ལེན་གནང་ནས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་གོ་འཕང་ཚད་མཐོ་པོར་ཐོབ། འོན་ཀྱང་སྟོན་པ་ཤཱཀྱ་མུ་ནི་དང་འདྲ་བར། ཁོང་གིས་དེ་ལྟ་བུའི་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་ནང་གནས་པ་དེས་སྡུག་བསྔལ་གྱི་རྩ་བ་མེད་པ་བཟོ་ཐུབ་ཀྱི་མེད་པ་རྟོགས་པ་དང། མཐར་འཇམ་དཔལ་དབྱངས་ལ་བསྟེན་ནས་རིམ་པས་ཁོང་ལ་སངས་རྒྱས་ཀུན་གྱི་ཤེས་རབ་དང་ཡོན་ཏན་གྱི་བདག་ཉིད་ཅན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མཇལ་སྣང་དངོས་སུ་བྱུང་ཞིང་། ཁོང་གི་དྲུང་ནས་ཆོས་ཀྱི་གདམས་ངག་རྣམས་ཐོབ་པ་རེད།

དེ་ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ནགས་ནས་ཐོན་ཏེ་ནཱ་ལེནྡྲའི་གཙུག་ལག་ཁང་ལ་ཕེབས། དེར་ཁོང་མཁན་པོ་ཞིག་གི་དྲུང་དུ་རབ་ཏུ་བྱུང་བ་དང་། མདོ་སྔགས་ཀྱི་ཆོས་ཀུན་ལ་སློབ་གཉེར་དང་ཉམས་ལེན་གཏིང་ཟབ་པོ་གནང་། འོན་ཀྱང་ཁོང་གིས་རང་གི་ཉམས་ལེན་ཚང་མ་སྦས་གསང་གནང་ནས་བཞུགས། དགེ་འདུན་པ་གཞན་ཚང་མས་ཁོང་ནི་ཟས་ཟ་རྒྱུ་དང་། གཉིད་ཉལ་རྒྱུ། ཆབ་གསང་ལ་འགྲོ་རྒྱུ་མ་གཏོགས་གཞན་གང་ཡང་བྱེད་ཀྱི་མེད་པར་བསམ་གྱི་ཡོད། འོན་ཀྱང་དོན་དངོས་སུ་ཁོང་ནི་རྟག་ཏུ་འོད་གསལ་གྱི་སྒོམ་གྱི་གནས་བབས་ནང་བཞུགས་ནས་ཡོད་པ་རེད།

མཐར་དགོན་པའི་དགེ་འདུན་པ་ཚོས་ཞི་བ་ལྷ་བེད་སྤྱོད་གང་ཡང་མེད་པ་གཟིགས་ནས་ཕྱིར་འབུད་བྱ་རྒྱུའི་ཐག་གཅོད་གནང་བ་དང་། དེའི་ཁག་འདོགས་ཆེད་དུ་ཁོང་ཚོས་ཞི་བ་ལྷར་མདོ་ངོ་མ་ཞིག་གི་ཐོག་ཏུ་ཆོས་གསུང་དགོས་ཞེས་བཤད་པ་རེད། དེ་ལྟར་བྱས་ནས་ཞི་བ་ལྷས་རང་ཉིད་ཀྱི་ལྐུགས་རྟགས་མངོན་ཐུབ་པའི་རེ་བ་བཅངས། དེར་མ་ཟད། དེའི་ཆེད་དུ་ཁོང་ཚོས་ཐེམ་སྐས་མེད་པའི་ཁྲི་ཧ་ཅང་མཐོ་པོ་ཞིག་གྲ་སྒྲིག་བྱས་ནས་ཁོང་གིས་དེའི་སྟེང་དུ་འཛེགས་ཐུབ་ཀྱི་མ་རེད་བསམས་པ་རེད། འོན་ཀྱང་ཆོས་གསུང་རན་པའི་སྐབས་ཁྲི་དེ་ཞི་བ་ལྷ་དང་མཉམ་པའི་མཐོ་ཚད་དུ་མར་བབས་ནས་ཁོང་དེའི་སྟེང་དུ་ལས་སླ་པོའི་ཐོག་འཛེགས་ནས་བཞུགས་པ་རེད།

