དགེ་སློབ་འབྲེལ་ལམ་གྱི་ཆ་རྐྱེན།

ངོ་སྤྲོད།

ནང་པའི་སྲོལ་རྒྱུན་ཚང་མས་ལམ་འགྲིམ་པའི་སྐབས་བཤེས་གཉེན་གལ་ཆེ་བའི་ཐོག་ལ་གཅིག་གྱུར་གྱིས་གཙིགས་སུ་འཛིན་གྱི་ཡོད། དགེ་བའི་བཤེས་གཉེན་རྣམས་ཀྱིས།

  • གནས་ཚུལ་སྤྲོད་པ་ཙམ།
  • དྲི་ལན་འདེབས་པ་ཙམ།
  • སློབ་མའི་གོ་རྟོགས་བརྟག་པ་ཙམ།
  • སློབ་མའི་བློ་གྲོས་དང་། སེམས་ཚོར། སྒོམ་ཡར་རྒྱས་ཙམ་ལ་བརྟག་པ་ཙམ་མིན་པར།

དགེ་བའི་བཤེས་གཉེན་རྣམས་ཀྱིས་ད་དུང་།

  • དབང་དང་སྡོམ་པ་ནོད་པ།
  • མིག་དཔེ་བཟང་པོ་སྟོན་པ།
  • སོ་སོའི་ཉམས་ལེན་ཐོག་ནས་གཞན་ལ་བློ་སྐྱེད་སྤེལ་བ།
  • སངས་རྒྱས་ཀྱི་སྲོལ་རྒྱུན་གྱི་ལུགས་དང་འབྲེལ་གཏུགས་བྱེད་ཐུབ་མཁན་ཞིག་དགོས།

དགེ་བའི་བཤེས་གཉེན་དང་སློབ་མའི་རིམ་པ་སྣ་ཚོགས་ཤིག་ཡོད་པ་དང་། དེས་ན་ལམ་སྒོམ་པའི་སྐབས་འབྲེལ་བ་བྱེད་སྟངས་སྣ་ཚོགས་ཡོད།

རིག་གཞུང་གི་སྐབས་དོན།

དེང་དུས་ནུབ་ཕྱོགས་ཀྱི་གནས་སྟངས་ཁྲོད་བཤེས་གཉེན་ཞིག་གི་དྲུང་ནས་སློབ་སྦྱོང་བྱེད་སྟངས་དང་ཨེ་ཤི་ཡའི་ནང་སྲོལ་རྒྱུན་གྱི་སློབ་སྦྱོང་བྱེད་སྟངས་གཉིས་རྩ་བ་ནས་མི་འདྲ་བ་ཡིན།

སྲོལ་རྒྱུན་དུ་ཨེ་ཤི་ཡའི་ནང་ཆོས་ཀྱི་སློབ་ཕྲུག་མང་ཆེ་བ་ནི།

  • ཆོས་ལ་ཆོད་སེམས་ཤིན་ཏུ་བརྟན་པའི་བཙུན་པའམ་བཙུན་མ་ཡིན།
  • ནང་ཆོས་སློབ་གཉེར་དང་ཉམས་ལེན་བྱ་རྒྱུ་ལས་གཞན་པའི་བྱ་བ་མེད།
  • ཤེས་ཡོན་མེད་པའི་ཕྲུ་གུ་ཆུང་ཆུང་སྐབས་ནས་ནང་ཆོས་སློབ་གཉེར་འགོ་བཙུགས་པ།
  • དེའི་འབྲས་བུར་ནར་སོན་སྐབས་རྩིས་དང་། སྤྱི་ཚོགས་རིག་པ། ཚན་རིག་སོགས་དེང་དུས་ཀྱི་ཤེས་ཡོན་ཏག་ཏག་མ་ཐོབ།
  • བུད་མེད་ཀྱི་ལས་འགན་དང་དབང་འཛིན་སྒྲིག་འཛུགས་ཀྱི་ལྟ་ཚུལ་དང་འབྲེལ་བའི་སྒོ་ནས་སྲོལ་རྒྱུན་ཨེ་ཤི་ཡའི་སྤྱི་ཚོགས་ཀྱི་རིན་ཐང་ཁས་ལེན་བྱེད། དེས་བུད་མེད་རྣམས་དམན་པ་དང་བླ་མས་སྐྱོང་བའི་གཞུང་རྒྱས་དཔྱད་དུ་བརྩི་གི་ཡོད།

དེང་དུས་ནུབ་ཕྱོགས་སུ་སློབ་ཕྲུག་མང་ཆེ་བ་ནི།

  • མི་སྐྱ་ཡིན་ཞིང་། རང་གི་འཚོ་ཐབས་ལས་རིགས་དང་སྒེར་གྱི་མི་ཚེར་བྲེལ་ཟིང་ངང་སྡོད་ཀྱི་ཡོད།
  • ནང་ཆོས་ཆེད་དུས་ཁོམ་ཏོག་ཙམ་ལས་མེད།
  • ནར་སོན་ཏེ་ཤེས་ཡོན་ཅན་ཆགས་རྗེས་ནང་ཆོས་སློབ་གཉེར་འགོ་འཛུགས་པ།
  • ཕོ་མོ་འདྲ་མཉམ་དང་སྤྱི་ཚོགས་ཀྱི་ལམ་ལུགས་དང་མང་གཙོ་དགོས་འདུན་འདོན་གྱི་ཡོད།

དཔལ་འབྱོར་གྱི་ཆ་ནས། སྲོལ་རྒྱུན་དུ་ཨེ་ཤི་ཡའི་ནང་སྤྱི་ཚོགས་ཀྱི་ངོས་ནས་བཤེས་གཉེན་ལ་མཐུན་སྦྱོར་བྱེད་ཅིང་། ཐ་ན་སོ་སོའི་དགེ་ཕྲུག་མིན་པ་རྣམས་ཀྱིས་ཀྱང་འབུལ་བ་འབུལ་གྱི་ཡོད། དེང་དུས་ཀྱི་ནུབ་ཕྱོགས་སུ་བཤེས་གཉེན་དེ་དག་རང་ཉིད་ཀྱིས་རང་ལ་བལྟ་དགོས་ཀྱི་ཡོད། མང་པོ་ཞིག་གིས་དཔལ་འབྱོར་དང་། སྒྲིག་འཛུགས། འཛིན་སྐྱོང་བཅས་ཀྱི་འགན་སོ་སོས་འཁྱེར་ཏེ་ཆོས་ཚོགས་ཀྱི་འགན་འཁུར་བྱེད་དགོས།

རྐྱེན་དེ་དག་ཚང་མས་དགེ་རྒན་དགེ་ཕྲུག་གི་འབྲེལ་ལམ་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དོན་གཉེར་ཅན་མང་པོ་ཞིག་ལ་ཁེ་ཕན་བྱུང་ནའང་། ད་དུང་གོ་ལོག་དང་། ནོར་འཁྲུལ། ཆོས་ཕྱོགས་ཀྱི་སྐྱོན་མང་པོ་ཞིག་ལྷག་གི་ཡོད།

ཉེན་ཁའི་རིགས།

བོད་པའི་སྲོལ་རྒྱུན་གྱི་གནད་དོན་ནང་བླ་མ་སྟེན་ཚུལ་ཐོག་གི་དཔེ་དེབ་འགའ་ཞིག་གིས་ཉེན་ཁ་ཆེ་རུ་བཏང་ཡོད། དེབ་དེ་རིགས་ཀློག་པ་པོ་རྣམས་ནི་སྡོམ་ལྡན་རབ་བྱུང་ཕོ་མོ་རྣམས་ཆགས་ཡོད་ཅིང་། སྔགས་ཀྱི་དབང་ཆེད་གྲ་སྒྲིག་བྱེད་དགོས་མཁན་ཡིན། ཆོས་ཚོཌ་ནང་ཆོས་བཤད་ནི་ནང་ཆོས་སྐོར་ཅི་ཡང་མི་ཤེས་མཁན་གྱི་ལས་དང་པོ་བ་ཚོར་དམིགས་ཀྱི་མེད།

ང་ཚོས་མཐའ་གཉིས་སྤོང་དགོས།

༡༽ བཤེས་གཉེན་ལྷ་རུ་བརྩིས་ཏེ། བྱིས་བློའི་རང་བཞིན་གྱིས་བློ་སྒོ་འབྱེད་པ་དང་ལོག་པར་སྤྱོད་པ།

༢༽ བཤེས་གཉེན་འདྲེར་བལྟས་ནས་འཁྲུལ་སྨྱོའི་སྒོ་མོ་འབྱེད་པ་དང་སེམས་སྐུལ་ངོ་མ་དང་ཕུགས་ཀྱི་ཁེ་ཕན་འཐོབ་པའི་སྒོ་མོ་འབྱེད་ཀྱི་མེད།

སྲོལ་རྒྱུན་མིན་པའི་དཔྱད་པའི་འཆར་གཞི།

ཕྱི་ལོ་ ༢༠༠ ལོར་ཨི་ཐ་ཀ་ Ithaca ཡོད་པའི་གངས་སེང་དཔེ་སྐྲུན་ཁང་ Snow Lion ནས་པར་བསྐྲུན་ཞུས་པའི་དགེ་བའི་བཤེས་གཉེན་དང་སློབ་མའི་བར་གྱི་འབྲེལ་ལམ་བཟང་པོ་ཞིག་སྐྲུན་པ་ཞེས་པའི་དཔེ་དེབ་ནང་ཁོ་བོས་འབྲེལ་ལམ་བཟང་པོ་ཡོང་ཐབས་སུ་གནད་དོན་ཁག་ལ་དཔྱད་པ་བྱས་པ་དང་བསམ་ཚུལ་འགའ་བཏོན་ཡོད། འདིར་གནད་དོན་དེར་བརྟག་དཔྱད་ཆེད་སྲོལ་རྒྱུན་མིན་པའི་འཆར་གཞི་འཕར་མ་ཞིག་ངོ་སྤྲོད་བྱེད་འདོད་བྱུང་། དེ་ཡང་ཧང་གེ་རིའི་ Hungary སེམས་ནད་སྨན་རམས་པ་ཨི་ཝན་བོ་ཛར་མན་ཡི་ནེ་གྷི་ Dr. Ivan Boszermenyi-Nagy ལགས་ཀྱིས་རྩོམ་ཡིག་ལས་བྱུང་སྟེ་རྒྱ་སྐྱེད་གནང་བ་ཞིག་རེད། ཁོང་ནི་ཁྱིམ་གྱི་གསོ་དཔྱད་དང་སྐབས་ཐོབ་ཀྱི་གསོ་དཔྱད་སྲོལ་གཏོད་པ་པོ་ནང་ནས་གཅིག་རེད།

འབྲེལ་ལམ་ཞིག་གི་ཆ་རྐྱེན་དྲུག

ང་ཚོས་འབྲེལ་ལམ་དེ་ཆ་རྐྱེན་དྲུག་གི་ཐོག་ནས་དགེ་རྒན་དང་སློབ་མ་གཉིས་ཀའི་ངོས་ནས་དཔྱད་པ་བྱེད་ཐུབ། གལ་སྲིད་འབྲེལ་ལམ་ཐད་དཀའ་ངལ་ཡོད་ན། དེས་དཀའ་ངལ་དེ་ག་པར་ཡོད་མེད་རྩད་གