སོག་ཡུལ་ལ་དབང་སྒྱུར་བྱ་ཕྱིར་ཤམ་བྷ་ལའི་གཏམ་རྒྱུད་ཀྱི་བེད་སྤྱོད།

ཕྱི་རྒྱལ་དབང་སྒྱུར་བ་ཚོས་ཆ་བགོས་བྱེད་པ། 

མན་ཇུ་དང་། རྒྱ་ནག རུ་སུ། དེ་བཞིན་ཉི་ཧོང་པ་རྣམས་ལ་བྱང་ཤར་ཨེ་ཤི་ཡ་དང་ལྷག་པར་དུ་སོག་པོའི་ས་ཁུལ་ཁག་ལ་དབང་སྒྱུར་བྱ་རྒྱུའི་འགྲན་སྡུར་རིང་པོ་ཡོད་པ་རེད། དུས་རབས་ ༡༣ དང་ ༡༤ པའི་ནང་ཆིང་གྷིས྄་ཁན་དང་སོག་པོའི་རྒྱལ་ཁམས་ཀྱི་དུས་ནས་བཟུང་སྟེ། ཉེ་འགྲམ་མངའ་ཁུལ་གྱི་སྟོབས་ཤུགས་ཀྱིས་སོག་པོ་རྣམས་འབྱུང་སྲིད་པའི་ཉེན་ཚབས་ཅན་གྱི་དམག་དོན་གྱི་ནུས་ཤུགས་ཤིག་ཏུ་མཐོང་ཡོད་པ་རེད། དེ་ནི་སོག་པོ་ཆིག་སྒྲིལ་ལ་སྔོན་འགོག་བྱེད་པའི་སྒོ་ནས་ནུས་མེད་བཟོ་དགོས་པའམ། ཡང་ན་ཆིག་སྒྲིལ་ལ་རྒྱབ་སྐྱོར་བྱེད་པ་གང་རུང་གི་སྒོ་ནས་བཀོལ་སྤྱོད་བྱེད་དགོས་ཀྱི་ཡོད།

ཕྱི་ལོ་ ༡༦༣༦ ལོར་མན་ཇུ་ཚོས་སོག་ཡུལ་དེ་ཕྱི་སོག་དང་ནང་སོག་ཅེས་གཉིས་སུ་ཆ་བགོས་བཟོས་པ་རེད། དེའི་ཚེ་མན་ཇུས་ནང་སོག་བདག་བཟུང་བྱས་ཏེ། དེ་རྒྱ་ནག་ལ་དབང་སྒྱུར་དང་ཆིང་རྒྱལ་རྒྱུད་ (༡༦༤༤-༡༩༡༡) རྩ་འཛུགས་ཀྱི་གཞི་རྩ་ལྟ་བུར་བཀོལ་སྤྱོད་བྱས་པ་རེད། ཕྱི་ལོ་ ༡༦༩༡ ལོར་ཕྱི་སོག་ལ་དབང་སྒྱུར་གྱི་རྒྱལ་ཁ་ཐོབ་པའི་རྗེས་སུ་མན་ཇུས་སོག་པོ་ཚོས་ཁོ་ཚོའི་ཁ་གཏད་དུ་ཆིག་སྒྲིལ་ཡོང་བར་འགོག་རྐྱེན་བྱེད་པའི་ཆེད་དུ་ཕྱི་སོག་དང་ནང་སོག་ཅེས་པའི་སྡེ་ཚན་རྫུས་མ་དེ་མུ་མཐུད་ནས་གནས་པར་བྱས། ཕྱི་ལོ་ ༡༧༢༩ ལོར་ཨུ་རུ་སུས་བཻ་ཀལ་མཚོའི་འགྲམ་དུ་ཡོད་པའི་ཕྱི་སོག་གི་བྱང་ཕྱོགས་སོག་པོའི་ས་ཁུལ་བྷུརྱ་ཏི་ཡ་དབང་སྒྱུར་དང་དཔུང་སྣོན་བྱས་པར་བརྟེན་སོག་པོའི་ཆིག་སྒྲིལ་ཞན་དུ་ཕྱིན་པ་རེད། 

བྱང་ཤར་ཨེ་ཤི་ཡའི་ནང་རྒྱ་ནག་དང་རུ་སུ་ཉི་ཧོང་བཅས་ཀྱི་འགྲན་རྩོད་འགོ་འཛུགས།

དུས་རབས་ ༡༩ པའི་ཕྱེད་གཉིས་པའི་ནང་ཆིང་རྒྱལ་རྒྱུད་མུ་མཐུད་ནས་ཉམས་པ་ལ་བརྟེན་ནས་དབང་ཤུགས་སྣ་ཚོགས་པས་ཁེ་བཟང་བཙལ་བ་དང་དེ་དག་གི་ཆབ་སྲིད་དང་ཚོང་གི་རྒྱལ་ཁམས་རྒྱ་སྐྱེད་བཏང་ཡོད་པ་རེད། དེ་དག་གིས་ཡུ་རོབ་ཀྱི་རྒྱལ་ཁབ་ཨིན་ཡུལ་ (Britain) དང་། ཧྥ་རན་སི། འཇར་མི་ནི། པོར་ཊུ་གྷལ་ (Portugal) ལྟ་བུ་ཁོངས་སུ་བཅུག་པ་ཙམ་དུ་མ་ཟད། ཨེ་ཤི་ཡའི་དབང་ཤུགས་ཀྱང་བཅུག་པ་རེད། ང་ཚོས་སོག་པོའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཤར་ཕྱོགས་སུ་ཡོད་པའི་མན་ཇུའི་ཐད་ལ་རུ་སུ་དང་ཉི་ཧོང་གཉིས་དབར་གྱི་འཐབ་རྩོད་ལ་བལྟ་རྒྱུ་ཡིན། མན་ཇུ་ཚོས་ཐབས་ཚུལ་ལྡན་པའི་གོ་གནས་ཤིག་བཙན་འཛུལ་བྱས་ཡོད་པ་དང་དེ་ཡང་བྷོ་ཧའེ་མཚོ་ཁུག་ (Bohai Gulf) བརྒྱུད་ནས་ལྷོ་ཕྱོགས་ཀྱི་མཚོ་ངོགས་སུ་ཡོད་པའི་འཁྱགས་པ་མེད་སའི་གྲུ་གཟིངས་འབབ་ཚུགས་ཙམ་ལ་བརྟེན་ནས་མིན་པར། དེས་ཆིང་རྒྱལ་གོང་མ་ཚོ་ལ་སོག་ཡུལ་སྟངས་འཛིན་བྱེད་པའི་གཞི་རྩ་ལྟ་བུའི་ལས་ཀ་བྱས་ཡོད། 

