ཆོས་ལུགས་སྣ་འཛོམས་ཀྱི་སྤྱི་ཚོགས་ནང་གནས་སྡོད་དང་ལས་ཀ་བྱེད་པ།

ང་ལ་ཆོས་ལུགས་ཀྱི་ཆ་ནས་མི་འདྲ་བ་ཡོད་པའི་སྤྱི་ཚོཌ་མཐུན་སྒྲིལ་ངང་གནས་སྡོད་དང་ལས་ཀ་བྱེད་པའི་སྐོར་ལ་སྐད་ཆ་ཤོད་རོགས་ཞེས་འབོད་སྐུལ་ཞུས་བྱུང་། བརྗོད་གཞི་འདིའི་ནང་རྣམ་པ་མི་འདྲ་བ་སྣ་ཚོགས་པ་ཚུད་ཡོད།  ང་ཚོའི་གུས་ཞིང་བརྩེ་བའི་གོ་སྒྲིག་གནང་མཁན་གྱིས་གསུངས་པ་བཞིན། གཅིག་ནི་༸གོང་ས་མཆོག་གིས་རྒྱུན་དུ་ནན་བཤད་གནང་བའི་འགྲོ་བ་མིའི་རིན་ཐང་དང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་རེད། ང་ཚོ་སྤྱི་ཚོགས་བྱེ་བྲག་པ་ཞིག་གི་ནང་གནས་ནས་ནང་ཁུལ་ཆོས་དད་ལ་ཁྱད་པར་གང་ཡོད་ནའང་།  བཟང་སྤྱོད་ནི་ཆོས་ལུགས་བྱེ་བྲག་པ་ཞིག་གི་དད་པའི་སྒྲོམ་གཞི་ཁོ་ནར་བརྟེན་མི་དགོས། འོན་ཀྱང་བཟང་སྤྱོད་གྱི་ཆ་འགའ་ཤས་ཡོད་པ་དེ་དག་འགྲོ་བ་མིའི་རིན་ཐང་ལ་གཞི་བཞག་ཡོད་པ་དང་། དེ་དག་ནི་ཆོས་ལུགས་ཚང་མ་དང་ཆོས་ལ་དད་པ་མེད་མཁན་ཚོས་ཀྱང་ཁས་ལེན་བྱེད་ཀྱི་ཡོད། རིན་ཐང་དེ་དག་ནི་ང་ཚོ་ཚང་མ་འདྲ་མཉམ་ཡིན་པ་ངོས་ལེན་བྱས་པའི་ཐོག་གཞི་བཞག་ཡོད། དེ་ནི་མི་ཚང་མ་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་མཁན་ཤ་སྟག་རེད། དེའི་ཐད་ལ་ང་ཚོ་ཚང་མ་གཅིག་པ་ཡིན་པ་དང་། ང་ཚོ་ཚང་མར་ཚོར་བ་གཅིག་མཚུངས་ཡོད། མི་ཚང་མས་རང་ཉིད་ལ་གཞན་གྱིས་དགའ་པོ་བྱེད་ས་དང་བརྩི་བཀུར་བྱེད་ཡུལ་ཞིག་ཆཌ་འདོད་བྱེད་པ་ལས། མི་སུ་འདྲ་ཞིག་ཡིན་ཀྱང་གཞན་གྱིས་སྣང་མེད་ཡང་ན་སྡུག་སྦྱོང་གཏོང་ཡུལ་ཆགས་འདོད་མེད། མི་ཚང་མས་རང་ཉིད་ལ་གཞན་གྱིས་གུས་ཞབས་དང་བསམ་ཞིབ་བྱེད་འདོད། དེ་འདྲ་སོང་ཙང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་འདིའི་སྤྱིར་བཏང་ལངས་ཕྱོགས་ཀྱི་གཞི་རྩ་ནི་༸གོང་ས་མཆོག་གིས་རྒྱུན་དུ་ནན་བཤད་གནང་བའི་སྙིང་རྗེ་ལ་གཞི་རྟེན་བྱས་ཡོད། དེ་ནི་གཞན་རྣམས་སྡུག་བསྔལ་དང་དཀའ་ངལ་རིགས། དེ་བཞིན་དེ་དག་གི་རྒྱུ་དང་བཅས་པ་མཐའ་དག་ལས་འབྲལ་ཐུབ་པའི་འདུན་པའམ་ཡིད་སྨོན་དེ་ཡིན།

འོ་ན་དཀའ་རྙོག་དང་སེམས་མི་སྐྱིད་པའི་རྒྱུ་དེ་དག་གང་རེད་དམ་ཟེར་ན། རྒྱུ་རྐྱེན་མང་པོ་ཡོད། ང་ཚོ་ནི་ད་ལྟ་དཔལ་འབྱོར་གྱི་དཀའ་ངལ་སྣ་ཚོགས་ཡོད་པ་བཤད་མི་དགོས་པའི་ཐོག་འཛམ་གླིང་ས་ཕྱོགས་གང་སར་རྩོད་རྙོག་གིས་ཁེངས་པའི་དུས་རབས་ཤིག་ནང་གནས་ཡོད་པ་དང་། ང་ཚོ་ཚང་མ་ཕན་ཚུན་རྟེན་ཅིང་འབྲེལ་ནས་གནས་ཡོད་དུས། འཛམ་གླིང་གི་གནས་གཅིག་ལ་བྱུང་བའི་གནས་ཚུལ་གྱིས་མི་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལས། ང་ཚོ་ལོགས་སུ་ཁྱེར་རྐྱང་ངང་གནས་པའི་དུས་ཚོད་དེ་ཡོལ་ཟིན་པ་རེད།

དེར་བརྟེན་ང་ཚོས་ཆོས་དད་འདྲ་མིན་ལ་བལྟ་བའི་སྐབས། བཤད་མི་དགོས་པ་བཞིན་དད་པའི་ལམ་ལུགས་འདྲ་མིན་ཡོད་པ་དེ་དག་གིས་དཀའ་ངལ་འཕར་མ་བཟོ་གི་མེད་པ་ཤེས་དགོས་རྒྱུ་དེ་ཧ་ཅང་གི་གལ་གནད་ཆེན་པོ་རེད། བྱས་ཙང་། བཤད་མི་དགོས་པ་ལྟར་དྲི་བ་གང་རེད་ཟེར་ན། ཆོས་དད་འདྲ་མིན་ལ་ཡོད་པའི་རྐྱེན་གྱིས་ང་ཚོས་གང་འདྲ་བྱས་ནས་རྩོད་པ་དང་། འཁྲུག་འཛིང་། གོ་ནོར་ཐེབས་པ་སོགས་མི་ཡོང་བ་བྱེད་དགོས་སམ། “ཆོས་ལུགས་དང་ཆོས་ལུགས་མ་ཡིན་པ་ཚང་མ་གཅིག་པ་རེད།  ཆོས་དང་མ་འབྲེལ་བའི་དད་པ་ཡིན་ནའང་ཚང་མ་གཅིག་པ་རེད། ང་ཚོ་ཚང་མས་འཛམ་གླིང་འདི་སྔར་ལས་བཟང་བའི་གནས་ཞིག་སྐྲུན་རྒྱུའི་གཞི་རྩའི་ལས་འགན་ལ་ཡིད་ཆེས་བྱེད་ཀྱི་ཡོད།” ཅེས་དེ་འདྲ་ལབ་པ་ཙམ་གྱིས་འདོད་པ་ཁེངས་ཐུབ་པ་དང་འདང་ངེས་མེད། ང་ཚོ་ཚང་མས་རིན་ཐང་དང་། མངོན་འདོད། དེ་བཞིན་དམིགས་ཡུལ་གཅིག་པ་མཉམ་སྤྱོད་བྱེད་ཀྱི་ཡོད་ཀྱང་། ད་དུང་ཁྱད་པར་མང་པོ་ཡོད་པས། ཆོས་ལུགས་འདྲ་མིན་ལ་ཁྱད་པར་མེད་ཟེར་ན་སྐད་ཆ་འདི་དྲང་པོ་མ་རེད། 

