Study buddhism aryadeva 400

སློབ་དཔོན་འཕགས་པ་ལྷ་

སློབ་དཔོན་ཨཱརྱ་དེ་ཝ་ (འཕགས་པ་ལྷ་) ནི་ཤྲཱི་ལངྐའི་རྒྱལ་པོའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་། སྤྱི་ལོའི་དུས་རབས་གཉིས་པའི་དཀྱིལ་ནས་གསུམ་པའི་དཀྱིལ་བར་དུ་བཞུགས། ལོ་རྒྱུས་ཡིག་ཆ་ཁ་ཤས་ལྟར་ན། ཁོང་མེ་ཏོག་པདྨ་ལས་སྐུ་འཁྲུངས་པ་གསུངས་ཡོད། སྐུ་ན་ཕྲ་བའི་དུས་ནས་རབ་ཏུ་བྱུང་སྟེ་ནང་ཆོས་ཀྱི་སྡེ་སྣོད་གསུམ་གྱི་གཞུང་ལ་མཐར་ཕྱིན་པ་སྦྱངས་ནས། དེ་རྗེས་རྒྱ་གར་ལྷོ་ཕྱོགས་སུ་རྒྱལ་པོ་ཨུ་ད་ཡི་བྷདྲའམ་བདེ་སྤྱོད་བཟང་པོའི་རྒྱལ་ཁམས་ཤ་ཏ་ཝ་ཧ་ནའི་ (Shatvahana) ནང་དུ་བཞུགས་པའི་མགོན་པོ་ཀླུ་གྲུབ་ཀྱི་དྲུང་དུ་སློབ་གཉེར་གནང་བར་ཕེབས། རྒྱལ་པོ་བདེ་སྤྱོད་བཟང་པོ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྤྲིངས་ཡིག་དང་རིན་ཆེན་ཕྲེང་བ་འབུལ་ཡུལ་གྱི་རྒྱལ་པོ་དེ་ཡིན། སློབ་དཔོན་ཨརྱ་དེ་ཝས་མགོན་པོ་ཀླུ་སྒྲུབ་ཀྱི་རོགས་ཟླ་གནང་སྟེ། ཁོང་གི་དྲུང་དུ་མུ་མཐུད་ནས་ལྷོ་ཕྱོགས་དཔལ་གྱི་རིར་སློབ་གཉེར་གནང་། དཔལ་གྱི་རིའམ་ཤྲཱི་པརྦཏ་ (Shriparvata) ཞེས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱི་གནས་རི་རྩ་ཆེན་ཞིག་སྟེ། སྔོན་ཤ་ཏ་ཝ་ཧ་ནའི་རྒྱལ་ཁམས་ཀྱི་ཁོངས་སུ་གཏོགས་པ་དང་། རི་བོ་དེས་དེང་སང་རྒྱ་གར་ལྷོ་ཕྱོགས་ཨནྡྲ་པྲ་དེ་ཤའི་མངའ་སྡེའི་ནང་ཡོད་པའི་ནཱགཱརྫུན་ཀོཎྜ་ (Nagarjunakonda) གྲོང་ལ་རྒྱང་བལྟ་བྱེད་པ་དེ་རེད།
 