ཉི་ཧོང་པ་ཚོར་མན་ཇུའི་ལྷོ་ཕྱོགས་ཀྱི་ལིའོ་ཏོང་པེ་ནིན་སུ་ལ་ (Liaodong Peninsula) དང་དེའི་རྩེ་ཏོག་ཏུ་ཡོད་པའི་གྲུ་གཟིངས་འབབ་ཚུགས་ཨར་ཐར་ (Port Arthur, Dalian, Darien) ཐོབ་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༡༨༩༤ ནས་ ༡༨༩༥ བར་གྱི་རྒྱ་ནག་དང་ཉི་ཧོང་གི་དམག་འཁྲུག་ལའང་རྒྱལ་ཁ་ཐོབ་ཡོད། ཕྱི་ལོ་ ༡༨༩༦ ལོར་ཛཱར་ནི་ཁོ་ལ་སི་གཉིས་པས་ (Czar Nicholas II) ཉི་ཧོང་གི་ཁ་གཏད་དུ་རྒྱ་ནག་དང་མཉམ་དུ་གནའ་འབྲེལ་ཞིག་སྒྲིག་བཀོད་བྱས་ཏེ་བྱང་མན་ཇུ་བརྒྱུད་ནས་ཝེ་ལེ་ཌི་ཝོསྟོཀ་ (Vladivostok) ཞེས་པའི་རུ་སུའི་ཞི་བདེའི་རྒྱ་མཚོའི་གྲུ་གཟིངས་འབབ་ཚུགས་ལ་མཐུད་སྦྲེལ་བྱེད་ཆེད་ས་ཡེ་བྷེ་རི་ཡ་བརྒལ་བའི་མེ་འཁོར་ལྕགས་ལམ་རྒྱ་སྐྱེད་གཏོང་རྒྱུར་རྒྱལ་ཁ་ཐོབ་པ་རེད། དེ་ལྟར་རུ་སུས་བྱང་མན་ཇུ་མིང་ཙམ་གྱིས་དབང་སྒྱུར་བྱས་པ་རེད། དེ་རྗེས་སུ་ཨུ་རུ་སུ་དང་རྒྱ་ནག་ནས་གནོན་ཤུགས་ཧ་ཅང་ཆེན་པོ་བཏང་བར་བརྟེན་ཉི་ཧོང་གིས་ལྷོ་མན་ཇུ་ནས་ཕྱིར་འཐེན་བྱས་པ་རེད། 

བྷོ་ཧའེ་མཚོ་ཁུག་གི་སྒོ་ཁ་ཕྱོགས་གཞན་ཨར་ཐར་གྲུ་གཟིངས་འབབ་ཚུགས་ཀྱི་ལྡོག་ཕྱོགས་སུ་ཧྲང་ཏོང་པེ་ནིན་སུ་ལ་ (Shangdong Peninsula) ཆགས་ཡོད། འཇར་མི་ནི་ཡིས་དེའི་གྲུ་གཟིངས་འབབ་ཚུགས་ཆེ་ཁག་ཆིང་ཏའོ་ (ཙིང་ཏའོ་) བདག་བཟུང་བྱས་རྗེས་ཀྱི་ཕྱི་ལོ་ ༡༨༩༧ ལོར་ཨུ་རུ་སུས་རྒྱ་ནག་གཞུང་ལ་དམིགས་བསལ་ཆག་ཡང་མུ་མཐུད་ནས་གཏོང་བའི་དགོས་འདུན་བསྟན་པ་རེད། ཕྱི་ལོ་ ༡༨༩༨ ལོར་རུ་སུ་ལ་ཨར་ཐར་གྲུང་གཟིངས་འབབ་ཚུགས་དང་དེའི་མན་ཇུའི་ས་ཁུག་ལུང་ཁུག་ལ་དབང་སྒྱུར་བྱ་རྒྱུའི་གནང་བ་སྤྲད་པ་རེད། དེ་ལྟར་འཕྲལ་དུ་ཝེ་ལེ་ཌི་ཝོསྟོཀ་ (Vladivostok) ལ་འགྲོ་མཁན་གྱི་མེ་འཁོར་ལ་བརྟེན་ནས་འབྲེལ་བ་མཐུད་པ་རེད། ཉི་ཧོང་གིས་མི་བདེ་བའི་སྒོ་ནས་བལྟས་པ་དང་ཨེ་ཤི་ཡའི་སྐམ་ས་ཆེན་པོར་སྟོབས་ཤུགས་ཀྱི་གཞི་རྟེན་ཞིག་སླར་ཡང་རྩ་འཛུགས་བྱ་རྒྱུའི་རེ་འདོད་ཡོད་པ་རེད། 

ཕྱི་ལོ་ ༡༩༠༤ ལོར་རུ་སུ་དང་ཉི་ཧོང་གི་དམག་དེ་གློ་བུར་དུ་མན་ཇུའི་ཐད་ལ་བྱུང་། ཕྱི་ལོ་ ༡༩༠༥ ལོར་ཉི་ཧོང་རྒྱལ་ཁ་ཐོབ་པའི་སྐབས། པོརྚ་མའོ་ཐའི་ (Portsmouth) ཆིངས་ཡིག་གིས་དེ་དག་ལ་ཨར་ཐར་གྲུ་གཟིངས་འབབ་ཚུགས་ཀྱི་ཕུགས་རྒྱང་རིང་བའི་བོགས་མ་ཞིག་སྤྲད་པ་རེད། དེ་ནི་ཨིན་ཡུལ་གྱིས་ཧོང་ཀོང་དང་ཕྱི་ལོ་ ༡༨༩༨ ལོར་པེ་ཅིང་ལྷན་ཚོགས་ཐེངས་གཉིས་པ་ལ་བརྟེན་ནས་ས་ཁུལ་གསར་པ་ལ་སྲུང་སྐྱོབ་གང་བྱས་པ་དང་འདྲ་བ་རེད། ཉི་ཧོང་དང་རུ་སུ་གཉིས་ཀས་རྒྱ་ནག་གི་སྟངས་འཛིན་ལ་མན་ཇུ་སླར་གསོ་བྱ་རྒྱུར་མོས་མཐུན་ཡོད་ཀྱང་། དེ་སླར་ཡང་ཐེངས་གཅིག་དབང་སྒྱུར་བྱེད་པའི་གོ་སྐབས་ཡོད་མེད་བལྟས་པ་རེད། ཕྱི་ལོ་ ༡༩༡༠ ལོར་ཉི་ཧོང་གིས་ལིའོ་ཏོང་པེ་ནིན་སུ་ལའི་ཤར་གྱི་ས་མཚམས་ཡིན་པའི་ཀོ་རི་ཡ་བདག་བཟུང་དང་དཔུང་སྣོན་བྱས་པ་རེད། 