འོན་ཀྱང་རྩོད་རྙོག་འབྱུང་རྐྱེན་གཙོ་བོ་ནི་ང་ཚོས་གཞན་གྱི་དད་པ་དང་ཡིད་ཆེས་ལ་ཤེས་རྟོགས་མེད་པའམ་རྨོངས་པ་ལ་བརྟེན་ནས་འབྱུང་གི་ཡོད། དེའི་ཐོག་ང་ཚོས་རང་ཉིད་ཀྱི་སྲོལ་རྒྱུན་ལ་གོ་བ་གཏིང་ཟབ་པོ་མེད་པའི་རྐྱེན་ལ་བརྟེན་ནས། གནས་སྟངས་སྡུག་ཏུ་དང་མགོ་རྙོག་ཏུ་གཏོང་གི་ཡོད། བྱས་ཙང་། རྒྱུས་མངའ་དང་གོ་རྟོགས་ཐོག་གཞི་བཞག་པའི་ཚབ་ཏུ། ང་ཚོས་རང་ཉིད་ཀྱི་རྒྱབ་ལྗོངས་དང་གཞན་གྱི་རྒྱབ་ལྗོངས་ཐད་ང་ཚོའི་བློའི་འཁྱེར་ཕྱོགས་རྒྱུན་དུ་ལས་སླ་པོའི་ངང་ “རྐང་རྩེད་སྤོ་ལོའི་རུ་ཁག་” གི་བློ་འཁྱེར་ཕྱོགས་ལྟ་བུ་ཆགས་ཀྱི་ཡོད། རྐང་རྩེད་སྤོ་ལོའི་བློའི་འཁྱེར་ཕྱོགས་ཟེར་བའི་དོན་ནི། “འདི་ངའི་རྐང་རྩེད་སྤོ་ལོའི་རུ་ཁག་རེད། འདི་རུ་ཁག་ཡག་ཤོས་རེད། ང་ཚོར་ངེས་པར་དུ་རྒྱལ་ཁ་ཐོབ་དགོས། ང་ཚོས་འགྲན་བསྡུར་ནང་འཛུལ་ནས་རུ་ཁག་གཞན་ཚང་མ་ཕམ་ཉེས་གཏོང་དགོས།” ཟེར་པ་འདྲ་པོ་རེད། དེ་ནི་ངའི་ཆོས་ལུགས་དེ་ཡག་ཤོས་རེད། གང་ཡིན་ཟེར་ན། དེ་ནི་ངའི་ཆོས་ལུགས་ཡིན་པ་དང་ངའི་ནང་མིའི་སྲོལ་རྒྱུན་རེད་ཟེར་བ་དང་འདྲ་མཚུངས་རེད།

སྐབས་ཅིག་༸གོང་ས་མཆོག་ལ། “ཆོས་ལུགས་ཡག་ཤོས་གང་རེད་དམ་” ཞེས་བཀའ་འདྲི་ཞུས་པའི་ལན་དུ། ༸གོང་ས་མཆོག་གིས། “ཆོས་ལུགས་ཡག་ཤོས་དེ་ནི་ཁྱེད་མི་བཟང་པོ་ཆགས་རྒྱུར་རོགས་རམ་བྱེད་ཐུབ་མཁན་དེ་རེད།” ཞེས་ལན་འདེབས་གནང་། བྱས་ཙང་། མི་ངོ་རེར་ཆ་མཚོན་ན། ཆོས་ལུགས་གཅིག་གམ་ཡང་ན་གཞན་ཞིག་གིས་གང་ཟག་དེ་མི་བཟང་པོ་བཟོ་རྒྱུར་ཕན་ཐོགས་མང་ཤོས་ཡོད་པ་གསལ་པོ་རེད། དོན་འདི་ངའི་བསམ་པར། ཆོས་ལུགས་སྣ་མང་གི་སྐོར་གླེང་དུས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པའི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་ཆོས་ལུགས་ཚང་མས་ཆོས་ལུཌ་སོ་སོར་དད་མོས་བྱེད་མཁན་ཚོ་མི་བཟང་པོ་དང་ལེགས་སུ་གཏོང་ཐབས་བྱེད་ཀྱི་ཡོད་པ་ངོས་འཛིན་དང་ཁས་ལེན་བྱེད་དགོས། དེ་ལྟར་ཡོང་བར་ང་ཚོར་ཆ་རྒྱུས་ཡོད་དགོས། ང་ཚོར་རང་གི་ཆོས་ལུགས་སྐོར་ཤེས་རྟོཌ་དགོས་པ་དང་། གཞན་གྱི་ཆོས་ལུགས་སྐོར་ལའང་ཤེས་རྟོཌ་ཡོད་དགོས། དེ་ནི་ཚན་རིག་དང་མཐུན་པའི་ཐབས་ལམ་ཐོག་སློབ་སྦྱོང་གི་ལམ་ལུགས་ནང་དུ་སུ་ཞིག་ཀྱང་ཆོས་ལུགས་བརྗེ་སྒྱུར་གྱི་ཐབས་ཤེས་བྱེད་མི་དགོས་པ་དང་ཚད་ལས་བརྒལ་བའི་ཚོད་དཔག་གི་བློའི་ཁྱེར་ཕྱོགས་གང་ཡང་བཟུང་མི་དགོས་པར་སྤྱིར་བཏང་གི་ཤེས་བྱའི་ཐོག་ནས་བྱེད་ཐུབ། དེ་ནི་ཕན་ཐོགས་ཤིན་ཏུ་ཆེ་བ་དང་གལ་གནད་ཀྱང་ཆེན་པོ་རེད། 

