Study buddhism what is meditation

སྒོམ་ནི་ནང་སེམས་ཀྱི་གནས་སྟངས་ཕན་ཐོགས་ཅན་རྣམས་གོང་འཕེལ་གཏོང་བའི་ཐབས་ཤེས་ཤིག་ཡིན། དེ་ནི་ང་ཚོས་རང་གི་སེམས་ལ་གོམས་གཤིས་མ་ཐེབས་བར་དུ་ཡང་ནས་ཡང་དུ་སྒོམ་རྒྱག་དགོས། ཕྱིའི་ལུས་ཀྱི་སྟེང་ནས་བཤད་ན། སྒོམ་ནི་ཀླད་པའི་དབང་རྩའི་བགྲོད་ལམ་གསར་པ་སྐྱེད་པའི་ཆེད་དུ་བསྟན་པ་ཞིག་ཡིན།

སྒོམ་གྱི་ཕན་ཡོན།

ང་ཚོས་ཕན་ཐོགས་ཆེ་བའི་སེམས་ཀྱི་གནས་སྟངས་མང་པོ་ཞིག སྒོམ་རྒྱག་པ་བརྒྱུད་ནས་ཡར་རྒྱས་སུ་གཏོང་ཐུབ།

  • སེམས་གང་ཐུབ་ཀྱིས་ལྷོད་ལྷོད་བྱེད་དགོས་པ་དང་། སེམས་ངལ་ཉུང་དུ་གཏོང་དགོས། 
  • སེམས་གང་ཐུབ་ཀྱིས་རྩེ་གཅིག་ཏུ་གནས་དགོས་པ་དང་། རྣམ་གཡེང་ཉུང་དུ་གཏོང་དགོས། 
  • སེམས་གང་ཐུབ་ཀྱིས་ལྷིང་འཇགས་དགོས་པ་དང་། རྒྱུན་དུ་སེམས་འཁྲལ་དང་བྲལ་བ་ཞིག་དགོས། 
  • རང་ཉིད་དང་སོ་སོའི་མི་ཚེ། གཞན་ཐམས་ཅད་ལ་གོ་བ་དང་བསམ་ཤེས་ཡག་པོ་ཡོད་དགོས།
  • རང་ཉིད་ལ་བྱམས་པ་དང་སྙིང་རྗེ་ལྟ་བུའི་སེམས་ཚོར་བཟང་པོའམ་དགེ་བའི་སེམས་ཚོར་རྣམས་ཡོད་དགོས།

ང་ཚོ་མང་ཆེ་བས་སེམས་ཞི་ལྷོད་དང་བློ་རིག་དྭངས་གསལ། བདེ་སྐྱིད་ལྡན་པར་འདོད་ཀྱི་ཡོད། གལ་ཏེ་སེམས་ངལ་བྱུང་བའམ། ཡང་ན་སེམས་དེ་མི་དགེ་བའི་ཕྱོགས་སུ་གྱུར་ཚེ། དེ་ཡིས་ང་ཚོ་མི་སྐྱིད་པ་བཟོ་ཡི་ཡོད་ལ། ང་ཚོའི་ལུས་ཀྱི་བདེ་ཐང་འཕྲོད་བསྟེན་ལའང་གནོད་སྐྱོན་ཐེབས་ནས། རང་ཉིད་ཀྱི་མི་ཚེའི་མདུན་ལམ་དང་།  ནང་མིའི་འཚོ་བ་དང་། གྲོགས་པོ་དང་བཅས་པར་རྩ་མེད་གཏོང་བ་ཡིན།

གལ་ཏེ་ང་ཚོ་སེམས་ངལ་འཁུར་ནས་སྡོད་པ་དང་སྤྲོ་ཐུང་ཐུང་བྱས་ནས་སྡོད་རྒྱུར་ཞེན་པ་ལོག་ཚེ། ང་ཚོས་སྒོམ་གྱི་ཐབས་ལམ་ནས་རོགས་པ་ལེན་ཆོག སྒོམ་གྱིས་ང་ཚོར་ཞོར་ལ་གནོད་སྐྱོན་གང་ཡང་མི་གཏོང་བར། སེམས་ཚོར་སྐྱོན་ཅན་རྣམས་ལས་ཐར་བར་བྱེད་ཐུབ་པ་ཡིན།