སྐབས་དེ་དུས་རྟག་ཞི་བའམ་ལྷ་དབང་ཕྱུག་ལ་དད་མོས་བྱེད་མཁན་མཏྲི་ཆེ་ཏའམ་མུ་སྟེགས་རྟ་དབྱངས་ཞེས་པ་དེས་ནཱ་ལེནྡྲར་ཡོད་པ་ཚང་མ་རྩོད་པའི་ནང་ཕམ་པར་བྱས་པ་ན། སློབ་དཔོན་ཨཱརྱ་བདེ་ཝས་རྟ་དབྱངས་ལ་རྩོད་ལེན་གནང་ཆེད་དེར་ཕེབས་པའི་ལམ་བར་དུ་དམིགས་བསལ་རྫུ་འཕྲུལ་གྱི་ནུས་མཐུ་སྒྲུབ་ཐབས་བྱེད་མཁན་གྱི་རྒན་མོ་ཞིག་དང་འཕྲད་པ་དང། དེ་ལྟར་སྒྲུབ་པའི་ཆེད་རྒན་མོ་དེ་ལ་མཁྱེན་རྒྱ་ཡངས་པའི་དགེ་འདུན་པ་ཞིག་གི་མིག་གཅིག་དགོས་ཀྱི་ཡོད། ཨཱརྱ་དེ་ཝས་སྙིང་རྗེས་ཀུན་ནས་བསླངས་ཏེ་རྒན་མོ་དེ་ལ་རང་གི་སྤྱན་གཅིག་སྦྱིན་པ་བཏང་གནང་མཛད། འོན་ཀྱང་རྒན་མོ་དེས་མིག་དེ་བླངས་ནས་རྡོས་གཞུས་ཏེ་དུམ་བུར་བཏང་བ་རེད། དེ་ནས་བཟུང་ཨཱརྱ་དེ་ཝ་ལ་སྤྱན་གཅིག་ལས་མེད་པ་ཞེས་ཡོངས་སུ་གྲགས་པ་རེད། དེ་ནས་སློབ་དཔོན་ཨཱརྱ་དེ་ཝ་མུ་མཐུད་མུ་སྟེགས་རྟ་དབྱངས་འདུལ་བའི་ཆེད་དུ་ཕེབས་ནས་རྩོད་པ་དང་རྫུ་འཕྲུལ་གཉིས་ཀའི་ནང་ཕམ་པར་མཛད། རྗེས་སུ་མུ་སྟེགས་རྟ་དབྱངས་སློབ་དཔོན་ཨཱརྱ་དེ་ཝའི་སློབ་མར་གྱུར་བ་རེད།

སློབ་དཔོན་འཕགས་པ་ལྷ་ནཱ་ལེནྡྲའི་ནང་ལོ་མང་བཞུགས་ཀྱང། ཁོང་གི་སྐུ་ཚེའི་སྨད་ལ་མགོན་པོ་ཀླུ་སྒྲུབ་ཀྱི་དྲུང་དུ་སླར་ཕེབས། མགོན་པོ་ཀླུ་སྒྲུབ་ཀྱིས་རང་ཉིད་སྐུ་མྱ་ངན་ལས་མ་འདས་སྔོན་ཁོང་གི་བསྟན་པ་ཐམས་ཅད་སློབ་དཔོན་འཕགས་པ་ལྷ་ལ་གཏད་གནང་བ་དང། ཁོང་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཁུལ་དེ་གའི་ནང་དུ་དགོན་པ་མང་པོ་བཞེངས་པ་དང་། ཆོས་རྒྱ་ཆེར་གསུངས་ནས་ཐེག་པ་ཆེན་པོའི་ལུགས་བཙུགས་གནང་བ་མ་ཟད། ལྷག་པར་དུ་དབུ་མའི་གཞུང་ཆེན་མོ་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་་པ། ལེགས་སྦྱར་སྐད་དུ། བོ་དྷི་སཏྭ་ཡོ་ག་ཙཱརྱ་ཙ་ཏུ་ཤ་ཏ་ཀ་ཤཱསྟྲ་ཀཱ་རི་ཀཱ་ (Bodhisattvayogacarya-catuhshataka-shastra-karika) ཞེས་བྱ་བ་མཛད་ནས་དབུ་མ་པའི་གྲུབ་མཐའི་སྐོར་ཆོས་རྒྱ་ཆེར་གསུངས་གནང་བ་རེད། དེའི་མཚན་མདོར་བསྡུས་སུ་བཞི་བརྒྱ་པའམ་དབུ་མ་བཞི་བརྒྱ་པ་ཡང་ཟེར། མགོན་པོ་ཀླུ་སྒྲུབ་ནང་བཞིན་སློབ་དཔོན་ཨརྱ་དེ་ཝའམ་འཕགས་པ་ལྷས་ཀྱང་གསང་བ་འདུས་པའི་རྒྱུད་ལ་འགྲེལ་བ་མང་པོ་བརྩམས་མཛད་གནང་ཡོད།།
 
འདྲ་པར་འབྱུང་ཁུངས། himalayanart.org

Top