སོག་པོ་དང་ཉི་ཧོང་གི་གྲོགས་པོ་འགོ་འཛུགས།

ཕྱི་ལོ་ ༡༩༡༡ ལོར་ཆིང་རྒྱལ་རྒྱུད་གོ་དབང་ནས་ཕྱུང་པའི་རྒྱ་ནག་མི་རིགས་གསར་བརྗེའི་སྔ་ནུབ་ལ་རྗེ་བཙུན་དམ་པ་སྐུ་ཕྲེང་བརྒྱད་པས་རྒྱ་ནག་གི་ལག་ནས་ཕྱི་སོག་དེ་རང་བཙན་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད། རྗེ་བཙུན་དམ་པ་ (བྷོག་དོ་ཁན་) རྣམས་ནི་སོག་ཡུལ་གྱི་སྲོལ་རྒྱུན་ནང་པ་དང་ཆབ་སྲིད་ཀྱི་དབུ་ཁྲིད་ཡིན་པ་དང་དེ་དག་ཀྱང་བོད་ཀྱི་༧གོང་ས་ཏཱ་ལའི་བླ་མ་ནང་བཞིན་ཡང་སྲིད་ངོས་འཛིན་གྱི་ལམ་ནས་རྙེད་སོན་བྱུང་ཡོད། ཡིན་ནའང་། ཨུ་རུ་སུ་དང་རྒྱ་ནག་གི་གནོན་ཤུགས་ཀྱིས་རྗེ་བཙུན་དམ་པར་བཙན་དབང་གིས་ཕྱི་ལོ་ ༡༩༡༢ ལོར་རྒྱ་ནག་རྒྱལ་གཅེས་རིང་ལུགས་པ་གསར་པའི་སྲིད་གཞུང་གི་འོག་ཏུ་རང་སྐྱོང་གནས་དགོས་པ་དང་གོ་གནས་དེ་མུ་མཐུད་རྒྱུན་སྐྱོང་བར་རུ་སུའི་རོགས་ལ་བརྟེན་གྱི་ཡོད། 

རྒྱ་ནག་ནང་གི་གནས་སྟངས་གསར་པ་ལས་ཁེ་བཟང་ལེན་པའི་ཐོག་ཉི་ཧོང་གིས་མི་རིང་བར་དེའི་གྲུ་གཟིངས་འབབ་ཚུགས་ཨར་ཐར་གྱི་སྟངས་འཛིན་དང་ཀོ་རི་ཡ་ནས་ལྷོ་མན་ཇུ་དང་ནང་སོག་ཤར་ཕྱོགས་ཀྱི་བར་དུ་རྒྱ་སྐྱེད་བཏང་བ་རེད། ཕྱི་ལོ་ ༡༩༡༤ ལོར་འཛམ་གླིང་དམག་ཆེན་དང་པོའི་སྐབས་སུ་ཨུ་རུ་སུས་འཇར་མི་ནི་དང་ཏུར་ཀིའི་ཁ་གཏད་དུ་ཨིན་ཡུལ་དང་མནའ་འབྲེལ་བྱས། ཡུ་རོབ་ནང་སྔོན་ཚུད་ནས་བཙན་འཛུལ་དང་བཅས་ཨུ་རུ་སུས་རྒྱ་ནག་དང་མཉམ་དུ་ཕྱི་ལོ་ ༡༩༡༤ ནས་ ༡༩༡༥ བར་གྱི་ཁི་ཡཀ་ཏའི་ཆིངས་ཡིག་ (Khiakta Treaty) བཞག་པ་དང་། ཕྱི་སོག་ལ་རྒྱ་ནག་གི་མིང་ཙམ་གྱི་དབང་སྒྱུར་སླར་ཡང་ངེས་བརྟན་བཟོ་བ་དང་ཨེ་ཤི་ཡའི་སྐམ་ས་ཆེན་པོར་ཉི་ཧོང་གི་རྒྱ་སྐྱེད་ལ་རྩོད་མེད་མོས་མཐུན་བྱས་པ་རེད། 

དེ་དང་ཆབས་ཅིག་ཉི་ཧོང་གིས་མནའ་འབྲེལ་ཕྱོགས་སུ་དམག་ལ་ཞུགས་པ་དང་འཇར་མན་གྱིས་ཧྲང་ཏོང་པེ་ནིན་སུ་ལར་དབང་སྒྱུར་བྱེད་པ་རྣམས་བདག་བཟུང་བྱས། ཕྱི་ལོ་ ༡༩༡༥ ལོར་ཉི་ཧོང་དང་རྒྱ་ནག་དབར་མོས་མཐུན་མིང་རྟགས་བཀོད་པའི་དགོས་འདུན་ཉེར་གཅིག་གི་ནང་། རྒྱ་ནག་གིས་ཉི་ཧོང་ནས་ཧྲང་ཏོང་ལ་དབང་སྒྱུར་བར་ངོས་ལེན་བྱས་པ་དང་མན་ཇུ་ལྷོ་ཕྱོགས་དང་ནང་སོག་ཤར་ཕྱོགས་ལ་ཉི་ཧོང་གི་དབང་ཆ་ཡོད་པར་ངོས་འཛིན་བྱས་པ་རེད། 

ཕྱི་ལོ་ ༡༩༡༧ ལོའི་རུ་སུའི་གསར་བརྗེའི་རྗེས་སུ་ལེ་ཉིན་གྱིས་སོག་ཡུལ་དང་འབྲེལ་བའི་སྔོན་ཛཱར་གྱིས་རྒྱ་ནག་དང་མཉམ་དུ་བཞག་པའི་ཐེ་བྱུས་མེད་པའི་ཆིངས་ཡིག་དེ་རྩ་མེད་བཏང་བ་རེད། ཁོས་དམར་པོའི་རིང་ལུགས་དེ་ཨེ་ཤི་ཡའི་ས་ཕྱོགས་གང་སར་ཁྱབ་སྤེལ་གཏོང་རྒྱུའི་རེ་བ་བྱས་ཡོད། འཛམ་གླིང་དམག་ཆེན་མུ་མཐུད་པ་དང་ཨུ་རུ་སུར་ནང་འཁྲུག་གི་གློ་བུར་ཁྱབ་གདལ་དང་དམིགས་བསལ་ས་ཡེ་བྷེ་རི་ཡའི་ནང་དེ་ལྟར་བྱུང་བའི་རྐྱེན་གྱིས་ཁོའི་དེ་མ་ཐག་པའི་ལས་འགུལ་འགོག་རྐྱེན་བྱས་པ་རེད། 

