ཕྱི་ལོ་ ༡༩༩༤ ལོར་ཁྲེང་ཏེ་(Chengde)ལ་ཡོད་པའི་མན་ཇུའི་བོད་ཀྱི་དགོན་པ་ཁག

སྐད་ཡིག་གཞན།

ཁྲེང་ཏེ་ (Chengde) 成德 ལ་སྔོན་རེ་ཧེ་ (Rehe) 热河 དང་དེ་བཞིན་ཇེ་ཧོལ་ (Jehol) ཞེས་ཀྱང་གྲགས་པ་ནི་དུས་རབས་ ༡༨ པའི་འགོ་སྟོད་ནས་བཟུང་སྟེ་མན་ཇུ་ཆིང་རྒྱལ་རྒྱུད་ཀྱི་དབྱར་ཁའི་རྒྱལ་ས་ཡིན་པ་རེད། དེ་ནི་ཧེ་བྷེའི་ (Hebei) 河北 བྱང་ཤར་ལ་ཆགས་ཡོད་པ་དང་སྔོན་མན་ཇུའི་ལྷོ་ཕྱོགས་ཀྱི་རེ་ཧེའི་ཞིང་ཆེན་ཡིན་པ་རེད། དེའི་ནང་དགོན་པ་བཅུ་གཅིག་(༡༡)ཡོད་པ་དང་དེ་དག་ལས་བརྒྱད་ (༨) གནས་ཡོད། དགོན་པ་འགའ་ཞིག་གི་བཟོ་བཀོད་ནི་བོད་དང་ཇུན་གར་གྱི་དྲན་རྟེན་རྡོ་རིང་ལྷ་ཁང་སོགས་ལ་དཔེ་བྱས་ཡོད། དེ་ནི་བོད་སོག་གི་ནང་ཆོས་ལ་མན་ཇུའི་རྒྱབ་སྐྱོར་སྟོན་པའི་ཁྱབ་བསྒྲགས་ཀྱི་དགོས་འདུན་ཆེད་དུ་ཡིན་པ་རེད། དགོན་པ་རྣམས་ནི་བྷོཀྶར་གྱེན་ལོག་ (Boxer Rebellion) རྗེས་ཀྱི་དུས་རབས་ཉི་ཤུའི་འགོ་སྟོད་ནས་བཟུང་ཟིང་འཁྲུག་གི་ནང་དུ་ཡོད་པ་དང་། དེ་དག་ཐམས་ཅད་ཕྱི་ལོ་ ༡༩༣༩ ལོར་ཉི་ཧོང་དང་མཉམ་དུ་དམག་འཁྲུག་སྐབས་སུ་སྒོ་རྒྱག་ཡོད། དེ་དག་འགའ་ཞིག་ནི་སྔ་ཤོས་ལ་ཕྱི་ལོ་ ༡༩༥༨ ལོར་གཏོར་བཤིག་གཏོང་འགོ་ཚུགས་ཡོད། ཕྱི་ལོ་ ༡༩༨༦ ལོ་ནས་འགོ་ཚུགས་ཏེ་དེ་དག་ལས་གཅིག་མ་མཏོགས་གཞན་ཐམས་ཅད་སླར་ཡང་སྒོ་ཕྱེས་ཡོད། ཡུན་གནས་ཐུབ་པའི་དགོན་པ་དེ་དག་ལ་གནོད་སྐྱོན་དེ་ཙམ་ཤོར་མེད་པའི་བཟོ་འདྲ་ཞིག་འདུག 