ཆོས་ལུགས་འདྲ་མིན་གྱི་དབུ་འཛིན་རྣམ་པའི་དབར་གྱི་ཚོགས་འདུ་འདྲ་མིན་འཚོགས་ཀྱི་ཡོད། ༸གོང་ས་མཆོག་དེ་འདྲ་བའི་ཆོས་ལུགས་ནང་ཁུལ་གྱི་བགྲོ་གླེང་ནང་མཉམ་ཞུགས་གནང་རྒྱུར་ཐུགས་ཧ་ཅང་མཉེས་པོ་གནང་བ་དང་། ཁོང་གི་དེ་རིགས་ཕན་ཐོགས་ཆེན་པོ་ཡོད་པ་གཟིགས་ཀྱི་ཡོད། ངས་ཚོགས་འདུ་དེ་འདྲའི་རིགས་ལ་ཐེངས་འགའ་ཤས་མཉམ་ཞུགས་བྱས་པ་དྲན་གྱི་འདུག །དེ་ཚོའི་ནང་གི་གཅིག་ནི་མཁན་པོ་བྷར་ཐོ་ལོ་མིའུ་ Patriarch Bartholomew དང་ལྷན་དུ་ཧ་ཅང་ཚད་མཐོ་པོའི་ཚོགས་འདུ་ཞིག་རེད། བླ་ཆེན་ཁོང་ནི་ཨིསི་ཏནབྷུལ་ Istanbul ནང་ཡོད་པའི་ཡེ་ཤུ་ཆོས་ལུགས་ཀྱི་མཁན་པོ་རེད། ཁོང་གིས་ལས་འཁུར་བཞེས་ནས་རིང་པོར་མ་སོང་བར་ངས་ཁོང་དང་ཐུག་འཕྲད་བྱུང་སོང་། དེ་དུས་ཁོང་ཉི་ཧོང་དུ་ཕེབས་ལ་ཉེ་བ་དང་། ནང་པའི་དབུ་ཁྲིད་ཞིག་དང་ཐེངས་དང་པོ་མཇལ་འཕྲད་གནང་འཆར་འདུག །ཁོང་གིས་ང་ལ་༸གོང་ས་མཆོག་གིས་ནང་ཆོས་སྐོར་ལྗཌ་རྩོམ་གནང་བ་ཁོང་གིས་གཟིགས་པ་འགའ་ཤས་ཀྱིས་ཕན་ཕོགས་ཧ་ཅང་ཆེན་པོ་བྱུང་སོང་ཞེས་གསུངས་བྱུང་། གང་ཡིན་ཟེར་ན། ཁོང་གིས་དེ་སྔོན་ནང་ཆོས་སྐོར་དེ་ཙམ་མང་པོ་མཁྱེན་གྱི་མེད་པས། དེབ་དེ་ཚོ་བཀླགས་ནས་ཁོང་གིས་ཉི་ཧོང་ནང་ཡོད་པའི་ནང་པའི་དབུ་ཁྲིད་ཚོ་དང་ལྷན་དུ་དོན་སྙིང་ལྡན་པའི་ཐོག་གླེང་མོལ་གནང་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་པ་ང་ལ་བཤད་བྱུང་། བྱས་ཙང་། ང་ཚོས་ཆོས་ལུགས་ནང་ཁུལ་གོ་རྟོགས་དང་མཉམ་ལས་ཀྱི་བསམ་བློ་གུ་ཡངས་འདི་འདྲ་ཡོང་ཐུབ་པའི་གཞི་རྩ་ནི་སློབ་སྦྱོང་དང་ཤེས་ཡོན་ཡིན་པ་ཤེས་ཐུབ། དེ་འདྲ་ནི་ང་ཚོས་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཁྲོད་ནས་ཤེས་ཐུབ། 

ངས་ལྷག་པར་དུ་ནང་པ་དང་ཁ་ཆེའི་དབར་གྱི་གྲོས་མོལ་ཐད་ལས་ཀ་བྱས་པ་ཡིན། དེ་ཡང་ཐོག་མར་ཕྱི་ལོ་ ༡༩༩༠ དཀྱིལ་ནས་དེའི་ཐོག་དོ་དབྱིངས་སླེབས་པ་རེད། གང་ཡིན་ཟེར་ན། དེའི་སྐབས་ལ་བོད་ནང་གི་གནས་སྟངས་ནི་རྒྱ་ནག་ཁ་ཆེ་མང་པོ་ཞིག་བོད་ནང་གནས་སྡོད་བྱེད་འགོ་བཙུགས་པ་དང་། ལྷག་པར་དུ་བོད་ཀྱི་བྱང་ཤར་ཁུལ་དུ་མང་པོ་གནས་སྡོད་བྱས་ཡོད། 

སྔར་ཁ་ཆེ་བ་རྣམས་བོད་ཀྱི་དབུས་ཕྱོགས་སུ་བསྡད་ཀྱི་ཡོད། ཁོང་ཚོ་མང་ཆེ་བ་ལ་དྭགས་དང་ཀཥྨིར་ཕྱོགས་ནས་ཡོང་བའི་ཚོང་པ་རེད། དུས་རབས་བཅུ་བདུན་པའི་ནང་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས། ཁོང་གིས་ཁྲིམས་འདྲ་མིན་གཏན་འབེབས་མཛད་ནས། ཁ་ཆེ་བ་ཚོར་དགོས་ངེས་ཀྱི་དམིགས་བསལ་ཐོབ་ཐང་མང་པོ་ཞིག་གནང་བའི་ནང་ཁ་ཆེའི་ལྷ་ཁང་ཞིག་གསར་འཛུགས་དང་། ཁོ་རང་ཚོ་རང་ཉིད་ཀྱི་དུར་ཁྲོད། ནང་པའི་ཆོ་ག་འདྲ་མིན་ནམ་ཡང་ན་འགྲོ་ལུཌ་ལ་སོགས་ལོ་གཅིག་གི་དུས་སྟོན་ཁག་ནས་ཆག་ཡང་བཏང་གནང་མཛད་ཡོད། དེར་བརྟེན་སྲོལ་རྒྱུན་ལྟར། སྔར་བོད་ནང་དུ་ཆོས་ལུགས་དེ་གཉིས་བར་ལ་རྡབ་འཁྲུག་རིགས་མེད། འོན་ཀྱང་ཆེས་ཉེ་བའི་དུས་ནང་རྒྱ་མི་རིགས་ཡིན་པ་མང་པོ་བོད་ནང་གནས་སྤོས་ཐོག་སྡེབ་འབྱོར་བྱས་པ་དང་མཉམ་དུ་དཔལ་འབྱོར་གྱི་འགྲན་རྩོད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། བོད་ནང་གནས་སྤོས་བྱེད་བཞིན་པའི་ནང་མང་པོ་ཞིག་ནི་ཁ་ཆེ་རེད། 