རྗེ་བཙུན་དམ་པ་ནི་རྒྱ་མི་དང་རུ་སུ་གཉིས་ཀར་མི་དགའ་བ་རེད། དེའི་ཚབ་ལ་ཁོང་གིས་ས་ཡེ་བྷེ་རི་ཡར་ཡོད་པའི་བྷུརྱ་ཏི་ཡ་ནས་ནང་སོག་དང་ནུབ་བྱང་མན་ཇུའི་བར་དུ་རྒྱ་སྐྱེད་པའི་ཆེན་པོ་ཧོར་ཞིག་རྩ་འཛུགས་བྱེད་འདུན་སྐྱེས་པ་རེད། ས་ཁུལ་གྱི་དམག་གི་སྟོབས་ཤུགས་ལ་ཆ་བཞག་ན། རྗེ་བཙུན་དམ་པས་ཉི་ཧོང་ནི་ཁོང་གི་ཡིད་ལ་འཆར་བའི་རྒྱལ་ཁབ་ཀྱི་མགོན་སྐྱབས་དང་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་གདམ་ཀ་བྱས་པ་རེད། གང་ལྟར་ཡང་། ཉི་ཧོང་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་པ་རེད། དེ་བཞིན་ཉི་ཧོང་པ་ཚོས་བྱང་ཤར་ཨེ་ཤི་ཡ་ནས་སོག་ཡུལ་ཡོངས་སུ་རྫོགས་པར་ཁོང་ཚོའི་ཤུགས་རྐྱེན་གྱི་ཁྱབ་ཚད་དེ་རྒྱ་སྐྱེད་གཏོང་རྒྱུར་བློ་འདོད་ཡོད་པ་རེད། དེར་བརྟེན་ཕྱི་ལོ་ ༡༩༡༨ ལོར་ཉི་ཧོང་པ་ཚོས་ཉི་ཧོང་སོག་པོའི་ནང་པའི་ལྷན་ཚོགས་གསར་འཛུགས་གནང་བ་དང་ཆེན་པོ་ཧོར་གྱི་ཆེད་དུ་འཆར་གཞི་ལ་རྒྱབ་སྐྱོར་བྱས་པ་རེད། 

སོག་ཡུལ་དུ་དམར་པོའི་རིང་ལུགས་རྩ་འཛུགས།

ཕྱི་ལོ་ ༡༩༡༩ ལོའི་དུས་མཇུག་ཏུ་སོག་པོའི་རྒྱལ་སྲས་འགའ་ཞིག་རྒྱ་ནག་ནས་གནོན་ཤུགས་དྲག་པོའི་འོག་ཏུ་རྗེ་བཙུན་དམ་པའི་གནང་བ་མེད་པའི་ཐོག་ཕྱི་སོག་གི་རང་སྐྱོང་གནས་བབ་བློས་གཏོང་བྱས་ཏེ། དེ་དག་རྒྱ་ནག་གི་དབང་སྒྱུར་འོག་ཏུ་མགོ་འབུལ་ཞུས་པ་རེད། དེའི་རྗེས་ནས་སུའུ་ལེན་གྱི་དྲག་རྒོལ་དང་ཉི་ཧོང་གིས་རྒྱབ་སྐྱོར་བྱས་པའི་སོག་པོ་རྒྱལ་ཡོངས་ཀྱི་ལས་འགུལ་ལས་སྲུང་སྐྱོབ་བྱེད་པར་སྙད་འདོགས་པའི་སྒོ་ནས་སོག་ཡུལ་དུ་རྒྱ་ནག་གི་ཐེ་བྱུས་མང་དུ་ཕྱིན་པ་རེད། 

སོག་པོའི་སྡེ་ཁག་གཉིས་ཀྱིས་རྒྱ་ནག་ཕྱིར་འབུད་གཏོང་བ་དང་སོག་པོའི་རང་སྐྱོང་གི་རྣམ་པ་འགའ་ཞིག་རྩ་འཛུགས་བྱ་ཕྱིར་སུའུ་ལེན་ལ་རོགས་སྐྱོར་ཞུས། སྡེ་ཁག་གཅིག་ནི་སུ་ཁེ་བྷ་ཏུར་ (Sukhe Batur) གྱིས་སྣེ་ཁྲིད་པའི་སོག་པོའི་མི་མང་གི་ཤོག་ཁག་ཡིན་པ་རེད། དེས་སུའུ་ལེན་མནའ་འབྲེལ་རྒྱལ་ཁབ་དང་མནའ་འབྲེལ་ཆ་ཚང་བའི་དམར་ཤོག་གི་གཞུང་ཞིག་རྩ་འཛུགས་བྱེད་འདོད་ཡོད་པ་རེད། སྡེ་ཁག་གཞན་དེ་ནི་རྗེ་བཙུན་དམ་པའི་རྙིང་ཞེན་ཅན་གྱི་ཤོག་ཁག་དེ་རེད། ཀོ་རི་ཡས་ཉེ་ཆར་རང་ཉི་ཧོང་ནས་རང་བཙན་ཡིན་པར་ཁྱབ་བསྒྲགས་བྱས་ཚར་ཙམ་རེད། ཉི་ཧོང་གི་དམག་མི་ནི་ཀོ་རི་ཡའི་རང་བཙན་ལས་འགུལ་ལ་དྲག་གནོན་དང་བཅས་སྔོན་ཚུད་ནས་བདག་བཟུང་བྱས་ཤིང་། རྗེ་བཙུན་དམ་པས་ཉི་ཧོང་ལ་རོགས་སྐྱོར་སློང་ཐུབ་མེད། མཐར་སོག་པོའི་སྡེ་ཁག་གཉིས་ཀྱིས་ཕན་ཚུན་ནང་འགྲིག་བྱས་པ་དང་སུ་ཁེ་བྷ་ཏུར་གྱིས་རྗེ་བཙུན་དམ་པ་རྩ་ཁྲིམས་དང་མཐུན་པའི་རྒྱལ་པོར་ཁས་ལེན་བྱས་པ་རེད། 

བྷེ་རོན་ རོ་མན་ ཝོན་ ཨུན་ཇརྣ་ སི་ཊརྣ་བྷརྒ་ (Baron Roman von Ungern-Sternberg) ཟེར་བའི་འཇར་མིན་གྱི་སྐུ་དྲག་ཅིག་ཡོད་པ་དང་ཁོང་གི་ནང་མི་རྣམས་རུ་སུར་གཞིས་ཆགས་པ་རེད། ཁོང་གཞོན་དུས་ནས་ནང་ཆོས་ལ་དོ་དབྱིངས་ཡོད་པ་རེད། དེར་མ་ཟད། ཁོང་ཡོངས་གྲགས་ཐོག་མི་གདུག་རྩུབ་ཅན་ཞིག་དང་རྨོངས་ཞེན་ཅན་གྱི་བྷོལ་ཤེ་ཝིའམ་ (anti-Bolshevist) རུ་སུའི་སྤྱི་ཚོགས་མང་གཙོའི་ཤོག་ཁག་གི་རྒྱབ་འགལ་བ་ཞིག་ཡིན་པ་རེད། ཕྱི་ལོ་ ༡༩༢༠ ལོའི་སྨད་ཆར་ལ་ས་ཡེ་བྷེ་རི་ཡ་ལ་བྷོལ་ཤེ་ཝིཀ་རྣམས་འཐབ་པའི་རྗེས་སུ་ཁོང་གིས་རུ་སུའི་དམག་མི་དཀར་པོ་ (ཛཱར་པ་) (Czarist) ཞིག་དང་ཉི་ཧོང་གི་སེམས་སྐུལ་རྒྱབ་སྐྱོར་ལ་བརྟེན་ནས་ཕྱི་སོག་བཙན་འཛུལ་བྱས་པ་རེད། རྒྱ་མིས་སོག་ཡུལ་གྱི་རྒྱལ་ས་ཨུར་གྷ་ (Urga) ལ་རྗེ་བཙུན་དམ་པ་བཙོན་འཇུག་བྱས་པ་དང་ཨུན་གརྣ་ (Ungern) ཁོང་གློད་གྲོལ་ཆེད་དུ་ལྷས་མངགས་པའི་ལས་འགུལ་ཞིག་ལ་ཕྱིན་པ་རེད། 

ཨུན་གརྣ་ཡིས་ཉི་ཧོང་གིས་རྒྱབ་རྟེན་ཡོད་པའི་ཆེན་པོ་ཧོར་གྱི་བསམ་ཚུལ་དེ་ལ་རྒྱབ་སྐྱོར་བྱས་པས། ཕྱི་ལོ་ ༡༩༢༡ ལོའི་འགོ་སྟོད་ཀྱི་ནང་ཨུར་གྷ་དབང་སྒྱུར་བྱས་རྗེས་སུ་ཁོང་གིས་རྗེ་བཙུན་དམ་པའི་ཁྲི་འདོན་བསྐྱར་གསོ་བྱས། སོག་པོའི་དབང་སྒྱུར་བས་ཁོང་གི་བཅིངས་འགྲོལ་གཏོང་མཁན་སྲུང་མ་དྲག་པོ་འཇམ་སིང་གི་ཡང་སྲིད་དུ་ཁྱབ་བསྒྲགས་བྱས་ཡོད། ཨུན་གརྣ་དེ་ནས་རྒྱ་མི་དང་། ལག་སྦྲེལ་བྱེད་མི་སོག་པོ། རུ་སུ་བྷོལ་ཤེ་ཝིཀ། འཇེའུ་དང་བཅས་པ་གང་རྙེད་ཐུབ་པ་ཚང་མ་གསོད་ཆེད་མདུན་སྐྱོད་བྱས། ཁོས་འཇེའུ་ཚང་མ་བྷོལ་ཤེ་ཝིཀ་ཡིན་པར་ཡིད་ཆེས་བྱས་པ་རེད། 

སུ་ཁེ་བྷ་ཏུར་གྱིས་བྷུརྱ་ཏི་ཡར་ཡོད་བཞིན་དུ་སོག་པོའི་དམར་ཤོག་གི་འཕྲལ་སེལ་གྱི་སྲིད་གཞུང་རྩ་འཛུགས་བྱས་པ་དང་ཁོས་མི་དྲག་དཀར་པོའམ་དེ་ལ་ “མི་དྲག་སྨྱོན་པ་” ཞེས་ཀྱང་གྲགས་པ་དེའི་ཁ་གཏད་དུ་སོག་པོའི་དམག་མི་ཞིག་སྣེ་ཁྲིད་བྱས། སོག་པོ་ཚོའི་དུས་འཁོར་གྱི་རྒྱུད་ལ་ཡོད་པའི་དད་པ་བཀོལ་སྤྱོད་བྱེད་བཞིན་པ་དང་དམར་ཤོག་གི་དམག་དཔོན་ཚོས་ཆོས་ཀྱི་ཁ་ཕྱོགས་གཅུས་ཤིང་། བཙན་གནོན་ལས་སོག་ཡུལ་ཐར་བའི་ཆེད་འཐབ་པ་ཡིན་ན་ཁོང་ཚོ་ཤམ་བྷ་ལའི་དམག་མིར་སྐྱེ་བ་ལེན་ངེས་རེད་ཅེས་བརྗོད་དེ་ཁོང་ཚོའི་དམག་མི་རྣམས་བསྐྱར་དུ་བསྡུ་རུབ་བྱས། སུའུ་ལེན་དམར་པོའི་དམག་མིའི་རོགས་སྐྱོར་ལ་བརྟེན་ནས་སུ་ཁེ་བྷ་ཏུར་གྱིས་ཕྱི་ལོ་ ༡༩༢༡ ལོའི་སྨད་ཀྱི་ཆར་ཨུར་གྷ་དབང་སྒྱུར་བྱས་པ་དང་རྗེ་བཙུན་དམ་པའི་དབང་ཆ་ལ་ཚད་བཀག་ཚབས་ཆེན་བཟོས་པ་རེད། དེའི་རྗེས་ནས་སུའུ་ལེན་གྱི་དམག་མི་རྣམས་ཕྱི་ལོ་ ༡༩༢༤ བར་དུ་ཨུར་གྷར་བསྡད། ཉི་ཧོང་པ་ཚོས་རྒྱང་ཐག་རིང་ཙམ་སྡོད་དགོས་པའི་བཙན་དབང་བྱས་ཀྱང་། དེ་ནི་དུས་ཡུན་ཐུང་ཞིག་ལས་བྱུང་མེད། 

ཨུན་གརྣ་ནི་ཕྱི་ལོ་ ༡༩༢༢ ལོར་ཁོང་ཉིད་ཀྱི་དམག་མི་ཚོས་བསད་པ་རེད། སུ་ཁེ་བྷ་ཏུར་ནི་ཕྱི་ལོ་ ༡༩༢༣ ལོར་གྲོངས་པ་དང་ལེ་ཉིན་ནི་ཕྱི་ལོ་ ༡༩༢༤ ལོའི་འགོ་སྟོད་ལ་གྲོངས་ཤིང་། རྗེ་བཙུན་དམ་པ་ནི་ཕྱི་ལོ་ ༡༩༢༤ ལོའི་སྨད་ཙམ་ལ་གྲོངས་པ་རེད། སོག་པོ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གསལ་བསྒྲགས་ནི་དེའི་རྗེས་ཀྱི་དུས་ཡུན་ཏོག་ཙམ་ནས་བྱུང་ཡོད། སྲིད་ལུགས་དེས་སྟོབས་ཤུགས་ཀྱི་ཆེད་དུ་དོ་ཟླ་གང་འདྲ་ཞིག་ཡོད་ནའང་དེ་མེད་པ་བཟོ་བར་ཤམ་བྷ་ལའི་གཏམ་རྒྱུད་བཀོལ་སྤྱོད་བྱ་རྒྱུའི་སྲིད་བྱུས་རྣམས་མུ་མཐུད་ནས་བསྐྱངས་པ་རེད། དེར་བརྟེན་ཕྱི་ལོ་ ༡༩༢༥ ལོའི་སོག་ཡུལ་གྱི་དམར་པོའི་ཤོག་ཁག་ཚོགས་པས་རྗེ་བཙུན་དམ་པ་སྔར་ལྟར་སླར་ཡང་ཆོས་ལུགས་དང་ཆབ་སྲིད་ཀྱི་གོ་གནས་གཅིག་པའི་ཐོག་ཡང་སྲིད་འབྱུང་ངེས་མིན་པ་དང་དེ་ལས་ལྡོག་སྟེ། ཁོང་གི་ཤམ་བྷ་ལའི་ཡུལ་དུ་སྤྱི་དཔོན་ཧ་ནུ་མནྟ་ལ་སྐྱེ་བ་ལེན་ངེས་རེད་ཅེས་གསལ་བསྒྲགས་བྱས་པ་རེད། ཁོང་ཚོས་གསལ་བསྒྲགས་ལ་ཚད་འཛིན་ཆེད་དུ་༧གོང་ས་ཏཱ་ལའི་བླ་མ་དང་མཉམ་དུ་གོ་སྡུར་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱང་། དེ་ལྟར་བྱས་ཡོད་མེད་ནི་དྭོགས་གཞི་ཅན་ཞིག་ཡིན་པ་རེད། 

ཤམ་བྷ་ལའི་དམག

རབ་བྱུང་གི་སྣེ་ཁྲིད་པ་དརྭ་པཎྜི་ཏ་ (Darva Bandida) ལྟ་བུས་སྤྲོས་མེད་ངང་ཚུལ་གྱི་སྔ་མའི་ནང་པའི་སྲོལ་ལུགས་ལ་རང་འཇགས་ལོག་རྒྱུའི་ཞུ་རྩོད་བྱས་པ་ནས་བཟུང་སྟེ། ཐོག་མར་སོག་པོའི་དམར་ཤོག་སྲིད་ལུགས་ཀྱིས་ནང་ཆོས་ལ་བཟོད་སྒོམ་བྱས་ཡོད། དེ་ནི་སུའུ་ལེན་རྒྱལ་ཁབ་ཀྱི་ནང་བྷུརྱ་ཏིས་སྣེ་ཁྲིད་དེ་དད་པའི་ལས་འགུལ་སླར་གསོ་བྱེད་པ་དང་འདྲ་པོ་ཡིན་པ་དང་སོག་པོའི་དགེ་འདུན་པ་ཚོས་ནང་ཆོས་དེ་དམར་པོའི་ལྟ་བའི་རྣམ་གཞག་དང་འགྲིགས་འཇགས་བྱེད་ཐབས་བྱས་ཡོད། བྷུརྱ་ཏིའི་མཁས་དབང་འཇམ་ས་ར་ནོ་ཝས་ (Jamsaranov) པཎྜི་ཏའི་འབད་བརྩོན་ལ་རྒྱབ་སྐྱོར་བྱས་པ་དང་། ཕྱི་ལོ་ ༡༩༢༦ ནས་ནང་ཆོས་དག་མའམ་གཙང་མ་དང་ལས་འགུལ་བསྐྱར་གསོ་ལ་སོག་ཡུལ་ནང་ནུས་སྟོབས་ཐོབ་པ་རེད། 

ཕྱི་ལོ་ ༡༩༢༨ ལོར་སི་ཏ་ལིན་གྱིས་སུའུ་ལེན་དབང་སྒྱུར་བྱས། ཁོས་ཕྱི་ལོ་ ༡༩༢༩ ལོར་དཔལ་འབྱོར་གཞུང་བདག་ཅན་དུ་གྱུར་བ་ (collectivization) དང་ཆོས་ལུགས་ལ་རྒྱབ་འགལ་གྱི་ལས་འགུལ་རྣམས་འགོ་འཛུགས་བྱེད་སྐབས། སོག་པོ་དམར་པོའི་སྲིད་ལུགས་ཀྱིས་ལད་ཟློས་བྱས་པ་རེད། ཕྱི་ལོ་ ༡༩༢༩ ལོར་ཤོག་ཁག་ཚོགས་པ་ཐེངས་བདུན་པས་ནང་པའི་འགྲིགས་འཇགས་ཀྱི་ལས་འགུལ་ལ་ཉེས་འཛུགས་བྱས་པ་དང་འགྲོ་ལུགས་ལྟར་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པའི་ཡང་སྲིད་བོད་དུ་རྙེད་སོན་བྱུང་ཡོད་ནའང་། མངའ་གསོལ་མཛད་སྒོ་བྱ་མི་ཆོག་པ་བཟོས། སི་ཏ་ལིན་གྱི་མིག་དཔེས་སེམས་འགུལ་ཐེབས་ནས་ཤོག་ཁག་ཚོགས་པ་དེ་ད་དུང་མུ་མཐུད་ནས་ཕྱིན་ཏེ། ཕྱི་ལོ་ ༡༩༣༠ ནས་ ༡༩༣༢ བར་རྨོངས་ཞེན་ཅན་གྱི་དཔལ་འབྱོར་གཞུང་བདག་ཅན་དུ་གྱུར་བ་དང་ཆོས་ལུགས་ལ་སྡུག་སྦྱོང་གི་སྲིད་བྱུས་ཤིག་ཁ་སྣོན་བྱས་པ་རེད། སི་ཏ་ལིན་གྱི་སྲིད་བྱུས་ལས་གཡོལ་བའི་ཆེད་དུ་སོག་ཡུལ་ལ་བྲོས་བསླེབ་མཁན་གྱི་བྷུརྱ་ཏིའི་རྣམ་དཔྱོད་ཅན་རྣམས་ཀྱིས་རྒྱབ་སྐྱོར་བྱས་པའི་གྲྭ་པ་མང་དག་ཅིག་གིས་གྱེན་ལོག་བྱས་ཡོད། འགའ་ཞིག་གིས་པཎ་ཆེན་རིན་པོ་ཆེའི་ཕྱག་རོགས་བཙལ་ཡོད་པ་རེད། 

