ཕྲག་དོག་ལ་ཞིབ་ཕྲར་དཔྱད་པ། ཉོན་མོངས།

ཕྲག་དོག་ནི་སྤྱི་ལ་ཁྱབ་པ་ཞིག་རེད། སོ་སོའི་ཕྱག་སྦྲེལ་ལས་རོགས་གྱི་གནས་རིམ་སྤར་བ་དང་ང་ཚོས། “ཁོ་ལ་དེ་འོས་བབ་རེད་མི་འདུག་” ཅེས་བསམ་གྱི་ཡོད། སོ་སོའི་གྲོགས་པོར་དགའ་རོགས་སམ་འདུག་རོགས་ཡག་པོ་ཞིག་དང་ཐུག་པ་དང་ང་ཚོས། “ང་ལ་མེད་པ་གང་རེད་དམ་” ཞེས་བསམ་གྱི་ཡོད། ང་ཚོ་ཚང་མར་དུས་ནས་དུས་སུ་ཚོར་བ་དེ་དག་ཡོད་པ་རེད། འདིར་ང་ཚོས་ཕྲག་དོག་སྣ་ཚོགས་པ་དང་དེ་དག་ལས་ཇི་ལྟར་ཐར་ཐུབ་པའི་ཐད་ལ་བལྟ་རྒྱུ་ཡིན།

ཉོན་མོངས་ཀྱི་མཚན་ཉིད་བཤད་པ།

ཕྲག་དོག་ནི་ནང་ཆོས་ནང་གསུང་པའི་བསུན་གཙེར་ཅན་གྱི་སེམས་ཚོར་དང་བསམ་ཕྱོགས་ཏེ། ཉོན་མོངས་པའི་ནང་ནས་གཅིག་རེད། དེ་དག་ནི་ང་ཚོའི་སེམས་ཀྱི་ཞི་བདེ་བརླག་པའི་རྒྱུ་བྱེད་པ་དང་བྱ་བ་བྱེད་མི་ནུས་པ་བཟོ་བའི་སེམས་ཀྱི་གནས་བབས་ཤིག་རེད། དེ་ལྟར་བཟོས་ན་ང་ཚོའི་རང་ཚུགས་ཤོར་གྱི་ཡོད། གལ་ཏེ་ཁྱེད་ཀྱིས་དེའི་སྐོར་ལ་བསམ་བློ་བཏང་ན། ང་ཚོ་གནད་དོན་ཞིག་གམ་གང་ཟག་ཅིག་ལ་དངོས་གནས་ཆགས་ཞེན་སྐྱེ་བའམ། ཡང་ན་ཁོང་ཁྲོ་བཟའ་བའམ་ཕྲག་དོག་སྐྱེ་བའི་སྐབས། ང་ཚོར་སེམས་ཀྱི་ཞི་བདེ་ཞིག་མེད་ངེས་རེད། ཡོད་དམ། ང་ཚོའི་རང་ཚུགས་ཤོར་གྱི་ཡོད། དེའི་རྒྱུ་མཚན་ནི་ང་ཚོའི་སེམས་ནང་ཆོ་མེད་ཀྱི་སྐུལ་ཤུགས་སྣ་ཚོགས་པ་འབྱུང་གི་ཡོད་པ་དང་། དེ་ལ་བརྟེན་ནས་ང་ཚོས་ཕྱིས་སུ་ཡང་སེ་འགྱོད་པ་སྐྱེ་དགོས་པའི་སྐད་ཆ་ཤོད་པའམ་བྱ་སྤྱོད་སྤེལ་གྱི་ཡོད། ཉོན་མོངས་པ་དེ་དག་གིས་ང་ཚོ་ཧ་ཅང་དཀྲོག་རྐྱེན་ཐེབས་པ་དང་གཞན་ལ་གནོད་འཚེ་ཅན་གྱི་བྱ་སྤྱོད་སྤེལ་བའི་རྒྱུ་བྱེད་ཀྱི་ཡོད་པ་དང་། དེའང་མཐར་གཏུགས་ན་རང་གིས་རང་ཕུང་བར་བྱེད་ཀྱི་ཡོད། མཐར་ང་ཚོ་ནི་ཕམ་ཉེས་ཤོར་བའི་མི་དེ་ཆགས་ཀྱི་ཡོད། 

རིག་གཞུང་མི་འདྲ་བས་སེམས་ཚོར་གྱི་རིགས་རྣམས་འགྲེལ་བརྗོད་དང་ངེས་བཤད་མི་འདྲ་བ་བྱེད་ཀྱི་ཡོད་པ་དང་། སེམས་ཚོར་དེ་དག་གི་ནང་ཚོར་བ་མི་འདྲ་བ་རྒྱ་ཆེན་པོ་ཚུད་ཡོད། དེ་ནི་ཁུར་ར་བག་སྲེག་ཅིག་ཆེ་ཆུང་མི་འདྲ་བ་དུ་མའི་ཆ་ཤས་སུ་གཏུབ་པ་ནང་བཞིན་རེད། དཔེར་ན། བོད་སྐད་ནི་ནམ་རྒྱུན་རྒྱ་གར་གྱི་ནང་པའི་ངེས་བཤད་འགྲེལ་བརྗོད་དག་ལས་བྱུང་བ་ཞིག་ཡིན་པ་དང་ང་ཚོས་ཕྲག་དོག་ཁོ་ནའི་སྐོར་ཤོད་ཀྱི་ཡོད། ཡང་ནུབ་ཕྱོགས་སུ་ཨིན་སྐད་ནང་གི་ (jealousy) ཕྲག་དོག་དང་ (envy) མིག་སེར་གཉིས་ཀ་དབྱེ་བ་ཕྱེས་ཡོད། 

ཕྲག་དོག་ནི་དཀའ་ངལ་ཆེ་བ་ཞིག་གི་ཆ་ཤས་རེད། 

ང་ཚོས་ནང་ཆོས་ནས་ཕྲག་དོག་ལ་གདོང་ལེན་བྱེད་ཆེད་དུ་གསུངས་པའི་གཉེན་པོའི་སྐོར་ལ་བརྟག་དཔྱད་བྱེད་པའི་སྐབས། ང་ཚོས་རིག་གཞུང་རེ་རེ་ནས་གང་གི་སྐོར་ཤོད་ཀྱིན་ཡོད་པའི་ཐད་གཟབ་ནན་ངང་ནས་བལྟ་དགོས་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོས་དཀའ་ངལ་ཆེ་བའི་རྨང་གཞིར་གྱུར་བ་དག་ལ་གདོང་ལེན་བྱེད་པར། ཕྲག་དོག་གི་སྡེ་ཚན་འོག་ཏུ་སླེབས་ཀྱི་མེད་སྲིད་པའི་ནང་པའི་ཐབས་ལམ་ཁག་ལག་བསྟར་བྱེད་དགོས་ཐུག་སྲིད་པ་རེད། 

ནང་པས་ཕྲག་དོག་ཟེར་བ་དེ་ཞེ་སྡང་གི་ཆ་ཤས་སུ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། དེའི་སྐབས་ང་ཚོས་གཞན་གྱི་འགྲུབ་འབྲས་དང་ལམ་ལྷོང་ལ་བཟོད་སྒོམ་མི་ཐུབ་པའི་སྒོ་ནས་ཁྱད་ཆོས་བཟང་པོ། རྒྱུ་དངོས། ནང་མི་ཁྱིམ་ཚང་། གོ་གནས་བཅས་ལ་དམིགས་ཀྱི་ཡོད། ང་ཚོ་ཕྲག་དོག་བཟའ་བའི་སྐབས། གཞན་རྣམས་ལམ་ལྷོང་དང་ལེགས་གྲུབ་བྱུང་བའི་རིགས་ལ་ང་ཚོ་བཟོད་མི་ཐུབ་པ་ཆགས་ཀྱི་ཡོད། དེའི་རྒྱུ་མཚན་ནི་ང་ཚོ་ནི་སོ་སོ་རང་ཉིད་ཀྱི་གནས་སྟངས་ལ་གང་འཚམ་གྱི་ཆགས་ཞེན་ཡོད་པས་རེད། བྱས་ཙང་། ཕྲག་དོག་བཟའ་བའི་སྐབས། དམིགས་སུ་བཀར་ནས་སམ་ཡང་ན་སྤྱིར་བཏང་གི་ཆ་ནས་གཞན་གྱི་ཁྱད་ཆོས་བཟང་པོ་རྣམས་ལ་དམིགས་ཀྱི་ཡོད། དེ་དག་ནི་ཕ་རོལ་པོའི་རྣམ་དཔྱོད་དང་། མཐོང་སྣང་རྫིག་པོ། རྒྱུ་ནོར་ལོངས་སྤྱོད། ལམ་ལྷོང་སོགས་ཡིན་སྲིད། དེ་ཡང་ཁོང་ཚོའི་ནང་མིར་བུ་འདུག་ང་ཚོར་མེད་ཅེས་ཕྲག་དོག་བྱེད་པ་ཙམ་ཡིན་སྲིད། དེ་ནི་ང་ཚོར་བཟོད་ཐབས་མེད་པ་ཞིག་དང་དེའི་ནང་སེམས་ཚོར་གྱི་གྲུབ་ཆ་ཤུགས་ཆེ་ཤོས་ཡོད་པ་ནི། ཕ་རོལ་པ་དེ་ལ་དེ་དག་འདུག་ཅེས་འཁོན་འཛིན་གྱི་སེམས་དེ་རེད། ང་ཚོ་སོ་སོ་རང་ཉིད་ཀྱི་གནས་སྟངས་ལ་ཆགས་ཞེན་ཡོད་པའི་རྒྱུ་མཚན་གྱིས་དེ་ནི་གཞི་རྩའི་ཆ་ནས་རང་གིས་རང་ལ་སྙིང་རྗེ་སྐྱེ་བ་ཙམ་དེ་རེད། ནང་ཆོས་ནང་ཕྲག་དོག་གི་སྐོར་ཤོད་སྐབས་དོན་དག་དེ་ཡིན་པ་དང་། ཕྲག་དོག་གི་ལྡོག་ཕྱོགས་ནི་ཕ་རོལ་གང་ཟག་དེའི་ལམ་ལྷོང་དང་འགྲུབ་འབྲས་ལེགས་སོན་ལ་དགའ་བ་སྒོམ་རྒྱུ་དེ་རེད། 

མིག་སེར་ནི་ཕྲག་དོག་དང་རྣབ་སེམས་ཟུང་དུ་འབྲེལ་བ་ཞིག་རེད།

ང་ཚོའི་ཕྲག་དོག་གི་ཉམས་མྱོང་དེ་འདི་ལས་རྒྱ་ཆེ་བ་ཡོད་སྲིད་པ་ནི་གསལ་པོ་རེད། དེ་ག་ནང་བཞིན་ང་ཚོས་གོང་དུ་ཞུས་པ་དེ་ལ་ཕྲག་དོག་གི་རིགས་གཅིག་ཙམ་ཡིན་ཞེས་བརྗོད་ཆོག །ཕྲག་དོག་གི་རིགས་གཞན་རྣམས་ལ་བསམ་བློ་གཏོང་བའི་སྐབས། ང་ཚོས་མིག་སེར་ཟེར་བ་དེའང་ཁོངས་སུ་འཇུག་ཆོག །ནང་ཆོས་ནང་། ང་ཚོས་འདི་ལ་ཉོན་མོངས་གཞན་ཞིག་སྟེ། རྣབ་སེམས་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད། རྣབ་སེམས་ནི་མི་གཞན་ཞིག་ལ་དག་པའི་རྒྱུ་དངོས་གང་རུང་ལ་ཚད་ལས་འདས་པའི་འདོད་པ་དེ་རེད། 

གལ་ཏེ་ཁྱེད་ཀྱིས་མིག་སེར་ (envy) ཟེར་བ་དེ་ཨིན་སྐད་ཀྱི་ཚིག་མཛོད་ནང་བལྟས་ན། འདི་ནི་མི་གཞན་ཞིག་གིས་སྐྱིད་པོ་གཏོང་བའི་ཁེ་ཕན་གྱི་ཟུག་རྔུ་དྲག་པོ་དང་ལྡང་འཛིན་གྱི་དྲན་ཤེས་ཡིན་པ་དང་། དེ་ཡང་ཁེ་ཕན་དེ་དང་གཅིག་པ་ཞིག་ལ་རོལ་པའི་འདོད་པ་དང་མཉམ་དུ་སྦྲེལ་ནས་ཡོད་ཅེས་ཤོད་ཀྱི་རེད། གཞན་གྱི་འགྲུབ་འབྲས་དང་ལམ་ལྷོང་ལ་བཟོད་མི་ཐུབ་པ་དེའི་སྒང་ལ་བསྡོམས་ནས་ང་ཚོར་ད་དུང་ཡང་དེ་སོ་སོ་རང་ཉིད་ལ་དགོས་ཀྱི་ཡོད། དུས་རྟག་ཏུ་མིན་ནའང་ནམ་རྒྱུན་ཡང་སེ་དེ་ལས་སྡུག་པ་ཞིག་ཡོད། མིག་སེར་དེ་ཕྲག་དོག་དང་རྣབ་སེམས་ཟུང་དུ་འབྲེལ་བའི་སྒོ་ནས་ཡང་སེ་འགྲན་སྡུར་གྱི་རང་བཞིན་དུ་འཁྲིད་ཀྱི་ཡོད། ཁྱེད་རང་ཚོ་འགའ་ཞིག་ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་ཡེ་ཤེས་ལྔའི་སྒྲོམ་གཞིའི་འགྲེལ་བརྗོད་དེ་མཇལ་མྱོང་ཡོད་ཀྱི་རེད། དེའི་ནང་ཁོང་གིས་ཕྲག་དོག་ནི་ང་ཚོ་ཧ་ཅང་ཚད་མཐོ་བའི་འགྲན་སྡུར་ཅན་ཆགས་འཇུག་པ་དང་། རྨོངས་ཞེན་གྱི་སྒོ་ནས་གཞན་ཟིལ་གྱིས་གནོན་པ་མ་ཟད། རང་ཉིད་ཀྱང་ཟིལ་གྱིས་གནོན་གྱི་ཡོད་ཅེས་གསུངས་ཡོད།

དེའི་སྒང་ལ་ཁོང་ཚོར་དེ་འོས་བབ་མེད་པ་ནང་བཞིན་གང་ཡོད་པ་དེ་དག་དང་བྲལ་བར་འདོད་པའི་ཡིད་སྨོན་དེ་འདྲ་ཡོད་སྲིད། དཔེར་ན། ང་ཚོས་ “ཁོང་ཚོར་ལས་ཀ་དེ་ག་རེ་བྱས་ནས་ཡོད་དགོས་སམ། ང་རང་དེའི་ཐོབ་ཐང་དང་འོས་བབ་དེ་ཡོད། ཁོང་ཚོར་མེད་” ཅེས་བསམ་སྲིད། སྐབས་རེར་དེ་འདྲ་ཞིག་ཚོར་གྱི་མི་འདུག་གམ། ནང་ཆོས་ལྟར་བྱས་ན། དེ་ནི་ཉོན་མོངས་མི་འདྲ་བ་ཞིག་ཡིན་པ་དང་ང་ཚོས་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་སྡེ་ཚན་མི་འདྲ་བ་ཞིག་ནས་བལྟ་དགོས་ཀྱི་ཡོད།

ང་ཚོས་ཉོན་མོངས་དེ་དག་ལས་གཅིག་མྱོང་བའི་སྐབས། ཕྲག་དོག་མིང་དུ་འདོགས་སྲིད་པ་ནི་གསལ་པོ་རེད། ང་ཚོའི་ཚོར་བ་དེ་དག་ལ་གདོང་ལེན་བྱེད་པ་དང་དེ་དག་ལས་ཐར་བའི་བར་ཐབས་ཚུལ་ཞིག་རྙེད་པའི་ཕྱིར། ཚོར་བ་ལ་བརྟག་དཔྱད་བྱེད་དགོས་ཀྱི་ཡོད། ང་ཚོའི་ཚོར་བ་ཚང་མའི་ནང་གི་རྫས་ཆ་དེ་དག་གང་རེད་དམ། ཕྱོགས་གཞན་ཞིག་ནས་བཤད་ན། ཕྲག་དོག་ནི་ཏོག་ཙམ་དྲག་པ་ཞིག་རེད། དེའི་ནང་གནད་དོན་མང་པོ་ཚུད་ཡོད་པ་དང་། དེའི་ནང་ང་ཚོས་ད་བར་གོ་བསྡུར་བྱས་པ་ལས་ཀྱང་མང་བ་ཡོད། 

རྟ་རྒྱུག

གཞན་དག་གིས་གང་འགྲུབ་འབྲས་ཐོན་པ་དང་ལམ་ལྷོང་བྱུང་བར་ང་ཚོ་ཕྲག་དོག་དང་མིག་སེར་བྱེད་ཀྱི་ཡོད་པ་སོང་ཙང་། ང་ཚོས་སོ་སོ་རང་ཉིད་དང་རང་གི་འོག་ཏུ་ལས་ཀ་བྱེད་མཁན་རྣམས་ལ་ད་དུང་གང་མང་བྱེད་དགོས་ཞེས་ཨུ་ཚུགས་རྒྱག་གི་ཡོད། འདི་ལ་དཔེ་མཚོན་ཡག་པོ་ཞིག་ནི་ང་ཚོས་ཚོང་ལས་དང་རྩེད་མོའི་རིགས་ལ་འབྱུང་བཞིན་པའི་འགྲན་སྡུར་ཧ་ཅང་ཆེན་པོ་བྱེད་པ་དེ་རེད། ད་དུང་རྩེད་རིགས་ཀྱི་ནང་དེ་ཤུགས་ཆེ་བ་ཡོད། ནང་ཆོས་ནས་འདི་ལྟ་བུའི་འགྲན་སྡུར་གྱི་རྣམ་པ་ལ་ཕྲག་དོག་མཚོན་པའི་ཆེད་རྟའི་རྟགས་ཅན་བེད་སྤྱོད་བྱས་ནས་གོ་བསྡུར་བྱེད་ཀྱི་ཡོད། རྟ་ཞིག་གིས་རྟ་གཞན་དག་གི་ཁ་གཏད་དུ་རྒྱུག་རྩལ་འགྲན་པའི་སྐབས། རྟ་གཞན་དེ་མགྱོགས་པོ་རྒྱུག་གི་ཡོད་པ་དེ་ལ་བཟོད་མི་ཐུབ་པ་ཞིག་ཡོང་གི་ཡོད། ནང་པའི་ལྟ་ཚུལ་གྱིས་སྤྱོད་ལམ་འདི་ཕྲག་དོག་ལས་ཀྱང་འཁོན་འཛིན་དང་མང་བ་འབྲེལ་བ་མཐུད་ངེས་རེད། དེའི་ནང་རྟ་དེས་རྟ་གཞན་དེ་མགྱོགས་པ་འགྲོ་བར་དངོས་གནས་འཁོན་འཛིན་བྱེད་ཀྱི་ཡོད། ནང་ཆོས་ནས་རྒྱལ་ཁ་ཐོབ་པའི་འགྲན་སྡུར་ངོ་མར་གཞིགས་ནས་སྐད་ཆ་ཤོད་ཀྱི་མེད། དེ་ནི་ “རྟ་དེ་ང་ལས་མགྱོགས་པ་ག་རེ་བྱས་ནས་རྒྱུག་གི་ཡོད་དམ། ངས་མགྱོགས་པ་རྒྱུག་དགོས་ཀྱི་འདུག་” ཅེས་ཟེར་བ་དང་འདྲ་ཆེ་བ་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱུག་གི་ཡོད། 