བྱས་ཙང་། རྒྱ་ཆེ་ས་ནས་དབུས་ཨེ་ཤ་དང་། དེ་བཞིན་ཁ་ཆེ་དང་། ནང་པ། ཡེ་ཤུའི་སྤྱི་ཚོགས་དབར་གྱི་ལོ་རྒྱུས་ཀྱི་འབྲེལ་ལམ་ལ་བསམ་བློ་བཏང་ན། ཆོས་ལུགས་དེ་དག་ཕན་ཚུན་དབར་བགྲོ་གླེང་འགོ་འཛུགས་དང་། ཤོག་ཁག་ཕན་ཚུན་བར་ལ་བསམ་ཤེས་དེ་བས་མང་བ་དགོས་རྒྱུ་དེ་ངས་གལ་གནད་ཧ་ཅང་ཆེན་པོ་ཡིན་པ་ཚོར་སོང་། ལྷག་པར་དུ་ནང་པ་དང་ཁ་ཆེའི་བར་ལ་དེ་ངེས་པར་དུ་དགོས། དེས་མངལ་ཁུལ་ཡོངས་སུ་རྫོགས་པ་ཡར་རྒྱས་ཡོང་བར་ཕན་ཐོགས་ངེས་རེད། ངས་ལས་ཀ་མང་པོ་ཞིག་བྱས་པའི་ནང་ནས་གཅིག་ནི་རིག་གཞུང་དེ་གཉིས་དབར་གྱི་འབྲེལ་ལམ་ཐོག་དོན་དངོས་ལོ་རྒྱུས་ཀྱི་དཔྱད་རྩོམ་མང་པོ་འབྲི་འགོ་བཙུགས་པ་ཡིན། དེས་རང་ཉིད་ལ་དབུས་ཤར་ཡུལ་གྱི་ཁ་ཆེའི་རྒྱལ་ཁབ་ཁག་ནང་དུ་བསྐྱོད་ནས་དེར་ཡོད་པའི་ཁ་ཆེའི་མཁས་དབང་ཁག་གི་དྲུང་ནས་སློབ་སྟོན་ཞུ་བའི་གོ་སྐབས་བཟང་པོ་བསྐྲུན་ཐུབ་པ་བྱུང་། ངས་ཤེས་བྱ་འཚོལ་གྱི་ཡོད་པར་བརྟེན། ཁ་ཆེའི་མཁས་དབང་ཚོའི་ནང་ནས་ཀྱང་ཧ་ཅང་བློ་ཁ་ཡངས་པོའི་ངང་རིག་གཞུང་དེ་གཉིས་དབར་གྱི་ལོ་རྒྱུས་ཀྱི་འབྲེལ་ལམ་ཐོག་གོ་ནོར་ཐེབས་པ་མང་པོ་ཡོད་པ་རྣམས་མེད་པ་བཟོ་ཆེད་རོགས་རམ་གང་ཐུབ་གནང་བྱུང་། ཡོད་བཞིན་པའི་ལོ་རྒྱུས་འགྲེལ་བརྗོད་མང་པོའི་ནང་། “ཁ་ཆེ་བཙན་འཛུལ་བྱེད་མཁན་གྱིས་རྒྱ་གར་ནང་དུ་ཡོང་ནས། ནང་པ་དང་འབྲེལ་བའི་རིགས་་ཚང་མ་གཏོར་བཤིག་བཏང་བ་རེད།” སོགས་འཁོད་ཡོད། གཏོར་བཤིག་འགའ་ཤས་ཐེབས་ཡོད་པ་དེ་བདེན་པ་ཡིན་མོད། འོན་ཀྱང་དེས་དངོས་སུ་གང་བྱུང་བ་གསལ་སྟོན་བྱེད་མི་ཐུབ་པ་དང་། ལོ་རྒྱུས་རིང་བ་དེ་གང་ཡིན་པ་དེ་མཚོན་ཐུབ་ཀྱི་མ་རེད། ནང་པ་ཚོས་ཁ་ཆེ་བ་ཚོ་རྒྱ་གར་གྱི་ནང་པའི་དགོན་སྡེ་ཁག་གཏོར་བཤིག་གཏོང་མཁན་དུ་ངོས་འཛིན་བྱེད་པའམ། ཡང་ན། ཁ་ཆེ་བ་ཚོས་ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཚོས་ཁོང་ཚོར་སེར་དམག་དྲངས་པ་ངོས་འཛིན་བྱས་ནས་བསྡད་ན། དེས་ཕན་ཚུན་དབར་དེ་ལས་མང་བའི་དཀའ་ངལ་དང་འཁྲུག་རྩོད་རྒྱུན་ཆད་མེད་པ་ཡོང་རྒྱུ་ལས་མེད།

བྱས་ཙང་། ངས་ཨི་ཇིབ་དང་། ཇོརྡན། Jordan ཏུར་ཀི་ Turkey སོགས་ལ་འགྲུལ་བསྐྱོད་བྱས་ནས། གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་དེ་བཞིན་ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཁྲིད་འདྲ་མིན་དང་ཐུག་འཕྲད་བྱས་པ་ཡིན། རང་གི་འབད་བརྩོན་གང་བྱས་པ་དེ་ལ་ཁཡེ་རོ་ Cairo ནང་ཡོད་པའི་ཆོས་ཀྱི་གཙུག་ལག་སློབ་ཁང་ཆེན་མོའི་ཨལ་ཨ་ཛར་ Al Azhar གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་མཆོག་གིས་བསྟོད་བསྔགས་ཤུགས་ཆེ་གནང་བྱུང་། ཁོང་གིས་ཕྲན་ནི་བདེན་པའི་འཐབ་རྩོད་བྱེད་མཁན་དངོས་དང་། ཁ་ཆེའི་འཐབ་རྒོལ་བའམ་“མུ་ཇཱ་ཧེ་དཱིན་” mujahedin ཟེར་བའི་མཚན་ཉིད་ངོ་མ་དེ་རེད་ཅེས་གསུངས་བྱུང་། བྱས་ཙང་། ངས་དངོས་སུ་གང་བྱུང་བའི་བདེན་པ་གསལ་སྟོན་བྱེད་རྒྱུར་འབད་བརྩོན་བྱས་པ་ཡིན། བརྒྱུད་རིམ་དེའི་ནང་ངས་གང་ཤེས་སོང་ཟེར་ན། རང་གིས་ཐུག་འཕྲད་བྱས་པའི་གཙུག་ལག་སློབ་ཁང་ཆེན་མོའི་སློབ་དཔོན་རྣམས་དང་། དེ་བཞིན་ཁ་ཆེའི་ཆོས་ལུགས་ཀྱི་དབུ་འཁྲིད་རྣམ་པ་ཙམ་མིན་པར། སློབ་ཕྲུག་ཚོས་ཀྱང་དོ་སྣང་ཧ་ཅང་ཤུགས་ཆེ་གནང་གི་འདུག །ངས་ཁཡེ་རོ་ Cairo གཙུག་ལག་སློབ་ཁང་ཆེན་མོར་ནང་ཆོས་ཀྱི་གཞི་རྩའི་སྐོར་དྭངས་བླངས་ཀྱི་གཏམ་བཤད་བྱས་པའི་སྐབས་སློབ་ཕྲུག་ ༣༠༠ གཏམ་བཤད་ཉན་དུ་སླེབས་སོང་།