ཕྱི་ལོ་ ༡༩༢༤ ནས་བཟུང་སྟེ་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་དང་མཉམ་དུ་རྩོད་པ་ཞིག་བྱུང་བའི་རྐྱེན་གྱིས་པཎ་ཆེན་སྐུ་ཕྲེང་དགུ་པ་རྒྱ་ནག་ཏུ་ཕེབས། པཎ་ཆེན་རིན་པོ་ཆེ་ལ་ལྷ་ས་ནས་ལྟོས་ཕྱོགས་ཀྱི་རང་སྐྱོང་ཐོབ་ཆེད་ཨུ་ཚུགས་རྒྱག་པ་དང་། ཁྲལ་ལ་ཆག་ཡང་གཏོང་བ། ཁོང་ཚོ་སོ་སོ་ལ་དམག་གི་དབང་ཤུགས་ཀྱི་ཐོབ་ཐང་ཡོད་པ་བཅས་རེད། རྒྱ་ནག་མི་རིགས་སྲིད་གཞུང་གིས་ཁོང་ལ་དམག་མི་མཁོ་སྤྲོད་བྱས་ཀྱང་། ༧གོང་ས་ཏཱ་ལའི་བླ་མས་ཁོང་བོད་དུ་ལོག་མི་འཇུག་པ་ངེས་པ་རེད་ལ་རྒྱ་མིའི་ཀུན་སློང་ལ་དྭོགས་གཞི་ཅན་ཡིན་པ་རེད། སོག་པོའི་གྱེན་ལོག་པ་ཚོས་པཎ་ཆེན་རིན་པོ་ཆེ་ལ་ཁོང་གི་རྒྱའི་དམག་མི་དང་མཉམ་དུ་སོག་ཡུལ་བཙན་འཛུལ་བྱེད་དགོས་པ་དང་། ཁོང་ཚོའི་མི་མང་དམར་པོའི་རིང་ལུགས་ལས་ཐར་བར་བྱེད་པ། སུའུ་ལེན་གྱི་ཁ་གཏད་དུ་བྱང་གི་ས་མཚམས་སྲུང་སྐྱོབ་བྱེད་པ། རྒྱ་ནག་གི་མིང་ཙམ་གྱི་དབང་སྒྱུར་འོག་ཏུ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པ་མངའ་གསོལ་བྱེད་དགོས་ཞེས་ཞུས་པ་རེད། ཁོང་ཚོས་པཎ་ཆེན་རིན་པོ་ཆེ་དང་ཁོང་གི་རྒྱའི་དམག་དཔུང་རྣམས་ཀླ་ཀློའི་དམག་དཔུང་ཕམ་པར་བྱེད་པའི་ཤམ་བྷ་ལའི་རྒྱལ་པོ་དང་དཔའ་བློ་ཁོག་ཅན་གྱི་དམག་མི་དང་འདྲ་མཉམ་བཟོས་པ་རེད། པཎ་ཆེན་རིན་པོ་ཆེས་གྱེན་ལངས་ལ་ངོས་ལེན་བྱེད་པའི་འཕྲིན་ཡིག་ཅིག་བཏང་ནའང་། ཁོང་སོག་ཡུལ་དུ་ནམ་ཡང་ཕེབས་མེད་ལ་དམག་གི་རྒྱབ་སྐྱོར་བཏང་མེད། འོན་ཀྱང་། གྱེན་ལངས་དང་འབྱུང་འགྱུར་ཀླ་ཀློའི་དམག་འཁྲུག་གིས་ “ཤམ་བྷ་ལའི་དམག་འཁྲུག་” ཅེས་པའི་མིང་དེ་བླངས་པ་རེད། 

དེ་དང་དུས་མཚུངས་སུ་ཉི་ཧོང་གིས་ཕྱི་ལོ་ ༡༩༣༡ ལོར་རྒྱ་ནག་བྱང་ཕྱོགས་སུ་འཐབ་རྒོལ་བྱས་ཤིང་། ཕྱི་ལོ་ ༡༩༣༢ ལོར་ལོ་མང་རིང་མན་ཇུ་དང་ཤར་ནང་སོག་གི་ནང་དབང་སྒྱུར་བྱེད་མུས་ཀྱི་མངའ་ཁུལ་ལས་སྨན་ཆུ་ཀུའོ་ (Manchukuo) རྩ་འཛུགས་བྱས་པ་རེད། ཉི་ཧོང་གིས་བྷུརྱ་ཏི་དང་ཕྱི་སོག་ནང་ཡོད་པའི་ནང་པ་ཚོ་དང་མནམ་དུ་ཐུན་མོང་གི་རྒྱུ་ཞིག་བཟོ་བའི་སྒོ་ནས་ནང་ཆོས་བཀོལ་སྤྱོད་བྱས་ཏེ། ཨེ་ཤི་ཡའི་ནང་མུ་མཐུད་འཛུལ་ངེས་ཡིན་པའི་ཐད་ལ་སི་ཏ་ལིན་བློ་འཚབ་དང་སེམས་འཁྲལ་ཅན་ཆགས་པ་རེད། དེར་བརྟེན་ཁོང་གིས་ཕྱི་ལོ་ ༡༩༣༢ ལོར་སུའུ་ལེན་གྱི་དམག་མི་རྣམས་སོག་ཡུལ་དུ་བཏང་བ་དང་། དེ་ནི་གྱེན་ལངས་དང་ཤམ་བྷ་ལའི་དམག་འཁྲུག་མེད་པ་བཟོ་རྒྱུ་ཙམ་དུ་མ་ཟད། སོག་པོ་དམར་པོའི་ཤོག་ཁག་གི་གཡོན་ཕྱོགས་པ་ཚོ་བཅོས་རྒྱུ་དེའང་ཡིན་པ་རེད། སུའུ་ལེན་གྱི་ཁ་ཕྱོགས་འོག་ཤོག་ཁག་དེས་ཕྱི་ལོ་ ༡༩༣༢ ནས་ ༡༩༣༤ བར་དུ་རེས་མོས་གསར་པའི་སྲིད་བྱུས་ཤིག་ཁྲིམས་གཞི་གཏན་འབེབས་བྱས་པ་དང་དེའི་ནང་ཆོས་ལ་སྡུག་སྦྱོང་ཚབས་ཆུང་དུ་ཕྱིན་པ་རེད། ཁོང་ཚོས་ད་དུང་དགོན་སྡེ་ཁག་མང་པོ་སླར་ཡང་སྒོ་ཕྱེ་རུ་བཅུག་ཡོད། སི་ཏ་ལིན་གྱིས། གལ་ཏེ་ཁོས་ནང་པ་ཚོ་ཧ་ཅང་བློ་ཁ་སྒྱུར་ཆེ་དྲག་ན། ཁོང་ཚོས་གྲ་སྒྲིག་དང་བཅས་ཉི་ཧོང་ལ་ཁ་ཕྱོགས་བསྒྱུར་ངེས་རེད་ཅེས་ཚོར་བ་རེད། ཡིན་ནའང་། སོག་ཡུལ་གྱི་ནང་ཆོས་ནི་སླར་གསོ་བྱུང་མེད། 