དེ་ནས་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའམ། ཡོངས་གྲགངས་སུ་སྤྱོད་འཇུག་གི་གསུང་ཆོས་གནང་འགོ་བཙུགས་པ་དང་། སྤྱོད་འཇུག་ལེའུ་དགུ་པའི་ནང་ཡོད་པའི་སྟོང་ཉིད་སྐོར་གྱི་ཆོས་ཚིགས་སུ་བཅད་པ་བྱེ་བྲག་པ་ཞིག་ལ་སླེབས་མཚམས་སུ་ཁོང་དལ་གྱིས་ནམ་མཁར་ཇེ་མཐོ་ནས་ཇེ་མཐོར་སོང་། ཁོང་གིས་གསུངས་པའི་ཚིགས་བཅད་ཤོ་ལོ་ཀ་དེ་ནི།

༼སྤྱོད་འཇུག་ལེའུ་ ༩ ། ཤོ་ལོ་ཀ་ ༣༤ པ།༽  

གང་ཚེ་དངོས་དང་དངོས་མེད་དག ། བློ་ཡི་མདུན་ན་མི་གནས་པ།། དེ་ཚེ་རྣམ་པ་གཞན་མེད་པས།། དམིགས་པ་མེད་པར་རབ་ཏུ་ཞི།།

དེའི་རྗེས་སུ་ཞི་བ་ལྷས་མདོ་ལྷག་མ་རྣམས་འདོན་བཞིན་དུ་ཁོང་གི་གསུང་སྐད་གཅིག་པུ་ཐོས་པ་དང་བཅས་མི་སྣང་བར་གྱུར་བ་དང། ཕྱིས་སུ་དགེ་འདུན་པ་ཚོས་མདོ་དེ་རང་གི་དྲན་ཤེས་ནས་ཡིག་ཐོག་ཏུ་བཀོད་གནང་མཛད་པ་རེད།

ཞི་བ་ལྷས་གསུངས་པའི་ཆོས་ཀྱི་ནང་། ཁོང་གིས་རང་ཉིད་ཀྱིས་ནཱ་ལེནྡྲར་བརྩམས་མཛད་པའི་མདོ་གཉིས་ནས་ལུང་འདྲེན་གནང་ཡོད། དེ་གཉིས་ནི། བསླབ་པ་ཀུན་བཏུས་དང་། མདོ་ཀུན་ལས་བཏུས་པ་གཉིས་རེད། འོན་ཀྱང་སུས་ཀྱང་མདོ་དེ་དག་གང་དུ་ཡོད་མེད་ཤེས་ཀྱི་མེད། མཐའ་མ་དེར་མི་ཆེ་གེ་མོ་ཞིག་ལ་ཞི་བ་ལྷའི་མཇལ་སྣང་བྱུང་བའི་ནང་། ཞི་བ་ལྷས་མདོ་དེ་གཉིས་དགེ་འདུན་པ་ཞིག་གི་ཤག་གི་ཐོག་པང་གདུང་མའི་གསེབ་ལ་སྦས་ཡོད་གསུངས་པ་དང་། ཁོང་རང་ཉིད་ཕྱིར་ཕེབས་ཀྱི་མིན་ཞེས་བཀའ་གནང་བ་རེད།

མདོ་ཀུན་ལས་བཏུས་པས་མདོ་རྣམས་ཀྱི་དོན་སྙིང་རྣམས་ཕྱོགས་བསྡོམས་བྱེད་ཀྱི་ཡོད་པ་དང་། བསླབ་པ་ཀུན་བཏུས་ཀྱིས་མདོའི་ཉམས་ལེན་གྱི་སྙིང་པོ་རྣམས་ཕྱོགས་བསྡོམས་བྱེད་ཀྱི་ཡོད། བོད་སྐད་ནང་ཡིག་སྒྱུར་བྱས་པའི་བསླབ་པ་ཀུན་བཏུས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གཉིས་བསྟན་འགྱུར་ནང་ཡོད། བསྟན་འགྱུར་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཀྱི་དགོངས་འགྲེལ་འཕགས་ཡུལ་གྱི་མཁས་པ་རྣམས་ཀྱིས་མཛད་གནང་པའི་བསྟན་བཅོས་བོད་སྐད་དུ་བསྒྱུར་ཟིན་པ་རྣམས་ལ་གོ་དགོས། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེས་གསུངས་པར་ལྟར་ན། མདོ་ཀུན་ལས་བཏུས་པ་བོད་སྐད་དུ་བསྒྱུར་ཡོད་ཀྱང་། དེ་བསྟན་འགྱུར་ནང་མེད་ཚུལ་གསུངས་ཡོད།
 
བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། ལྷག་པར་དུ་ལེའུ་དགུ་པའི་ཐད་འགྲེལ་བ་ཁ་ཤས་བརྩམས་ཡོད། བོད་ཀྱི་དགོངས་འགྲེལ་ཚང་མ་བོད་ཀྱི་ནང་པའི་ཆོས་བརྒྱུད་ཚང་མའི་ནང་ཡོད། གང་ཡིན་ཟེར་ན། སྤྱོད་འཇུག་གི་གཞུང་འདི་ནི་བོད་ཀྱི་ཆོས་བརྒྱུད་ཚང་མའི་གཞུང་གཙོ་བོ་ཞིག་རེད། དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ནང་། རྗེ་ཙོང་ཁ་པས་མཛད་གནང་པའི་བྱང་ཆུབ་ལམ་རིམ་ཆེན་མོ་དེ་བསླབ་པ་ཀུན་བཏུས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གཉིས་ལ་གཙོ་བོ་གཞི་རྟེན་གནང་ཡོད་པ་དང་། ལྷག་པར་དུ་ཁོང་གིས་གསུངས་པའི་བདག་གཞན་མཉམ་བརྗེའི་སྐོར་གཞུང་དེ་གཉིས་ལ་ཤུགས་ཆེན་པོའི་གཞི་རྟེན་བཅོལ་ཡོད། རྗེ་ཙོང་ཁ་པ་ཆེན་པོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལ་ཟུར་དུ་དགོངས་འགྲེལ་མཛད་མེད་ཀྱང་། བྱང་ཆུབ་ལམ་རིམ་ཆེན་མོའི་ནང་དེའི་ནང་དོན་མང་པོ་གླེང་ཡོད། དེ་བཞིན་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་ནང་སྤྱོད་འཇུག་ལེའུ་དགུ་པའི་དོན་མང་པོ་གླེང་ཡོད། དེ་ག་ནང་བཞིན་རྗེ་ཙོང་ཁ་པས་མཛད་པའི་དབུ་མ་དགོངས་པ་རབ་གསལ་ ༼སློབ་དཔོན་ཟླ་བ་གྲགས་པས་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལ་འགྲེལ་བ་དབུ་མ་འཇུག་པ་མཛད་པ་༽ མདོ་དེ་ལ་གཞི་གཙོ་བོ་བཞག་ཡོད།

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།” ནས་ཟུར་འདོན་བྱས་པའི་གསུང་ཆོས་ྋགོང་ས་མཆོག་གིས་རྒྱ་གར་གནས་མཆོག་རྡེ་རྗེ་གདན་དུ། ཕྱི་ལོ་ ༡༩༧༨ ཟླ་ ༡ ནང་བསྩལ་གནང་བ་དེ་འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན་ནས་ཡིག་སྒྱུར་དང་ཕྱོགས་སྒྲིག་གྱིས་པ་དགེའོ།།
Top