སྐབས་ཅིག་༸གོང་ས་མཆོག་གིས་ཁོང་གི་ཆེད་དུ་ལས་དོན་ཞིག་སྒྲུབ་དགོས་པའི་བཀའ་གནང་བྱུང་། ཁོང་གིས་ཕྲན་ལ་ཡང་སེ་ལས་དོན་དེ་འདྲ་བ་གནང་གི་ཡོད། ངས་དེ་རིགས་ལ་ “སྒྲུབ་མི་ཐུབ་པའི་བྱ་བ་” ཟེར་གྱི་ཡོད། ཁོང་གིས་ཕྲན་ལ། “ཁྱེད་ཀྱིས་ང་ལ་ཨ་ཧྥ་རི་ཀའི་སུ་ཧྥི་ Sufi ཁ་ཆེ་མི་རིགས་ནག་པོ་ཆོས་ཀྱི་དབུ་ཁྲིད་ཞིག་བཙལ་ནས་ངའི་སར་གདན་འདྲེན་ཞུ་རོགས།” ཞེས་བཀའ་གནང་། རེ་སྐུལ་དེ་འདྲ་གནང་བ་ལ་ “ཐུགས་རྗེ་ཆེ།” ཞེས་ལན་འདེབས་བྱས་པ་ལས་གཞན་གང་བྱེད་དགོས་སམ། འོན་ཀྱང་༸གོང་ས་མཆོག་ལ་མིའི་ལས་ཀྱི་འབྲེལ་བ་མཁྱེན་ཐུབ་པའི་ངོ་མཚར་ཆེ་བའི་ནུས་པ་ཞིག་ཡོད། ཁོང་གིས་ཕྲན་ལ་ག་དུས་ཁོང་གི་ཆེད་དུ་སྒྲུབ་མི་ཐུབ་པ་ལྟ་བུའི་རེ་སྐུལ་དེ་འདྲ་གནང་སྐབས། དེ་ཧ་ཅང་ལས་སླ་པོའི་ཐོག་ནས་སྒྲུབ་ཐུབ་ཀྱི་ཡོད་པ་དང་། ཚང་མ་ལྷུན་གྱིས་གྲུབ་པ་ལྟ་བུ་ཡོང་གི་ཡོད། དེ་ནས་རིང་པོར་མ་སོང་བར་ང་ཡུ་རོབ་ཏུ་བསྐྱོད། སྐབས་དེ་དུས་ངས་འཛམ་གླིང་ས་ཕྱོགས་གང་སར་སློབ་ཁྲིད་བྱེད་ཀྱི་ཡོད། ཡུ་རོབ་ནང་ང་ལ་འཇར་མན་རྒྱལ་ཁབ་ནས་ཡིན་པའི་མི་ཞིག་དང་འཕྲད་ནས་གླེང་མོལ་བྱུང་། ཁོང་ནི་ཨ་ཧྥ་རི་ཀའི་ནང་ཕྱག་ལས་གནང་མཁན་གྱི་ཕྱི་འབྲེལ་གྱི་དཔོན་རིགས་ཤིག་ཡིན་པ་ཤེས། བྱས་ཙང་། ངས་ཁོང་ལ་༸གོང་ས་མཆོག་གིས་ཕྲན་ལ་བཀའ་མངགས་གནང་བའི་རེ་སྐུལ་བཤད་པ་ཡིན། དེར་ཁོང་གིས། “ཨོ། སྟབས་འཁེལ་བ་ཞིག་ལ་ང་ལ་གྲོགས་པོ་བཟང་པོ་ཞིག་ཡོད། ཁོང་གྷི་ནིའི་ Guinea རྒྱལ་ཁབ་ནས་ཡིན་པའི་སུ་ཧྥི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་རེད་” ཞེས་གསུངས་བྱུང་། གྷི་ནིའི་གླིང་ཆེན་ཨ་ཧྥ་རི་ཀའི་ནུབ་ཕྱོགས་སུ་ཡོད། ངས་༸གོང་ས་མཆོག་གིས་བཀའ་མངགས་གནང་བའི་ནང་དབུ་ཁྲིད་དེ་ཨ་ཧྥ་རི་ཀའི་ནུབ་ཕྱོགས་ནས་ཡིན་དགོས་པའི་ཆ་རྐྱེན་དེ་དྲན་པ་བརྗེད་པ་རེད། དབུ་ཁྲིད་ཁོང་དེའི་སྐབས་ཡུ་རོབ་ལ་ཡོད་ཀྱང་རྒྱ་གར་ནང་སྲོལ་རྒྱུན་གྱི་ཚེའི་རིག་བྱེད་ Ayurveda སྨན་བཅོས་ཆེད་དུ་ཕེབས་མཁན་ཡིན་པ་མ་ཟད། ང་ལྡི་ལིར་ཕྱི་ལོགས་ཀྱི་དུས་ཚོད་བཟོས་པ་དང་ཁོང་ཡང་ས་ཆ་དེར་ཡོད་པའི་དུས་མཉམ་དུ་འཁེལ་ཡོད། ད་དུང་ཁོང་རྒྱ་གར་ནས་ཕྱིར་ལོག་མ་གནང་གོང་ཉིན་འགའ་ཤས་ལྷག་གི་ཡོད་པས། ང་དང་མཉམ་དུ་དྷ་སར་བསྐྱོད་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཀྱི་འདུན་པ་ཡང་ཤུགས་ཆེ་འདུག །བྱས་ཙང་། དེའི་ཐད་དམིགས་བསལ་གོ་སྒྲིག་དང་རྩོལ་བ་གང་ཡང་མི་དགོས་པ་ལྟ་བུ་བྱུང་སོང་།

དེ་ལྟར་ངས་སུ་ཧྥི་ཡི་དབུ་ཁྲིད་དེ་དང་ཐུག་འཕྲད་བྱས། ཁོང་ནི་གཟི་བརྗིད་ཆེན་པོ་འདུག །ཁོང་ཨ་ཧྥི་རི་ཀའི་ཚོ་པའི་འགོ་དཔོན་ཞིག་དང་འདྲ་བར་གཟུགས་སྟོབས་ཧ་ཅང་ཆེ་ལ་ཧ་ཅང་གི་བརྗིད་ཉམས་དོད་པོ་འདུག ང་ཚོ་མཉམ་དུ་རྡ་རམ་ས་ལར་བསྐྱོད་པ་དང་། ཁོང་དང་༸གོང་ས་མཆོག་མཇལ་འཕྲད་གནང་སྐབས་ངས་མཉམ་དུ་བཅར་བ་ཡིན། ཁོང་གིས་ན་བཟའ་དཀར་པོ་བརྗིད་ཆགས་པོ་ཞིག་བཞེས་ཡོད་པ་དང་། དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་ཀྱི་རྣམ་པ་དེ་ནི་ཚོར་ཤུགས་ཆེན་པོ་དང་མཛའ་བརྩེའི་རྣམ་པས་ཁེངས། དེ་ནི་གྲོགས་པོ་རྙིང་པ་གཉིས་ཐུག་འཕྲད་བྱུང་བ་འདྲ་བ་དང་། སུ་ཧྥི་ཡི་བླ་མ་དེ་དགའ་ངུ་ཡང་ཤོར་སོང། ༸གོང་ས་མཆོག་གིས་ཡར་བཞེངས་ནས། རྒྱུན་དུ་མགྲོན་པོ་སྣེ་ལེན་དང་མཇལ་འཕྲད་བྱེད་སའི་ཁང་མིག་ནང་ཕེབས་ཏེ། སུ་ཧྥི་དབུ་ཁྲིད་ཀྱིས་རང་གི་མིག་ཆུ་ཕྱིས་པའི་ཆེད་༸གོང་ས་མཆོག་རང་ཉིད་ཀྱིས་གཙང་ཤོག་བསྣམས་ནས་ཡར་ཕེབས་སོང་། ༸གོང་ས་མཆོག་གིས་དེ་འདྲ་གནང་བ་ངས་དེ་སྔ་རྩ་ནས་མཇལ་མ་མྱོང་། རྣམ་ཀུན་༸གོང་ས་མཆོག་ཁོང་གི་ཆེད་དུ་དེ་འདྲ་བྱེད་མཁན་གྱི་ཕྱག་རོགས་ཞུ་མཁན་ཡང་ན་ཞབས་ཕྱི་ཡོད་པ་ལས། ཁོང་རང་ཉིད་ཀྱིས་ཡར་བཞེངས་ནས་དེ་ལྟར་གནང་དགོས་ཀྱི་མེད། དེ་ནས་རྣམ་པ་གཉིས་ནས་ཐུགས་ཐག་ཉེ་པོའི་ངང་ནང་ཆོས་དང་སུ་ཧྥི་ཡི་ཆོས་ལུགས་ནང་སྙིང་རྗེའི་གཞི་རྩའི་སྐོར་གྱི་ཐོག་བཀའ་བསྡུར་གནང་། དེ་ནས་བཟུང་རྗེས་མའི་ལོ་འགའ་ཤས་ནང་ཁོང་རྣམ་པ་གཉིས་མཇལ་འཕྲད་ཐེངས་མང་བྱུང་ཡོད།

༸གོང་ས་མཆོག་ཁོང་རང་ཉིད་གླེང་མོལ་གནང་རྒྱུར་འདུན་པ་ཤུགས་ཆེ་ཡོད་མཁན་ཞིག་རེད། དེ་ནི་ཁ་ཆེ་བ་དང་མཉམ་དུ་ཙམ་མིན་པར། འཛམ་གླིང་ནང་ཡོད་པའི་ཆོས་ལུགས་གཞན་གྱི་དབུ་ཁྲིད་ཚོ་དང་མཉམ་དུ་དེ་ལྟར་གནང་འདོད་ཡོད། ༸གོང་ས་མཆོག་ནས་ཕྲན་གྱི་དྲྭ་ཚིགས་སྟེང་དུ་ཡོད་པའི་ནང་དོན་ཕལ་ཆེ་བ་ཁ་ཆེའི་སྐད་ཡིག་ཁག་ནང་ཡིག་སྒྱུར་བྱས་ཏེ་ཁ་ཆེའི་འཛམ་གླིང་ནང་ནང་ཆོས་ཀྱི་སྐོར་དང་། བོད། ཁོང་ཉིད་ཀྱིས་མཛད་པའི་ཆོས་ལུགས་དབར་གྱི་མཐུན་སྒྲིལ་དང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་གྱི་ལྗགས་རྩོམ་དང་བཀའ་སློབ་ཁག་བལྟ་ཀློག་ཐུབ་པ་བཟོ་ཐུབ་པའི་སྐུལ་མ་གནང་། བྱས་ཙང་། དེ་ནི་སྒྲུབ་མི་ཐུབ་པའི་བྱ་བ་གཞན་ཞིག་རེད། འོན་ཀྱང་ཧ་ལས་དགོས་པ་ཞིག་ལ་ང་ཚོས་དྲྭ་ཚིགས་སམ་དྲྭ་ལྗོངས་ནང་དོན་གྱི་ཆ་ཤས་ཕོན་ཆེ་ཞིག་ཨ་རབ་དང་ཨུར་རྡུའི་ Urdu སྐད་ཡིག་ནང་དུ་ཡིག་སྒྱུར་བྱས་ཐུབ་ཡོད། ཨུར་རྡུ་ནི་པ་ཀི་སི་ཐཱན་དང་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ཁ་ཆེའི་སྐད་ཡིག་ཅིག་རེད། བདུན་ཕྲག་སྔོན་མའི་ནང་། ཡང་ང་ཚོས་དམིགས་སུ་འཚོལ་མི་དགོས་པའི་ཐོག་རུ་ཁག་གཅིག་གིས་ང་ཚོའི་དྲྭ་ཚིགས་འདི་ཨིན་ཌོ་ནི་ཤི་ཡན་ Indonesian སྐད་ཡིག་ནང་བསྒྱུར་རྒྱུའི་འདོད་པ་ཡོད་པ་བསྟན། ཨིན་ཌོ་ནི་ཤི་ཡ་ནང་འཛམ་གླིང་ཐོག་ཁ་ཆེའི་མི་འབོར་མང་ཤོས་ཡོད་པའི་རྒྱལ་ཁབ་ཤིག་རེད། 

བྱས་ཙང་། ངས་གོང་དུ་བཤད་པ་བཞིན། ཆོས་ལུགས་དབར་མཐུན་སྒྲིལ་གྱི་གཞི་རྩ་ནི་ཤེས་ཡོན་དང་། ཕན་ཚུན་དབར་གྱི་དད་པའི་སྐོར་ཤེས་རྟོགས་ཐུབ་པ་བྱེད་རྒྱུ་དེ་རེད། དེ་ལྟར་བྱུང་ན། གང་ལའང་སྐྲག་དགོས་དོན་མེད་པར་ཤེས་ཀྱི་རེད། ང་ཚོའི་དབར་ཁྱད་པར་གང་ཡོད་པ་དེ་ཚོ་ཁས་ལེན་བྱས་པ་དང་ཆབས་ཅིག་ཏུ་ང་ཚོས་མཐུན་སྒྲིལ་ཆེད་ཐུན་མོང་གི་ཆ་གང་ཡོད་པར་ནན་བཤད་བྱེད་དགོས།

དྲི་བ་དེ་གང་རེད་ཟེར་ན། ཁྱེད་ཚོས་འདི་ག་ཀལ་མུག་ Kalmykia ལ་ཡོད་པ་ནང་བཞིན་ང་ཚོས་ཆོས་ལུགས་སྣ་འཛོམས་ཀྱི་སྤྱི་ཚོགས་ནང་དངོས་སུ་གནས་སྡོད་བྱས་ནས་ལས་ཀ་གང་འདྲ་བྱེད་དགོས་སམ་ཟེར་བ་དེ་རེད། ལྷག་པར་དུ་འདི་ནི་འཛུགས་སྐྲུན་འཆར་འགོད་རིག་གནས་ཀྱི་སློབ་ཁང་ཆེན་མོ་ཞིག་རེད། ཁྱེད་ཚོ་སྡེ་ཚན་འདིའི་ཁོངས་ཀྱི་སློབ་ཕྲུག་ཡིན་པའི་ཆ་ནས་ཁྱེད་ཚོ་ལ་བསམ་ཞིབ་གང་བྱས་ན་ཕན་ཡོན་ཆེ་བ་ཡོད་མེད་ངས་བསམ་བློ་གཏོང་གི་ཡོད། ཚིག་གཞན་བེད་སྤྱོད་བཏང་ནས་བཤད་ན། ཁྱེད་རང་ཚོས་དངོས་པོ་ཞིག་གསར་སྐྲུན་བྱེད་པའི་སྐབས་དང་། དངོས་པོ་ཞིག་འཆར་འགོད་བྱེད་པའི་སྐབས། ཆོས་ལུགས་ཀྱི་དད་པ་དང་ཉམས་ལེན་འདྲ་མིན་སྣ་ཚོགས་པ་དེ་དག་ལ་དགོས་མཁོ་སྦྱོར་བའི་བསམ་ཞིབ་གང་ཞིག་ང་ཚོས་ལག་བསྟར་བྱེད་ཐུབ་བམ། རྒྱ་ཆེ་ས་ནས་བཤད་ན། གལ་སྲིད་ང་ཚོར་ནུས་པ་ཡོད་ན། ང་ཚོས་སྤྱི་ཚོགས་ཤིག་དང་། གཞུང་ཞིག །ས་གནས་ཀྱི་གཞུང་ལ་སོགས་པ་ང་ཚོས་གང་འདྲ་བྱས་ནས་སྒྲིག་བཀོད་བྱེད་དགོས་སམ། ཞེས་པ་དེ་རེད།

