བདེན་པ་གཅིག་ལ་ཡིད་ཆེས་པའམ་བདེན་པ་དུ་མར་ཡིད་ཆེས་པ།

ཆོས་ལུགས་ཁ་ཤས་ཀྱིས་བདེན་པ་གཅིག་ལ་ཡིད་ཆེས་བྱེད་པ་དང་། ཡང་ཁ་ཤས་ཀྱིས་བདེན་པ་དུ་མར་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། ཁྱད་པར་དེ་ང་ཚོས་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

དཔེར་ན། མི་ཁ་ཤས་ཀྱིས་སོ་སོའི་ཆོས་ལུགས་དེ་དངོས་གནས་མཐར་ཐུག་དང་བདེན་པ་ཁོ་ན་ཡིན་པ་དང་ཆོས་ལུགས་གཞན་དག་བདེན་པ་མ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་ཆོས་ལུགས་ཞེས་པ་དེ་གང་ཟག་སྒེར་སོ་སོའི་གནད་དོན་ཞིག་ཡིན། དེ་འདྲ་སོང་ཙང། གང་ཟག་སྒེར་སུ་ཞིག་ལ་མཚོན་ནའང། སོ་སོས་ཡིད་ཆེས་བྱེད་པ་དང་རྗེས་སུ་འཇུག་སའི་ཆོས་ལུགས་དེ་ནི་དོན་དངོས་ཐོག་ཁོའམ་མོ་གཅིག་པུའི་ཆོས་ལུགས་ཡིན་པ་རེད། འོནཀྱང་ངའི་གྲོགས་པོ་ཚོར་མཚོན་ན། ཁོང་ཚོས་མི་ཚང་མར་ཆོས་ལུགས་ངོ་མ་གཅིག་ལས་མེད་པའི་ཡིད་ཆེས་བྱེད་ཀྱི་ཡོད། འཛམ་བུ་གླིང་དེའི་ཐོག་ཆོས་ལུགས་དུ་མ་དང་བདེན་པ་དུ་མ་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད། ང་ཚོས་དོན་དངོས་དེ་ཁས་ལེན་དགོས། དེ་འདྲ་སོང་བ་ཡིན་ཙང། གང་ཟག་དང་སྤྱི་ཚོགས་མི་འདྲ་བ་ཁ་ཤས་ཡོད་པའི་ཆ་ནས། ཆོས་ལུགས་མི་འདྲ་བ་ཁ་ཤས་ཡོད་པ་དེ་ནི་ཏག་ཏག་རན་ཞིང་འཚམ་པ་ཡིན། 

བདེན་པ་གཅིག་དང་ཆོས་ལུགས་གཅིག་ལས་མེད་པར་བསམ་མཁན་ཚོ་ལ་མཚོན་ན། ཆོས་ལུགས་དེའི་ཐོག་མུ་མཐུད་འགྲོ་བ་དང་དེ་ཉར་ཚགས་བྱེད་དགོས། འོན་ཀྱང་ཆོས་ལུགས་གཞན་དག་གིས་སོ་སོའི་སྤུན་ཟླ་ཕོ་མོ་ཚོར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་སོང་ཙང་། དེ་དག་ལ་གུས་བརྩི་གནང་རོགས་ཞུ་རྒྱུ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ངོས་རང་ནས་ཡེ་ཤུ་དང་། ཁ་ཆེ། འཇེའུ། ཧིན་དུ་སོགས་ཆོས་ལུགས་ཚང་མར་ཡིད་སྨོན་དང། རྗེས་སུ་ཡི་རངས། གུས་བརྩི་ཞུ་གི་ཡོད།

ཡེ་ཤུའི་རྗེས་འབྲང་པ་ཁ་ཤས་ཀྱིས་ངོས་རང་ཡེ་ཤུའི་རྗེས་འབྲང་པ་ཡག་པོ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། ངོས་ནས་ཡེ་ཤུའི་རྗེས་འབྲང་པ་ཁ་ཤས་ནང་པ་ཡག་པོ་ཞིག་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད། ཡེ་ཤུའི་ཉམས་ལེན་ཆེ་ཁག ། དཔེར་ན། བཟོད་གསོལ། སྙིང་རྗེ། གཞན་ཕན་གྱི་དགེ་རྩ་སོགས་ཚང་མར་ངོས་ནས་ཁས་ལེན་བྱེད་ཀྱི་ཡོད། ང་རང་ངོས་ནས་རྒྱུ་དང་འབྲས་བུར་བསམ་མནོ་གཏོང་ཕྱོགས་དེ་ནི་ཆོས་ལུགས་ཀྱི་གཞི་རྩར་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད། ཡེ་ཤུའི་རྗེས་འབྲང་པ་རྣམས་ཀྱིས་དཀོན་མཆོག་ ༼འཇིག་རྟེན་བཀོད་པ་པོ།༽ གཞི་རྩར་བྱེད་ཀྱི་ཡོད་པ་རེད། ངོས་ནས་ཁོང་ཚོར་རྟེན་ཅིང་འབྲེལ་བར་འབྱུང་བ་དང་སྟོང་པ་ཉིད་ལ་སོགས་པའི་ཆོས་རྣམས་ནི་ང་ཚོའི་ལས་འགན་ཡིན་གྱི་ཁྱེད་རང་ཚོའི་མིན། ཁྱེད་རང་ཚོ་དེའི་ཐོག་སེམས་ཁྲལ་བྱེད་དགོས་མེད་ཅེས་ཟེར་གྱི་ཡོད། འོན་ཀྱང་ཆོས་ཀྱི་གདམས་ངག་གཞན་ཏེ། བྱམས་པ་དང་སྙིང་རྗེ་ལ་སོགས་པ་ནི་ང་ཚོ་ཚང་མས་ཐུན་མོང་དུ་འཛིན་པའི་ཆོས་ཡིན་པ་རེད། ཐུན་མོང་དུ་མཉམ་སྤྱོད་བྱས་པའི་ཆོས་དེ་དག་ནི་ཚང་མ་ཕན་ཚུན་མཐུན་སྒྲིལ་ཡོང་བའི་གཞི་རྩ་ཡིན་པ་རེད།། 

Top