༼སྒོམ་རྒྱག་སྟངས་ག་འདྲ་རེད། འདིར་གཟིགས།༽

སྒོམ་ཞེས་པའི་ཐད་ལ་དོན་ངོ་མའི་ལངས་ཕྱོགས་ཤིག་ཡོད་དགོས། དེ་ནི་ང་ཚོས་འབྲས་བུ་བཟང་པོ་ཞིག་ཐོབ་པར་བེད་སྤྱོད་གཏོང་ཐུབ་པའི་ལག་ཆ་ཞིག་ཡིན་པ་མ་གཏོགས། དེ་མ་ཐག་ཏུ་དཀའ་ངལ་ཐམས་ཅད་སེལ་བའམ་ནད་རིགས་ཐམས་ཅད་བཅོས་ཐུབ་པ་ཞིག་ནི་མིན། འབྲས་བུ་གང་འདྲ་ཞིག་ཡིན་ནའང་རྒྱུ་གཅིག་རང་ལས་གྲུབ་པ་མེད། རྒྱུ་དང་རྐྱེན་ཧ་ཅང་མང་པོ་ཞིག་ཚང་དགོས་པ་ཡིན། དཔེར་ན། གལ་སྲིད་ང་ཚོ་ཁྲག་ཤེད་མཐོ་པོ་ཡོད་ཚེ་སྒོམ་བརྒྱབ་ན་ཕན་ཐོགས་ཏན་ཏན་བྱུང་སྲིད་ཀྱང་། གལ་སྲིད་ང་ཚོས་ཟས་སྤྱོད་དང་ལུས་རྩལ། སྨན་བཟའ་བ་བཅས་ལ་འགྱུར་བ་མ་གཏང་ན། འབྲས་བུ་གང་ཡང་ཐོན་མི་ཐུབ་པ་དང་འདྲ་པོ་རེད།

ནང་པ་སངས་རྒྱས་པའི་སྒོམ་གྱི་རྣམ་གྲངས།

སྒོམ་རྒྱག་སྟངས་མི་འདྲ་བ་མང་པོ་ཡོད། དེ་ཚོ་ཚང་མས་སེམས་ཞི་བར་གནས་པ་ལ་རོགས་རམ་བྱེད་ཀྱང་། དེ་མཐར་ཐུག་གི་དམིགས་ཡུལ་དེ་མ་རེད། གང་ལྟར་ཡང་། ང་ཚོས་སེམས་ཀྱི་གནས་སྟངས་བཟང་ཕྱོགས་སུ་ཡར་རྒྱས་གཏོང་ཐུབ་པར། དང་པོ་ང་ཚོའི་སེམས་ཀྱི་གནོན་ཤུགས་སམ་སེམས་ངལ་དེ་ལས་ངེས་པར་དུ་གྲོལ་དགོས་པ་ཡིན། དེ་འདྲ་སོང་ཙང་། ནང་པ་སངས་རྒྱས་པའི་སྒོམ་རྒྱག་སྟངས་ལ་རིམ་པ་གཉིས་ཡོད་པ་ལས། བློ་རིག་རྣོ་པོ་བཟོ་རྒྱུ་ ༼དཔྱད་སྒོམ་༽ དང་སེམས་བརྟན་པོ་སྡོད་རྒྱུ་ ༼འཇོག་སྒོམ་༽ གཉིས་རེ་མོས་ཀྱི་ལག་ལེན་མ་བྱས་གོང་ལ། ང་ཚོས་ནམ་རྒྱུན་རང་ཉིད་ཀྱི་སེམས་ལྷོད་པོ་དང་ལྷིང་འཇགས་ཡོང་བའི་ཆེད་དུ་དབུགས་ལ་དམིགས་པ་གཏོད་པའི་སྒོམ་རྒྱག་དགོས།