ནང་ཆོས་ནང་ཕྲག་དོག་ནི་འགྲན་སྡུར་དང་ཐག་ཉེ་པོའི་འབྲེལ་བ་ཡོད་ནའང་། ཕྲག་དོག་གིས་རྟག་ཏུ་འགྲན་སྡུར་གྱི་ནང་འཁྲིད་ཀྱི་མེད། དཔེ་ཆ་བཞག་ན། ང་ཚོས་དོན་ངོ་མར་སོ་སོར་འདོད་པའི་མི་དེ་འཐོབ་པའི་ཕྱིར། སྐྱེས་མའམ་བུད་མེད་གཞན་དེ་དང་མཉམ་དུ་འགྲན་སྡུར་བྱེད་ཀྱིན་ཡོད་དམ། འདིར་ག་རེ་ཚུད་ཡོད་སྲིད་དམ། རང་མཐོང་དམའ་བ་ལ་བརྟེན་ནས་ང་ཚོ་གཞན་དག་ལ་ཕྲག་དོག་བྱེད་སྲིད་ནའང་། “ང་རང་ལ་བརྩེ་བ་སྤྲོད་ངེས་ཀྱི་མི་ཞིག་ཕལ་ཆེར་ངས་རྙེད་མི་ཐུབ་པས། ངས་འབད་བརྩོན་ག་རེ་བྱས་ནས་བྱེད་དམ། ང་ལ་ལས་ཀ་ཡག་པོ་ཞིག་ཕལ་ཆེར་རག་མི་ཐུབ་པས། ངས་ལས་ཀ་འཚོལ་ནས་ག་རེ་བྱེད་དགོས་སམ་” ཞེས་པའི་བློའི་ཁྱེར་སོའི་ཐོག་ནས་ཀྱང་ང་ཚོས་འགྲན་སྡུར་བྱ་རྒྱུའི་ཐབས་ཤེས་མི་བྱེད་པ་ཡིན། འོན་ཀྱང་། ང་ཚོ་ད་དུང་ཡང་ལས་ཀ་ཡག་པོ་ཡོད་མཁན་རྣམས་ལ་ཕྲག་དོག་བྱེད་ཀྱི་ཡོད། 

ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོ་འགྲན་སྡུར་ཅན་ཆགས་སྲིད་ནའང་། དེའི་རྒྱབ་ལ་ཕྲག་དོག་ཡོད་མི་དགོས། དཔེར་ན། མི་འགའ་ཞིག་རྩེད་མོའི་རིགས་ལ་འགྲན་སྡུར་བྱ་རྒྱུ་དགའ་པོ་ཡོད། དེ་ནི་སྐྱིད་ཚོར་དང་བག་སྤྲོ་གཏོང་བའི་ཆེད་དུ་ཡིན་པ་ལས། ཁོང་ཚོས་སུ་ཤོར་སུ་ཕམ་གྱི་ཨང་གྲངས་ཐོ་འགོད་བྱེད་ཀྱི་མེད། ཁོང་ཚོས་སུ་གཅིག་ལའང་འགྲན་སྡུར་བྱེད་ཀྱིན་མེད། ཡིན་ནའང་རྣམ་རྒྱུན་འཆར་ཅན་ང་ཚོས་ཕྲག་དོག་དང་འགྲན་སྡུར་གཉིས་མཉམ་དུ་འབྲེལ་བ་མཐུད་ཀྱི་ཡོད། ནང་ཆོས་ནང་དེ་གཉིས་ཕན་ཚུན་མཉམ་དུ་ནམ་རྒྱུན་ང་ཚོའི་བསམ་བློ་གཏོང་སྟངས་ལས་གང་ལ་གང་འཚམ་གྱི་མི་འདྲ་བའི་སྒོ་ནས་བཞག་ཡོད།

གཞན་རྣམས་གཅིག་མཚུངས་སུ་ལྟ་བའི་གལ་གནད།

རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་འགྲེལ་བརྗོད་ཅིག་གནང་བའི་ནང་། ང་ཚོས་ནམ་རྒྱུན་རང་ལས་གོ་གནས་མཐོ་བ་རྣམས་ལ་ཕྲག་དོག་དང་། ང་ཚོ་དང་མཉམ་པ་མཉམ་དུ་འགྲན་སྡུར། རང་ལས་གོ་གནས་དམའ་བ་རྣམས་ལ་ཁེངས་དྲེགས་བྱེད་ཀྱི་ཡོད་ཅེས་གསུངས། ཕྲག་དོག་ལས་ཐར་བའི་གྲོས་བསྡུར་ཡོངས་སུ་རྫོགས་པ་ནི་མི་ཚང་མ་གཅིག་མཚུངས་ཡིན་ཚུལ་རྟོགས་པའི་སྐབས་དོན་གྱི་ནང་ཡོད། དཀའ་ངལ་ཆ་ཚང་ནི་ང་ཚོས་མི་ཚང་མ་གཅིག་མཚུངས་སུ་མི་བརྩི་བ་དེ་རེད། འདི་ནི་ང་ཚོས་ཇི་ལྟར་འཇུག་དགོས་པའི་ཐད་བསམ་བློ་གཏོང་ངེས་པ་ལས་གང་ལ་གང་འཚམ་གྱི་མི་འདྲ་བ་ཞིག་རེད། 

ང་ནི་དམིགས་བསལ་ཅན་ཡིན། 

གཞི་རྩའི་ཆ་ནས་ང་ཚོས་ “ང་” ཞེས་བྱ་བའི་སྒང་ལ་མར་འབབ་དགོས་ཀྱི་ཡོད། གང་ཡིན་ཞེ་ན། ནང་ཆོས་ནས་དཀའ་ངལ་ངོ་མ་དེ་ནི་ང་ཚོ་ཚང་མར་ཡོད་པའི་ “ང་དམིགས་བསལ་བ་ཞིག་ཡིན་” ཞེས་པའི་ཚོར་བ་དེ་རེད་ཅེས་གསུང་གི་ཡོད། དེ་ནི་ང་ནི་གཞན་ཚང་མ་ལས་ཡག་ག་དང་བཟང་བ་ཡོད་ཅེས་པའམ། ཡང་ན་ང་ནི་གཞན་ཚང་མ་ལས་སྡུག་པ་དང་ངན་པ་ཡོད་ཅེས་དང་། ཡང་མིན་ན་གཞན་གྱིས་ང་ནི་གཞན་ཚང་མ་ལས་སྡུག་པ་རེད་ཅེས་བསམ་གྱི་ཡོད། ཡིན་ནའང་ཁོང་ཚོ་ནོར་བ་རེད། འདྲ་མཉམ་མེད་པའི་རང་བཞིན་དེ་འདིར་འབྱུང་གི་ཡོད། དེ་གང་ཡིན་ཞེ་ན། ང་ཚོས་ “ང་ནི་དམིགས་བསལ་ཞིག་ཡིན་” ཞེས་བསམ་པའི་སྐབས། དེ་ནི་ང་ནི་གཞན་ཚང་མ་དང་གཅིག་པ་མིན་ལ། གཞན་དག་ཀྱང་ང་དང་གཅིག་མཚུངས་མ་རེད་ཅེས་པའི་དོན་རེད། 

ང་ཚོས་དེ་ལ་སོ་སོའི་ཕྲག་དོག་དང་བསྟུན་ནས་བལྟ་ཆོག །ང་ཚོས་སོ་སོའི་གྲོགས་པོ་ལ་སྣུམ་འཁོར་སོགས་གཏོང་སྟངས་བསླབ་པ་ལྟ་བུའི་ལས་ཀ་དེ་ཡག་པོ་དང་མ་ནོར་བར་བྱེད་ཐུབ་མཁན་ནི་སོ་སོ་རང་ཉིད་ཁོ་ན་ཡིན་ཞེས་བསམ་སྲིད་པ་དང་། དེ་ནས་མི་གཞན་དག་སུ་འདྲ་ཞིག་གིས་ཀྱང་བསླབ་ཐུབ་པའི་སྐབས། རང་ཉིད་ཕྲག་དོག་བཟའ་གི་ཡོད། ཡང་དཔེ་མཚོན་གཞན་ཞིག་ནི་། གལ་ཏེ་ང་ཚོ་འཛིན་ཁང་ནང་ཡོད་པ་དང་དྲི་བ་ཞིག་ལ་ལན་འདེབས་ཐུབ་མཁན་དེ་རང་ཉིད་གཅིག་པུ་ལས་གཞན་སུས་གཅིག་མེད་ཅེས་ཚོར་བ་ཡིན་ན། མི་གཞན་ཞིག་གིས་ལན་འདེབས་པའི་སྐབས། རང་ཉིད་ལ་གནོད་པ་དང་ཕྲག་དོག་བྱེད་ཀྱི་ཡོད། དེ་དག་ཐམས་ཅད་འབྱུང་དགོས་པའི་རྒྱུ་མཚན་ནི་ང་ཚོས་སོ་སོ་རང་ཉིད་དམིགས་བསལ་ཞིག་ཡིན་པ་ཚོར་གྱི་ཡོད། ང་ཚོས་དེ་བྱེད་དགོས་ངེས་ཡིན་པ་ལས། གཞན་སུ་འདྲ་ཞིག་གིས་བྱ་མི་ཉན་བསམ་གྱི་ཡོད། འོན་ཀྱང་དེ་ལ་བརྟེན་ནས་འགྲན་སེམས་སྐྱེ་དགོས་པའི་ངེས་པ་མེད། ཡོད་དམ།

དཔེ་མཚོན་གཞན་ཞིག་ནི། ང་ཚོས་ “མི་ཚེའི་ནང་མདུན་སྐྱོད་བྱེད་དགོས་ངེས་ཀྱི་གང་ཟག་དེ་ང་རང་གཅིག་པུ་ཡིན། རྒྱལ་ཁ་ཐོབ་མཁན་དེ་ང་རང་ཡིན་དགོས། ཕྱུག་པོ་ཡིན་དགོས་ངེས་དེ་ང་རེད་” བསམ་པ་དང་ཚོར་བའི་སྐབས། མི་གཞན་ཞིག་དེ་འདྲ་ཆགས་པ་དང་དེ་ལ་རང་ཉིད་ཕྲག་དོག་ཅན་ཆགས་ཀྱི་ཡོད། དེ་ནས་ཐ་ན་ང་ཚོ་འགྲིག་ངེས་རན་འཚམ་གྱི་འགྲུབ་འབྲས་ལྡན་པ་ཡིན་ནའང་། ད་དུང་འགྲན་སེམས་ཅན་ཆགས་ནས་མི་གཞན་དེ་ཟིལ་གྱིས་གནོན་དགོས་ཀྱི་ཡོད། 

འདིར་ཁྱད་པར་ཆེན་པོ་ཞིག་ཡོད་པས། སོ་སོ་རང་ངོས་ནས་དེའི་ཐད་བརྟག་དཔྱད་བྱེད་དགོས། མི་གཞན་ཞིག་ལ་གང་ཡོད་པ་དེ་ང་ཚོར་མེད་པའི་སྐབས། ང་ཚོ་ཕྲག་དོག་བཟའ་གི་ཡོད། དེ་ནི་ང་ཚོར་རྒྱུ་དངོས་གང་འཚམ་ཞིག་ཡོད་ནའང་། མི་གཞན་དེ་ལ་རང་ཉིད་ལས་མང་བ་ཡོད་ཙང་ཕྲག་དོག་བཟའ་བ་དེ་ལས་ཏོག་ཙམ་མི་འདྲ་བ་ཡིན། གནས་སྟངས་འདིའི་ནང་འདོད་རྔམ་དང་འགྲན་སེམས་གཉིས་ཀ་ཡོད་པ་རེད། བྱས་ཙང་། ང་ཚོས་དེ་ལ་གདོང་ལེན་བྱེད་པར་ཐབས་བྱུས་མི་འདྲ་བ་ཞིག་ཡོད་དགོས་ངེས་རེད། གང་ལྟར་ཡང་། དེ་དག་ཐམས་ཅད་ཀྱི་རྒྱབ་ལ་ “ང་” ཞེས་བྱ་བའི་ཚོར་བ་ཤུགས་ཆེན་ཞིག་དང་ང་ཟེར་བའི་ཁེར་རྐྱང་དེ་དང་མཉམ་དུ་སྔོན་ཚུད་ཀྱི་ལས་བྲེལ་ཤུགས་ཆེན་ཞིག་ཡོད། དངོས་ཡོད་གནས་ཚུལ་ནི་ང་ཚོས་སོ་སོ་རང་ཉིད་ལ་བརྩི་བ་ནང་བཞིན་གཞན་དག་ལ་གཅིག་མཚུངས་སུ་བརྩི་གི་མེད། ང་ཚོ་ནི་དམིགས་བསལ་ཅན་ཡིན་པ་རེད། 

དེའི་གཉེན་པོ་ནི་བཏང་སྙོམ་རེད། 

ནང་ཆོས་ནས་ཕྲག་དོག་དང་། འགྲན་སེམས། ཁེངས་དྲེགས་དེ་དག་ཐམས་ཅད་ལ་ཐབས་བྱུས་གཅིག་གསུང་གི་ཡོད་པ་ནི། སེམས་ཅན་ཐམས་ཅད་ལ་གཅིག་མཚུངས་དང་འདྲ་མཉམ་དུ་ལྟ་ཚུལ་འཛིན་པ་དེ་རེད། ང་ཟེར་བ་དེ་ལ་དོན་ངོ་མར་དམིགས་བསལ་གང་ཡང་མེད། གང་ཡིན་ཞེ་ན། མི་ཚང་མར་གཞི་རྩའི་འཇོན་ཐང་དང་ནུས་པ་གཅིག་མཚུངས་སུ་ཡོད། འདི་ནི་ང་ཚོ་ཚང་མར་སངས་རྒྱས་ཀྱི་རིགས་གཅིག་པ་ཡོད་པའི་བདེན་དོན་དེ་ལ་གོ་གི་ཡོད། སངས་རྒྱས་ཀྱི་རིགས་དེ་ནི་ང་ཚོའི་རྒྱུད་ལ་ཡོད་པའི་ནུས་པ་དེ་ཡོངས་སུ་རྫོགས་པ་དང་མཐར་ཕྱིན་པར་ཡར་རྒྱས་གཏོང་བའི་ནུས་ཤུགས་དེ་རེད། དེའི་སྒང་ལ་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་ཞིང་དམིགས་ཡུལ་འགྲུབ་པ་དང་། སྡུག་བསྔལ་མི་འབྱུང་ཞིང་རྐྱེན་ངན་མི་འབྱུང་བའི་ཡིད་སྨོན་དང་འདོད་པ་གཅིག་མཚུངས་སུ་ཡོད། ཚང་མར་བདེ་སྐྱིད་དང་ལྡན་པའི་ཐོབ་ཐང་གཅིག་མཚུངས་སུ་ཡོད་ལ། སྡུག་བསྔལ་མི་འབྱུང་བའི་ཐོབ་ཐང་དེའང་གཅིག་མཚུངས་སུ་ཡོད། གནད་དོན་དེ་དག་ལ་གཞིགས་ན། “ང་” ཞེས་བྱ་བ་དེ་ལ་དམིགས་བསལ་གང་ཡང་མེད། 

བྱམས་པ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་འགྱུར་ཅིག

ང་ཚོས་འདི་དག་ཐམས་ཅད་བྱམས་པ་དང་འབྲེལ་བ་མཐུད་ཀྱི་ཡོད། བྱམས་པ་ནི་ནང་ཆོས་ནང་སེམས་ཅན་ཐམས་ཅད་གཅིག་མཚུངས་སུ་མཉམ་པར་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཤོག་ཅེས་པའི་འདུན་སེམས་དེ་རེད། བྱམས་པ་ནི་དོན་ངོ་མར་ཕྲག་དོག་ལས་ཐར་བའི་ཐབས་ཤིག་རེད། ང་ཚོས་སངས་རྒྱས་ཀྱི་རིགས་འདི་ལ་གཞིགས་ནས་ཚང་མ་གཅིག་མཚུངས་ཡིན་པ་རྟོགས་པ་དང་བྱམས་པ་སྐྱེད་འགོ་ཚུགས་པའི་སྐབས། ང་ཚོས་གང་ཟག་མི་འདྲ་བ་སྣ་ཚོགས་པ་དེ་དག་ཐམས་ཅད་རང་ཉིད་ལས་འགྲུབ་འབྲས་ཆེ་བ་ཡོད་ནའང་འདྲ། ཡང་ན་ནམ་ཡང་ལམ་ལྷོང་བྱུང་མེད་ནའང་འདྲ་སྟེ། དེ་དག་དང་འབྲེལ་བ་ཇི་ལྟར་བྱེད་པར་བལྟ་བར་བློ་རྒྱ་ཆེ་བ་ཆགས་ཀྱི་ཡོད། 

སློབ་དཔོན་ཆེན་ཆེན་པོ་ཞི་བ་ལྷས། ཐ་ན་མི་ཞིག་སོ་སོ་རང་ཉིད་ལས་རྦད་དེ་ལམ་འགྲོ་ཆེ་བ་དང་འགྲུབ་འབྲས་ཆེ་བ་ཡོད་ནའང་། ང་ཚོས་དངོས་གནས་དྲང་གནས་ཚང་མར་བདེ་སྐྱིད་དང་ལྡན་པར་ཤོག་ཅེས་ཡིད་སྨོན་བྱས་ན། ང་ཚོས་ཁོང་ཚོ་འགྲུབ་འབྲས་ལྡན་ཞིང་ལམ་ལྷོང་བྱུང་བ་དེ་ལ་དགའ་བ་སྒོམ་པ་དང་སྐྱིད་པོ་ཚོར་ངེས་རེད། ང་ཚོས་ད་དུང་སོ་སོ་དང་མཉམ་པ་རྣམས་འགྲུབ་འབྲས་ལྡན་པ་ཡོང་ཕྱིར་རོགས་བྱེད་ཐབས་བྱེད་པ་ལས་འགྲན་སེམས་བྱེད་ཀྱི་མ་རེད། དཔེར་ན། ཡིག་རྒྱུགས་ཆེད་སློབ་སྦྱོང་བྱེད་དགོས་ཞེས་འཛིན་གྲྭའི་ནང་སློབ་ཕྲུག་ཚང་མར་རོགས་རམ་བྱེད་པ་མ་གཏོགས་སློབ་ཕྲུག་ཚོས་ཀློག་མི་ཐུབ་པ་བཟོ་ཕྱིར། དཔེ་མཛོད་ཁང་ནས་དཔེ་དེབ་རྐུ་མ་རྐུ་བ་དེ་འདྲ་མི་བྱེད་པ་ལྟ་བུ་རེད། ང་ཚོ་ལས་འགྲུབ་འབྲས་ཉུང་བ་ཡོད་པའི་མི་རྣམས་ལ་མཚོན་ན། ང་ཚོས་ཁོང་ཚོ་ལམ་ལྷོང་ཡོང་བར་རོགས་བྱེད་པ་མ་གཏོགས་ཁོང་ཚོ་ལས་ཡག་ག་དང་འཇོན་པ་ཡིན་ཞེས་སྡིགས་ཏེ་ལྟ་བའམ་ཁེངས་དྲེགས་དང་བཅས་དེ་ལྟར་ཚོར་རྒྱུ་མེད། 

རང་ཤུགས་ཀྱིས་འབྱུང་བ་དང་གྲུབ་མཐར་གཞི་བྱས་པའི་སེམས་ཚོར།

ནང་པའི་ཐབས་ལམ་དེ་དག་ནི་དངོས་གནས་ཧ་ཅང་ཚད་མཐོ་པོ་ཡིན་པ་དང་ལྷག་པར་དུ་དེ་དག་ལག་བསྟར་བྱ་དཀའ་མོ་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཉོན་མོངས་ལ་རྣམ་པ་གཉིས་ཡོད། ཉོན་མོངས་དེ་དག་ལ་རང་ཤུགས་ཀྱིས་འབྱུང་བའི་རིགས་ཤིག་ཡོད་དེ། དེ་ནི་ཚང་མར་ཡོད། ཐ་ན་ཁྱིས་ཀྱང་ཉམས་སུ་མྱོང་གི་ཡོད། དཔེར་ན། གལ་ཏེ་ཁྱི་ཕྲུག་གསར་པ་འགའ་ཞིག་ཁང་པའི་ནང་དུ་སླེབས་ན། ནང་མིའི་ཁྱི་དེ་ཕྲག་དོག་བཟའ་སྲིད་པ་ལྟ་བུ་རེད། དེ་ནས་ང་ཚོར་གྲུབ་མཐར་གཞི་བྱས་པའི་ཉོན་མོངས་རྣམས་ཡོད། དེ་ནི་ལམ་ལུགས་ལྟ་བུ་ཞིག་ནས་སྦྱངས་ཏེ་བྱུང་བ་ཞིག་རེད། དེ་ནི་དཀྲོག་གཏམ་དང་ཆོས་ལུགས་ཡང་ན་རིག་གཞུང་། དེ་བཞིན་སྤྱི་ཚོགས་ནང་ང་ཚོར་ཕྲག་དོག་ཅན་ཆགས་པར་བསླབ་པའི་གནད་དོན་ཞིག་ཡིན་ཆོག །ལམ་ལུགས་དེས་ང་ཚོའི་འཛམ་གླིང་ལ་ལྟ་ཕྱོགས་འགའ་ཞིག་བསླབ་པ་དང་དེ་ལ་བརྟེན་ནས་ཕྲག་དོག་སྐྱེ་འཇུག་གི་ཡོད། དེ་ནས་ཕྲག་དོག་དེ་ཤུགས་ཆེ་རུ་བཟོ་གི་ཡོད། 

གལ་ཏེ་ང་ཚོས་རང་ཤུགས་ཀྱིས་གང་འབྱུང་གི་ཡོད་པར་བལྟས་ན། ཕལ་ཆེར་ཕྲུ་གུ་ཚང་མ་རང་ཤུགས་ཀྱིས་རྒྱལ་ཁ་ཐོབ་འདོད་དང་ཕམ་ཉེས་བྱུང་དུས་ངུ་གི་ཡོད་པ་ཤེས་ཀྱི་རེད། འདི་ནི་ཕལ་ཆེར་རིག་གཞུང་ཚང་མའི་ནང་རང་ཤུགས་ཀྱིས་འབྱུང་གི་ཡོད། ནུབ་ཕྱོགས་སུ་དེ་ནི་ང་ཚོར་དཀའ་ལས་ཁག་པོ་ཡོད། གང་ཡིན་ཞེ་ན། ཕྲག་དོག་དང་འགྲན་སེམས་ནི་ནུབ་ཕྱོགས་ཀྱི་རིག་གཞུང་རིན་ཐང་མང་པོའི་ནང་ཁ་སྣོན་དང་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཐ་ན་ལེགས་སྐྱེས་ཀྱང་སྤྲད་ཡོད། དཔེ་མཚོན་ཞིག་ཞུས་ན། ནུབ་ཕྱོགས་ཀྱི་རིག་གཞུང་ནས་མང་གཙོའི་སྤྱི་ཚོགས་ཀྱི་རྣམ་པ་རང་བཞིན་གྱི་ཡག་ཤོས་སུ་མ་རྩའི་རིང་ལུགས་ཀྱི་སྐོར་བསླབ་ཀྱི་ཡོད། དེས་ཐ་ན་ང་ཚོའི་སོ་སོ་སྒེར་གྱི་འབྲེལ་ལམ་ལ་འཇུག་པའི་སྐབས་སུའང་བསམ་བློ་གཏོང་སྟངས་ལ་ཤན་ཞུགས་ཀྱི་ཡོད། འདིའི་རྨང་གཞིར་གྱུར་བའི་འཚོ་བའི་གནས་སྟངས་ཡག་ཤོས་སུ་ང་ཚོས་ནམ་ཡང་དྲི་བ་འདྲི་གི་མེད། འོན་ཀྱང་ཡིན་ཤག་བྱེད་པ་དེ་ནི་མཐའ་གཅིག་ཏུ་ཡང་དག་པ་དང་འགྲིག་པ་ཞིག་རེད། འདིས་འགྲན་སྡུར་ནི་ང་ཚོའི་མི་ཚེའི་གཞི་རྩའི་སྐུལ་སྟོབས་ལྟ་བུ་ཡིན་པ་བཟོ་གི་ཡོད། དེ་ལས་ལྡོག་སྟེ། དོན་ངོ་མར་ནང་པའི་ཡིད་ཆེས་ལྟར་བྱས་ན། བྱམས་པ་དང་བརྩེ་སེམས་ནི་གཞི་རྩའི་མི་ཚེའི་སྐུལ་སྟོབས་དེ་ཡིན་པ་རེད། 

ནུབ་ཕྱོགས་ཀྱི་རིག་གཞུང་ནང་དཀའ་ངལ་གྱི་རིགས་ཁ་སྣོན་བྱས་པ།

ནུབ་ཕྱོགས་ཀྱི་རིག་གཞུང་ནས་འཚོ་བའི་གནས་སྟངས་ཡག་ཤོས་དེས་འགྲུབ་འབྲས་ལམ་ལྷོང་ལྡན་པ་དང་རྒྱལ་ཁ་ཐོབ་པའི་གལ་གནད་དེ་དཔུང་སྣོན་བྱེད་པའི་ཐད་ནན་བརྗོད་བྱེད་ཀྱི་ཡོད། འཁྲུལ་སྣང་འདི་མུ་མཐུད་དེ་འགྲན་སྡུར་གྱི་རྩེད་རིགས་དང་། ཆེས་རྩེ་ཕུད་ཀྱི་གྱད་རྩལ་པའི་ཆེ་བསྟོད། དེ་བཞིན་འཛམ་གླིང་ནང་གི་མི་སྣ་ཕྱུག་ཤོས་ལ་དཔུང་སྣོན་བྱས་ཡོད། འདི་ནི་གསར་པ་མ་རེད། ཕྱུག་པོ་དང་རྩེ་ཕུད་ཀྱི་གྱད་རྩལ་པའི་བསྟོད་བསྔགས་ (རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་རྒྱས་འཛོམས་ལ་གཟིགས་) ནི་ང་ཚོའི་རིག་གཞུང་ནང་དུས་ཡུན་རིང་པོ་ནས་ཡོད། དེ་ནི་སྤྱི་ཚོགས་ཀྱི་རིམ་པ་ཚང་མར་ཁྱབ་ཀྱི་ཡོད། རེད་དམ་མ་རེད། ང་ཚོ་རྐང་རྩེད་སྤོ་ལོར་ཧ་ཅང་ཞེན་ཆགས་སྐྱེ་གི་ཡོད་པ་དང་ད་ལྟ་རྐང་རྩེད་སྤོ་ལོ་རྩེད་མཁན་ཚོ་དཔའ་བོ་ཆགས་ཡོད། དེ་ནི་དཔེ་ཁྱད་མཚར་པོ་རེད། སངས་རྒྱས་ནི་ང་ཚོའི་དཔའ་བོ་མ་རེད། ཡིན་ནའང་རྩེད་སྣར་མཁས་པའི་མི་དེ་དཔའ་བོ་རེད། ང་ཚོར་འཛམ་གླིང་གི་ལྗིད་ཚད་ཆེ་བའི་ཁུ་ཚུར་རྩལ་འགྲན་གྱི་དཔའ་བོ་ཞིག་ཡོད་པར་བསམ་བློ་གཏོང་བ་དེ་ཁྱད་མཚར་པོ་རེད། འོན་ཀྱང་ང་ཚོར་འཛམ་གླིང་གི་སྙིང་རྗེའི་དཔའ་བོ་ཞིག་མེད། སྙིང་རྗེའི་འཛམ་གླིང་ཀོང་བུའི་གཟེངས་རྟགས་ཤིག་ཡོད་པ་དེ་ད་གཟོད་དངོས་གནས་དོ་སྣང་བྱ་འོས་ཤིག་ཆགས་ཀྱི་ཡོད། 

ང་ཚོས་ནུབ་ཕྱོགས་ཀྱི་འགོ་ཁྲིད་ཚོར་འོས་ཤོག་འཕེན་པའི་ལམ་ལུགས་ལ་བལྟ་བའི་སྐབས། བསམ་བློ་ཆ་ཚང་ད་དུང་དེ་ལས་མང་བ་ཡིད་རྟོན་མི་ཐུབ་པ་ཡོད། དེ་ཡང་ཕྲག་དོག་དང་། འགྲན་སེམས་ལ་གཞི་བྱས་ནས་ང་ཚོའི་འགྲན་ཟླ་བྱེད་ས་ལས་ག་ཚོད་ཀྱི་ཡག་ག་ཡོད་པ་ཁྱབ་བསྒྲགས་བྱེད་པའི་སྒོ་ནས་རང་ཉིད་འོས་མི་ལྟ་བུར་འཚོང་བཞིན་ཡོད། ཐབས་ཚུལ་འདི་ཐ་ན་བསྔགས་འོས་ཤིག་དང་འཛམ་གླིང་ཁྱོན་ཡོངས་ཀྱིས་དང་ལེན་བྱེད་དགོས་པ་ཞིག་ཏུ་མཐོང་ཡོད། 

ཁྱེད་ཀྱིས་རིན་ཐང་དེ་དག་བོད་ཀྱི་སྤྱི་ཚོགས་ནང་གནས་ས་བརྗེ་ཐབས་བྱེད་པའི་སྐབས། ག་རེ་འབྱུང་ངེས་ཡིན་པའི་ཐད་བསམ་བློ་གཏོང་རྒྱུ་དེ་དོ་སྣང་བྱ་འོས་པ་ཞིག་ཡོད། བོད་ཀྱི་སྤྱི་ཚོགས་གྱིས་སྙེམ་ཆུང་ལ་རིན་ཐང་དུ་འཛིན་པ་དང་སོ་སོ་གཞན་ལས་ཡག་ག་དང་ལྷག་པ་ཞིག་ཡིན་ཞེས་བརྗོད་མཁན་གྱི་མི་སུ་འདྲ་ཞིག་ཡིན་རུང་དེ་ལ་མཐོང་ཆུང་བྱེད་ཀྱི་ཡོད། དེ་ལྟར་བྱེད་པ་ནི་དངོས་གནས་གཤིས་སྤྱོད་སྡུག་ཅག་ཏུ་བརྩི་གི་ཡོད། མང་གཙོ་དང་འོས་ཤོག་ཆེད་དུ་ཚ་ཚ་འུར་འུར་གྱིས་ལས་འགུལ་སྤེལ་བ་ནི་མཐའ་གཅིག་ཏུ་རྒྱུས་མངའ་མེད་པའི་ཕྱི་མི་ཞིག་ཡིན་པ་དང་སྤྱི་ཚོགས་དེ་འདྲའི་ནང་ཕན་ཐོགས་ཀྱི་མེད། “ང་ནི་མི་དེ་ལས་ཡག་ག་ཡོད་” ཅེས་བརྗོད་མཁན་གྱི་མི་དེ་ལ་སུས་ཀྱང་འོས་ཤོག་ནམ་ཡང་འཕེན་གྱི་མ་རེད། དེའི་ཚབ་ལ་ཁྱེད་ཀྱིས་ཕལ་ཆེར་ “ང་རང་མཚན་ཉིད་ཚང་བ་ཞིག་མིན། ཡག་པོ་དེ་ཙམ་མིན་” ཞེས་བརྗོད་དགོས་ངེས་རེད། དེ་ནི་དངོས་གནས་མི་འདྲ་བའི་ཁྱད་པར་ཞིག་རེད། འདིས་ང་ཚོའི་རིན་ཐང་རྣམས་རིག་གཞུང་གི་ཆ་ནས་ཁྱད་ཆོས་ངེས་ཅན་དང་ལྡན་པ་ཞིག་ཇི་ལྟར་ཡིན་པ་ནན་པོ་བཟོ་གི་ཡོད། དེ་དག་ནི་སྤྱི་ལ་ཁྱབ་པ་མིན། ༧གོང་ས་ཏཱ་ལའི་བླ་མ་ཁོང་ཉིད་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་པ་དང་གང་ཡང་ཤེས་ཀྱི་མེད་ཅེས་འགྲེལ་བརྗོད་གནང་གི་ཡོད་པ་ང་ཚོས་ཐོས་ཡོད། ༧གོང་ས་མཆོག་གིས་དེ་ལྟར་གསུང་གནང་གི་ཡོད།

ཕྲག་དོག་དང་འགྲན་སེམས་དེ་བཞིན་ལམ་ལྷོང་གི་ཕྱོགས་སུ་སྦྱོང་བརྡར་བྱེད་པ་ནི། གནའ་བོའི་གྷི་རིཀ་དང་དེ་ལས་འདས་པའི་ང་ཚོའི་རིག་གཞུང་ཁྱབ་སྤེལ་གཏོང་བ་དེས་ཧ་ཅང་ཤུགས་རྐྱེན་སྤྲད་པའི་སྐབས། གཞན་གྱིས་རྒྱལ་ཁ་བླངས་བར་དགའ་བ་སྒོམ་པའི་ནང་པའི་ཐབས་ལམ་ལ་ལམ་སེང་འཇུག་རྒྱུ་དཀའ་ལས་ཁག་པོ་ཡོད། ནང་པའི་བློ་སྦྱོང་གི་ཐབས་ལམ་ནང་། ཉམས་ལེན་དེ་གང་རེད་ཅེ་ན། རྒྱལ་ཁ་གཞན་ལ་སྟེར་བ་དང་ཕམ་ཁ་དེ་རང་གིས་ཁུར་བ་དེ་རེད། དེ་ནི་ང་ཚོ་ནུབ་ཕྱོགས་པ་ཚོར་མཚོན་ན་ཧ་ཅང་ཁྱུར་མིད་གཏོང་དཀའ་བའི་རིལ་བུ་ལྟ་བུ་ཁས་ལེན་བྱེད་དཀའ་བ་ཞིག་རེད། 

རིག་གཞུང་གི་རིན་ཐང་ལ་སླར་ཡང་དཔྱད་ཞིབ་བྱེད་པ།

ནུབ་ཕྱོགས་པ་ཡིན་པའི་ཆ་ནས་འགོ་འཛུགས་བྱེད་སྟངས་ཡག་པོ་ཞིག་ནི། ང་ཚོའི་རིག་གཞུང་གི་རིན་ཐང་དང་གྲུབ་མཐར་གཞི་བྱས་པའི་ཕྲག་དོག་གི་རྣམ་པ། དེ་བཞིན་ང་ཚོར་ཡོད་པའི་འགྲན་སེམས་བཅས་ཀྱི་འཐད་ལྡན་གྱི་རང་བཞིན་ལ་སླར་ཡང་དཔྱད་ཞིབ་བྱ་རྒྱུ་དེ་རེད། གལ་ཏེ་ང་ཚོས་གཏིང་ཟབ་པོར་བརྟག་དཔྱད་བྱས་ན། དེས་ང་ཚོའི་སྒེར་གྱི་འབྲེལ་ལམ་ལ་ཤན་ཇི་ལྟར་ཞུགས་ཀྱི་ཡོད་པ་དང་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པ་དེ་མཐོང་ཐུབ། འགྲན་སྡུར་ལ་བརྟེན་ནས་ང་ཚོས་འགྲུབ་འབྲས་ཐོན་དགོས་ཀྱི་ཡོད། དེར་བརྟེན་སོ་སོ་སྒེར་གྱི་འབྲེལ་ལམ་གྱི་ནང་། ང་ཚོས་དེ་རྟ་དཀར་པོའི་སྒང་ལ་བཞོན་པའི་བུ་དང་བུ་མོ་སྙིང་རྗེ་ཤོས་ནས་རག་དགོས་ཀྱི་ཡོད། དེ་ནས་གཞན་ཚང་མས་ང་ཚོར་ཡི་རང་བྱེད་ཀྱི་རེད། མ་རེད་དམ། དེའི་ཐད་ལ་བསམ་བློ་གཏོང་དང་། གལ་ཏེ་ང་ཚོ་ཧ་ཅང་ཕྱུག་པའི་མི་ཞིག་དང་མཉམ་དུ་ཆང་ས་རྒྱག་ན། ང་ཚོའི་ཕ་མ་ག་ཚོད་ཙམ་ཞིག་དངོས་གནས་སྐྱིད་པོ་ཡོང་ངེས་རེད་དམ། གལ་ཏེ་ང་ཚོ་དངུལ་རྩ་ནས་མེད་མཁན་གྱི་མི་ཞིག་དང་མཉམ་དུ་ཆང་ས་རྒྱག་ནའང་། མི་དེ་ཧ་ཅང་མི་བཟང་པོ་ཞིག་ཡིན་ན། ཁོང་ཚོ་ཕལ་ཆེར་དེ་ཙམ་གྱི་དགའ་པོ་ཚོར་ངེས་མ་རེད། ང་ཚོ་ནུབ་ཕྱོགས་སུ་ཡོད་པ་མང་པོ་ཞིག་ནི་མི་གཞན་ཞིག་ལ་འདུག་རོགས་ཕྱུག་པོ་ཞིག་རག་ཡོད་ན། དེ་ལ་ང་ཚོ་ཡང་སེ་ཕྲག་དོག་སྐྱེ་སྲིད་པ་རེད། དེ་བཞིན་ང་ཚོའི་ཕ་མའང་ནང་མི་གཞན་གྱི་བུ་ཕྲུག་ཚོར་ཟླ་རོགས་ཕྱུག་པོ་དང་ཕྲད་ཡོད་ན། དེ་ལ་གང་འཚམ་གྱི་ཕྲག་དོག་ཅན་ཆགས་སྲིད་པ་རེད། 

བྱས་ཙང་། ཐོག་མར་ང་ཚོའི་རིག་གཞུང་གི་རིན་ཐང་ལ་སླར་ཡང་དཔྱད་ཞིབ་བྱ་རྒྱུ་དེ་བསམ་བློ་ཡག་པོ་ཞིག་རེད། དེ་ལ་ང་ཚོས་ངོས་ལེན་བྱེད་འདོད་ཡོད་པའི་གནད་དོན་དེ་འདྲ་དངོས་གནས་ཡོད་མེད་དང་། ཡང་ན་དེ་ནི་དཀྲོག་གཏམ་ཧ་ཅང་རྙིང་པ་ཙམ་ཞིག་ཡིན་ལྟ་རྒྱུ་དེ་རེད། 

རིག་གཞུང་ལ་གཞི་བྱས་པའི་ཕྲག་དོག་དང་འགྲན་སེམས་ཀྱི་ལྟོས་གྲུབ་དེ་མཐོང་བར་ཕན་པའི་དཔེ་མཚོན་ཞིག་ནི། རྒྱ་གར་གྱི་ཁྲོམ་རའམ་ཚོང་ར་འདྲ་པོ་རེད། རྒྱ་གར་དང་དབུས་ཤར་ཨེ་ཤི་ཡ། དེ་ག་ནང་བཞིན་ཤོད་མི་དགོས་པ་ལྟར། ལོ་རྒྱུས་ཀྱི་ཆ་ནས་ནུབ་ཕྱོགས་སུ་ཁྱེད་ཀྱིས་ཁྲོམ་རའི་ནང་གཅིག་རྗེས་གཉིས་མཐུད་ཀྱི་ཚོང་ཁང་ནང་གྱོན་ཆས་ནས་རྒྱན་ཆ་དང་། དེ་ནས་སྔོ་ཚལ་རིགས་སོགས་ཅ་དངོས་གཅིག་པ་གཅིག་རྐྱང་འཚོང་བཞིན་ཡོད་པ་མཐོང་གི་རེད།  ཁོང་ཚོ་གཅིག་གི་འགྲམ་ལ་གཅིག་བསྡད་ནས་ཇ་འཐུང་བ་དང་ཉིན་གང་སྐད་ཆ་ཤོད་ཀྱི་རེད། འདིའི་རྒྱབ་ལ་བསམ་བློའི་སྒྲོམ་གཞི་ཡོད་པ་ནི་ཁོང་ཚོའི་ཚོང་དེ་ཡག་པོ་བྱུང་མ་བྱུང་དེ་ལས་ལ་རག་ལུས་ཡོད་པའི་བསམ་བློ་ཞིག་ཡོད། གལ་ཏེ་ཡག་པོ་བྱུང་ན་དེ་ནི་སོ་སོའི་ལས་རེད། གལ་ཏེ་ཡག་པོ་མ་བྱུང་ན། དེ་ཡང་སོ་སོའི་ལས་རེད། 

ཁོང་ཚོས་ “ངས་གཞན་རྣམས་ཇི་ལྟར་ཟིལ་གྱིས་གནོན་ཐུབ་བམ་” ཞེས་བསམ་བློ་གཏོང་གི་མེད། དེ་ནི་རིག་གཞུང་ལ་གཞི་བྱས་པའི་གནད་དོན་ཞིག་རེད། འཇར་མིན་གྱི་ཁྲིམས་ཤིག་ལ་ཁྱེད་ཀྱིས་སོ་སོའི་ཉེ་འགྲམ་དེ་ག་རང་ལ་ཅ་དངོས་གཅིག་པ་གཅིག་རྐྱང་འཚོང་བའི་ཚོང་ཁང་བཙུག་མི་ཆོག །ཁྱེད་ཀྱིས་ཁང་བདག་དེས་ས་ཆ་གཞན་དེ་ཚོང་གཅིག་པ་རྒྱག་མཁན་ཞིག་ལ་གླ་གཏོང་བ་དེ་ཁྲིམས་གཏུགས་བྱེད་ཆོག་པ་ཞིག་རེད། དེ་ནི་རིག་གཞུང་གི་ཆ་ནས་ལྟོས་བཅས་ཤིག་རེད། ང་ཚོས་སོ་སོའི་ལས་དོན་བྱེད་ཕྱོགས་དེ་འཛམ་གླིང་ཡོངས་ཀྱི་ལས་དོན་བྱེད་ཕྱོགས་དེ་རེད་ཅེས་བསམ་པའམ། ཡང་ན་དེས་ལས་དོན་ཇི་ལྟར་བྱེད་དགོས་ངེས་དེ་རེད་ཅེས་བསམ་སྲིད། ང་ཚོས་དཀའ་ངལ་དེ་དག་ལས་ཐར་བར་བྱེད་དགོས། 

འགྲན་རྩོད་དམ་བློས་ཐུབ་མིན་པའི་རང་བཞིན་ལ་མི་བཟོད་པའི་ཕྲག་དོག

ང་ཚོ་ཚང་མས་ལས་ཀའི་སྐབས་དང་། རང་གི་གྲོགས་པོ་ཚོ་དང་མཉམ་དུ་ཕྲག་དོག་གི་རིགས་ཤིག་ཉམས་སུ་མྱོང་གི་ཡོད། འོན་ཀྱང་ནུབ་ཕྱོགས་སུ་ང་ཚོས་ཕྲག་དོག་ལས་ཏོག་ཙམ་མི་འདྲ་བའི་སྐོར་ཤོད་ཀྱིན་ཡོད། དེས་ང་ཚོར་སྡུག་བསྔལ་མང་བ་སྦྱིན་གྱི་ཡོད། གལ་ཏེ་ཁྱེད་ཀྱིས་སྡུག་བསྔལ་ཟེར་བ་དེ་ཚིག་མཛོད་ནང་སྔོག་བཤེར་བྱས་ན། དེ་ན་འགྲན་རྩོད་དམ་བློས་ཐུབ་མིན་པའི་རང་བཞིན་ལ་མི་བཟོད་པ་ཞེས་བརྗོད་ཡོད། དཔེར་ན། གལ་ཏེ་སོ་སོའི་དགའ་རོགས་དེས་གཞན་དང་མཉམ་དུ་དུས་ཚོད་ཡུན་རིང་གཏོང་བའམ་ཡང་ན་གཞན་ལ་བཅོས་མའི་མཛའ་བརྩེ་བསྟན་ན། ང་ཚོ་ཕྲག་དོག་སྐྱེ་གི་ཡོད། མི་གཞན་དེ་བློས་ཐུབ་མིན་པ་དང་གཞན་ཞིག་དང་མཉམ་དུ་སྡོད་འདོད་ཙམ་ཡོད་པ་ནང་བཞིན་བཟོད་མི་ཐུབ་པ་ཞིག་ཡོད། དེར་འགྲན་རྩོད་ཅིག་ཡོད།

ང་ཚོས་ཞུས་ཟིན་པའི་དཔེ་མཚོན་གཞན་ཞིག་ནི། ཁྱི་ཕྲུག་གསར་པ་ཞིག་ཁང་པའི་ནང་དུ་སླེབས་པའི་སྐབས་ཀྱི་ཁྱི་ལྟ་བུ་དེ་རེད། ཁྱི་ཕྲུག་དེ་ནི་དགེ་རྒན་གྱི་དོ་སྣང་གི་འགྲན་རྩོད་པ་དེ་ཆགས་ཀྱི་ཡོད། དགེ་རྒན་དེས་ཁྱི་ཕྲུག་དེ་ལ་རུས་རྐང་གཡུག་རྩིས་ཡོད་པ་ལས་ཁྱི་ལ་གཡུག་རྩིས་མེད། དེ་ཡང་ཕྲག་དོག་ཟེར་བ་དེ་ནང་ཆོས་ནང་འགྲེལ་བརྗོད་བྱས་པ་ནང་བཞིན་ཉེན་སྲུང་མེད་པ་དང་ཡིད་མ་ཆེས་པའི་ཚོར་བ་ཤུགས་ཆེན་ཞིག་གི་སྟེང་ལ་འཁོན་འཛིན་གྱི་ཆ་ལག་ཅིག་ཡོད་པ་རེད། 

ཉེན་སྲུང་མེད་པའི་རང་བཞིན།

ཉེན་སྲུང་མེད་པའི་རང་བཞིན་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པ་ནི་ནང་ཆོས་ནང་གོ་སྡུར་རྦད་དེ་མི་འདྲ་བ་ཞིག་རེད། གལ་ཏེ་ང་ཚོ་ཉེན་སྲུང་མེད་པ་ཡིན་ན། ང་ཚོའི་དགའ་རོགས་དང་ཟླ་རོགས་དེ་གཞན་དང་མཉམ་དུ་ཡོད་པའི་སྐབས། ང་ཚོ་ཕྲག་དོག་བཟའ་གི་ཡོད། ང་ཚོ་ནི་སོ་སོ་རང་ཉིད་དང་རང་མཐོང་ལ་ཉེན་སྲུང་མེད་པ་དང་གཞན་གྱིས་ང་ཚོར་བཅང་པའི་བརྩེ་བ་ལ་ཉེན་སྲུང་མེད་པ་རེད། སོ་སོའི་ཟླ་རོགས་ལ་ཡིད་ཆེས་མེད་པ་དང་ “ང་” ཞེས་བྱ་བ་འདི་འདོར་གྱི་རེད་བསམ་པའི་ཞེད་སྣང་ཞིག་ཀྱང་ཡོད།

སླར་ཡང་འདི་ལྟ་བུའི་ཕྲག་དོག་ལ་གདོང་ལེན་བྱེད་པར། ང་ཚོས་མི་ཚང་མ་གཅིག་མཚུངས་དང་མཉམ་པ་ཡིན་པ་དེ་ཤེས་དགོས། འོན་ཀྱང་དེ་ཡང་ལྟ་ཚུལ་ཅུང་ཟད་མི་འདྲ་བ་ཞིག་གི་ཐོག་ནས་ཤེས་དགོས། དོན་ངོ་མར་ང་ཚོ་ནུབ་ཕྱོགས་པ་ཚོར་དེ་ལ་གདོང་ལེན་བྱ་རྒྱུ་ཏོག་ཙམ་ལས་སླ་བ་ཡོད། གང་ཡིན་ཟེར་ན། དེ་ནི་རྣམ་པ་གཞན་དག་ནང་བཞིན་རིག་གཞུང་གི་ཆ་ནས་དཔུང་སྣོན་བྱས་པ་ཞིག་མིན། འདི་ནི་རང་ཤུགས་ཀྱིས་འབྱུང་བའི་གནད་དོན་ཞིག་ཡིན་པས། ང་ཚོས་དེའི་སྒང་ལ་རིག་གཞུང་གི་རྡོག་ཁྲེས་ལ་གདོང་ལེན་བྱེད་མི་དགོས། མི་འགའ་ཞིག་གིས་ང་ཚོ་ཆུང་བྱིས་པ་ལ་བརྟེན་ནས་ཕན་གནོད་འགའ་ཞིག་ཡོད་ཅེས་ཤོད་ཀྱི་རེད། ཡིན་ནའང་སུས་ཀྱང་ང་ཚོར་ཉེན་སྲུང་ཡོད་པ་བྱེད་དགོས་ཞེས་བསླབ་མི་དགོས། དཔེར་ན། ཕྲུ་གུ་མ་འབྱར་དེ་རྟག་ཏུ་ཨ་མའི་རྒྱབ་ཏུ་འཁུར་གྱི་ཡོད། དེ་ཡང་ནམ་རྒྱུན་ཨེ་ཤི་ཡའི་ལུང་པའི་ནང་དེ་འདྲ་རེད། བྱས་ཙང་། ཕྲུ་གུ་དེ་ཉལ་ཁྲིའི་སྒང་ལ་བཞག་པ་ལས་ཀྱང་ཨ་མའི་རྒྱབ་ལ་འཁུར་བ་དེ་རྦད་དེ་ཉེན་སྲུང་ཆེ་བ་ཡོད། ཨ་མས་སྲང་ལམ་བརྒལ་བཞིན་པའི་སྐབས། ཕྲུ་གུ་དེ་རྐུབ་སྟེགས་འཁོར་ལོ་ཅན་ (stroller) ཞིག་གི་ནང་ཡོད་ན་གང་འདྲ་ཡོད་བསམ་བློ་ཐོངས། དེའི་སྐབས་ཁྱེད་ཀྱིས་སྣུམ་འཁོར་སྐད་ཅོར་ཚ་པོ་དེ་དག་སྐྱོད་བཞིན་པ་མཐོང་གི་རེད། འོན་ཀྱང་ཁྱེད་ཀྱིས་སོ་སོའི་ཨ་མ་མཐོང་གི་མ་རེད། ཕྲུ་གུ་མ་འབྱར་དེས་ཉེན་སྲུང་ཡོད་པ་ཇི་ལྟར་ཚོར་གྱི་ཡོད་དམ། ཕྱོགས་གཅིག་ནས་རང་བཞིན་གྱི་ཉེན་སྲུང་མེད་པ་དེ་རིག་གཞུང་གི་ཐོག་ནས་དཔུང་སྣོན་བྱས་ཡོད། འོན་ཀྱང་དེ་ནི་གླེང་གཞི་རྦད་དེ་མི་འདྲ་བ་ཞིག་རེད། 

ཉེན་སྲུང་མེད་པའི་རང་བཞིན་ལ་གཞིགས་ན། ང་ཚོས་སངས་རྒྱས་ཀྱི་རིགས་ཀྱི་རྣམ་པ་ངེས་ཅན་ཞིག་དང་བསྟུན་ནས་ཚང་མ་འདྲ་མཉམ་དང་གཅིག་མཚུངས་ཀྱི་བསམ་བློ་གཏོང་དགོས། ཆ་རྐྱེན་འདི་ནི་ང་ཚོའི་སེམས་ལ་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་སྤྲོད་ཐུབ་པའི་ནུས་པ་དེ་ཡོད། འདིས་ང་ཚོའི་ཕྲག་དོག་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། གང་ཡིན་ཞེ་ན། ང་ཚོས་གྲོགས་པོ་ཞིག་གམ་ཟླ་གྲོགས་ཞིག་ཡིན་པའི་ཆ་ནས་བྱམས་བརྩེ་སྤྲོད་རྒྱུ་དང་མི་གཅིག་ཙམ་མིན་པར། མི་མང་པོ་དང་མཉམ་དུ་འཆམ་པོ་བྱ་རྒྱུ་དེ་ཡང་དག་པའི་རང་བཞིན་ཞིག་ཡིན་པ་མཐོང་གི་ཡོད། འདི་ནི་འཁྲིག་ཐབས་སྣ་ཚོགས་པ་གནང་བ་སྦྱིན་པ་ཞིག་ཡིན་པར་ཁས་ལེན་མི་བྱེད་པར་ཞུ། “ང་” ནི་དམིགས་བསལ་དང་གཞན་ལས་ལོགས་སུ་ཡོད་པ་དེ་ཡིན་པ་དང་། སོ་སོའི་ཟླ་རོགས་དང་གྲོགས་པོའི་སེམས་ནང་ང་རང་གལ་ཆེ་ཤོས་སུ་ཡོད་དགོས་ཞེས་བསམ་རྒྱུ་ཚབ་ལ་ང་ཚོས་གནས་སྟངས་རང་སོར་འཇོག་དགོས།  ང་ཚོས་འདི་འདྲ་ཞིག་ཚོར་བའི་སྐབས། སྙིང་རྗེ་ངེས་པར་དུ་སྐྱེད་དགོས། གང་ཡིན་ཞེ་ན། ང་ཚོས་གཞན་ཚང་མ་དང་མཉམ་དུ་འཆམ་པོ་དང་བརྩེ་བ་སྤྲོད་དགོས་པའི་སངས་རྒྱས་ཀྱི་རིགས་ཀྱི་ནུས་པ་དེ་ཤེས་ཀྱི་མེད། 

གཅིག་ཁོ་ན་མིན། 

ངས་ནང་གི་རྟོགས་པ་ཡིད་ལ་འཐད་པོ་འདི་ཐོག་མར་སྐར་རྩིས་རིག་པ་ནས་སྦྱངས་ཡིན། ང་ཚོས་རྟག་ཏུ་དམིགས་བསལ་ཅན་ཞིག་འཚོལ་གྱིན་ཡོད། སྐར་རྩིས་རིག་པ་ལ་བརྟེན་ནས་ང་ཚོས་རྒྱུ་སྐར་སྙོམ་སྒྲིག་བྱེད་སྲིད་པ་དང་། དེ་ལ་བརྟེན་ནས་རྒྱུ་སྐར་གང་གིས་ང་ཚོའི་གཟའ་སྐར་ཝི་ནས྄་ (Venus) ལ་འཕྲོད་སྦྱོར་ཡག་པོ་སྐྲུན་གྱི་འདུག་འཚོལ་དགོས། ཡིན་ནའང་གལ་ཏེ་ཁྱེད་ཀྱིས་དེའི་སྐོར་བསམ་བློ་བཏང་ན། ང་ཚོའི་ཝི་ན་ས྄་ལ་འཕྲོད་སྦྱོར་ཡག་པོ་སྐྲུན་པའི་མི་ས་ཡ་མང་པོའི་ཝི་ནས྄་ཡོད་ངེས་རེད། དེ་དག་ལས་བྱེ་བྲག་གཅིག་ལ་དམིགས་བསལ་གང་ཡོད་དམ། སོ་སོ་ལ་བརྩེ་བ་སྤྲོད་ཐུབ་མཁན་གྱི་སྲས་དང་སྲས་མོ་གཅིག་རང་ཡོད་པའི་རྒྱུ་མཚན་གང་རེད་དམ།

ང་ཚོའི་སེམས་འདི་ཚང་མར་བློ་སྒོ་ཕྱེས་ནས་བརྩེ་བ་སྤྲོད་རྒྱུ་དེ་སྦྱོང་རྒྱུ་དངོས་གནས་གལ་ཆེན་པོ་རེད། གལ་ཏེ་ང་ཚོའི་ཟླ་རོགས་དེ་ལ་མ་དགའ་ན། ང་ཚོས་སྙིང་རྗེ་བྱེད་དགོས། དེ་ནི་ཁོང་ཚོས་སྦྱོང་དགོས་པའི་གནད་དོན་ཞིག་རེད། ང་ཚོས་སོ་སོའི་བློ་སྒོ་ཕྱེ་བའི་སྐབས། མི་གཞན་ཞིག་དང་མཉམ་དུ་ཡོད་པའི་མི་ཚོ་ཧ་ཅང་ཕྲག་དོག་སྐྱེ་ས་དེ་མི་ཚེའི་ནང་ཧ་ཅང་ཆུང་ཆུང་ཆགས་ཀྱི་རེད། ང་ཚོས་བརྩེ་བ་སྤྲོད་ཐུབ་ས་དེ་འཛམ་གླིང་ནང་ཁོང་ཚོ་གཅིག་པུ་མ་རེད། རང་གི་བློ་སྒོ་ཕྱེ་བ་དང་གུ་ཡངས་ཀྱི་བསམ་བློ་དང་བཅས་ང་ཚོས་སོ་སོའི་གྲོགས་པོ་དང་། ཟླ་རོགས། གཅེས་ཉར་སྲོག་ཆགས། དེ་བཞིན་རང་གི་ཕ་མ་བཅས་ལ་ཧ་ལས་པའི་བརྩེ་བ་སྤྲོད་ཐུབ། ང་ཚོས་སོ་སོའི་རྒྱལ་ཁབ་དང་། མི་རིགས། རང་འབྱུང་ཁམས། དཀོན་མཆོག །རང་གི་དོ་དབྱིངས། ལས་ཀ་བཅས་ལ་དགའ་པོ་བྱེད་ཐུབ་པ་སོགས་ཤིན་ཏུ་མང་པོ་ཡོད།

ང་ཚོས་བརྩེ་བ་སྤྲོད་ཡུལ་དེ་དག་ཐམས་ཅད་ལ་གདོང་ལེན་བྱེད་ཐུབ། གང་ཡིན་ཞེ་ན། ང་ཚོའི་སེམས་ནི་དོན་ངོར་མར་དེ་དག་ཐམས་ཅད་ཀྱི་ཆེད་དུ་ཧ་ཅང་ཆེན་པོ་ཡོད། ང་ཚོས་སོ་སོའི་བརྩེ་བ་དེ་སྟོན་ཐུབ། འདི་ནི་གནད་དོན་གལ་ཆེན་པོ་ཞིག་རེད། དེ་ཡང་ང་ཚོའི་དགའ་སའི་མི་དང་དངོས་པོ་རེ་རེ་ལ་རན་ཞིང་འཚམས་པའི་སྒོ་ནས་བརྩེ་བ་སྤྲོད་ཐུབ། སོ་སོའི་བཟའ་ཟླ་དང་ཕ་མ་ལ་བརྩེ་བ་སྤྲོད་པ་ནང་བཞིན་རང་གི་གཅེས་ཉར་སྲོག་ཆགས་ཁྱི་ལྟ་བུར་བརྩེ་བ་གཅིག་པ་གཅིག་རྐྱང་མི་སྤྲོད་པ་ནི་གསལ་པོ་རེད། ང་ཚོས་ཤོད་མི་ཐུབ་ཀྱང་། སྤྱིར་བཏང་དེ་དག་ཐམས་ཅད་དང་མཉམ་དུ་ང་ཚོས་འཁྲིག་སྦྱོར་གྱི་འབྲེལ་བ་དེ་མེད། དངོས་གནས་བྱས་ན། གལ་ཏེ་ང་ཚོའི་འཁྲིག་སྦྱོར་གྱི་ཟླ་རོགས་དེ་བློས་ཐུབ་ཅན་ཞིག་མིན་པ་དང་། དེས་གཞན་དང་མཉམ་དུ་འཁྲིག་སྦྱོར་མི་བྱེད་ནའང་། དུས་ཚོད་ཆ་ཚང་ཕྱི་ལ་གྲོགས་པོ་ཚོ་དང་མཉམ་དུ་གཏོང་བཞིན་ཡོད་ན། དེ་ནི་ཕྲག་དོག་དང་གཅེས་འཛིན་བྱེད་པ་ནི་སེམས་ཚོར་གྱི་ཡ་ལན་ཕན་ཐོགས་ཅན་ཞིག་རྩ་ནས་མིན། དེས་གནས་སྟངས་ལ་ཕན་གྱི་མེད།

ང་ཚོས་ཕྲག་དོག་དང་གཅེས་འཛིན་གྱི་སྒོ་ནས་ཡ་ལན་སྤྲོད་པའི་སྐབས། དེ་ཡང་ཕྱོགས་གཅིག་ནས་རིག་གཞུང་གི་ཆ་ནས་ཤུགས་རྐྱེན་སྤྲད་ཡོད། གལ་ཏེ་ཁྱེད་ཀྱིས་སྲོལ་རྒྱུན་ཉི་ཧོང་གི་ཆུང་མ་ཞིག་དང་སྲོལ་རྒྱུན་གྱི་ནུབ་ཕྱོགས་པའི་ཆུང་མ་ཞིག་ལ་བསམ་བློ་བཏང་ན། ཁྱོ་ག་དེ་ལས་ཁུངས་ནས་མི་གཞན་དང་མཉམ་དུ་ཕྱི་ལ་མང་པོ་འགྲོ་གི་ཡོད་པའི་གནས་སྟངས་ཕྲད་ན། ཁོང་ཚོས་སེམས་ཚོར་གྱི་ཆ་ནས་གནས་སྟངས་དེ་གང་ལ་གང་འཚམ་གྱི་མི་འདྲ་བའི་སྒོ་ནས་ཉམས་སུ་མྱོང་ངེས་རེད། རིག་གཞུང་མི་འདྲ་བ་རེད། བྱས་ཙང་། སླར་ཡང་ང་ཚོས་ཡ་ལན་དེ་ཇི་ཙམ་གྱི་རིག་གཞུང་དང་ལྡན་པ་ཡིན་པ་དང་། དེ་དག་ལས་རང་བཞིན་དང་རང་ཤུགས་ཀྱི་ཡ་ལན་ག་ཚོད་ཡོད་བལྟ་དགོས། འདི་ནི་རིག་གཞུང་འདྲེས་མའི་ནང་ཁུལ་གཉེན་སྒྲིག་སྐབས་ཧ་ཅང་གལ་ཆེན་པོ་ཡིན་སྲིད། འདི་ཡང་དགའ་རོགས་གཉིས་མི་རབས་མི་འདྲ་བའི་ནང་ཕན་ཚུན་ཟླ་གྲོགས་སུ་གྱུར་བའི་སྐབས་འབྲེལ་བ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། ཁོང་ཚོར་རིན་ཐང་མི་འདྲ་བའང་ཡོད་སྲིད་པ་རེད། 

བློ་སྒོ་འབྱེད་པ།

གལ་ཏེ་ང་ཚོས་བརྩེ་བ་དང་བློ་ཐག་ཉེ་བའི་གྲོགས་པོའི་འདུ་ཤེས་དེ་མི་གཅིག་ཁོ་ན་དང་མཉམ་དུ་ཡོང་ཆོག་བསམས་ན། གལ་ཏེ་མི་དེ་ལ་གྲོགས་པོ་གཞན་ཞིག་ཡོད་པ་དང་དེ་ལ་རང་ཉིད་ཀྱི་ཆེད་སེམས་ཁུར་མེད་ན། དེ་ནི་ཕྲག་དོག་རེད། དེ་དག་ཐམས་ཅད་ནི་ “ང་” ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་དམིགས་བསལ་དེ་ལ་གཞི་བྱས་ཡོད་པར་བལྟ་དགོས། འོན་ཀྱང་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ལ་མཉམ་པར་བརྩེ་བ་ཡོད་སྟབས། དེ་གང་འདྲ་ཆགས་ཀྱི་རེད་དམ། སངས་རྒྱས་དེ་མི་གཅིག་དང་མཉམ་དུ་ཡོད་སྐབས། བརྒྱ་ཆ་བརྒྱ་ཐམ་པ་མི་དེ་རང་ལ་རྩེ་གཅིག་ཏུ་དམིགས་པ་གཏད་ཀྱི་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་ནི་ཀུན་ལ་མཉམ་པར་ཡོད་མཁན་གྱི་དཔེ་ཕུལ་དུ་བྱུང་བ་དེ་ཡིན་པ་དང་། ཁོང་ལོ་ལྟར་མི་སྣ་མི་འདྲ་བ་སྣ་ཚོགས་པ་མང་པོ་དང་ཐུག་འཕྲད་གནང་གི་ཡོད། ཐ་ན་ཉིན་ལྟར་མཛད་པ་དེ་ལྟར་བསྐྱང་བཞིན་ཡོད། ཁོང་ལ་མི་སྣ་སུ་དང་ཐུག་འཕྲད་སྐབས་དང་ཁོང་དང་མཉམ་དུ་ཡོད་པའི་སྐབས། ཁོང་གང་ཟག་དེ་རང་ལ་རྩི་གཅིག་ཏུ་དམིགས་པ་གཏད་གནང་གི་ཡོད་པ་ལས།

དྲག་པོ་དང་འཇབ་པོས་ཅེར་གཟིགས་གནང་གི་མེད་པའི་ཚོར་བ་མི་དེ་དག་གིས་ཕྱིར་འདོན་བྱེད་ཀྱི་ཡོད། ཁོང་གི་ཐུགས་ནི་བརྒྱ་ཆ་བརྒྱ་ཐམ་པ་ཁྱེད་དང་མཉམ་དུ་ཡོད་པ་རེད། ཐ་ན་ཁོང་གིས་མང་ཚོགས་ལ་སྐོར་གཟིགས་གནང་ནའང་། ཧང་སངས་དགོས་པའི་ཚོར་བ་ཤིག་ཡོད་པ་རེད། དེས་ཁྱེད་རང་ཕལ་ཆེར་དམིགས་བསལ་ཞིག་ཚོར་འཇུག་གི་ཡོད། ཡིན་ནའང་དེ་ཁྱད་མཚར་ཞིག་དང་རང་གཅེས་འཛིན་གྱི་སྒོ་ནས་མིན། དེའི་རྒྱུ་མཚན་སྟབས་བདེ་པོ་ནི། ཁོང་སུ་དང་ཐུག་འཕྲད་གནང་བའི་སྐབས། ཐུགས་རྩེ་གཅིག་ཏུ་གང་ཟག་དེ་རང་ལ་བརྒྱ་ཆ་རྒྱ་ཐམ་པ་དམིགས་ཀྱི་ཡོད། མི་ཧ་ཅང་མང་པོ་ཡོད་པའི་རྒྱུ་མཚན་ཙམ་གྱིས་ཞན་དུ་ཕྱིན་པ་ཞིག་མིན། ༧གོང་ས་མཆོག་གིས་ཁྱེད་ལ་གཟིགས་པའི་སྐབས། ཁྱེད་ཀྱིས་ཕལ་ཆེར་བྱམས་བརྩེའི་ནུས་སྟོབས་ཤིག་གིས་རྩ་མེད་བཟོ་བའི་ཚོར་བ་ཞིག་སྐྱེ་གི་རེད། དེ་འདྲ་ཞིག་ལ་ང་ཚོས་དམིགས་པ་གཏད་དགོས་ངེས་རེད། 

འདི་ནི་དཔེ་མི་སྲིད་པའི་གནད་དོན་གལ་ཆེན་ཞིག་རེད། ༧གོང་ས་མཆོག་ནས་རྟག་ཏུ་ཕྲག་དོག་དང་འཁོན་འཛིན་ལ་སོགས་པ་ལས་ཐར་བའི་ཐབས་ནི་དངོས་གནས་སྙིང་རྗེ་དང་སོ་སོའི་བློ་སྒོ་ཕྱེས་ནས་གཞན་ཕན་གྱི་བསམ་བློ་ཡོད་པ་དེ་རེད་ཅེས་ནན་བརྗོད་གནང་གི་ཡོད། 

འོན་ཀྱང་ཕ་རོལ་པོ་དེ་དག་གིས་ང་ཚོར་གནོད་འཚེ་བྱེད་ཀྱི་རེད་ཅེས་ཉེན་སྲུང་མེད་པ་ཆགས་པའི་སྐབས། ཐ་ན་མི་གཅིག་ལའང་བློ་རྩེ་གཏད་ནས་སྙིང་རྗེ་སྒོམ་པ་སོགས་བྱ་རྒྱུ་དེ་ང་ཚོའི་གནས་ཚད་ལ་དཀའ་ལས་ཁག་པོ་རེད། བྱས་ཙང་། ང་ཚོས་བློ་རྩེ་གཅིག་ཏུ་གཏད་དེ་གཞན་ཕན་གྱི་སེམས་ལས་སླ་པོ་ཞིག་རྩ་བ་ནས་སྐྱེད་ཀྱི་མེད། ང་ཚོས་འདི་ནས་འཇིག་རྟེན་ནང་གི་སེམས་ཅན་ཐམས་ཅད་ལ་བློ་རྩེ་གཏད་པའི་བར་ཇི་ལྟར་འགྲོ་དགོས་སམ། གལ་ཏེ་ང་ཚོས་ག་ལེར་ག་ལེར་བློ་རྩེ་གཏད་ནས་འཇིགས་སྣང་གང་ཡང་མེད་པར་མི་གཅིག་ལས་མང་བར་བརྩེ་བ་སྤྲོད་ཐུབ་པ་དེ་རྟོགས་ན། དེ་ནས་མི་བྱེ་བྲག་ཅིག་གིས་ང་ལ་བརྩེ་བ་རང་འཇགས་མི་སྟེར་བའི་སྡུག་བསྔལ་དེ་ཧ་ཅང་སྡུག་ཅག་དེ་འདྲ་ཆགས་ཀྱི་མ་རེད། གང་ལྟར་ཡང་། མི་ཚང་མས་སངས་རྒྱས་ཤཱཀྱ་ཐུབ་པར་དགའ་པོ་བྱས་མེད་པས། གཞན་ཚང་མས་ང་ཚོར་དགའ་བའི་རེ་བ་གང་བྱ་རྒྱུ་ལྷག་ཡོད་དམ། 

ངས་སངས་རྒྱས་ཤཱཀྱ་ཐུབ་པའི་དཔེ་མཚོན་འདི་ཧ་ཅང་ཕན་ཐོགས་ཅན་མཐོང་གི་འདུག །སངས་རྒྱས་ཉིད་ཀྱི་ཚ་བོ་ལྷས་སྦྱིན་གྱིས་སངས་རྒྱས་ལ་རྩ་ནས་མི་དགའ་ཞིང་སྡང་བའི་སྐོར་གྱི་ལོ་རྒྱུས་མང་པོ་ཡོད། ལྷས་སྦྱིན་ནི་རྟག་ཏུ་སངས་རྒྱས་ལ་ཕྲག་དོག་བཟའ་གི་ཡོད་པ་དང་། ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་ཁོང་ལ་གནོད་འཚེ་བྱེད་ཐབས་བྱས་ཡོད། དེའི་སྐོར་ལ་བསམ་བློ་གཏོང་རྒྱུ་དེ་ཡག་པོ་ཞིག་ཡོད། མི་ཞིག་གིས་ང་ཚོར་སྐྱོན་བརྗོད་བྱེད་པ་དང་ང་ཚོར་མི་དགའ་བའི་སྐབས། ང་ཚོས་དེ་ལ་རེ་བ་གང་བྱེད་ཐུབ་བམ། དེང་དུས་ཀྱི་དཔེ་མཚོན་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་ལ་བལྟས་ན་འགྲིགས། རྒྱལ་ཁབ་དང་གཞུང་ཆ་ཚང་ཡོད་པ་དང་འཛམ་གླིང་གང་སར་ཁྱབ་པའི་དཀྲོག་གཏམ་གྲངས་མེད་པ་ཞིག་གིས་ང་ཚོར་སྡང་འཛིན་ཁྱབ་སྤེལ་གཏོང་བར་བསམ་བློ་གཏོང་དགོས། མི་གཅིག་གིས་ང་ལ་མི་དགའ་བའམ་ཡང་ན་མི་གཅིག་མི་གཞན་ཞིག་དང་མཉམ་དུ་ཕྱིན་པ་ཡིན་ན། དེ་ནི་གནད་དོན་ཆེན་པོ་གང་ཡང་མ་རེད། ཁྱེད་ཀྱིས་དེའི་ལྟོས་བཅས་ཀྱི་རང་བཞིན་ལ་མཐོང་བའི་སྐབས། དེ་ནི་འཇིག་རྟེན་སྟོང་པ་ཆགས་ཀྱི་ཡོད་པ་ཞིག་མིན། ཨིན་སྐད་ནང་བརྗོད་ཚུལ་ཡོད་པའི་ “རྒྱ་མཚོའི་ནང་གི་ཉ་གཅིག་པུ་མ་རེད་” ཅེས་པ་དེ་ལ་བསམ་བློ་གཏོང་དགོས། 

ཞེད་སྣང་མེད་པ།

གལ་ཏེ་ང་ཚོས་མི་མང་པོར་བློ་རྩེ་གཏད་ན། དེ་ནས་སོ་སོ་སྒེར་གྱི་འབྲེལ་ལམ་དེ་ལ་ལམ་ལྷོང་ཉུང་བ་ཆགས་ཀྱི་རེད་ཅེས་སྐབས་རེར་བསམ་བློ་འཁོར་གྱི་ཡོད། ཡིན་ནའང་ཞེད་སྣང་བྱེད་དགོས་རྒྱུ་གང་ཡང་མེད། ང་ཚོ་ཞེན་ཆགས་ཉུང་བ་དང་འདོད་བློ་ཡོངས་སུ་ཁེངས་པའི་ཆེད་འབྲེལ་ལམ་གཅིག་ལ་ཉུང་བ་བརྟེན་གྱི་རེད། ང་ཚོས་སྒེར་སོ་སོ་རེ་རེ་དང་མཉམ་དུ་དུས་ཚོད་ཉུང་བ་གཏོང་སྲིད། འོན་ཀྱང་དེ་དག་རེ་རེ་ནི་ལས་དོན་ནང་ཆ་ཚང་བར་ཚུད་ཡོད།

དེ་ནི་ང་ཚོའི་གྲོགས་པོས་ང་ཚོར་བརྩེ་བ་སྤྲོད་པ་དང་གཅིག་པ་ཡིན་པ་རྟོགས་འགོ་བཙུག་གི་རེད། གལ་ཏེ་ཁོང་ཚོར་གྲོགས་པོ་གཞན་ཡོད་ན། དེའི་དོན་ནི་ཁོང་ཚོས་ང་ཚོའི་ཕྱོགས་སུ་བརྩེ་བ་ཡོད་པ་དེ་བསྲེ་ལྷད་ཡིན་ཞེས་བསམ་བློ་གཏོང་དགོས་པའི་རྒྱུན་མཚན་གང་ཡང་མེད། མི་རྣམས་ལ་གྲོགས་པོ་ཧ་ཅང་མང་པོ་ག་རེ་བྱས་ནས་ཡོད་མི་དགོས་སམ། དེ་ཡང་བརྩེ་བ་དེ་འཁྱགས་སྒམ་ཞིག་གི་ནང་ཁ་ལག་ཡོད་པ་ནང་བཞིན་ང་ཚོ་ལ་ཉུང་བ་ཆགས་ཀྱི་ཡོད་པའི་དོན་མིན། བརྩེ་བ་ནི་དེ་འདྲ་ཞིག་རྩ་བ་ནས་མིན།

རྟོག་སྒྲུང་སྤོང་བ།

འདིར་སླར་ཡང་རིག་གཞུང་དང་འབྲེལ་བའི་སྒང་ལ་སླེབ་ཀྱི་ཡོད། མི་གཅིག་དམིགས་བསལ་དང་ང་ཚོ་ལ་ཏག་ཏག་རན་མཚམ་གྱི་གཞི་མཚུངས་ཆགས་རྒྱུ་ཡིན་པ་དང་། དེའི་ཕྱེད་ཀ་དེས་ང་ཚོར་རྟག་ཏུ་བསྔགས་བརྗོད་བྱེད་པ་དེ་ལ་ང་ཚོའི་མི་ཚེའི་རྣམ་པ་ཡོངས་སུ་རྫོགས་པ་མཉམ་སྤྱོད་བྱེད་ཐུབ་པའི་རིག་གཞུང་གི་གནད་དོན་རྟོག་སྒྲུང་འདིའི་སྒང་ལ་སླེབ་ཀྱི་ཡོད། འདི་ནི་རྒྱུ་མཚན་དང་མི་ལྡན་པའི་རྟོག་སྒྲུང་ཞིག་རེད། འདི་ནི་གནའ་བོའི་གྷི་རིག་གི་ལྟ་གྲུབ་སྨྲ་བ་པླེ་ཊོ་ནས་བྱུང་བ་ཞིག་རེད། ཁོང་གིས་ང་ཚོ་ཚང་མ་ཐོག་མར་གོང་བུ་གཅིག་རེད། ཡིན་ནའང་སྐབས་ཤིག་ལ་ཚང་མ་ཕྱེད་ཀའི་ནང་གཏུབས་པ་རེད། འདིས་ང་ཚོའི་མི་ཚེའི་ནང་ཕྱེད་ཀ་དེ་འཚོལ་བའི་དམིགས་ཡུལ་ཞིག་སྐྲུན་གྱི་ཡོད། དེ་ནི་ཡང་དག་པའི་མཚུངས་ཟླ་ཞིག་ཆགས་པ་དང་དེས་སླར་ཡང་ང་ཚོ་གོང་བུ་གཅིག་ཏུ་བཟོ་གི་ཡོད། རྟོག་སྒྲུང་འདི་ནི་ནུབ་ཕྱོགས་ཀྱི་བརྩེ་དགའི་ཉམས་ཚོར་གྱི་རིང་ལུགས་དེའི་ལོ་རྒྱུས་ཆ་ཚང་གི་རྒྱབ་ཏུ་ཡོད་པ་ལྟར་སྣང་། སྟབས་ཉེས་པ་ཞིག་ལ། འདི་ནི་ཡེ་ཤུ་མ་ཤི་ཀའི་འཁྲུངས་སྟོན་སྐབས་ཀྱི་པཱ་ལགས་སེན་ཊ་ (Santa Claus) དང་ཨཱིས྄་ཊར་ཉིན་གྱི་ཨ་ཕོ་རི་བོང་ (Easter Bunny) ནང་བཞིན་རྟོག་སྒྲུང་ཞིག་རེད། འདིར་ང་ཚོར་རྟ་དཀར་པོའི་སྟེང་ལ་བཞོན་པའི་ཡིད་དུ་འོང་བའི་བུ་དེ་ཡོད། དེ་ནི་ནུབ་ཕྱོགས་ཀྱི་བརྩེ་དགའི་ཉམས་ཚོར་གྱི་བསམ་བློ་དེ་རེད། འོན་ཀྱང་དེ་ནི་རིག་གཞུང་གཞན་གྱི་ནང་གཅིག་པ་མ་རེད། 

མི་འདི་ནི་ང་ཚོའི་ཕྱེད་ཀ་གཞན་དེ་ཆགས་ཀྱི་རེད་ཅེས་རེ་སྒུག་དེ་རྟོག་འཆར་དུ་སྐྲུན་གྱི་ཡོད། དེ་ནས་ཁོང་ཚོ་ང་ཚོ་དང་མཉམ་དུ་མི་འགྲོ་བ་དང་། དུས་ཚོད་ཚང་མ་ང་ཚོ་དང་མཉམ་དུ་མི་གཏོང་བ། དེ་བཞིན་གསང་བ་ཡོད་དོ་ཅོག་ང་ཚོ་དང་མཉམ་དུ་མཉམ་སྤྱོད་མི་བྱེད་པའི་སྐབས། ང་ཚོ་ཕྲག་དོག་བཟའ་གི་ཡོད། ང་ཚོས་དེ་ལ་འཁོན་འཛིན་བྱེད་པ་དང་ཁོང་ཁྲོ་བཟའ་གི་ཡོད། གལ་ཏེ་ཁོང་ཚོས་སོ་སོའི་མི་ཚེའི་གནད་དོན་ཆུང་ཙག་ཅིག་གཞན་ཞིག་དང་མཉམ་སྤྱོད་བྱས་ན། ང་ཚོ་ཧ་ཅང་ཕྲག་དོག་སྐྱེ་གི་ཡོད། འོན་ཀྱང་ང་ཚོས་དེའི་སྐོར་བསམ་བློ་གཏོང་བའི་སྐབས། མི་ཚེའི་རྣམ་པ་ཡོངས་སུ་རྫོགས་པ་མི་གཅིག་རང་ལ་མཉམ་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་དེ་ནི་དངོས་གནས་གང་ལ་གང་འཚམ་གྱི་རྒྱུ་མཚན་དང་མི་ལྡན་པ་ཞིག་རེད། དེ་ལས་དངོས་ཡོད་གནས་ཚུལ་དང་མཐུན་ཆེ་བ་ཞིག་ནི། ང་ཚོའི་དོ་དབྱིངས་དང་སྤྲོ་བ་མཉམ་སྤྱོད་བྱེད་སྲིད་པའི་སྡེ་ཁག་ཅིག་འཚོལ་རྒྱུ་དེ་རེད། དཔེར་ན། རྩེད་མོའི་རིགས་ཀྱི་ནང་ལྟ་བུ་རེད། ང་ཚོས་སོ་སོའི་ཆུང་མར་སོ་སོ་རྐང་རྩེད་སྤོ་ལོར་དོ་དབྱིངས་ཡོད་པ་དེ་མཉམ་སྤྱོད་བྱེད་པའི་རེ་བ་དེ་ག་རེ་བྱས་རྒྱག་དགོས་སམ། 

ང་ཚོས་གནད་དོན་རེ་རེ་བཞིན་ཚང་མ་གང་ཟག་གཅིག་རང་ལ་མཉམ་སྤྱོད་མི་བྱེད་པའི་སྐབས། དེ་ནི་ཡིད་ལ་འཐད་ཆེ་བ་ཞིག་ཡོད། མི་རྣམས་ལ་སྤྲོ་བ་དང་དོ་དབྱིངས་མི་འདྲ་བ་སྣ་ཚོགས་པ་ཡོད། དེ་དག་མི་མི་འདྲ་བ་ལ་མཉམ་སྤྱོད་བྱ་རྒྱུ་དེ་ཡག་པོ་རེད། དེ་འདྲའི་སྒོ་ནས་ང་ཚོས་གནད་དོན་འགའ་ཞིག་ཤེས་ཀྱི་ཡོད། གལ་ཏེ་ང་ཚོར་དོན་གོ་ཡོངས་སུ་ཆོད་པའི་འབྲེལ་ལམ་ཞིག་གི་རྟོག་སྒྲུང་གི་རེ་འདུན་འདི་མེད་ན། དེས་ང་ཚོའི་ཕྲག་དོག་འབྱུང་ངེས་པ་དེ་ཉུང་དུ་གཏོང་གི་ཡོད། 

ཕྲག་དོག་ཉུང་དུ་གཏོང་བ།

ང་ཚོའི་སེམས་ཚོར་གྱི་དཀའ་ངལ་རྣམས་ཉུང་དུ་གཏོང་འགོ་བཙུག་པའི་ཆེད་ཐབས་ལམ་འགའ་ཞིག་ལ་ང་ཚོས་བལྟས་ཡོད། ང་ཚོར་ཉོན་མོངས་ཤིག་ཡོད་པའི་སྐབས། ཕྲག་དོག་ལྟ་བུ་དེ་རྡོག་རྡོག་ཆེན་པོ་ཚུགས་ཐུབ་ཏུ་ཡོད་པ་ཞིག་བཟོ་རྒྱུའི་ཚབ་ལ་བརྟག་དཔྱད་བྱེད་འགོ་བཙུག་ཆོག །གལ་ཏེ་ང་ཚོས་དེ་འདྲ་ཞིག་བཟོས་ན། དེ་ནི་མཐའ་སྐོར་ལ་ཐིག་ཡོད་པའི་ལྗིད་ཅན་གྱི་རྡོག་རྡོག་འདི་ཆགས་ཀྱི་ཡོད། ང་ཚོས་བརྟག་དཔྱད་བྱེད་འགོ་བཙུག་པའི་སྐབས། ཕྲག་དོག་དེ་ཡང་འདོད་རྔམ་དང་། འཁོན་འཛིན། རྒྱུ་མཚན་མེད་པའི་རེ་འདུན་དང་འདྲ་བར་ཆ་ཤས་མི་འདྲ་བས་བསྐྲུན་པ་ཞིག་ཡིན་པ་མཐོང་གི་རེད། ང་ཚོའི་རིག་གཞུང་ནས་གནད་དོན་ཞིག་ཡོད་པ་དང་། འགྲན་བསྡུར། དེ་བཞིན་ཏོག་ཙམ་རང་མཐོང་དམའ་པོ་དང་ཉེན་སྲུང་མེད་པའི་རང་བཞིན་ཞིག་ཡོད། ང་ཚོས་ཆ་ལག་དེ་དག་ཉུང་དུ་གཏོང་ཆོག་པ་དང་དེ་དག་ལྗིད་ཅན་ཆགས་ཀྱི་མ་རེད། དེ་ནི་བདུད་ཆེན་པོ་དེ་འདྲ་མ་རེད། དེ་ནས་རྣམ་པ་མི་འདྲ་བ་སྣ་ཚོགས་པ་ཚུད་པ་ལ་གདོང་ལེན་ཆེད་ཐབས་བྱུས་མི་འདྲ་བ་སྣ་ཚོགས་པ་ལག་བསྟར་བྱེད་འགོ་བཙུག་ཆོག  

བློ་སྒོ་འབྱེད་པའི་སྨན་ནུས་པ་ཅན།

ནང་ཆོས་ཀྱི་ནང་། སྟོང་པ་ཉིད་རྟོགས་རྒྱུ་དང་ “ང་” དང་ “ཁྱོད་” ཇི་ལྟར་གྲུབ་པའི་ཚུལ་དེ་ནི་ང་ཚོས་ལག་བསྟར་བྱེད་ཐུབ་པའི་སྨན་ནུས་པ་ཆེ་ཤོས་སུ་ཆ་འཇོག་བྱེད་ཀྱི་ཡོད། ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྟག་ཏུ་ནན་བརྗོད་གནང་བའི་སྨན་ནུས་པ་ཆེན་པོ་གཞན་ཞིག་ནི། སེམས་ཐག་ཉེ་པོ་བྱེད་པའམ་ཁ་ཞེ་གཉིས་མེད་ཀྱིས་རང་གི་བློ་སྒོ་ཕྱེ་རྒྱུ་དེ་རེད། འདི་ནི་ང་ཚོས་སེམས་ཅན་ཐམས་ཅད་ལ་བརྩེ་བ་སྟེར་བའི་ནུས་པ་ཡོད་པ་མཐོང་ས་དེ་རེད། འདི་ནི་ཚང་མ་དང་མཉམ་དུ་འཁྲིག་སྦྱོར་བྱེད་པའི་སྐོར་ཤོད་ཀྱིན་མེད། ང་ཚོས་འདིར་མི་ཧ་ཅང་མང་པོ་ལ་བརྩེ་བ་དང་། བློ་ཐག་ཉེ་པོ། འཆམ་པོ། འདོད་བློ་ཚིམས་པའི་འབྲེལ་ལམ་ཞིག་གི་སྐོར་ཤོད་ཀྱིན་ཡོད། གལ་ཏེ་འབྲེལ་ལམ་གཅིག་ལམ་ལྷོང་མ་བྱུང་ན། དེ་ནི་འགྲིག་གི་རེད། ང་ཚོས་མི་གཞན་དེ་ལ་བློ་ཕམ་བྱེད་ཆོག །གང་ཡིན་ཞེ་ན། མི་དེས་རང་གི་སེམས་དེ་མི་མང་པོ་ཞིག་ལ་བརྩེ་བ་སྤྲོད་ཐུབ་ཀྱི་ཡོད་པ་དེ་རྟོགས་མེད། ཆུ་ཚོད་གཅིག་གི་ནང་མི་ཞིག་དང་མཉམ་དུ་བློ་ཐག་ཉེ་པོ་དང་སེམས་རྩེ་གཅིག་ཏུ་ཡོད་པ་དེ་ནི་མི་ཚེ་གང་པོར་བློ་གུ་དོག་པོ་དང་བློ་སྒོ་རྒྱག་ནས་ཡོད་མཁན་ཞིག་དང་མཉམ་དུ་མི་ཚེ་བསྐྱལ་བ་ལས་རྦད་དེ་འདོད་བློ་ཚིམས་པ་ཞིག་རེད། མ་རེད་དམ།

དྲི་བ་ཁག

ང་ཚོས་མི་ཕྲག་དོག་ཅན་ཞིག་ལ་རོགས་ཇི་ལྟར་བྱེད་ཐུབ་བམ།

དེ་ནི་ཁོང་ཚོའི་ཕྲག་དོག་དེ་ང་ཚོར་དམིགས་པ་ཞིག་ཡིན་མིན་ལ་རག་ལུས་ཡོད། དཔེར་ན། གལ་ཏེ་ང་ཚོས་ཁོང་ཚོར་དུས་ཚོད་འདང་ངེས་མི་སྤྲོད་པའམ། ཡང་ན་མི་གཞན་ཞིག་ལ་དམིགས་ཡོད་ན། ང་ཚོར་ཕྲག་དོག་ཡོད་མཁན་གྱི་མི་ཞིག་ལ་སྤྱིར་བཏང་གཉེན་པོ་ནི། དཔེར་ན། ང་ཚོས་མི་དེ་དང་མཉམ་དུ་དུས་ཚོད་འདང་ངེས་ཤིག་ནམ་ཡང་བཏང་མེད་པ་དང་མི་གཞན་དག་དང་མཉམ་དུ་དུས་ཚོད་ཧ་ཅང་མང་པོ་བཏང་བའི་བློ་ཕམ་དེ་ནི། ང་ཚོ་ཁོང་ཚོ་དང་མཉམ་དུ་ཡོད་པའི་སྐབས། རང་གི་སེམས་དེ་ཡོངས་སུ་འཇུག་པ་དང་གཅིག་པ་རེད། ང་ཚོས་ “ང་རང་ལ་ལས་དོན་གཞན་མང་པོ་བྱ་རྒྱུ་ཡོད། ཡིན་ནའང་ངས་ཁྱེད་ལ་དུས་ཚོད་ངེས་ཅན་ཞིག་སྤྲོད་ཐུབ་” ཅེས་འགྲེལ་བཤད་རྒྱག་ཆོག །འདི་ནི་མིན་ཞེས་བརྗོད་ཚུལ་ཞིག་ཡིན་པ་དང་ཁོང་ཚོར་བསྐྱུར་བ་ལྟ་བུ་མི་ཚོར་བའི་སྒོ་ནས་ཚད་ངེས་ཅན་བཟོ་གི་ཡོད། གལ་ཏེ་ཁྱེད་རང་གཞན་ཞིག་དང་མཉམ་དུ་ཆང་ས་རྒྱག་ཟིན་ན། དེ་ནི་གནད་དོན་མི་འདྲ་བ་ཞིག་རེད། ཁྱེད་ཀྱིས་རྟག་ཏུ་ཞོགས་ཇ་མཉམ་འཐུང་སོགས་ཐབས་ཤེས་བྱེད་དགོས། དེ་ནི་དེ་ཙམ་གྱི་ཆེན་པོ་མིན་སྲིད་ནའང་། མ་མཐར་ཡང་ང་ཚོས་སོ་སོའི་བཟའ་ཟླར་དུས་ཚོད་ངེས་ཅན་ཞིག་སྤྲོད་ཐུབ། 

ངའི་གཅེན་མོས་ང་ལ་རྟག་ཏུ་ཁ་པར་གཏོང་ཤོག་ཅེས་བརྗོད་ནའང་། ངས་ཁ་པར་གཏོང་གི་མེད། ངས་ཁོ་མོར་རེས་གཟའ་སྤེན་པ་འཆར་ཅན་ལ་དུས་ཚོད་ངེས་ཅན་ཞིག་གི་ནང་ཁ་པར་གཏོང་གི་ཡོད། དེ་ལ་ཁོ་མོས་བརྟེན་ཆོག་གི་ཡོད། ང་ཚོས་ཆུ་ཚོད་གཅིག་ཙམ་གྱི་རིང་སྐད་ཆ་ཤོད་ཀྱི་རེད། དེའི་སྐབས་ང་རང་རྩེ་གཅིག་ཏུ་མོ་རང་མཉམ་དུ་ཡོད། ཐ་ན་གཟའ་འཁོར་གྱི་ནང་ཁོ་མོས་ང་ལ་ཁ་པར་གཏོང་ཤོག་ཟེར་གྱི་རེད། ངས་རེས་གཟའ་སྤེན་པའི་ཉིན་སྐད་ཆ་ཤོད་ཆོག་ཅེས་བརྗོད་ཀྱི་ཡོད། དེ་ལ་བརྟེན་ནས་ཁོ་མོ་སྣང་མེད་གཏོང་བའམ་བསྐྱུར་བ་དེ་འདྲ་ཚོར་གྱི་མེད། ངས་དེ་ནི་གདོང་ལེན་བྱེད་སྟངས་ཡག་ཤོས་སུ་མཐོང་སོང་། མི་ཞིག་ལ་ཁོང་ཚོས་བརྟེན་ཆོག་པའི་དུས་ཚོད་ངེས་ཅན་ཞིག་སྤྲོད་དགོས་པ་དང་རེ་ལྟོས་བྱེད་རུང་དགོས་ཀྱི་ཡོད། རང་ཉིད་ཁོང་ཚོའི་མཉམ་དུ་ཡོད་པའི་དུས་སྐབས་དེར། ཁྱེད་རང་ཧ་ཅང་བྲེལ་བ་ཡོད་པ་སོང་ཙང་། ད་ག་དུས་འགྲོ་ན་འགྲིགས་བསམས་ནས་རང་གི་ལག་ཐོགས་ཆུ་ཚོད་ལ་ཡང་སེ་བལྟ་རྒྱུ་མེད། དེའི་ཚབ་ལ་ཁོང་ཚོ་དང་མཉམ་དུ་བརྒྱ་ཆ་ཐམ་པ་ཡོད་དགོས་ཤིང་། བློ་སེམས་ཆ་ཚང་དེར་གཏད་དགོས། འདིས་དངོས་གནས་ཕན་ཐོགས་ཆེན་པོ་ཡོད། ཚིག་གནད་འགག་ཅན་རྣམས་ནི། “འདི་ནི་ང་ཚོའི་དམིགས་བསལ་གྱི་དུས་ཚོད་རེད་” ཅེས་བརྗོད་དགོས། དེ་ནམ་རྒྱུན་ཁོ་ཚོར་ཞི་འཇམ་བཟོ་བ་དང་སྐྱིད་པོ་ཚོར་བར་བྱེད་ཀྱི་ཡོད། 

འགྲན་སྡུར་ཡོད་པའི་གནས་སྟངས་ཤིག་གི་ནང་། ཁྱེད་རང་མི་དེ་དང་མཉམ་དུ་དུས་ཚོད་དམིགས་བསལ་ཞིག་དངོས་གནས་དགོས་འདོད་མེད། ལྷག་དོན་དུ་གལ་ཏེ་ང་ཚོས་དགོས་དོན་ཞིག་གྲུབ་པའམ་ཡང་ན་ལེགས་སྐྱེས་ཤིག་སྤྲད་ཡོད་པ་དང་། དེ་ལ་ཁོང་ཚོ་ཕྲག་དོག་སྐྱེས་ན། དེ་བས་དགོས་འདོད་མི་བྱེད་པ་ཡིན། དེ་ལ་ངས་གདོང་ལེན་ཇི་ལྟར་བྱེད་དགོས་སམ། 

གནད་དོན་གཅིག་དེ་དང་མཉམ་དུ་ “ང་” ཞེས་བྱ་བའི་ངོས་འཛིན་འདི་ཉུང་དུ་གཏོང་རྒྱུ་གལ་ཆེན་པོ་རེད། ལེགས་སྐྱེས་ནི་རྣམ་པ་ཆུང་ཙག་ཅིག་རེད། ཁྱེད་ལ་རྩེད་མོ་དང་། ཤེས་ཡོན། སྒྱུ་རྩལ་བཅས་ནས་ལེགས་སྐྱེས་ཐོབ་ཡོད་སྲིད་ནའང་། ད་དུང་ཁྱེད་ལས་ཡག་པ་དང་རྩལ་ཆེ་བའི་གྱད་རྩལ་བ་དང་། མཁས་པ། སྒྱུ་རྩལ་པ་དེ་འདྲ་ཡོད་ཅེས་རྟག་ཏུ་ཁྱེད་ཀྱིས་ཐེར་འདོན་བྱེད་ཆོག །ཁྱད་ཆོས་གྲངས་ལས་འདས་པ་ཡོད་པ་དང་མི་ཞིག་གི་རྟག་ཏུ་ཁོང་ཚོ་མང་ཆེ་བའི་ནང་ནས་ང་ལས་ཡག་ག་ཡོད། ད་དུང་དེ་ནི་ཁྱེད་རང་གཅིག་པུའི་གནད་དོན་ཞིག་མིན་པ་དེ་ཡང་ཤེས་པར་བྱེད་དགོས། དེ་ཡང་ “ཁྱེད་ཀྱིས་ང་ཤེས་པ་དང་། ངས་ལེགས་སྐྱེས་ཀྱི་རྒྱལ་ཁ་ཐོབ་པ་འདི་གཅིག་པུ་ལས་གཞན་པའི་གནད་དོན་མང་པོ་ཡོད་” ཅེས་པ་དེ་རེད། 

འོན་ཀྱང་གལ་ཏེ་དེར་འགྲེལ་བརྗོད་རྫུས་མ་ཡོད་ན་གང་བྱེད་དགོས་སམ།

རང་མཐོང་དམའ་བའི་ཚོར་བ་ཡོད་པའི་སྐབས། ནམ་རྒྱུན་འགྲེལ་བརྗོད་རྫུས་མ་ཡོང་གི་ཡོད། ཁོང་ཚོ་ང་ཚོ་ལས་ཡག་ག་ཡོད་པའི་ཆ་དེ་དག་ཐེར་འདོན་བྱེད་པ་དེས་ཁོང་ཚོའི་རང་མཐོང་ལ་དཔུང་སྣོན་བྱེད་ཀྱི་ཡོད། ཁོང་ཚོས་ང་ཚོར་མཐོང་ཆུང་ཁོ་ན་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ཁོང་ཚོས་དྲག་རྒོལ་བྱེད་པ་དང་མཐོང་གང་ཡང་མེད་པ་ཚོར་གྱི་ཡོད། ཁྱེད་ཀྱིས་ལེགས་སྐྱེས་དེ་ཐོབ་པའི་ཆེད་སྤྲོད་དགོས་ངེས་ཀྱི་རིན་གོང་དེ་ཐེར་འདོན་བྱེད་སྲིད། དཔེར་ན། ཁྱེད་རང་རྩེད་རིགས་འགྲན་བསྡུར་གྱི་ནང་རྒྱལ་ཁ་ཐོབ་པར་ཡིད་ཆེས་དཀའ་བའི་སྦྱོང་བརྡར་བྱེད་དགོས་ཐུག་ཡོད་པའམ། ཡང་ན་སློབ་སྦྱོང་ལ་འབད་བརྩོན་ཤུགས་དྲག་བྱེད་པ། ཡང་མིན་ན་ལས་ཀར་དུས་ཚོད་ཧ་ཅང་མང་པོ་གཏོང་བའི་དབང་དུ་བཏང་ནས། ཁྱེད་རང་ཁོང་ཚོས་གང་བྱེད་ཀྱི་ཡོད་པ་དེ་འདྲ་བྱ་རྒྱུའི་དུས་ཚོད་བྱུང་ཡོད་པའི་འདུན་སེམས་བཅང་བ་ལྟ་བུ་རེད། “ངས་ལས་ཀ་འདི་ཚང་མ་བྱས་ཡིན། ཁྱེད་ཀྱིས་བྱས་མ་སོང་” ཞེས་ཁྱེད་ཀྱིས་དེའི་ཐད་དཔའ་ངོམ་བྱེད་དགོས་པ་དེ་འདྲ་མ་རེད། འོན་ཀྱང་། “ལྟོས་དང་། དེ་ཙམ་གྱི་ཡག་པོ་མི་འདུག །ངས་བློས་གཏོང་མང་པོ་བྱས་ཡིན། རྒྱལ་ཁ་ཐོབ་པ་དེ་ཡག་པོ་དེ་ཙམ་བྱུང་མ་སོང་” ཞེས་དངོས་ཡོད་དང་མཐུན་ཆེ་བ་བཟོ་དགོས། ཁྱེད་ཀྱིས་དེ་ལྟོས་གྲུབ་བཟོ་བ་དང་ཚང་མ་ཧ་ཅང་ཡིན་མདོག་ཁ་པོ་དང་ཡག་པོ་ཡོད་པའི་རིམ་པ་མཐོན་པོ་དེ་ནས་མར་འཁྱེར་ཡོང་དགོས། དེར་མ་ཟད། གལ་ཏེ་ཁྱེད་ཀྱིས་རང་ཉིད་ལ་མེད་པ་ཞིག་ཁོང་ཚོའི་རྒྱུད་ལ་ཡི་རང་བྱེད་ཀྱི་ཡོད་ན། དེས་ཁོང་ཚོ་ཁྱེད་དང་མཉམ་དུ་འདྲ་མཉམ་ཆེ་བའི་གཞི་རྩ་ཞིག་སྐྲུན་གྱི་ཡོད། 

ཁྱེད་ཀྱིས་སོ་སོ་རང་ཉིད་གནོད་འཚེ་ཕོག་ཡུལ་ཞིག་མི་བཟོ་རྒྱུ་དེའང་གལ་ཆེན་པོ་རེད། ངས་སོ་སོ་རང་ཉིད་དཔེ་མཚོན་ཞིག་ཏུ་འགོད་ཀྱི་ཡིན། ངའི་མི་ཚེའི་ནང་ངས་སློབ་སྦྱོང་དང་། འགྲིམ་འགྲུལ། དེ་བཞིན་བྱས་ཟིན་པའི་ལས་རིགས་རྣམས་ལ་གཞིགས་ན། ང་རང་ལམ་ལྷོང་དང་འགྲུབ་འབྲས་ཆེན་པོ་བྱུང་ཡོད། ངའི་ཆུང་འདྲིས་གྲོགས་པོ་རྙིང་མ་དང་མཐོ་སློབ་ཀྱི་གྲོགས་པོ་ཚོས་ངས་གང་བྱས་པ་དང་ད་ལྟ་གང་ཡོད་པ་དེ་ཁོང་ཚོས་བྱས་ཐུབ་ཡོད་ན་ཅི་མ་རུང་ཞེས་ང་ལ་ཡང་སེ་བརྗོད་ཀྱི་འདུག །ཁོང་ཚོས་གང་བྱས་པ་ཚང་མ་ཚོང་ལས་འགྲུབ་འབྲས་ལྡན་པ་ཞིག་གི་རྣམ་པ་དང་ནང་མི་གསོ་སྐྱོང་བྱ་རྒྱུ་ལྟ་བུ་རེད་ཅེས་བརྗོད་ཀྱི་རེད། ངས་ཁོང་ཚོ་ལ། “ངས་གོང་ཚད་ག་ཚོད་སྤྲད་ཡོད་མེད་ (དཀའ་ལས་ཇི་ཙམ་རྒྱག་ཡོད་མེད་) ལ་གཅིག་ལྟོས་དང་། ངས་ཆང་ས་ནམ་ཡང་རྒྱག་མེད། ང་རང་ལ་ནང་མི་ཁྱིམ་ཚང་ཞིག་ནམ་ཡང་མེད་” ཅེས་བརྗོད་ཀྱི་ཡོད། ཁོང་ཚོས། “དེ་ནི་ཧ་ཅང་གལ་ཆེན་པོ་མིན་” ཞེས་བརྗོད་ཀྱི་རེད། ངས་རྟག་ཏུ་ “རེད། དེ་ཡང་མི་ཚེའི་ནང་གལ་ཆེན་པོ་རེད། གལ་ཏེ་ཁྱེད་ཀྱི་ནུས་པ་ཆ་ཚང་གནད་དོན་གཅིག་གི་ཐོག་ལ་སྤུངས་ན། གནད་དོན་གཞན་ཞིག་གི་ཐོག་ལ་ནུས་པ་སྤུང་ཐུབ་ཀྱི་མ་རེད། ཁྱེད་རང་མི་ཚེའི་ཉམས་མྱོང་རྣམས་ཡོད་པར་ངས་ཡི་རང་ཞུ་གི་ཡོད། འདི་འདྲའི་སྒོ་ནས་ཁྱེད་ཀྱིས་གང་སྦྱངས་ཡོད་པ་ང་དང་མཉམ་སྤྱོད་བྱེད་ཆོག་པ་དང་ངས་ཀྱང་གང་སྦྱངས་ཡོད་པ་དེ་ཁྱེད་དང་མཉམ་སྤྱོད་བྱེད་ཆོག་” ཅེས་བརྗོད་ཀྱི་ཡོད། 

ང་ཚོ་ནི་འདྲ་མཉམ་གྱི་གཞི་ཞིག་གི་སྒང་ལ་ཡོད་པ་དང་། ང་རང་ཆང་ས་ནམ་ཡང་རྒྱག་མེད་པའི་རྒྱུ་མཚན་ཙམ་གྱིས་ང་རང་ཐབས་སྡུག་དང་ཡ་ང་བ་ཡིན་མི་དགོས། ང་རང་མི་ཚེའི་ནང་ཧ་ཅང་སྐྱིད་པོ་འདུག །འོན་ཀྱང་ང་ཚོ་གཉིས་ཀ་རིམ་པ་འདྲ་མཉམ་ཞིག་གི་སྒང་ལ་བཞག་ནས་དོན་ངོ་མར་ང་ཚོ་གཉིས་ཀས་འགྲུབ་འབྲས་ཐོན་པ་ཞིག་བྱུང་བ་ལ་བརྟེན་ནས་ཕྲག་དོག་དང་མིག་སེར་ནི་མཐའ་གཅིག་ཏུ་ཉུང་དུ་ཕྱིན་ཡོད། གནད་འགག་གཙོ་བོ་ནི་གུས་ཞབས་དགོས་པ་དང་གུས་ཞབས་སྟོན་དགོས་ཀྱི་ཡོད། ངས་གང་བྱས་པ་ལ་བརྟེན་ནས་ང་རང་མི་ཡག་ག་རྩ་བ་ནས་ཡིན་མི་དགོས། ང་ཚོས་མི་གཞན་དག་དེ་ལ་རོགས་བྱེད་དགོས་པ་དང་ཁོང་ཚོར་ཡོད་པའི་ཁྱད་ཆོས་རྣམས་མཐོང་དགོས། 

དེ་ཡང་ཕྲག་དོག་གི་རྣམ་པ་ཡག་པོ་ཞིག་རེད། འདིས་ཁྱེད་རང་ལས་དོན་བྱེད་དུ་འཇུག་པ་དང་ཁྱེད་ཀྱིས་སྔར་ལས་དོན་ཇི་ལྟར་བྱས་ཡོད་པ་དྲི་བ་གཏོང་གི་ཡོད། 

མི་ཞིག་ལ་ལས་དོན་ཧུར་ཐག་བྱེད་དུ་འཇུག་པ་དང་འགྲན་བསྡུར་གྱི་རིགས་ལྟ་བུ་ཕྲག་དོག་གི་རྣམ་པ་ཡག་པོ་ཞིག་འདུག་ཅེས་བརྗོད་ནས་མི་འགའ་ཞིག་དང་མཉམ་དུ་ལས་ཀ་བྱེད་ཆོག་བསམ་གྱི་འདུག །འདི་འདྲ་ཞིག་མི་འགའ་ཞིག་དང་མཉམ་དུ་ལས་ཀ་བྱེད་ཐུབ་ཅེས་ངས་ངོས་ལེན་མི་བྱེད་པ་དེ་འདྲ་མིན། འོན་ཀྱང་འདིར་ང་ཚོ་ཧ་ཅང་གཟབ་གཟབ་བྱེད་དགོས། གང་ཡིན་ཞེ་ན། “ང་ཚོས་མེ་དང་མཉམ་དུ་རྩེད་མོ་རྩེ་བཞིན་ཡོད།” འདིས་འགྲན་བསྡུར་གྱི་འགྲུལ་སྐོར་ཆེན་པོ་ཞིག་གི་ནང་ལས་སླ་པོའི་སྒོ་ནས་འཁྲིད་སྲིད་པ་དང་། དེའི་ནང་ང་ཚོས་གཞན་ནམ་ཡང་ན་སོ་སོ་རང་ཉིད་ཟིལ་གྱིས་གནོན་ཐབས་བྱེད་ཀྱིན་ཡོད། ང་ཚོས་གང་ལེགས་ལེགས་དང་བཟང་བཟང་བྱས་ནས་རྩེ་ཕུད་དེར་སླེབས་པ་བྱེད་དུ་འཇུག་སྲིད། འདི་ནི་ཏོག་ཙམ་ཉེན་ཁ་ཅན་ཞིག་རེད། གང་ཡིན་ཞེ་ན། འདིས་ང་ཞེས་བྱ་བའི་དོན་དེ་ལ་ཧ་ཅང་ཤུགས་ཆེན་པོའི་སྒོ་ནས་དཔུང་སྣོན་བྱེད་ཀྱི་ཡོད། “ངས་ཡག་པོ་བྱེད་དགོས་ཀྱི་འདུག” །དེ་ནི་ “ང་” ཞེས་བྱ་བ་དེ་རྒྱུ་མཚན་དུ་བྱས་ནས་རེད། 

