ཁ་ཆེའི་ཆོས་ལུགས་དང་ནང་ཆོས་དབར་གྱི་གྲོས་མོལ།

སྒེར་གྱི་མཉམ་ཞུགས།

ཁ་ཆེའི་ཆོས་ལུགས་དང་ནང་ཆོས་དབར་གྱི་གྲོས་མོལ་ནང་ང་རང་སྒེར་གྱི་མཉམ་ཞུགས་ནི་འདས་པའི་ལོ་ངོ་དེ་དག་ནང་རིམ་གྱིས་རྩ་བ་ཚུགས་སོང་། ང་རང་འཛམ་གླིང་གི་ས་ཕྱོགས་གང་སར་ནང་ཆོས་ཐོག་གཏམ་བཤད་སྤེལ་བར་སྐྱོད་སྐབས། ཁ་ཆེའི་ལུང་པ་མང་པོའི་ནང་དུའང་འགྲོ་རྒྱུ་བྱུང་། ལུང་པ་ཁ་ཤས་ནས་ཁ་ཆེའི་དད་ལྡན་པ་ཚོ་དང་ཐད་ཀར་འབྲེལ་བ་མ་བྱུང་། དཔེར་ན། མ་ལེ་ཤི་ཡ་ (Malaysia) དང་ཨིན་ཌོ་ནི་ཤི་ཡའི་ (Indonesia) ནང་། རྒྱ་རིགས་ནང་པའི་སྡེ་པ་ཚོར་སྐད་ཆ་བཤད་རྒྱུ་བྱུང་། མ་གཞི་ངས་ཁོང་ཚོ་དང་མཉམ་དུ་ཁ་ཆེའི་མི་འབོར་མང་བའི་ལུང་པ་དེ་དག་ནང་གི་ཁ་ཆེ་དང་ཁོ་རང་ཚོའི་དབར་གྱི་འབྲེལ་ལམ་སྐོར་དུས་ནས་དུས་སུ་གོ་སྡུར་བྱས་པ་ཡིན། དེ་ག་ནང་བཞིན་གཙུག་ལག་སློབ་གྲྭའི་སློབ་ཕྲུག་དང་། གཙུག་ལག་གི་སྡེ་ཚན། དབུས་ཨེ་ཤི་ཡའི་ཁ་ཆེའི་སྤྱི་མཐུན་རྒྱལ་ཁབ་ཀ་ཛཁ་སྟཱན་ (Kasakhstan) དང་། ཁིར་གྷི་སྟཱན་ (Kyrgyzstan) ཨུཛ་བེ་ཀིསྟཱན་ (Uzbekistan) ནང་གི་ཆོས་ལ་དོན་གཉེར་ཅན་ཚོར་ངས་གཏམ་བཤད་བྱས་ཡིན། ལུང་པ་དེ་དག་ནང་གི་ཁ་ཆེའི་མི་རིགས་ཚོར་ཁོ་རང་ཚོའི་ཁ་ཆེའི་ཕ་མེས་ཀྱི་གཅེས་ནོར་ཐད་རྒྱུས་མངའ་ཞེ་དྲགས་མེད། ཨུ་རུ་སུའི་དཀའ་ངལ་གྱི་རྗེས་སུ་གདོང་ལེན་བྱེད་ཕྱོགས་ཐད་ནང་ཆོས་དང་། འཛམ་གླིང་ནང་གི་ཆོས་ལུགས་དང་ལྟ་གྲུབ་གཞན་ལས་ལེགས་ཆ་ལེན་རྒྱུར་ཁོ་རང་ཚོས་སློབ་སྦྱོང་བྱེད་འདོད་ཆེན་པོ་འདུག །ས་གནས་དེ་དག་ནང་གི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཁག་ལ་གདོང་ལེན་བྱ་ཆེད་ཁ་ཆེ་དང་ནང་པ་གཉིས་མཉམ་སྦྲེལ་ཐུབ་ན་ཕན་ནུས་ཆེ་བ་ཡོད་ཚུལ་ངས་ཤེས་རྟོགས་བྱུང་བའི་སྐབས། ཕྱི་ལོ་ ༡༩༩༤ ལོར་དབུས་ཨེ་ཤི་ཡའི་ཡུལ་གྲུ་ཁག་ཏུ་འགྲུལ་བཞུད་ཟིན་པའི་རྗེས་ངས་ཁ་ཆེ་དང་ནང་པའི་བགྲོ་གླེང་ནང་ཆེད་དུ་ཞུགས་པ་ཡིན།

མཽ་རི་ཤི་སི། (Mauritius)

ལོ་དེའི་རྗེས་སུ་ཨ་ཧྥི་རི་ཁར་ཐེངས་ཤིག་བསྐྱོད་པའི་སྐབས་དམིགས་བསལ་མཽ་རི་ཤི་སི་དང་ཛན་ཛི་བྷར་ (Zanzibar) ནང་བགྲོ་གླེང་ཞིག་དབུ་འཛུགས་ཞུས་པ་ཡིན། (རྒྱ་གར་རྒྱ་མཚོའི་ངོགས་སུ་ཆགས་པའི་རིག་གཞུང་སྣ་འཛོམས་ཅན་གྱི་གླིང་ཕྲན་) གླིང་ཕྲན་དེ་གཉིས་ནི་ལྷོ་ཨེ་ཤི་ཡ་ནས་ཨ་ཧྥི་རི་ཁའི་སྐམ་ས་ཆེན་མོར་དུག་རྫས་ཧེ་རོ་ཡིན་ (heroin) ཁྲིམས་འགལ་ཉོ་ཚོང་བྱེད་སའི་གནས་ལྟེ་བ་ཡིན། རྒྱ་གར་ཁ་ཆེའི་མི་རིགས་ཡིན་པའི་མཽ་རི་ཤི་སིའི་སྲིད་འཛིན་དང་ལྷན་དུ་ཚོགས་འདུ་ཞིག་གི་སྐབས། བོད་ནང་གི་ལས་མེད་དང་སྙིང་སྟོབས་ཞུམ་པའི་གཞོན་སྐྱེས་ཚོས་དུག་རྫས་ལོག་པར་སྤྱོད་པའི་དཀའ་ངལ་སྐོར་དང་། ཁོ་རང་གི་ལུང་པའི་ནང་དེ་ལྟའི་དཀའ་ངལ་ཐད་ཁོ་རང་གི་ཆོས་སྡེའི་ངོས་ནས་གདོང་ལེན་བྱེད་ཕྱོགས་ཐད་གོ་སྡུར་ལྷུག་པོ་ཞུས་པ་ཡིན། དཀའ་ངལ་དེའི་ཐད་ཁོང་གིས་ངའི་སེམས་ཚོར་ལ་གསན་འཇོག་གནང་བ་དང་། ཆོས་ལུགས་ཀྱི་ངོས་ནས་དུག་རྫས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་པ་ཚོར་རང་སོ་སོའི་རིན་ཐང་ངོས་འཛིན་ཐུབ་པའི་ཚོར་སྣང་བསྐྲུན་རྒྱུ་དང་། སྤྱི་ཚོགས་ཀྱི་རྒྱབ་སྐྱོར། བཟང་སྤྱོད་གོང་སྤེལ་བཅས་གོང་མཐོར་གཏོང་རྒྱུར་ཁོང་གིས་མོས་མཐུན་གནང་སོང་། ཕྱིས་སུ་མཽ་རི་ཤི་སིའི་གཙུག་ལག་སློབ་ཁང་ཆེན་མོའི་ནང་། “དེང་གི་དུས་སྐབས་འདིར་བཟང་སྤྱོད་ཀྱི་རིན་ཐང་བསྐྱར་རྩོད་ཐད་བོད་བརྒྱུད་ནང་བསྟན་གྱིས་ལེགས་སྐྱེས་གང་འབུལ་ཐུབ་པ་ཞེས་པའི་བརྗོད་གཞིའི་ཐོག་ངས་གཏམ་བཤད་ཅིག་བྱས་པར། བཟང་ཕྱོགས་དང་སྤྲོ་སེམས་ཆེ་བའི་ཡ་ལན་གནང་གི་འདུག