ངའི་བློར་དང་པོ་འཆར་ཐུབ་པ་ཞིག་ནི། ཆོས་ལུགས་འགའ་ཤས་ལ་ཁོང་ཚོའི་རྗེས་འབྲངས་པ་ཚོར་ཉིན་རེའི་དུས་ཚོད་ངེས་ཅན་ལ་སྨོན་ལམ་འདེབས་དགོས་པའི་བཀའ་བསྩལ་གྱི་ཡོད། དཔེར་ན། ཁ་ཆེའི་ཆོས་ལུགས་ལྟ་བུར་མཚོན་ན་ཉིན་གཅིག་ལ་སྨོན་ལམ་ཐེངས་ལྔ་འདེབས་དགོས། བྱས་ཙང་། གལ་སྲིད་ཁྱེད་ཀྱིས་ཁང་པའི་ལས་འཆར་གྱི་ས་གནས་ཞིག་ལ་སྟངས་འཛིན་སློབ་སྟོན་བྱེད་སྐབས། དེར་ལས་མི་འགའ་ཤས་ཁ་ཆེ་ཡིན་ན། ཡང་ན། ཁྱེད་ཀྱིས་སྤྱི་པའི་ཁང་པ། སློབ་གྲྭའམ་ཡང་ན་གང་ཡང་རུང་བ་ཞིག་བཟོ་སྐྲུན་བྱེད་པ་དང་། དེ་ཚོའི་ནང་ཁ་ཆེའི་སློབ་ཕྲུག་གམ་དགེ་ལས་ཡོད་པ་དང་། དེ་ཡང་གལ་སྲིད་སྨོན་འདེབས་བྱེད་འདོད་ཡོད་མཁན་ཚོས་རང་གི་དད་པ་དང་ལུགས་སྲོལ་མཐུན་པའི་ཐོག་ཉིན་མོའི་སྐབས་དེ་ལྟར་བྱེད་ཆོག་གི་ཡོད་པ་དང་སྨོན་ལམ་འདེབས་སའི་ཁང་པ་ཞིག་གལ་སྲིད་ཡོད་ན། དེའི་ཁོར་ཡུག་ཞི་འཇམ་ལྡན་པ་ཞིག་སྐྲུན་པར་ཤིན་ཏུ་ཕན་ཐོགས་ཆེན་པོ་ཡོད། དེ་དང་འདྲ་བར་ཁང་པ་ཆར་འགོད་བྱེད་པའི་སྐབས་ཆོས་ལུགས་གཞན་ཁག་གི་ལུགས་སྲོལ་ཁག་ལའང་དགོས་མཁོ་སྦྱོར་ཐུབ་ན། དེ་ནི་ཧ་ཅང་གི་ཡག་པོ་རེད། གཞན་ཡང་། མི་ཚོར་དགའ་བསུ་དང་བདེ་པོའི་ཚོར་སྣང་སྤྲོད་ཐུབ་པའི་དད་པའི་ལམ་ལུགས་ཞིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཁག་ལ་བསམ་ཞིབ་བྱེད་དགོས།

ཁྱེད་ཀྱིས་གཟིཌ་ཐུབ་པ་བཞིན། ལར་ཞེན་ཡོད་མེད་ཀྱི་གནད་དོན་དེ་ག་དུས་ཡིན་ཀྱང་ཡོད། ལར་ཞེན་གྱི་ལྟ་ཚུལ་ནི་མི་ཚོའི་སེམས་ཚོར་གྱི་བདེ་ཐང་ཡག་པོ་ཡོང་བར་ཧ་ཅང་གལ་ཆེན་པོ་ཞིག་རེད། ང་ཚོས་སོ་སོའི་ནང་མི་དང་། སོ་སོའི་མི་རིགས་དང་ཆོས་ལུགས་ཀྱི་རྒྱབ་ལྗོངས་ལ་ལར་ཞེན་གང་ཐུབ་བྱེད་འདོད་ཡོད། དེ་ནས་མངའ་སྡེ་དང་རང་གི་རྒྱལ་ཁབ་ལ་ལར་ཞེན་སོགས་ཡོད། རྒྱུན་དུ་དཀའ་ངལ་བཟོ་མཁན་ནི་མི་ཚོས་དེ་དག་ཚང་མར་འཆམ་མཐུན་ངང་རང་གི་ལར་ཞེན་སྟོན་མི་ཆོག་པ་དང་། དེ་ལས་ལྡོག་སྟེ། ཁོང་ཚོར་བཙན་དབང་ཐོག་ལར་ཞེན་མེད་པ་བཟོས་པ་ལ་བརྟེན་ནས་ཡོང་གི་ཡོད། དཔེ་ཆ་བཞག་ན། སྤྱི་ཚོགས་ཆེ་སའི་ལུགས་སྲོལ་ཁག་ལར་ཞེན་སླེབས་ཐུབ་པ་བཟོ་བའི་ཆེད་དུ་ཁོང་ཚོའི་ཆོས་ལུགས་ཀྱི་རྒྱབ་ལྗོངས་ལ་ལར་ཞེན་མེད་པ་བཟོ་བ་ལྟ་བུ་རེད།

ངས་ཆོས་ལུགས་ཀྱི་ཆས་གོས་ཐད་ལ་བསམ་བློ་གཏོང་བཞིན་ཡོད། དཔེར་ན། ཁ་ཆེའི་སྤྱི་ཚོགས་ནང་བུད་མེད་ཚོས་རང་གི་མགོ་བཏུམ་པ་དང་སྐབས་རེ་ངོ་གདོང་ཡོངས་གདོང་ཡོལ་གྱིས་འགེབས་ཀྱི་ཡོད། ཉེ་བའི་ཆར་ཧྥ་རན་སིའི་རྒྱལ་ཁབ་ནང་དེ་བཀག་སྡོམ་བྱས་པ་ལ་བརྟེན་ནས་གནད་དོན་དེ་ཧ་ཅང་རྩོད་རྙོག་ཅན་དུ་གྱུར་ཡོད། རྒྱ་གར་ནང་གི་སིག་ Sikh གི་ཆོས་ལུགས་ལྟ་བུར་མཚོན་ན། དེར་དད་མོས་བྱེད་མཁན་ཚོས་རང་གི་སྐྲ་ནམ་ཡང་མི་བཞར་བ་དང་རྒྱུན་དུ་ཐོད་དཀྲིས་གྱོན་གྱི་ཡོད། ད་དུང་ས་ཆ་ཁ་ཤས་ནང་ལས་ཀ་བྱེད་སར་དེ་ལྟར་བྱེད་མི་ཆོག་པར་ཤོད་ཀྱི་ཡོད། དཔེར་ན། གལ་སྲིད་དམག་མིར་འཛུལ་ན་དེ་ལྟར་བྱེད་མི་ཆོག་པ་ལྟ་བུ་རེད། དེ་ག་ནང་བཞིན་ནང་པའི་དགེ་འདུན་པ་ཚོས་ལས་ཁུངས་ཡང་ན་སློབ་གྲྭ་ཞིག་གི་ནང་ལས་ཀ་བྱེད་ཀྱི་ཡོད་ན། གྲྭ་ཆས་གྱོན་རྒྱུ་སེམས་ཤུགས་བཅག་ཡོད། གལ་སྲིད་ཁྱེད་རང་ཡེ་ཤུའི་ཆོས་ལུགས་འཛིན་པ་ཞིག་ཡིན་ན། དེ་ནས་ས་ཆ་ཁ་ཤས་ལ་མ་ཤི་ཀའི་རྒྱངས་བརྙན་ཀུར་རྟགས་ cross ཤིག་གྱོན་གྱི་ཡོད་པ་བཅས་ནི་སོ་སོའི་ཆོས་ལུགས་ལ་ཏོག་ཙམ་ཨུ་ཚུགས་དང་དྲག་ཤུལ་ཚ་དྲགས་པ་མཐོང་གི་ཡོད།

སླར་ཡང་ང་རང་གི་བསམ་ཚུལ་ལ། གལ་སྲིད་སྤྱི་ཚོགས་ནང་དཀའ་ངལ་ཤུགས་ཆེན་གྱི་རྒྱུ་བྱེད་ཀྱི་མེད་ན། མི་རྣམས་ཀྱིས་སོ་སོའི་སྲོལ་རྒྱུན་ལ་ལར་ཞེན་བྱེད་འཇུག་རྒྱུ་དེ་ཧ་ཅང་གལ་ཆེན་རེད། གལ་ཏེ་ཁྱེད་རང་སློབ་གྲྭའམ་དམག་སྒར་སོགས་གང་དུ་ཡོད་ཀྱང་། ཁྱེད་ཀྱིས་ཐོད་དཀྲིས་གྱོན་པ་དང་སྐྲ་མ་གཏུབ་པ་ཡིན་ན། དེ་ལ་གནོད་སྐྱོན་གང་ཡོད་དམ།  དེར་དཀའ་ངལ་གྱི་རིགས་ཡོད་པ་ཡིན་ནམ། དངོས་གནས་བྱས་ན་དཀའ་ངལ་མེད། ད་དུང་ཁྱེད་ཀྱིས་ལས་ཀ་ཡག་པོ་བྱེད་ཐུབ། གལ་ཏེ་ནང་པ་ཞིག་གིས་ཁ་ལག་མ་ཟས་གོང་མཆོད་པ་འབུལ་དགོས་ཟེར་ན། དེ་ལ་དཀའ་ངལ་གང་ཡོད་དམ། གལ་ཏེ་ཁྱེད་ཀྱིས་ངོ་གདོང་ཡོངས་རྫོཌ་གདོང་ཡོལ་གྱིས་འགེབས་ན། དཀའ་ངལ་གང་ཡོད་དམ། དེས་སྣུམ་འཁོར་སོགས་གཏོང་སྐབས་དཀའ་ངལ་ཡོད་སྲིད་པ་རེད། གང་ཡིན་ཟེར་ན། ཁྱེད་ཀྱི་མཐོང་རྒྱ་འགོག་གི་ཡོད། གནས་སྟངས་དེ་འདྲའི་སྐབས། ཁྱེད་ཀྱིས། “གལ་ཏེ་ཁྱེད་རང་མོ་ཊ་གཏོང་ཡག་ཡིན་ན། དེ་ནས་ངོ་གདོང་ཡོངས་རྫོགས་གདོང་ཡོལ་གྱིས་འགེབས་ན་མི་འགྲིག” །ཅེས་བརྗོད་ཆོག །ཡིན་ནའང་གནས་སྟངས་གཞན་དག་གི་ནང་གནོད་སྐྱོན་གང་ཡོད་དམ། ཡང་གལ་སྲིད་ཁྱེད་རང་བུད་མེད་ཅིག་ཡིན་ན། སྨན་ཁང་ཞིག་ལ་འགྲོ་སྐབས་བུད་མེད་ཀྱི་སྨན་པའམ་སྨན་ཞབས་མ་ཞིག་གིས་བརྟག་དཔྱད་བྱེད་ཀྱི་རེད་ཅེས་ཨུ་ཚུགས་ནན་སྐུལ་བྱས་པས་གནོད་སྐྱོན་གང་ཡོད་དམ། ད་དུང་ཆོས་ཁས་མི་ལེན་མཁན་གྱི་མི་མང་པོ་ཡོད་པ་དང་། ཁོང་ཚོའི་ནང་ནས་ཀྱང་སྨན་པ་དེ་བུད་མེད་ཅིག་ལ་དགའ་འདེམས་བྱེད་ངེས་རེད།

དེར་བརྟེན་ང་རང་གི་བསམ་པར། ཁང་རྩེག་ཅིག་འཛུགས་སྐྲུན་བྱེད་པ་ལྟ་བུར་མཚོན་ན། དེའི་འཛུགས་སྐྲུན་གྱི་རྒྱུད་རིམ་ནང་སྐྱེས་པ་དང་བུད་མེད་གཉིས་ཀའི་སྡེ་ཚན་ལ་སོཌ་པར་བསམ་བློ་གཏོང་རྒྱུ་གལ་ཆེན་བརྩི་སྲིད། གལ་སྲིད་དེ་འདྲ་བ་ཞིག་སོ་སོའི་ལམ་དང་ལུགས་སྲོལ་གྱི་ཆ་ཤས་ཡིན་པར་དངོས་གནས་ཡི་རངས་བྱེད་མཁན་གང་ལ་གང་འཚམ་ཡོད་པའི་སྤྱི་ཚོགས་ཤིག་གི་ནང་ཁྱེད་རང་གནས་ཡོད་ན། ཁྱེད་ཀྱིས་དེ་ལ་དགའ་མོས་བྱེད་ཀྱི་རེད། དེ་ག་ནང་བཞིན་གོང་དུ་ཞུས་ཟིན་ལྟར། གལ་ཏེ་མི་རྣམས་གནས་སྟངས་ཤིག་གི་ནང་སོ་སོའི་སྲོལ་རྒྱུན་ཐད་ལར་ཞེན་ཡོད་པ་དང་། དེས་ཀྱང་སྤྱི་ཚོགས་ཀྱི་བྱེད་སྒོའི་ནང་དཀའ་ངལ་གྱི་རྒྱུ་བྱེད་ཀྱི་མེད་པ་ཡིན་ན། དེ་ནས་མི་ཚོས་དེ་ལྟར་བྱེད་ཆོག་པའི་ཐབས་ལམ་གང་ཞིག་ང་ཚོས་ལག་བསྟར་བྱེད་ཐུབ་མིན་བལྟ་དགོས།

མདོར་བསྡུས་ནས་བཤད་ན། ༸གོང་ས་མཆོག་གིས་རྟག་ཏུ་གསུངས་པ་བཞིན་འཛམ་གླིང་འདིའི་ནང་ཆོས་ལུགས་སྣ་ཚོགས་ཡོད་པ་ནི་ཤིན་ཏུ་ངོ་མཚར་ཆེ་བ་ཞིག་ཡིན་པ་དང་། ཆོས་ལུཌ་ཙམ་མ་ཡིན་པར་ཆོས་དང་མ་འབྲེལ་བའི་དད་པའང་ཡོད་པ་ནི་ཤིན་ཏུ་ངོ་མཚར་ བ་ཞིག་ཡིན། གང་ཡིན་ཞེ་ན། ཟས་ལ་ཆ་བཞག་ན། གལ་ཏེ་མི་ཚང་མར་ཟས་སྣ་ག་གཅིག་རང་ལས་བཟའ་རྒྱུ་མེད་ན། དེ་ནི་ཧ་ཅང་ཉོབ་སྣང་སྐྱེ་དགོས་པ་ཞིག་ཡིན་པ་མ་ཟད་མི་ཚང་མར་རན་པོ་མེད། དེ་དང་གཅིག་མཚུངས་དད་པའི་ལམ་ལུགས་ཁག་ལ་མཚོན་ན། མི་གཅིག་ལ་རན་པོ་ཡོད་པ་དེ་མི་གཞན་ཞིག་ལ་རན་པོ་ཡོད་པའི་ཁྱབ་པ་མེད། དད་པའི་ལམ་ལུགས་སྣ་ཚོགས་ཡོད་པ་དེ་ཚོས་ང་ཚོ་མི་བཟང་པོ་དང་། བསམ་ཤེས་ཡོད་མཁན། བརྩེ་བ་མང་བ་ཡོད་མཁན། གཞན་དང་མཐུན་སྒྲིལ་ངང་གནས་ཐབས་ཀྱི་ལམ་སྟོན་གནང་ཐུབ་མཁན་ཡོད། ༸གོང་ས་མཆོག་གིས་གསུངས་པ་བཞིན། ཆོས་ལུགས་ཡག་ཤོས་དེ་ནི་ཁྱེད་མི་བཟང་པོ་ཆགས་རྒྱུར་རོཌ་རམ་བྱེད་ཐུབ་མཁན་དེ་རེད། དེ་ནི། “ང་ཅོག་ལེཊ་འཁྱགས་པ་བྱེ་རིལ་དགའ་པོ་ཡོད་ན། ཁྱེད་ཀྱང་དེ་ལ་དགའ་པོ་ཡོད་དགོས་པའི་དོན་མིན་པ་ལྟ་བུ་རེད།།”

Top