ནང་ཆོས་ཀྱི་ནང་ང་ཚོར་སངས་རྒྱས་ཀྱི་གོ་འཕང་ཞེས་བྱ་བའི་འཕེལ་རིམ་གྱི་གནས་བབས་སམ་འཐོབ་བྱ་མཐོ་ཤོས་དེ་ཐོབ་པའི་དམིགས་ཡུལ་དེ་ཡོད།  ཡིན་ནའང་ཀུན་སློང་དེ་འདྲ་ཞིག་ནམ་ཡང་མེད། གང་ཡིན་ཞེ་ན། ང་ཚོ་གང་ཐུབ་ཅི་ཐུབ་ཀྱིས་ཡག་ཤོས་དེ་ཆགས་འདོད་ཡོད། ང་ཚོ་ཡར་རྒྱས་གཏོང་དུ་འཇུག་གི་ཡོད། དེ་ལ་བརྟེན་ནས་ང་ཚོས་གཞན་ལ་ཕན་ཡག་ག་འདོགས་ཐུབ་པ་དང་། དེ་ཡང་ཕྲག་དོག་དང་རང་གིས་རང་ལ་འགྲན་སེམས་ཀྱི་སྒོ་ནས་མིན། འདི་ནི་བཟང་བ་ཡོད་པ་དང་ཉོན་མོངས་ཉུང་དུ་གཏོང་གི་ཡོད། རང་ཉུད་གང་ལེགས་ལེགས་ཆགས་འདོད་ཡོད་པ་དང་དེས་ཉོན་མོངས་རྒྱས་པར་བྱེད་ཀྱི་ཡོད། ང་ཚོས་ཉེས་ཆད་འགེལ་བ་དང་རང་གིས་རང་ལ་ཁ་ལོ་བསྒྱུར་ནས་ངལ་གསོ་ག་དུས་རྒྱག་དགོས་མིན་ཤེས་ཀྱི་མེད། ཐེག་པ་ཆེན་པོའི་ལམ་ཡོངས་སུ་རྫོགས་པའི་ནང་ཤེས་རབ་ཧ་ཅང་ཆེན་པོ་ཞིག་ངེས་པར་དུ་ཡོད།

རེས་མོས་བྱས་ཏེ་འགྲན་སེམས་དང་ཕྲག་དོག་ཅན་གི་ཀུན་སློང་ནི། ཧ་ཅང་ལྗིད་ཁོག་ཆེ་བའི་སེམས་ཚོར་གྱི་འགྲུལ་སྐོར་ཞིག་རེད། “ང་རང་འགྲིག་ངེས་ཀྱི་ཡག་པོ་མིན། ངས་དེ་ལས་ཡག་ག་བྱེད་དགོས་ཀྱི་ཡོད་” ཅེས་པའི་ཚོར་བ་དེ་ནི་ནག་ཉེས་དང་མཉམ་དུ་འབྲེལ་ནས་ཡོད། གཞན་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་རྒྱུག་རྩལ་འགྲན་སྡུར་ཞིག་མིན། ང་ཚོས་དངོས་གནས་གང་ཚུད་ཡོད་པ་མཐོང་ཐུབ་པའི་ཆེད་ང་ཚོའི་སེམས་ཚོར་ཉུང་དུ་གཏོང་བའི་གཞི་སྒྲོམ་གྱི་ལམ་ཡོད་པ་དེ་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་དེ་བྱས་ཚར་བའི་རྗེས་སུ་སྡེ་ཚན་ཁག་གི་ནང་སྒོ་ལྕགས་རྒྱག་ནས་མི་འཇོག་པར། སོ་སོའི་མི་ཚེ་ནང་དངོས་སུ་གདོང་ལེན་བྱེད་དགོས། 

ངས་ངའི་གྲོགས་པོ་ཡག་པོ་ཞིག་གི་དཔེ་མཚོན་འདིར་ཁྱེད་རྣམས་ལ་ཞུ་ཆོག །ཁོང་ནི་ཧྥི་ལ་ཌ་ཧྥི་ཡར་ (Philadelphia) སེམས་ནད་སྨན་པ་ཞིག་རེད། ཁོང་གིས་ལོ་ན་བཅོ་བརྒྱད་ནས་ཉེར་བཞིའི་བར་གྱི་གཞོན་སྐྱེས་དྲག་ཤུལ་ཆེ་ཤོས་རྣམས་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། གྲོང་ཁྱེར་ནང་གི་ཡི་མུག་ཆེ་ཤོས་ཀྱི་ས་ཁུལ་དུ་སྡོད་ཀྱི་ཡོད། དེ་ནི་ཁོ་མོའི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་པ་དང་། མི་དེ་དག་ལ་སྟངས་འཛིན་བྱེད་ཐུབ་མཁན་ཚང་མའི་ནང་ནས་ཁོ་མོ་ནི་འགྲུབ་འབྲས་དང་ལམ་ལྷོང་ཆེ་ཤོས་དེ་ཡིན་ཞིང་། ཁོང་ཚོས་ཀྱང་མོ་རང་ལ་དགའ་པོ་ཡོད་པ་དང་སྐད་ཆ་ཤོད་རྒྱུ་ཧ་ཅང་འདོད་མོས་ཆེན་པོས་སྒུག་ནས་སྡོད་ཀྱི་ཡོད། མི་དེ་དག་ནི་ཁྱིམ་མེད་མཁན་དང་རང་ཉིད་ལོ་ན་བཅོ་བརྒྱད་ནས་ཕྲུ་གུ་འགའ་ཤས་ཡོད་མཁན་དེ་འདྲ་རེད། ཁོང་ཚོ་འགའ་ཤས་ལ་བཟི་སྨན་སྤྱོད་པ་དང་སྨད་ཚོང་གི་ལས་ཀ་བྱེད་པའི་དཀའ་ངལ་ཡོད་པ་དང་། དེ་བཞིན་འགའ་ཤས་ལ་ནི་གཉན་ནད་རེག་དུག་ཡོད་མཁན་རེད། མི་གཞན་སུས་ཀྱང་དེ་དག་ལ་རོགས་བྱེད་ཐུབ་ཀྱི་མེད། ཡིན་ནའང་མོ་རང་གིས་རོགས་རམ་གནང་གི་ཡོད། 

ཁོ་མོའི་རོགས་པ་ཚོས་རང་བཞིན་གྱིས་རྟག་ཏུ་མོ་རང་གི་གསང་བ་དེ་སྐད་ཆ་འདྲི་གི་ཡོད། ག་རེ་སྐད་ཆ་འདྲི་གི་ཡོད་ཅེ་ན། ཁོ་མོས་གཞོན་སྐྱེས་དེ་འདྲ་ལ་ལམ་ལྷོང་ལྡན་པའི་སྒོ་ནས་འབྲེལ་གཏུགས་ཇི་ལྟར་བྱེད་ཐུབ་ཀྱི་ཡོད་པའི་སྐོར་རེད། ཐོག་མར་ཁོ་མོས། ཁོ་མོ་མི་དེ་ཚོ་དང་མཉམ་དུ་ཡོད་དུས་མོ་རང་བརྒྱ་ཆ་བརྒྱ་ཐམ་པ་ཁོང་ཚོ་དང་མཉམ་དུ་ཡོད་པ་དང་། ཁོ་མོས་དུས་ཚོད་ཀྱི་མཚམས་དེ་འདྲ་བཟོ་གི་མེད་ཅེས་བརྗོད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས། “འོ་ཡ་ད་འགྲིག་སོང་། ཁྱེད་ཀྱི་དུས་ཚོད་རྫོགས་སོང་། ད་ཕེབས་རོགས་གནང་” ཞེས་བརྗོད་ན། དེ་དག་ལས་གཅིག་གིས་མེ་མདའ་བཏོན་ནས་ཁྱེད་ལ་མེ་མདའ་རྒྱག་སྲིད་པ་རེད། དེ་ཁྱེད་ཀྱིས་ནམ་ཡང་མི་ཤེས་པ་རེད། གང་ཡིན་ཞེ་ན། ཁོང་ཚོ་ཧ་ཅང་དྲག་ཤུལ་ཅན་ཆགས་ཀྱི་ཡོད། བྱས་ཙང་། སྒྲིག་ཁྲིམས་དང་པོ་དེ་ནི་མི་དེ་དག་དང་མཉམ་དུ་དངོས་གནས་བློ་སྙིང་བྲང་གསུམ་གཏད་ནས་གསན་དགོས་པ་དང་། ཁོང་ཚོས་གང་བཤད་པར་ཉན་དགོས་ཀྱི་ཡོད། ཁོང་ཚོའི་དཀའ་ངལ་ཆེན་པོ་ཞིག་ནི། མི་སུ་གཅིག་ལའང་ཁོང་ཚོའི་ཆེད་དུ་དུས་ཚོད་མེད་པ་རེད། 

དེ་ནས་ཁོ་མོས། ཁོ་མོས་དེ་དག་སྡེ་ཚན་གྱི་ནང་རན་འཚམ་འཇོག་གི་མེད། སེམས་ནད་བཅོས་ཐབས་ཀྱི་ལམ་ལུགས་ཡོངས་སུ་རྫོགས་པ་ནི་བདེ་འཇགས་ཀྱི་ཀམ་པ་ནི་ཆེད་དུ་འགེངས་ཤོག་རྣམས་དགང་རྒྱུ་ལ་གཞི་བྱས་ཡོད། གང་ཡིན་ཞེ་ན། ཁྱེད་ཀྱིས་ནད་ངོ་བརྟག་དཔྱད་ཀྱི་ནང་འགེང་དགོས་ཀྱི་ཡོད། མི་འདི་ནི་སེམས་ཁམས་འཆོལ་བ་ཞིག་ཡིན་པ་དང་མི་ཕ་གི་དེ་གཞན་ཞིག་རེད། སློབ་གྲྭའི་ནང་སྦྱངས་པའི་སྡེ་ཚན་དེ་དག་བདེ་འཇགས་ཀྱི་ཆེད་ཙམ་མིན་པར། ན་ཚའི་རིགས་མི་འདྲ་བ་སྣ་ཚོགས་པར་ཇི་ལྟར་གདོང་ལེན་བྱེད་པ་ལའང་ཕན་ཐོགས་ཅན་ཡིན་སྲིད། གང་ལྟར་ཡང་། ཁྱེད་ཀྱིས་མི་རྣམས་སྡེ་ཚན་ཁག་གི་ནང་བསམ་བློ་གཏོང་འགོ་ཚུགས་པའི་སྐབས། དེ་ནི་ཕན་ནུས་ལྡན་པ་ཞིག་མིན། ཁྱེད་ཀྱིས་དེ་དག་ཐམས་ཅད་དྲན་པ་བརྗེད་དགོས་པ་དང་། མི་དེ་རང་ལ་གདོང་ལེན་དང་འབྲེལ་བ་བྱེད་དགོས་ཤིང་། དེ་དག་ལ་ཁ་གསང་པོ་བྱེད་དགོས་པ་དང་ཁོང་ཚོའི་སྒེར་སོ་སོའི་གནས་སྟངས་ལ་བལྟ་དགོས། 

དེ་ནི་ང་རང་ཚོ་སོ་སོ་རང་ཉིད་ཀྱི་སེམས་ཚོར་གྱི་དཀའ་ལ་གདོང་ལེན་བྱེད་པ་དང་གཅིག་མཚུངས་རེད། ང་ཚོར་སྤྱིར་བཏང་གི་དཔྱད་ཞིབ་དང་ཐབས་བྱུས་དེ་འདྲ་ཡོད། ཡིན་ནའང་ང་ཚོས་སོ་སོ་རང་ཉིད་ལ་འགྲོ་བ་མི་ནང་བཞིན་གདོང་ལེན་བྱེད་ཀྱི་ཡོད། ང་ཚོ་ནི་ངེས་མེད་ཐེབ་ཐེབ་ཀྱི་སྡེ་ཚན་ཞིག་མིན་པར། ང་ཚོ་ནི་འགྲོ་བ་མི་ཡིན་པ་རེད། དེ་ནི་གལ་ཏེ་སོ་སོ་རང་ཉིད་ཆང་རག་ལང་ཤོར་ཡིན་ན། “ང་རང་ཆང་རག་ལང་ཤོར་ཅན་ཡིན་” ཞེས་ངོས་འཛིན་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་ནམ་རྒྱུན་ག་རེ་འབྱུང་གི་ཡོད་ཅེ་ན། ང་ཚོ་ཆང་རག་ལང་ཤོར་ཞིག་གི་ངོ་བོ་དེའི་ནང་ཧ་ཅང་བསྡམས་ནས་ཡོད་པ་དང་། མི་སྡེ་ཚོ་ཁག་ལ་རོགས་བྱེད་པ་སོགས་ལང་དུ་ཤོར་ཡོད། ང་ཚོ་ཚོགས་སྡེ་དེ་བཞག་ནས་ཕྱིན་ཏེ། རང་སོ་སོའི་མི་ཚེའི་ནང་མདུན་སྐྱོད་བྱ་རྒྱུར་དངངས་སྐྲག་སྐྱེ་གི་ཡོད། ཐོག་མར་འགོ་འཛུགས་བྱེད་པའི་སྐབས་སེམས་ཁམས་གསོ་ཐབས་ཀྱི་སྒོ་ནས་གཞན་དང་མཉམ་སྤྱོད་བྱ་རྒྱུ་དེ་ཕན་ཐོགས་ཅན་ཞིག་ཡིན་པ་མ་ཟད། མི་རྣམས་ཀྱིས་ང་ཚོ་འགྲོ་བ་མི་ཡིན་པ་དང་ང་ཚོར་རྣམ་པ་མང་པོ་ཡོད་པ། དེ་བཞིན་མི་ཚེའི་ནང་མདུན་སྐྱོད་བྱེད་དགོས་པ་དེ་རྟོགས་རྒྱུ་འགག་རྩ་ཅན་ཞིག་རེད། ང་ཚོ་སྡེ་ཚན་གྱི་ནང་འཁར་ནས་སྡོད་མི་ཉན་པར། རང་སོ་སོའི་མི་ཚེ་བསྐྱལ་དགོས། 

ཕྱོགས་བསྡོམས།

གལ་ཏེ་ང་ཚོ་ཕྲག་དོག་ལྟ་བུ་ཉོན་མོངས་པ་རྣམས་ལས་ཐར་འདོད་ཡོད་ན། ཐོག་མར་ང་ཚོའི་ཚོར་བ་ལ་བརྟག་དཔྱད་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་ང་ཚོས་ཤེས་ཀྱི་རེད། ཕྲག་དོག་ལ་རིགས་འདྲ་མིན་སྣ་ཚོགས་ཡོད་པ་དང་། དེ་དག་རེ་རེ་ལ་ཁ་གཏད་ཀྱི་གཉེན་པོ་བསྟེན་པར་ཐབས་ལམ་མི་འདྲ་བ་རེར་དགོས་ཀྱི་རེད། 

ང་ཚོས་ཏོག་ཙམ་གཏིང་ཟབ་ཏུ་བལྟ་བའི་སྐབས། ཕྲག་དོག་ནི་དོན་ངོ་མར་དཀའ་ངལ་དེ་ལས་རྒྱ་ཆེ་བ་ཞིག་གི་རྟགས་མཚན་ཙམ་ཞིག་ཡིན་པ་ང་ཚོས་རྟོགས་ཀྱི་རེད། དེ་ནི་གཞི་རྩའི་ཆ་ནས་ང་ཚོ་དང་གཞན་རྣམས་ཇི་ལྟར་གྲུབ་པའི་ཚུལ་ལ་རྨོངས་ནས་ཡོད་པ་དང་ཕྲག་དོག་ཅན་ཆགས་སྲིད་པའི་རྒྱུ་མཚན་ཙམ་ཞིག་རེད།  རྨོངས་པ་འདི་ལ་བརྟེན་ནས་ང་ཚོ་སོ་སོ་རང་ཉིད་ཀྱི་གནས་སྟངས་ལ་ཧ་ཅང་ཆགས་སེམས་སྐྱེས་ནས་རང་ཉིད་རྟག་ཏུ་ཕམ་ཁ་ཤོར་མཁན་དེ་ཡིན་པ་དང་གཞན་རྣམས་རྟག་ཏུ་རྒྱལ་ཁ་ཐོབ་མཁན་དེ་ཡིན་པའམ། ཡང་ན་གྲོགས་པོ་ཚོར་ང་ཚོའི་ཆེད་རྟག་ཏུ་དུས་ཚོད་ཡོད་དགོས་པ་ལས། གཞན་དག་མཉམ་དུ་དུས་ཚོད་གཏོང་རྒྱུ་མེད་ཅེས་བསམ་གྱི་ཡོད། 

ང་ཚོས་སོ་སོའི་སེམས་དང་བློ་སྒོ་ཕྱེས་ནས་ང་དང་ཁྱོད་ཅེས་པ་དེ་དོན་ངོ་མར་ཇི་ལྟར་གྲུབ་ཡོད་པར་བལྟ་བའི་སྐབས། ང་ཚོས་མི་སྣ་ཚོགས་པ་དང་མཉམ་དུ་འདོད་དོན་ཀུན་འགྲུབ་ཀྱི་འབྲེལ་ལམ་དང་ལྡན་པའི་མི་ཚེ་ཞིག་སྐྲུན་འགོ་བཙུག་ཐུབ་པ་དང་། ང་ཚོར་ཡོད་པའི་ཕྲག་དོག་གི་ཚོར་བ་གང་འདྲ་ཞིག་ཡོད་པ་རྣམས་ཉུང་དུ་གཏོང་དགོས་པའི་རྒྱུ་བྱེད་ཀྱི་རེད།།

Top