སོག་ཡུལ་མགུ་བའི་ཐབས་སུ་ཉི་ཧོང་གི་འབད་རྩོལ།

ཕྱི་ལོ་ ༡༩༣༤ ལོར་སི་ཏ་ལིན་གྱི་དམག་སྤྱི་གཞོན་པ་ཀི་རོཝ་ (Kirov) ལྐོག་གསོད་བཏང་བ་རེད། ཁོང་ལྐོག་གསོད་བཏང་བའི་རྐྱེན་གྱིས་སི་ཏ་ལིན་གྱི་རྒྱབ་འགལ་གྱི་ཆ་ལག་ཚང་མ་མེད་པ་བཟོ་ཕྱིར། ཕྱི་ལོ་ ༡༩༣༤ ནས་ ༡༩༣༨ ལོའི་བར་གྱི་ཕྱིར་འབུད་ཆེན་པོ་བྱུང་། ཕྱིར་འབུད་དེ་སོག་ཡུལ་དང་དེར་ཡོད་པའི་ནང་པ་ཚོ་ལ་རྒྱ་སྐྱེད་བྱུང་ཡོད། ཕྱི་ལོ་ ༡༩༣༥ ལོར་སྨན་ཆུ་ཀུའོ་ལ་ཉི་ཧོང་གི་དམག་དཔུང་དང་སོག་ཡུལ་གྱི་སུའུ་ལེན་གྱི་དམག་དཔུང་དབར་ལ་ས་མཚམས་ཀྱི་དམག་འཐབ་ཆུང་ཙག་རིགས་གློ་བུར་དུ་བྱུང་བའི་སྐབས། སི་ཏ་ལིན་གྱིས་ཉི་ཧོང་དང་མཉམ་དུ་ཟུང་འབྲེལ་གྱི་བྷུརྱ་ཏི་དང་སོག་ཡུལ་ནང་གི་བླ་ཆེན་ཁག་ལ་ཉེས་འཛུགས་བྱས་པ་རེད། 

སོག་པོའི་རྒྱབ་སྐྱོར་ཐོབ་པར། ཉི་ཧོང་པ་ཚོས་ཉི་ཧོང་ནི་ཤམ་བྷ་ལ་ཡིན་ཚུལ་བརྗོད་ནས་དུས་ཡུན་རིང་པོའི་ནང་འགྲུབ་འབྲས་ལྡན་པར་ཁུངས་སྐྱེལ་བྱས་པའི་ཐབས་ལམ་བཀོལ་སྤྱོད་བྱེད་ཀྱིན་ཡོད། ཁོང་ཚོས་ལྷ་ས་ནས་བཀའ་འཁྲོལ་ཞུ་བ་དང་བཅས་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པ་དེ་ཨུར་གྷའི་ནང་གོ་གནས་བསྐྱར་གསོ་བྱེད་དགོས་པའི་གྲོས་འཆར་བཏོན་པ་རེད། དེ་ལྟར་བྱུང་ན། ཁོང་གིས་བྷུརྱ་ཏི་ཚུད་པའི་སོག་པོ་རྒྱལ་ཡོངས་ཀྱི་ལས་འགུལ་ཆེད་དུ་བསྐྱར་གསོ་བྱེད་པའི་གནད་དོན་ཞིག་ཏུ་ལས་ཀ་བྱེད་ཆོག་པ་ཡིན། ཕྱི་ལོ་ ༡༩༣༧ ལོར་ཉི་ཧོང་གིས་ནང་སོག་ལྷག་མ་དང་བྱང་རྒྱ་ནག་བདག་བཟུང་བྱས། སི་ཏ་ལིན་གྱིས་བྷུརྱ་ཏི་དང་སོག་པོའི་བླ་ཆེན་ཁག་ལ་ཤམ་བྷ་ལའི་སྐོར་ཉི་ཧོང་གི་གསལ་བསྒྲགས་ཁྱབ་སྤེལ་གཏོང་བར་ཉེས་འཛུགས་བྱས་ཏེ། ད་དུང་ཕྱིར་འབུད་དང་དགོན་སྡེ་གཏོར་བཤིག་བྱུང་བ་རེད། 

ཕྱི་ལོ་ ༡༩༣༩ ལོར་ཉི་ཧོང་གིས་ཕྱི་སོག་བཙན་འཛུལ་བྱས་ཀྱང་། སུའུ་ལེན་དང་སོག་པོའི་དམག་མི་རྣམས་མཉམ་རུབ་ཀྱིས་ཕམ་པར་བྱས་པའི་སྡུག་བསྔལ་མྱངས་ཡོད། དུས་དེ་ནས་བཟུང་སྟེ། ཉི་ཧོང་པ་རྣམས་ཀྱིས་ཁོང་ཚོའི་དོ་སྣང་དེ་ལྷོ་ཕྱོགས་སུ་ཁ་བསྒྱུར་ནས་རྒྱ་གར་དང་རྒྱ་ནག་དེ་བཞིན་ཞི་བདེའི་རྒྱ་མཚོའི་ཕྱོགས་སུ་ཁ་བསྒྱུར་བ་རེད། སི་ཏ་ལིན་ནི་ད་གཟོད་སུའུ་ལེན་རྒྱལ་ཁབ་དང་ཕྱི་སོག་ཏུ་ནང་ཆོས་ཀྱི་དྲག་གནོན་དེ་རྫོགས་པར་བྱེད་པར་རྩོད་མེད་ཡིན་པ་རེད། ཕྱི་ལོ་ ༡༩༤༥ ལོར་སུའུ་ལེན་དམག་དཔུང་གིས་ཉི་ཧོང་ལག་ནས་སྨན་ཆུ་ཀུའོ་བཅིངས་འགྲོལ་བཏང་བའི་སྐབས། སི་ཏ་ལིན་གྱིས་ཁོང་གི་ནང་ཆོས་ལ་སྡུག་སྦྱོང་དེའང་དེ་རུ་རྒྱ་སྐྱེད་བཏང་བ་རེད། དེར་བརྟེན་དམར་པོའི་དབང་སྒྱུར་གྱི་དུས་ཡུན་རིང་པོའི་གོང་ལ་སི་ཏ་ལིན་གྱིས་མན་ཇུ་དང་ཤར་ནང་སོག་གི་ནང་པའི་དགོན་སྡེ་ཁག་མང་ཆེ་བ་གཏོར་བཤིག་བཏང་ཟིན་པ་རེད། ས་ཁུལ་དེ་དག་གི་ནང་ནང་ཆོས་ནམ་ཡང་སླར་གསོ་བྱུང་མེད།།

Top