རིག་པ་རྣོ་པོ་བཟོ་བྱེད་ཀྱི་སྒོམ་དེ་ལ་ནམ་རྒྱུན་དཔྱད་སྒོམ་ཞེས་ཟེར། ང་ཚོས་རྒྱུ་མཚན་བསམ་བློ་བཏང་ནས་རང་ཉིད་གོང་དུ་གོམས་པ་རེ་རེ་བཞིན་སྙིང་རྗེ་ལྟ་བུ་སེམས་བཟང་ཕྱོགས་ཀྱི་གནས་སྟངས་སུ་འགྲོ་དགོས། ཡང་ན། ང་ཚོས་དེའི་ཁྱད་ཆོས་མི་རྟག་པ་བཅས་ཀྱི་སྐོར་ལ། རྒྱུ་མཚན་བེད་སྤྱོད་བཏང་ནས་གནས་བབ་ལ་ཞིབ་འཇུག་གིས་གོ་བ་ཡག་པོ་སླེབས་པ་བྱེད་དགོས། གཞན་ཡང་། ང་ཚོའི་སྒོམ་གྱི་དམིགས་པར་སངས་རྒྱས་ཀྱི་སྐུ་བརྙན་ལྟ་བུ་བཟང་ཕྱོགས་ཀྱི་ཁྱད་ཆོས་ལྡན་པའི་རིགས་བསམ་བློས་བཟོས་པ་དང་། དེ་གསལ་པོ་བྱས་ནས་སེམས་ལ་འཆར་བའི་འབད་བརྩོན་བྱེད་ནའང་ཆོག

སེམས་བརྟན་པོ་བྱས་ནས་སྡོད་རྒྱུའི་སྒོམ་ ༼འཇོག་སྒོམ་༽ དེ་ནི། ང་ཚོས་རང་གི་བསམ་བློའི་གནས་སྟངས་བཟང་ཕྱོགས་སུ་མ་ཕྱིན་བར་དུ། ཡུལ་ལ་དྲན་ཤེས་དང་དོ་སྣང་། བསམ་བློ་རྩེ་གཅིག་པ་རྒྱུན་བསྐྱངས་ནས་གནས་དགོས། སྒོམ་རྒྱག་སྟངས་ཀྱི་ལག་ཆ་དེ་རྣམས་དམིགས་པ་རང་གི་བཟོས་པའི་སེམས་ཀྱི་འཆར་སྒོ་ལས་མི་གཡོ་བར་རྒྱུན་བསྐྱངས་སྡོད་རྒྱུར་བེད་སྤྱོད་གཏོང་གི་ཡོད།

ང་ཚོས་སྒོམ་རྒྱག་སྟངས་དེ་གཉིས་རེས་མོས་བརྗེ་ལེན་བྱེད་དགོས། ང་ཚོས་རང་གི་གང་འདོད་འདོད་ལྟར་སེམས་ཀྱི་གནས་སྟངས་བཟང་ཕྱོགས་སུ་བཟོས་ཐུབ་པ་དང་། བློ་ངོར་འཆར་ཐུབ་པ་བྱུང་བའི་སྐབས་སུ་དེ་བརྟན་པོར་བཟུང་དགོས། ང་ཚོའི་སེམས་རྩེ་གཅིག་པའི་དམིགས་པ་བརླག་པའམ་སྐྱོ་རུ་འགྲོ་བའི་སྐབས། ང་ཚོས་སླར་ཡང་གསལ་བཏབ་ནས་སེམས་ལ་འཆར་བ་བྱེད་དགོས།

བརྙན་པར། འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན། “སྒོམ་ཞེས་པ་དེ་ག་རེ་ཡིན་ནམ།” 

ཉིན་ལྟར་མི་ཚེའི་ནང་གི་སྒོམ།

སྒོམ་གྱི་གནད་ཀ་ཡོངས་སུ་རྫོགས་པ་ནི། སོ་སོའི་ཁྱིམ་གྱི་སྒོམ་རྒྱག་སའི་གདན་ཐོག་ཏུ་ལྷིང་འཇགས་ངང་སེམས་རྩེ་གཅིག་སྒོམ་པ་དང་། བྱམས་པ་སྒོམ་ནས་སྡོད་པ་ཙམ་གྱི་མི་ཆོག་པར། ང་ཚོ་སོ་སོའི་ཉིན་རེའི་མི་ཚེར་དངོས་སུ་ཤུགས་རྐྱེན་ཐེབས་དགོས། 

གལ་ཏེ་ང་ཚོས་རྒྱུན་ལྟར་འཆར་ཅན་སྒོམ་བརྒྱབ་ན། དེས་བཟང་ཕྱོགས་ཀྱི་སེམས་ཚོར་རྣམས་གོམས་གཤིས་སུ་གྱུར་ནས། ང་ཚོས་དེ་རྣམས་ཉིན་མཚན་དབྱེར་མེད་དུ། ག་དུས་དགོས་ཀྱང་བེད་སྤྱོད་གཏོང་ཐུབ། མཐའ་མ་དེ་རྣམས་ང་ཚོའི་ཆ་ཤས་སུ་གྱུར་ནས། རྟག་པར་འབད་རྩོལ་ལ་ལྟོས་མི་དགོས་པར་རང་བཞིན་གྱིས་བྱམས་པ་དང་སེམས་རྩེ་གཅིག་པ། ལྷིང་འཇགས་བཅས་ཆེས་ཆེར་གྱུར་ཐུབ།

རྗེས་སུ་ཁོང་ཁྲོ་དང་རླུང་ཞེ་དྲགས་ལངས་པའི་སྐབས་སུ། ང་ཚོས་སོ་སོར་བྱམས་པ་ཤུགས་ཆེན་པོ་སྐྱེས་དགོས་པའི་དྲན་གསོ་གཏོང་དགོས། ང་ཚོས་རྒྱུན་གཏན་སྒོམ་ཉམས་ལེན་བྱས་པའི་སྟོབས་ཀྱིས་སེམས་ཀྱི་གནས་སྟངས་དེ་དག་ལ་རྒྱུས་ཡོད་ཆགས་པས། ང་ཚོས་ལམ་སེང་དེ་རྣམས་སྐྱེད་པར་བྱེད་ཐུབ་པ་ཡིན།

༼ཁོང་ཁྲོ་ལ་ཁ་གཏད་གཅོག་སྟངས་ཀྱི་ནང་པ་སངས་རྒྱས་པའི་མན་ངག་བརྒྱད། འདིར་གཟིགས།༽

མི་སུ་ཡིན་ཡང་ཕྱོགས་ཚང་མ་ནས་ཡང་དག་པ་ཞིག་མིན། ང་ཚོ་ཚང་མར་སྤོང་དགོས་པའི་གོམས་གཤིས་ངན་པ་རེ་ཡོད། ཡིན་ནའང་། སྟབས་ཡག་པ་ཞིག་ལ། དེ་ཚོ་རྡོ་ལ་རི་མོ་བརྐོས་པ་ལྟར་མིན་པར་འགྱུར་བ་གཏོང་ཐུབ་པ་ཞིག་ཡིན།

དེ་འདྲའི་འགྱུར་བ་གཏོང་བར་སོ་སོའི་འབད་བརྩོན་ལས་གཞན་གང་ཡང་མི་དགོས། ང་ཚོ་མང་ཆེ་བས་དུས་ཚོད་མང་པོ་ལུས་རྩེད་ཁང་དུ་ལུས་པོའི་རྩལ་སྦྱང་རྒྱུར་གཏོང་གི་ཡོད་ཀྱང་། རྩལ་ཆེ་བའི་སེམས་ཀྱི་རྩལ་སྦྱོང་བྱ་རྒྱུ་དྲན་པ་བརྗེད་ཀྱི་ཡོད། སེམས་ཀྱི་རྩལ་སྦྱོང་འགོ་འཛུགས་རྒྱུར་དཀའ་ངལ་ཡོད་ཀྱང་། སྒོམ་གྱིས་རང་ཉིད་ཀྱི་མི་ཚེའི་ནང་དུ་ཁེ་ཕན་ཡོང་གི་ཡོད་པ་དེ་ཤེས་པ་ནས་བཟུང་། ང་ཚོས་དགའ་སྤྲོའི་ངང་ནས་དུས་ཚོད་མང་པོ་ཞིག་སེམས་ལ་རྩལ་སྦྱང་རྒྱུར་གཏོང་ངེས་སོ།།

Top