ཛན་ཛི་བྷར། (Zanzibar)

ཛན་ཛི་བྷར་གྱི་ནང་། མི་འབོར་བརྒྱ་ཆ་ ༩༥ ཁ་ཆེའི་ཆོས་བྱེད་མཁན་རེད། དེ་གའི་ས་གནས་ཆོས་དཔོན་ཞིག་དང་ང་རང་ཐུག་འཕྲད་བྱུང་ནས་ཁ་ཆེའི་ཆོས་ལུགས་ཀྱི་རོགས་སྐྱོར་འོག་དུག་རྫས་ལ་ངན་ལངས་ཤོར་བའི་ལོག་སྤྱོད་མཚམས་འཇོག་བྱ་རྒྱུར་འབད་བརྩོན་བསྟེན་པར་གྲུབ་འབྲས་མི་དམན་པ་བྱུང་བ་ཤེས་རྟོགས་བྱུང་། སྔོན་ནས་ལངས་ཤོར་ཐེབས་པ་རྣམས་ཆོ་ག་དང་སྨོན་ལམ་གྱི་བྱེད་སྒོའི་ཐོག་ཉིན་རེར་ཐེངས་ལྔ་རེ་དྲི་སྦྱོང་བྱེད་དུ་བཅུག་པས། དུག་རྫས་གྲ་སྒྲིག་བྱ་རྒྱུར་ཁོང་ཚོར་དུས་ཚོད་སྟོང་པ་ཧ་ལམ་མེད། ནང་པའི་མི་རིགས་ལངས་ཤོར་བ་ཚོས་ལུས་ཀྱིས་ཕྱག་འཚལ་བཞིན། དཔེ་མཚོན་དེས་ལུས་ལས་སུ་བཀོལ་ཏེ་གཡེང་དུ་བཅུག་ནས་སྤྱོད་ངན་མཚམས་འཇོག་ཐད་ཕན་ནུས་ཆེན་པོ་ཐོན་ཐུབ།

ཏུར་ཀི། (Turkey)

ཕྱི་ལོ་ ༡༩༩༥ ལོའི་དཔྱིད་དུས་སུ་ཏུར་ཀིའི་ས་གནས་ཨི་སི་ཏཱན་བྷུལ་ (Istanbul) ལ་བསྐྱོད་པའི་སྐབས། མར་མཱ་རཱ་ (Marmara) གཙུག་ལག་སློབ་ཁང་ནང་གི་ཨི་ལཱ་ཧི་ཡཱཏ་ (Ilahiyat) ཁ་ཆེའི་ཆོས་ལུགས་རྣམ་གཞག་གི་རིག་སྡེ་འགན་འཛིན་དང་ཁ་ཆེའི་ཁྲིམས་ཀྱི་སློབ་དཔོན་དང་ལྟ་གྲུབ་སྨྲ་བ་ཁག་ཅིག་དང་ང་རང་ཐུག་འཕྲད་བྱུང་། ད་ལྟའི་ཆར་ཧུའེ་རྒྱ་རིགས་ཁ་ཆེ་མང་པོ་བོད་ནང་སྡེབ་འབྱོར་ཐོག་གནས་སྤོ་བྱས་དང་བྱེད་བཞིན་པའི་སྐབས་དེར་ནང་པ་དང་ཁ་ཆེའི་མི་རིགས་གཉིས་དབར་མཛའ་མཐུན་གྱི་གནས་སྟངས་སྐྲུན་ཐབས་ཀྱི་ལམ་ཞིག་ཏུ་ནང་ཆོས་ལ་ཁ་ཆེའི་ཆོས་ལུགས་ཀྱི་ལྟ་ཚུལ་ཐོག་སྐབས་དེའི་ཚོགས་འདུའི་ནང་བགྲོ་གླེང་གནང་རོགས་ཞེས་ངས་འབོད་སྐུལ་ཞུས་པ་ཡིན། དུས་རབས་ ༡༧ པ་ནས་བཟུང་བོད་ནང་ཁ་ཆེའི་མི་སྡེ་འཚོ་གནས་བྱེད་བཞིན་ཡོད་ནའང་། ནང་པ་ཤུགས་ཆེ་བའི་ལུང་པ་དེའི་ནང་ཕན་ཚུན་འཆམ་མཐུན་ངང་གནས་ཡོད་པ་དང་། སྲོལ་རྒྱུན་གྱི་ཐོག་ནས་༸རྒྱལ་དབང་ལྔ་པ་ཆེན་པོས་མཐུན་རྐྱེན་བསྩལ་བ་བཞིན་ཁ་ཆེ་བ་ཚོས་དམིགས་བསལ་ཁྲིམས་མཐུན་གྱི་གནས་སྟངས་ལོངས་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་ད་ལྟའི་ཆར་རྒྱ་ནག་ནས་ཧན་མི་རིགས་འབོར་ཆེན་བོད་ནང་གནས་སྤོ་བྱས་དང་བྱེད་བཞིན་པ་དེས་ང་ཚོར་ཤེས་རྟོགས་ཐུབ་པའི་དངངས་སྐྲག་ཆེན་པོ་བཟོས་ཡོད།

ཁ་ཆེའི་སློབ་དཔོན་རྣམས་ཀྱིས་ནང་པ་དང་མཛའ་མཐུན་ངང་གནས་པར་ཁ་ཆེའི་ཆོས་ལུགས་ཀྱི་ངོས་ནས་དཀའ་ངལ་ཅི་ཡང་མེད་ཅེས། རྒྱུ་མཚན་གསུམ་གསུངས་སོང་། དང་པོ། དེང་དུས་ཀྱི་ཁ་ཆེའི་མཁས་པ་ཚོས། ཀི་ཧྥལ་ (Kifl) ནས་ཡིན་པའི་སྟོན་པ་དྷུལ་ཀི་ཧྥལ་ (Dhu’l Kifl) ལྟར་བྱས་ན། ཁ་ཆེའི་གསུང་རབ་ཀོ་རན་ (quran) ནང་སངས་རྒྱས་ལ་བརྩི་གི་ཡོད་ཅེས་ཚར་གཉིས་གསུངས་ཡོད། ཀི་ཧྥལ་ནི་ཨ་རབ་ (Arabic) ཀྱི་སྐད་དུ་སངས་རྒྱས་འཁྲུངས་ཡུལ་གྱི་རྒྱལ་གཞིས་སེར་སྐྱའི་གནས་ཀྱི་མིང་ཡིན། ཀོ་རན་ནང་སེ་ཡབ་སྡོང་བུ་གསུང་ཞིང་། དེ་ནི་སངས་རྒྱས་མངོན་པར་རྫོགས་པའི་སངས་རྒྱས་སའི་བྱང་ཆུབ་ཤིང་ལ་བརྩི་གི་ཡོད་ཅེས་གསུངས། དེ་བཞིན་ཀོ་རན་གྱིས་དྷུལ་ཀི་ཧྥིལ་རྗེས་འཇུག་སྐྱེ་བོ་རྣམས་སྤྱོད་བཟང་ལྡན་པ་ཡིན་ཅེས་གསུངས། གཉིས་པ། ཁ་ཆེའི་མཁས་པ་ཆེན་པོ་ཨལ་བི་རུ་ནི་ (al-Biruni) དང་ཨལ་ཤ་རསྟཱ་ནི་ (al-Shahrastani) གཉིས་ཡེ་ཤུའི་དུས་སྐབས་སུ་དུས་རབས་བཅུ་གཅིག་དང་བཅུ་གཉིས་པའི་ནང་རྒྱ་གར་ལ་ཕེབས་ཏེ། རྒྱ་གར་བས་སངས་རྒྱས་ལ་བརྩི་མཐོང་ཇི་ལྟར་བྱེད་མིན་གྱི་བརྗོད་གཞིའི་ཐད་སངས་རྒྱས་ནི་སྟོན་པའམ་ Prophet ཞིག་ཡིན་ཞེས་ཆོས་ལུགས་སྐོར་བྲིས་ཡོད། གསུམ་པ། དུས་རབས་བདུན་པ་ནས་བོད་ནང་གཞིས་ཆགས་པའི་ཀཤྨིར་ཁ་ཆེ་ཚོས་ཁ་ཆེའི་ཁྲིམས་སྲོལ་གཞིར་བཞག་ཐོག་བོད་རིགས་ནང་པའི་བུད་མེད་དང་གཉེན་སྒྲིག་བྱས་པ་ཡོད།

ཁ་ཆེའི་སློབ་དཔོན་རྣམས་ཀྱིས་གསུང་རབ་རྗེས་འབྲང་གི་མིའམ་འཇིག་རྟེན་བཀོད་པོ་དཀོན་མཆོག་འདོད་མཁན་གྱི་མི་ཚང་མར་བཟོད་སྒོམ་བྱེད་པ་དང་གཅིག་གྱུར་བརྩི་གི་ཡོད་ཅེས་འགྲེལ་བརྗོད་གནང་སོང་། འོན་ཀྱང་དུས་རབས་བརྒྱད་པ་ནས་བཅུ་པའི་བར་ཨ་རབ་ཀྱིས་སིནྡྷ་ (Sindh) དབང་སྒྱུར་བྱས་པའི་སྐབས་ཁ་ཆེའི་ཁྲིམས་ལུགས་ཡུལ་དེའི་ནང་པ་ཐེ་བའི་དད་ལྡན་པ་བཅས་ལ་རྒྱ་སྐྱེད་བཏང་བ་དང་། ཨ་རབ་ཀྱི་ཁྲིམས་ལུགས་འོག་ཡེ་ཤུ་དང་འཇིའུ་མི་རིགས་ཚོ་དང་འདྲ་མཉམ་གྱི་གནས་སྟངས་དང་ཐོབ་ཐང་གནང་། དུས་རབས་བརྒྱད་པའི་ནང་དབུས་ཨེ་ཤི་ཡའི་ནང་ཨ་རབ་ཀྱི་ཁ་ཆེའི་ཆོས་ལུགས་རྒྱ་སྐྱེད་བཏང་ནས་དེང་སང་ཨུཛ་བེ་ཀིསྟཱན་ (Uzbekistan) དང་བྱང་ཨཧྥ་གྷ་ནི་སྟཱན་ནང་གི་ནང་པ་ཚོ་དང་ཐོག་མར་འབྲེལ་བ་བྱུང་བ་ངས་གསལ་སྟོན་བྱས་ཡིན། དེ་གར་ཡོངས་གྲགས་སུ་བེད་སྤྱོད་བྱེད་པའི་ནང་པའི་གཞུང་ནི་ཏུར་ཀི་རྙིང་པ་ (Old Turk) དང་ཕྱིས་སུ་སོག་ཌིའི་ (Sogdian) སྐད་དུ་བསྒྱུར་བ་ཁག་ཡིན། སྐད་ཡིག་དེ་དག་ནང་ཆོས་སམ་དྷརྨ་ (dharma) ཞེས་པ་གྷི་རིག་གི་ཐ་སྙད་ནོམ་ (nom) ཞེས་པར་བསྒྱུར་ཞིང་། དོན་ལ་ཁྲིམས་ལུགས་ཞེས་བྱ་བར་གོ་གི་འདུག །ཡུ་གུར་ཏུར་ཀི་ (Uighur Turk) དང་སོག་པོས་ཐ་སྙད་དེ་སོག་ཌིན་གྱི་སྐད་ལས་བླངས་ནས་དཔེ་དེབ་ཀྱི་སྐད་དོད་དུའང་བེད་སྤྱོད་བྱས་ཡོད། དེས་ན། དུས་རབས་བར་མའི་སྐབས་སུ་དབུས་ཨེ་ཤི་ཡའི་ནང་ནང་པ་ལ་ “ཆོས་ཀྱི་རྗེས་འབྲང་པ་” ཞེས་པ་དེ་ “གསུང་རབ་རྗེས་འབྲང་པར་” གོ་ཡོད་སྲིད་པ་ཡིན།  

ཨིན་ཌོ་ནེ་ཤི་ཡ། (Indonesia)

རྩ་བའི་ཆ་ནས་ཁ་ཆེའི་རྒྱལ་ཁབ་ཨིན་ཌོ་ནེ་ཤི་ཡས་གཞུང་འབྲེལ་གྱི་ཆོས་ལུགས་ཁག་དྲུག་བརྩི་ཆོག་གི་ཡོད་པ་ནི། ཁ་ཆེའི་ཆོས་དང་། ཡེ་ཤུ་རྣམ་དག་ཆོས་ལུགས། ཡེ་ཤུ་གསར་མའི་ཆོས་ལུགས། ཧིནྡུའི་ཆོས། ནང་ཆོས། ཀོང་ཙེའམ་ཁུང་ཙིའི་ཆོས་ (Confucianism) བཅས་ཡིན། དེ་ཡང་ཚང་མས་འཇིག་རྟེན་བཀོད་པ་པོ་འདོད་པའི་ཆ་ནས་ཡིན། དེ་ལྟའི་དགོས་མཁོའི་ཆ་རྐྱེན་རྣམས་སྒྲུབ་པའི་ཆེད་དུ་ཨིན་ཌོ་ནེ་ཤི་ཡའི་ནང་པ་ཚོས་སངས་རྒྱས་ཀྱི་རིགས་སམ་ཨཱ་དི་བུདྡྷ་ (Adibuddha) ཞེས་པ་དུས་འཁོར་གྱི་གདོད་མ་ནས་ཡོད་པའི་སངས་རྒྱས་ཏེ། མཆོག་གི་དང་པོའི་སངས་རྒྱས་དེ་འཇིག་རྟེན་བཀོད་པ་པོར་འདོད། ཇོ་བོ་རྗེ་ཡུལ་དེར་ཕེབས་སྐབས་གསུངས་པ་བཞིན། དུས་འཁོར་གྱི་ཆོས་ཨིན་ཌོ་ནེ་ཤི་ཡའི་ནང་དར་བ་དང་། ལྷག་པར་དུ་དུས་རབས་བཅུ་པའི་དུས་མཇུག་ཏུ་ཤིན་ཏུ་དར། དེང་སང་དེ་གར་ཆོས་དེ་དག་གི་སྐོར་ལ་གོ་རྟོགས་ཧ་ཅང་ཆུང་ཆུང་ལས་མེད།