ཁྲེང་ཏེའི་ནང་གཤམ་གྱི་དགོན་པ་ཁག་ཡོད།

༡༽ དཔལ་ཆེན་ནོར་བུ་གླིང་ (Puning Si) 普宁寺 ནི་བོད་ཀྱི་བསམ་ཡས་དགོན་པར་དཔེ་བྱས་པའི་མན་ཇུའི་ལུགས་དང་བསྟུན་པའི་དགོན་པ་ཞིག་རེད། དེའི་ནང་གྲྭ་པ་ ༥༥ ཡོད་པ་དང་གྲྭ་པ་དེ་དག་ལས་ཨ་མདོ་བ་གཅིག་དང་སོག་པོ་ཀོ་ཀོ་ནོར་བཞི་མ་གཏོགས་གཞན་ཚང་མ་ནང་སོག་ཡིན་པ་རེད། དགོན་པ་དེ་ལ་རྒྱ་ནག་གཞུང་གིས་མ་དངུལ་སྦྱིན་བདག་བྱས་ཡོད་པ་དང་གྲྭ་པ་ཚང་མར་གཞུང་གི་གྲྭ་ཕོགས་རག་གི་ཡོད་ནའང་། ལེ་ཉིན་རིང་ལུགས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་མི་དགོས་པ་ཡིན། འདི་ནི་ནང་སོག་རྣམས་ཆོས་ལ་སློབ་སྦྱོང་བྱེད་ས་ཡག་ཤོས་དེ་ཡིན་པ་དང་གྲྭ་པ་ཚོས་བླ་མ་མཆོད་པ་དང་གཤིན་རྗེ་གཤེད་ལྟ་བུ་དགེ་ལུགས་པའི་གསང་སྔགས་ཉམས་ལེན་དང་དེ་དག་གི་དོན་དག་སོགས་ལ་སློབ་སྦྱོང་བྱེད་ཀྱི་ཡོད། ཁོང་ཚོས་ད་དུང་ཨ་མདོ་བླ་བྲང་ནས་ཡིན་པའི་དགེ་རྒན་ཞིག་དང་མཉམ་དུ་སྒེར་གྱི་ངོས་ནས་མཚན་ཉིད་དང་རྩོད་གླེང་སྦྱོང་གི་ཡོད། འདི་ནི་གཞུང་གིས་གནང་བ་སྤྲད་པའི་གྲྭ་པ་ཡོད་པ་དང་བྱེད་སྒོ་ཁག་སྤེལ་ཆོག་པའི་ཁྲེང་ཏེར་ཡོད་པའི་དགོན་པ་གཅིག་རང་དེ་ཡིན་པ་རེད། དགོན་པ་གཞན་ཚང་མ་ནི་ཡུལ་སྐོར་སྤྲོ་འཆམ་པའི་ཆེད་དུ་འགྲེམས་སྟོན་ཁང་བཟོས་ཡོད། སྔོན་དེ་ལ་གྲྭ་ཚང་སྡེ་ཚན་བཞི་ཡོད་པ་རེད། 

༢༽ པོ་ཏཱ་ལ་ (Putuozongcheng Miao) 普陀宗乘庙 ནི་ལྷ་སར་ཡོད་པའི་པོ་ཏཱ་ལ་ཕོ་བྲང་གི་འདྲ་བཟོ་ཞིག་ཡིན་པ་རེད། ལྷ་ཁང་གཙོ་བོའི་དཀྱིལ་དུ་མན་ཇུ་ཆིང་བཞི་པ་གོང་མ་ཆིའན་ལུང་ (Qianlong) 乾隆 གི་ཁྲི་ཆེན་པོ་ཞིག་ཡོད་པ་དེ་ནི་༧གོང་ས་མཆོག་གི་ཁྲིའི་འདྲ་བཟོ་ཡིན་པ་རེད། དགོན་པ་འདི་ད་ལྟའི་ཆར་རྒྱ་ནག་གི་གཞུང་གིས་སླར་གསོ་དང་བསྐྱར་བཞེངས་བྱས་ཡོད། 

༣༽ བཀྲ་ཤིས་ལྷུན་པོ་ (Xumifushou Miao) 须弥福寿庙 ནི་གཞིས་ཀ་རྩེར་ཡོད་པའི་བཀྲ་ཤིས་ལྷུན་པོ་དགོན་པའི་འདྲ་བཟོ་ཞིག་ཡིན་པ་རེད། 