ཕྱི་ལོ་ ༡༩༨༨ ལོར་ཨིན་ཌོ་ནེ་ཤི་ཡའི་ནང་གཏམ་བཤད་ཅིག་བྱེད་པར་བསྐྱོད་སྐབས། ནང་ཆོས་ནང་དཀོན་མཆོག་གི་གནད་དོན་ཐད་ནང་པའི་གྲྭ་པ་ཚོ་དང་གོ་སྡུར་མང་པོ་བྱས་པ་ཡིན། ཨཱ་དི་བུདྡྷ་ཞེས་པ་དེ་ཡེ་གདོད་མ་ནས་རང་རྒྱུད་ལ་ཡོད་པའི་སེམས་ཀྱི་འོད་གསལ་དུ་འགྲེལ་ཆོག་པ་དང་། འཁོར་འདས་ཀྱི་ཆོས་ཚང་མ་སེམས་དེའི་རྣམ་རོལ་ལམ་སེམས་དེས་བཟོ་བཀོད་བྱས་པ་ཞིག་ཡིན་སྟབས། ནང་པས་འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་ཡོད་ཅེས་བརྗོད་ན་མི་བདེ་བ་ཆགས་དགོས་པའི་རྒྱུ་མཚན་གང་ཡང་མེད་ཅེས་མཇུག་སྡོམ་རྒྱག་ཡིན། དོན་དངོས་སུ་ནང་པས་ཨཱ་དི་བུདྡྷ་ནི་རང་ལས་ཐ་དད་པ་གང་ཡང་མིན་པར། སེམས་ཅན་ཚང་མའི་རྒྱུད་ལ་ཡོད་པར་འདོད། དཀོན་མཆོག་གི་རང་བཞིན་དང་འབྲེལ་བའི་ཆོས་ལུགས་རྣམ་གཞག་གི་ཁྱད་པར་ཙམ་ཡིན། འཇེའུ་དང་། ཡེ་ཤུ། ཁ་ཆེ། ཧིནྡུ་བཅས་ཀྱི་མཁས་པ་མང་པོས་དཀོན་མཆོག་ནི་དངོས་མེད་བློ་ཡུལ་ལས་འདས་ཤིང་སེམས་ཅན་ཚང་མའི་རྒྱུད་ལ་ཡོད་པར་བརྗོད། ཁ་ཆེས་ཨལ་ལཱ་ (Allah) ལ་མིང་དུ་མ་ཡོད་ཅེས་ཟེར།

དེར་བརྟེན་ཨིན་ཌོ་ནེ་ཤི་ཡའི་ནང་གུས་པའི་མྱོང་ཚོར་ལས་དང་པོའི་སངས་རྒྱས་ཐོག་ལ་གཞི་བཞག་སྟེ། ནང་པ་ཚོས་ཁོ་རང་ཚོའི་ཐུན་མིན་གྱི་འགྲེལ་བ་གཞིར་བཟུང་སྟེ་འཇིག་རྟེན་བཀོད་པ་པོ་འདོད་པར་ངས་མོས་མཐུན་བྱས་ཡིན། དེ་ལྟའི་ཐུན་མོང་གི་གཞི་རྟེན་ཞིག་བསྐྲུན་པའི་རྗེས་སུ། ཏུར་ཀིའི་ནང་གི་ཁ་ཆེའི་ཆོས་ལུགས་སྨྲ་བ་ཚོ་དང་བགྲོ་གླེང་འགོ་འཛུགས་བྱ་རྒྱུ་ལས་སླ་རུ་ཕྱིན་སོང་། ལོ་དེའི་རྗེས་མར་དེ་གའི་སློབ་ཕྲུག་དང་གཙུག་ལག་སློབ་ཁང་ཆེན་མོའི་ནང་ཆོས་སྡེ་ཚན་དང་། དེ་བཞིན་ནང་ཆོས་དང་ཁ་ཆེ་དབར་གྱི་འབྲེལ་ལམ་ཐད་གཏམ་བཤད་བྱེད་རོགས་ཞེས་གུས་པ་དེ་གར་མགྲོན་འབོད་བྱས་སོང་།

༸གོང་ས་མཆོག་དང་ནུབ་ཨ་ཧྥི་རི་ཁའི་སུ་ཧྥིའི་སློབ་དཔོན་ཞིག་གི་དབར་བགྲོ་གླེང་།

༸གོང་ས་་མཆོག་དང་འཛམ་གླིང་ས་ཕྱོགས་གང་སའི་ཁ་ཆེའི་དབུ་ཁྲིད་དབར་འབྲེལ་ལམ་བྱུང་ནས་ལོ་མང་པོ་འདས་ཟིན། ཏུར་ཀི་ནས་གུས་པ་རྒྱ་གར་ལ་ཕྱིར་ལོག་རྗེས། ནུབ་ཨ་ཧྥི་རི་ཁ་ནས་ཡིན་པའི་རྒྱུད་འཛིན་ལམ་ལུགས་ཀྱི་སུ་ཧྥི་ཆོས་དཔོན་འབུམ་རམས་པ་ཏིར་མི་ཛུ་ཌེའེ་ལོ་ (Tirmiziou Dillo) ལགས་སུ་ཕྱག་རོགས་ཞུས་ཏེ་བཞུགས་སྒ་རྡ་རམ་ས་ལར་༸གོང་ས་མཆོག་མཇལ་བཅར་ཞུས་པ་ཡིན། མཇལ་ཁ་མ་གནང་བའི་ཉིན་གཅིག་གི་སྔོན་དེར་ང་དང་འབུམ་རམས་པ་ཁོང་ “གསུང་རབ་རྗེས་འབྲང་པ་” ཞེས་པའི་སྐོར་ལ་གོ་སྡུར་ལྷུག་པོ་བྱུང་བའི་སྐབས། ཁོང་གིས་དེ་ནི་གདོད་མ་ནས་ཡོད་པའི་སྲོལ་རྒྱུན་འདོད་མཁན་གྱི་རིགས་ཡིན་པར་དགོངས་ཚུལ་གསུངས་སོང་། དེ་ཡང་ཨལ་ལཱའམ་དཀོན་མཆོག་ (Allah or God) གི་མཁྱེན་པའམ་ཤེས་རབ་ཅེས་བརྗོད་ན་ཆོག །དེ་བཞིན་ངས་ནང་པའི་ཐ་སྙད་དུ་གདོད་མའི་ཡེ་ཤེས་སམ་སེམས་གསལ་རིག་ཅེས་པ་ཁོང་ལ་ཞུས་པ་ཡིན། དེར་བརྟེན་གདོད་མ་ནས་དག་པའི་ཤེས་རབ་དེ་ནི་མོ་སེ་སི་ (Moses) དང་། ཡེ་ཤུ། མོ་ཧམྨད་ (Muhammad) ཙམ་མིན་པར་སངས་རྒྱས་ཀྱིས་ཀྱང་བསྟན་པར་དེ་མ་ཐག་ཁས་བླངས་སོང་། དེ་ལྟ་བུའི་ལྷན་སྐྱེས་ཀྱིས་གདོད་ནས་དག་པའི་སྲོལ་རྒྱུན་དང་ཤེས་རབ་དེའི་རྗེས་སུ་འཇུག་མཁན་རྣམས་གསུང་རབ་རྗེས་འབྲང་པ་ཡིན། འོན་ཀྱང་གལ་སྲིད་ཁོང་ཚོ་འགྲོ་བ་མིའི་གདོད་ནས་བཟང་བའི་ཤེས་རབ་དང་འཇིག་རྟེན་གྱི་རང་བཞིན་ལས་འགལ་བ་ཡིན་ན། གསུང་རབ་ཀྱི་རྗེས་འབྲང་པ་ཆགས་ཀྱི་མེད།

གོ་བ་དེའི་ཐོག་ནས་སངས་རྒྱས་ཀྱང་དཀོན་མཆོག་གི་སྟོན་པ་ (prophet) ཡིན་ཅེས་བརྗོད་ན་མི་འགྲིག་པ་མེད་པ་དང་། གོང་དུ་གསལ་བ་ལྟར། ཏུར་ཀིའི་སློབ་དཔོན་གྱིས་གསུང་རབ་ཀྱི་རྗེས་འབྲང་པ་ཞེས་པ་དེ་འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་ལ་གོ་ཞེས་པའི་འགྲེལ་པ་དང་འཚམས་པོར་སྣང་། ཨཱ་དི་བུདྡྷ་ (Adibuddha) ཞེས་སེམས་འོད་གསལ་བ་དེ་གདོད་མའི་ཡེ་ཤེས་ཙམ་མིན་པར། སྣང་བའམ་རྣམ་འགྱུར་ཐམས་ཅད་ཀྱི་བྱེད་པ་པོ་ཡིན། བགྲོ་གླེང་དེ་ལ་འབུམ་རམས་པ་ཌེའེ་ལོ་ (Dillao) ལགས་ཐུགས་ཤིན་ཏུ་མཉེས་པོ་བྱུང་ནས་མོ་ཧམྨདའི་ (Muhammad) ཁོང་ཉིད་ཀྱི་གསུང་སྟེ། གང་གི་རྗེས་འཇུག་པ་རྣམས་ལ། རྒྱ་ནག་བར་དུ་ཕྱིན་ཏེ་ཤེས་རབ་འཚོལ་ཅིག་ཅེས་བཀའ་གཏོང་བའི་ཧ་དིཐ་ (hadith) ཞེས་བྱ་བ་མོ་ཧམྨད་ཁོང་ཉིད་ཀྱི་གསུང་ཞིག་ལུང་འདྲེན་གནང་སོང་།

འབུམ་རམས་པ་ཌེའེ་ལོ་ (Dillao) ཁོ་རང་གིས་ཀྱང་ཧ་དི་ཐའི་རྣམ་གཞག་གི་རྗེས་སུ་འཇུག་གི་ཡོད། ༸གོང་ས་མཆོག་གིས་ལོ་སྔོན་མ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་གསུང་ཆོས་ཤིག་བསྩལ་བའི་སྐབས་ཁོ་རང་གསུང་ཆོས་ལ་བཅར་འདུག །བྱང་ཆུབ་སེམས་དཔའི་སྡོམ་པའི་སྐོར་གསན་པ་དང་ཁོ་རང་ལ་སེམས་འགུལ་ཚད་མེད་ཐེབས་འདུག །ནུབ་ཨ་ཧྥི་རི་ཁའི་སུ་ཧྥིའི་སྲོལ་རྒྱུན་ནང་། བརྡ་ཚིག་ཀུན་ལས་འདས་ཤིང་། རྣམ་འགྱུར་ཐམས་ཅད་ལ་ཞབས་ཏོག་སྒྲུབ་པའི་ཡང་དག་པའི་བདེན་པ་འཚོལ་བར་རྩེ་གཅིག་པའི་ཆོད་སེམས་ཤིག་ཀྱང་ཡོད།

ཁོ་རང་འདིར་ཕེབས་བཞུགས་གནང་བའི་ཉིན་མཐའ་མ་དེར་༸གོང་ས་མཆོག་དང་དམིགས་བསལ་མཇལ་འཕྲད་ཅིག་བྱུང་བའི་སྐབས། གཟི་བྱིན་ལྡན་པའི་ཨ་ཧྥི་རི་ཁའི་ཆོས་ཀྱི་དབུ་ཁྲིད་ཁོང་གོས་དཀར་ལ་ཡིད་དུ་འོང་བ་ཞིག་མནབས་ནས་༸གོང་ས་མཆོག་དང་མཇའ་འཕྲད་བྱུང་། ཕན་ཚུན་མཇལ་བའི་སྐབས་སེམས་འགུལ་ཚད་མེད་ཐེབས་ནས་སྤྱན་ཆབ་ཤོར། ནམ་རྒྱུན་༸གོང་ས་མཆོག་གིས་གསོལ་དཔོན་རྣམས་ལ་འབོད་སྐུལ་ཞུ་གི་ཡོད་ནའང་། སྐབས་དེར་༸གོང་ས་མཆོག་སྐུ་ངོ་མས་བཞུགས་ཁང་ནང་ཕེབས་ཏེ་ལག་ཕྱིས་ཤོག་བུ་ཞིག་བསྣམས་ནས་ཕྱིར་ཕེབས་པ་དང་། སྤྱན་ཆབ་འབྱིད་ཆེད་སུ་ཧྥིའི་སློབ་དཔོན་ཁོང་གི་ཕྱག་ལ་ཕུལ་སོང་། ཁོང་གིས་༸གོང་ས་མཆོག་ལ་སྲོལ་རྒྱུན་གྱི་ཁ་ཆེའི་དབུ་ཞྭ་ཞིག་ཕུལ་སོང་བས། ༸གོང་ས་མཆོག་གིས་ཐུགས་དྭོགས་རྩ་བ་ནས་མེད་པར་དབུ་ཞྭ་དེ་མནབས་ནས་དུས་ཚོད་ལྷག་མའི་རིང་ད་དུང་མནབས་ནས་བཞུགས་གནང་སོང་།

ནང་པ་དང་ཁ་ཆེ་གཉིས་ཀས་བསམ་བློ་གུ་ཡངས་པོ་གཏོང་ཐུབ་ན། གྲུབ་འབྲས་ལྡན་པ་དང་ངོ་ལྐོག་མེད་པའི་བགྲོ་གླེང་དོན་དང་ལྡན་པ་ཞིག་ཡོང་ཐུབ་ཅེས་འགྲེལ་བརྗོད་དང་བཅས་ཁོང་གཉིས་དབར་གྱི་བཀའ་མོལ་དབུ་འཛུགས་ཞུས་སོང་། ཁོང་གཉིས་ཀྱི་མཇལ་འཕྲད་ནི་སྤྲོ་སེམས་འཕེལ་བ་དང་སེམས་འགུལ་ཐེབས་པ་ཞིག་བྱུང་སོང་། སུ་ཧྥིའི་སྒོམ་སྲོལ་དང་ལྷག་པར་དུ་བརྩེ་བ་དང་། སྙིང་རྗེ། ཞབས་འདེགས་བཅས་ཀྱི་ཉམས་ལེན་དང་འབྲེལ་བའི་ནུབ་ཨ་ཧྥི་རི་ཁའི་རྒྱུད་པའི་སྐོར་ལ་༸གོང་ས་མཆོག་གིས་བཀའ་འདྲི་མང་པོ་ཞིག་གནང་སོང་། དམར་པོའི་རིང་ལུགས་པས་སུ་ཧྥིའི་སློབ་དཔོན་ཁོང་གི་ཕ་ཡུལ་དབང་སྒྱུར་བྱས་པའི་རྗེས་འཇར་མི་ནིའི་ནང་ལོ་མང་པོ་སྐྱབས་བཅོལ་དུ་བཞུགས་དགོས་བྱུང་། དེར་བརྟེན་༸གོང་ས་མཆོག་དང་སློབ་དཔོན་ཁོང་གི་དབར་འདྲ་ཆོས་མང་པོ་འདུག །ཁོང་གཉིས་ཀས་མ་འོངས་པར་ཁ་ཆེ་དང་ནང་པའི་བགྲོ་གླེང་མུ་མཐུད་གནང་རྒྱུར་ངོས་བཞེས་མཛད་གནང་སོང་།

ཏུར་ཀི་ (Turkey) ལ་ཕྱིར་སྐྱོད།

ཕྱི་ལོ་ ༡༩༩༥ ལོ་མཇུག་ཏུ་བསྐྱར་དུ་ང་རང་དབུས་ཤར་ཡུལ་དུ་བསྐྱོད་པ་ཡིན། ཨི་སི་ཏཱན་བྷུལ་ (Istanbul) དུ་ཡོད་པའི་ཨི་ལཱ་ཧི་ཡཏ་ (Ilahiyat) ཁ་ཆེའི་ཆོས་ལུགས་ཀྱི་སློབ་སྡེའི་མར་མཱ་རཱ་ (Marmara) གཙུག་ལག་སློབ་ཁང་དུ་ཕྱིར་ལོག་བྱས་ཏེ། ལྟ་གྲུབ་སྡེ་ཚན་གྱི་ཚོགས་མི་དང་གཙུག་ལག་སློབ་ཐོན་པ་རྣམས་ལ་གཏམ་བཤད་ཅིག་བྱས་པ་ཡིན། སྡེ་ཚན་དེས་ཏུར་ཀི་མི་རིགས་ཚང་མར་ཁ་ཆེའི་ཆོས་ལུགས་ཀྱི་དགེ་རྒན་གསོ་སྐྱོང་ཆེད་སྦྱོང་བརྡར་སྤྲོད་པ་དང་། དེ་བཞིན་ནང་ཆོས་ཐེ་བའི་ཆོས་ལུགས་གཞན་དང་འབྲེལ་བའི་འབྲིང་རིམ་དགེ་རྒན་གསོ་སྐྱོང་བྱེད་ཀྱི་ཡོད། དགེ་རྒན་རྣམས་ཀྱིས་ཁ་ཆེ་དང་ནང་ཆོས་དབར་བགྲོ་གླེང་གསར་འཛུགས་བྱ་རྒྱུར་དོན་གཉེར་ཧ་ཅང་ཆེན་པོ་ཡོད་པ་དང་། ང་ཚོས་དེ་ལྟའི་གནད་དོན་རྣམས་གསར་གཏོད་དང་། དཀོན་མཆོག་གི་ལུང་བསྟན། བཟང་སྤྱོད་ཀྱི་འབྱུང་ཁུངས་ཤིག་ཏུ་ངོས་འཛིན་ཞུས་ཏེ་གོ་སྡུར་བྱས་པ་ཡིན། ཁ་ཆེས་དཀོན་མཆོག་ནི་མི་མིན་པར་རྩ་འཛིན་བཟོ་མཁན་དངོས་མེད་འཇིག་རྟེན་ལས་འདས་པ་ཞིག་ཏུ་བརྗོད་ཀྱི་ཡོད་ཅིང་། ཁ་ཆེའི་ཆོས་རྒྱུད་ཁ་ཤས་ཀྱིས་དཀོན་མཆོག་གིས་བཀོད་ཅེས་པར་ཐོག་མ་མེད་པར་འདོད། ཐོག་མ་མེད་པའི་རྣམ་འགྱུར་སྣ་ཚོགས་ཀྱི་བཀོད་པ་པོ་ལ་ཐོག་མ་མེད་པ་བཞིན། སེམས་འོད་གསལ་བ་དང་སངས་རྒྱས་ནི་བདེན་དོན་གྱི་གནས་ལུགས་སྟོན་མཁན་ཞིག་ཡིན་པའི་ཆ་ནས་བཤད་ན། ང་ཚོར་འཆམ་མཐུན་གྱི་བགྲོ་གླེང་ལྷུག་པོ་དང་གནད་ལ་སྨིན་པོ་ཞིག་བྱ་རྒྱུའི་གཞི་རྟེན་ཡག་པོ་ཞིག་ཡོད།

སྔོན་མ་གཙུག་ལག་སློབ་ཁང་དེའི་ནང་བསྐྱོད་པའི་སྐབས་ཁོང་ཚོས་ང་ལ་འདྲི་མོལ་ཞིག་བྱས་པ་དེ་ས་གནས་ཁ་ཆེ་དད་པའི་རྗེས་འབྲང་གི་གྲགས་ཆེ་བའི་དུས་དེབ་ཅིག་གི་ནང་དཔར་སྐྲུན་ཞུས་ཏེ། ཏུར་ཀི་ནང་དུ་མ་ཟད་དབུས་ཨེ་ཤི་ཡའི་ཁ་ཆེའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཕྱོགས་གང་སའི་མི་རྣམས་ཀྱིས་ལྟ་ཀློག་བྱས་འདུག །ནང་ཆོས་ཀྱི་ལྟ་གྲུབ་དང་ལོ་རྒྱུས་སྐོར་ལ་སྐབས་དེར་ངས་གཏམ་བཤད་བྱས་པ་ཁག་ཡིག་ཐོག་ཏུ་ཕབ་པ་རྣམས་ཏུར་ཀིའི་སྐད་དུ་ཡིག་སྒྱུར་ཞུས་ཏེ་དུས་དེབ་དེ་གའི་ནང་དཔར་སྐྲུན་བྱེད་རྩིས་ཡོད་ཅེས་ངའི་ལྟ་སྐོར་འབྲེལ་མཐུད་པས་གསུང་གི་འདུག །ལྷག་པར་དུ་ནང་པའི་ལོ་རྒྱུས་དེ་དབུས་ཨེ་ཤི་ཡའི་ཏུར་ཀིའི་མི་དམངས་ཀྱི་ཁྲོད་དུ་འགྲེམས་སྤེལ་དང་ད་ལྟའི་ཆར་འཛམ་གླིང་ནང་ནང་ཆོས་ཀྱི་གནས་བབས་སྐོར་དཔར་འགྲེམས་བྱེད་ཀྱི་ཡིན་གསུང་གི་འདུག །ཕྱི་ལོ་ ༡༩༩༦ ལོར་ང་རང་དེ་གར་བསྐྱར་དུ་གཏམ་བཤད་ཆེད་སྐད་བཏང་བ་མ་ཟད། ཀོནྱ་ Konya ས་ཁུལ་དུ་སུ་ཧྥི་ཆོས་ལུགས་ཀྱི་དབུ་ཁྲིད་ཚོ་དང་། གཙུག་ལག་སློབ་ཁང་གི་ཚོགས་མི་དང་སློབ་ཕྲུག་མཉམ་དུ་བགྲོ་གླེང་ཚོགས་འདུ་དེ་དང་འདྲ་བ་འཚོགས་རྒྱུ་བྱུང་།

ཨི་ཇེབ་ཌེ། (Egypt)

ཏུར་ཀིའི་རྗེས། ང་རང་ཨི་ཇེབ་ཊི་ལ་ཕྱིན་པ་ཡིན། དེ་གར་ཁཡེ་རོ་ (Cairo) གཙུག་ལག་སློབ་ཁང་དུ་གཏམ་བཤད་ཅིག་གི་ཆེད་སྐད་བཏང་བྱུང་། དེར་དབུས་ཨེ་ཤི་ཡའི་རིག་པའི་བསྟི་གནས་ཀྱི་དཔལ་འབྱོར་དང་སྲིད་དོན་ཚན་རིག་གི་སྡེ་ཚན་དང་ཐོག་མར་ཐུག་འཕྲད་བྱས་པ་ཡིན། “ཨེ་ཤི་ཡའི་སྲིད་དོན་ཚན་རིག་དང་དཔལ་འབྱོར་གོང་འཕེལ་ཐད་ནང་ཆོས་ཀྱི་ལྟ་བའི་ཤུགས་རྐྱེན་” ཅེས་པའི་བརྗོད་གཞིའི་ཐོག་ཁོང་ཚོས་ང་ལ་གཏམ་བཤད་བྱེད་རོགས་གསུང་གི་འདུག །ཁྱད་པར་དུ་དཔལ་འབྱོར་གྱི་གནས་བབས་ཧ་ཅང་ཚད་མཐོར་སླེབས་པའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་ནང་པའི་ལྟ་བའི་རྣམ་གཞག་གིས་དཔལ་འབྱོར་ལམ་ལྷོང་ཐད་ལེགས་སྐྱེས་ཇི་ལྟར་ཕུལ་བའི་ཐད་ཤེས་འདོད་ཆེན་པོ་བྱེད་ཀྱི་འདུག །དེ་ལྟར་བྱུང་ན། ཁོང་ཚོས་ཨི་ཇེབ་ཊིའི་དཔལ་འབྱོར་གནས་སྟངས་དེ་བཞིན་ཨ་ཧྥི་རི་ཁ་དང་དབུས་ཤར་ཡུལ་ལྟར་འགྱུར་ཕྱིར་རྒྱབ་སྐྱོར་གྱི་ཚུལ་དུ་ཁ་ཆེའི་ལྟ་གྲུབ་བཀོལ་སྤྱོད་བྱེད་ཐུབ། ད་དུང་ཁོང་ཚོས་ས་གནས་དེ་དག་ལ་ཆབ་སྲིད་དང་དཔལ་འབྱོར་གྱི་ཆ་ནས་འབྲེལ་ལམ་བཟང་པོ་ཡོང་ཆེད་ཨེ་ཤི་ཡ་དང་དེའི་ཆོས་ལུགས་སྐོར་ཤེས་འདོད་བྱེད་ཀྱི་འདུག །ཁ་ཆེ་ཚང་མ་ལྟ་བ་མཁྲེགས་འཛིན་ཅན་དང་རྨོངས་ཞེན་ཅན་གྱི་འཇིགས་སྐུལ་བ་རེད་ཅེས་པའི་བསམ་ཚུལ་ནོར་བ་དེས་རྐྱེན་པས་ཁ་ཐོར་དུ་ལོགས་སུ་གནས་རྒྱུའི་འདོད་པ་མེད།

གཙུག་ལག་སློབ་ཁང་དེའི་ནང་ངས་ནང་པའི་ལྟ་གྲུབ་ཐོག་གཏམ་བཤད་བྱས་པ་དེ་ཐེངས་དང་པོ་ཡིན་ཅིང་། དོན་གཉེར་ཅན་ཧ་ཅང་མང་པོ་འདུག །ཨེ་ཤི་ཡའི་ནང་གི་ཁོ་རང་ཚོའི་བརྗོད་གཞི་རྐྱང་པའི་བསྟན་བཅོས་ཀྱི་ཁོངས་སུ་ཁ་ཆེའི་དཔར་སྐྲུན་གྱི་ལྟ་ཚུལ་ཐོག་ནས་དབྱིན་ཡིག་དང་ཨ་རབ་སྐད་དུ་གོ་སླ་བའི་གཞི་རྩའི་ནང་པའི་རྣམ་གཞག་ཐོག་རྩོམ་ཡིག་ཅིག་འབྲི་ཐུབ་ན། ཨ་རབ་སྐད་བེད་སྤྱོད་བྱ་ཡུལ་གང་སར་དགེ་མཚན་ཆེ་སྐོར་ང་ལ་གསུང་གི་འདུག །དེ་ནི་ཕྱི་ལོ་ ༡༩༩༦ ལོའི་ཟླ་ ༦ པའི་ནང་དཔར་སྐྲུན་ཞུས་པ་རེད།

ཕྱི་ཉིན་དེར་སྒྱུ་རྩལ་ཚན་ཁག་ནང་ཨེ་ཤི་ཡའི་ལྟ་གྲུབ་སློབ་གཉེར་བྱེད་བཞིན་པའི་ཉེ་བའི་གཙུག་ལག་སློབ་མ་ལོ་རིམ་དང་པོ་གསུམ་བརྒྱ་ཙམ་ལ་ངས་ནང་པའི་ཆོས་ཀྱི་རྨང་གཞིའི་སྐོར་གཏམ་བཤད་བྱས་པ་དང་། དེའི་མཇུག་ཐོག་དེར་ལྟ་གྲུབ་སློབ་ཐོན་སློབ་མའི་འདུ་ཚོགས་ཤིག་ལ་གཏམ་བཤད་ཅིག་སྤེལ་བ་ཡིན། དེ་སྔོན་གྱི་དམར་པོའི་སྲིད་གཞུང་ནང་གི་མི་རིགས་ལྟར་སློབ་ཕྲུག་དང་ལས་བྱེད་རྣམས་ཨེ་ཤི་ཡའི་སྐོར་ལ་ཤེས་འདོད་ཧ་ཅང་ཆེན་པོ་འདུག །འོན་ཀྱང་འདི་ནི་དེ་སྔོན་གྱི་དམར་པོའི་སྲིད་གཞུང་ནང་ཆོས་དོན་གཉེར་བྱེད་པ་ལྟར་མིན་པར། ཕན་ཚུན་གཉིས་ཕྱོགས་ཀྱི་གོ་རྟོགས་དང་གུས་བརྩིའི་ཐོག་ནས་ཡུལ་གྲུ་གཞན་དང་འབྲེལ་བ་ཡོང་ཐབས་ཐོག་ནས་ཡིན། གཏམ་བཤད་དེ་གཉིས་སྤེལ་བའི་ཞོགས་པ་དེར་པཱ་ཀི་སྟཱན་ནང་གི་ཨི་ཇེབ་ཀྱི་གཞུང་ཚབ་ཁང་ལ་དྲག་སྤྱོད་རིང་ལུགས་པས་འབར་མདེལ་གཡུགས་ཏེ་ཨི་ཇེབ་ཀྱི་སྐུ་ཚབ་མི་གྲངས་བཅོ་ལྔ་རྐྱེན་ལམ་དུ་བཏང་ནས་སློབ་ཕྲུག་མང་པོ་འཛོམས་ཏེ་གཙུག་ལག་སློབ་ཁང་ནང་ངོ་རྒོལ་སྐད་འབོད་བྱེད་ཀྱིན་འདུག །སྐབས་དེར་གོ་མཚོན་ཐོག་པའི་དམག་མི་དང་ཉེན་རྟོག་པ་མང་པོ་བཀྲམ་པ་དང་། འཛིན་བཟུང་བྱེད་པ་སོགས་ཟང་ངེ་ཟིང་ངེ་རེད་འདུག དེར་བརྟེན་གཙུག་ལག་སློབ་ཁང་གི་ས་ཁོངས་ནང་འཛུལ་ཆེད་གཡོལ་དགོས་པ་ཁེལ་བྱུང་། གནས་སྟངས་དེ་ལྟ་ཡིན་ནའང་། ད་དུང་ཡུལ་དེའི་མི་རྣམས་ལ་ནང་ཆོས་ཐད་དོན་གཉེར་དང་དགའ་མོས་ཡོད་པ་ནི་ངོ་མཚར་ཆེ་བ་ཞིག་ཡིན།

ཇོར་ན། (Jordan)

ང་རང་གི་འགྲུལ་བཞུད་མཐའ་མ་དེ་ཇོར་དན་གྱི་ཡུལ་མཱ་ཧྥ་རག་ (Mafraq) ནང་བྱས་པ་ཡིན། ཡུལ་དེའི་ནང་གི་ཨལ ཨལ་བཻཏ་ (Al al-Bayt) གཙུག་ལག་སློབ་ཁང་ཆེན་མོར་ང་རང་སྐད་བཏང་བྱུང་། གཙོ་བོ་ཇོར་དན་གཞུང་གིས་གསར་འཛུགས་བྱས་པའི་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་དེ་ནི་ཕྱི་ལོ་ ༡༩༩༤ ལོར་དབུ་བརྙེས་འདུག །དེའི་ནང་སློབ་ཕྲུག་ཉིས་སྟོང་ཡོད་ཅིང་། ཕྱེད་ཀ་ཁ་ཆེའི་ལུང་པ་གཞན་ནས་ཡོང་བ་དང་། ཁ་ཤས་ཤིག་ཡུ་རོབ་དང་བྱང་ཨ་རིའི་ནང་གི་ཁ་ཆེ་རེད་འདུག །དེ་བཞིན་ཕྱི་རྒྱལ་ལས་བྱེད་མང་པོ་འདུག །དེའི་རྩ་བའི་དམིགས་ཡུལ་ནི་ཁ་ཆེའི་སྲོལ་རྒྱུན་ཁག་བདུན་པོའི་བར་གཉིས་ཕྱོགས་ཀྱི་གོ་རྟོགས་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཁ་ཆེ་དང་ཆོས་ལུགས་གཞན་དབར་གོ་རྟོགས་སྤེལ་རྒྱུ་རེད་འདུག གཙུག་ལག་སློབ་ཁང་གི་དབུ་འཛིན་དང་ང་རང་ཐུག་འཕྲད་བྱུང་། ཕྱི་ལོ་ ༡༩༩༥ ལོར་ཉི་ཧོང་དུ་འཚོགས་གཏན་ཁེལ་བའི་ནང་པ་དང་ཁ་ཆེ་དབར་གྱི་གོ་རྟོགས་ཞེས་པའི་ལྷན་ཚོགས་ལ་མཉམ་དུ་གོ་སྒྲིག་བྱེད་པོ་ཞིག་དང་རྩ་དོན་ངོ་སྤྲོད་ཀྱི་གསུང་བཤད་གནང་མཁན་ཞིག་རེད་འདུག །དེར་བརྟེན་ལོ་དེའི་ཕྱི་ཟླ་ ༡༢ པའི་ནང་ཁོང་ཉི་ཧོང་དུ་ཕེབས་མཁན་རེད་འདུག །དེ་ལྟ་བུའི་ལྷན་ཚོགས་ཤིག་མ་འོངས་པར་ཇོར་དན་ནང་གོ་སྒྲིག་བྱ་རྒྱུར་ཁོ་རང་ལ་འདོད་པ་ཆེན་པོ་ཡོད་སྐོར་གསུངས་བྱུང་། ནང་ཆོས་དང་བོད། དེ་གཉིས་དང་ཁ་ཆེའི་དབར་གྱི་འབྲེལ་བ་ཞེས་པའི་ཐོག་གཏམ་བཤད་དང་། དེ་བཞིན་བགྲོ་གླེང་མུ་མཐུད་སྤེལ་རོགས་ཞེས་ཁོང་གིས་ང་རང་ཕྱི་ལོ་ ༡༩༩༦ ལོའི་ལོ་མཇུག་ཏུ་གཙུག་ལག་སློབ་ཁང་དེར་ཡོང་རོགས་ཞེས་མགྲོན་འབོད་གནང་བྱུང་། ཁོང་ལ་གཙུག་ལག་སློབ་ཁང་དེའི་དཔེ་མཛོད་ནང་ནང་པའི་ཚན་པ་ཞིག་གསར་འཛུགས་བྱ་རྒྱུའི་འདོད་པ་འདུག །དེར་བརྟེན་དེའི་ཆེད་དཔེ་དེབ་ཀྱི་ཐོ་གཞུང་ཞིག་ང་ལ་གྲ་སྒྲིག་གནང་རོགས་གསུང་གི་འདུག

གཙུག་ལག་སློབ་གྲྭ་དེའི་བཻཏ་ཨལ་ཧིཀ་མཱ་ (Bayt al-Hikmah) ཆེས་མཐོའི་སྲིད་དོན་ཚན་རིག་བསྟི་གནས་ཀྱི་སྡེ་ཚན་དང་ལྷན་དུ་དེང་དུས་དང་གནའ་བོའི་ཨེ་ཤི་ཡའི་ཁ་ཆེའི་ཆོས་ལུགས་དང་ནང་ཆོས་དབར་གྱི་འབྲེལ་ལམ་ཐད་བགྲོ་གླེང་ཞུ་རྒྱུ་བྱུང་། ཁོང་ཚོས་བྱེ་བྲག་ཏུ་མ་ལེ་ཤི་ཡ་དང་ཨིན་ཌོ་ནི་ཤི་ཡའི་ས་ཁུལ་ཁག་ལ་དོ་སྣང་བྱེད་ཀྱི་ཡོད་ཀྱང་། ས་ཁུལ་གཞན་གྱི་སྐོར་ལའང་དོན་གཉེར་ཆེན་པོ་འདུག །ཁོང་ཚོས་ཁ་ཆེའི་དཔྱད་ཞིབ་སྙན་ཐོའི་ཆེད་དུ་ཆོས་གྲོགས་བོད་རིགས་ཁ་ཆེའི་གནས་ཚུལ་སྐོར་ལ་སྐད་ཆ་དྲིས་པ་དང་། དཔལ་འབྱོར་ཡར་རྒྱས་ཐད་ནང་ཆོས་ནས་གསུངས་པའི་བཟང་སྤྱོད་ཐད་གོ་སྡུར་ཆེད་བགྲོ་གླེང་འཚོགས་རྒྱུར་ང་རང་བསྐྱར་དུ་ཡུལ་དེར་ཡོང་རོགས་ཞེས་འབོད་སྐུལ་ཞུ་གི་འདུག །མོ་རོ་ཁོ་ (Morocco) དང་སི་རི་ཡ་ (Syria) ནས་ཡིན་པའི་མགྲོན་འབོད་སློབ་དཔོན་ཞིག་དང་མཇལ་འཕྲད་བྱུང་། ཁོང་ཡང་བགྲོ་གླེང་དེ་རིགས་ལ་ཐུགས་སྣང་དང་དོན་གཉེར་ཆེན་པོ་འདུག

མ་འོངས་རེ་འདུན།

ཁ་ཆེ་དང་ནང་པའི་བགྲོ་གླེང་གི་དམིགས་ཡུལ་གཙོ་བོ་ནི། ང་རང་ལ་ཉམས་མྱོང་བྱུང་བ་བཞིན། ཕན་ཚུན་གཅིག་གིས་གཅིག་ནས་སོ་སོའི་ཡིད་ཆེས་དང་རིག་གཞུང་གི་ལེགས་ཆ་ལེན་རེས་བྱས་ཏེ་ཤེས་ཡོན་སྤེལ་རྒྱུ་དེ་ཡིན། རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གིས་དམིགས་ཡུལ་དེ་སྒྲུབ་རྒྱུར་ཐུགས་འགན་གཙོ་བཞེས་གནང་གི་ཡོད། དཔེ་མཛོད་ཁང་དེས་ཁ་ཆེའི་ལུང་པ་ཁག་གི་གཙུག་ལག་སློབ་གཉེར་ཁང་འདྲ་མིན་མཉམ་དུ་དུས་དེབ་དང་དཔེ་དེབ་བརྗེ་ལེན་བྱེད་པ་སོགས་ཀྱི་ལས་གཞི་དབུ་འཛུགས་ཞུས་ཡོད། འབྲེལ་ལམ་དེའང་ཐོག་མར་ངས་སྣེ་ཁྲིད་བྱས་ཁུལ་ཡིན། དེ་ག་ནང་བཞིན་དབུས་ཨེ་ཤི་ཡའི་ཁ་ཆེའི་སྤྱི་མཐུན་རྒྱལ་ཁབ་ཐོག་མའི་ཨུ་རུ་སུའི་ནང་གི་ཤེས་ཡོན་བསྟི་གནས་མཉམ་ལས་ཀྱི་འཆར་གཞི་མངོན་འགྱུར་འབྱུང་ལ་ཉེ། དེའི་དམིགས་ཡུལ་ནི་ཡུལ་དེའི་ནང་ནང་པ་དང་ཁ་ཆེའི་དབར་གྱི་འབྲེལ་ལམ་གྱི་ལོ་རྒྱུས་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱ་རྒྱུ་དེ་རེད། འབྲེལ་ལམ་དང་མཉམ་ལས་གོང་ནས་གོང་དུ་འཕེལ་རྒྱུར་རེ་འདུན་ཧ་ཅང་ཆེན་པོ་ཡོད།།

Top