༤༽ ཡུར་བདེ་ལྷ་ཁང་ (Anyuan Miao) 安远庙 ནི་གྷུལ་ཇ་ (Gulja) ཟེར་བ་དེང་སང་ཡི་ཉིང་ (Yining) 伊宁 ཞིང་ཆེན་དུ་ཡོད་པའི་གསེར་ཐོག་ཅན་གྱི་དགོན་པའམ་ཨལ་ཏུན་དེ་ཡརྟ་ སུམ་ (Altun-de-yurt Sum) ཟེར་བའི་འདྲ་བཟོ་ཞིག་ཡིན་པ་དང་། དེ་ནི་ཤར་ཏུར་ཀིའི་ནང་གི་ཇུན་གར་གྱི་དགོན་པ་གཙོ་བོ་དེ་ཡིན་ཞིང་། ཇུན་གར་དང་མན་ཇུའི་དམག་འཁྲུག་སྐབས་སུ་མན་ཇུས་གཏོར་བཤིག་བཏང་ཡོད། 

༥༽ འཇམ་དཔལ་མཚན་ལྡན་ལྷ་ཁང་ (Shuxiang Si) 殊像寺 ནི་རྒྱ་ལུགས་ལྟར་བཞེངས་ཡོད་པ་དང་དེ་ནི་མན་ཇུའི་གྲྭ་པ་ཚོའི་ཆེད་དུ་ཡིན་པ་རེད། དེ་ནི་རྒྱ་ནག་སྐད་དུ་བཞུགས་པའི་སངས་རྒྱས་ཀྱི་གསུང་རྣམས་མན་ཇུའི་སྐད་དུ་བསྒྱུར་ས་དེ་ཡིན་པ་དང་། དེ་ལ་ཁྱབ་བསྒྲགས་ཀྱི་དགོས་དོན་ཆེད་དུ་མན་ཇུའི་བཀའ་འགྱུར་ཞེས་བརྗོད་ཀྱི་ཡོད། 

༦༽ ཀུན་བདེ་ལྷ་ཁང་ (Pule Si) 普乐寺 ནི་འཁོར་ལོ་སྡོམ་པའི་མཎྜལ་གྱི་ཆ་ཚད་གསུམ་དང་ལྡན་པ་ལྟ་བུར་བཞེངས་ཡོད་པ་དང་། དེའི་ནང་རྟེན་དུ་དབུས་སུ་འཁོར་ལོ་སྡོམ་པའི་སྐུ་འདྲ་ཆེན་པོ་ཞིག་བཞེངས་ཡོད། འོན་ཀྱང་། དེའི་ཐོག་རྩེག་དཀྱིལ་མ་དེ་ནི་པེ་ཅིང་དུ་ཡོད་པའི་ཁུང་ཙིའི་ལྷ་ཁང་གཙོ་བོ་ལྷ་ཡུལ་གྱི་ལྷ་ཁང་ལ་དཔེ་བྱས་ཡོད། དེ་ནི་རྒྱལ་ཁབ་ཆིག་སྒྲིལ་ཆེད་ཁྱབ་སྤེལ་དང་བོད་སོག་ནང་ཆོས་དང་རྒྱ་ནག་ཁུང་ཙིའི་དབར་ལ་ཞི་མཐུན་དངོས་སུ་སྟོན་པའི་ཆེད་དུ་ཡིན་པ་རེད། 

༧༽ པུ་རེན་སི་ (Puren Si) 普仁寺 ཁྲེང་ཏེའི་ནང་གི་དགོན་པ་རྙིང་ཤོས་དེ་ཡིན་པ་དང་དེ་ནི་རྒྱ་ནག་གི་ལུགས་དག་མར་བཞེངས་ཡོད།།

Top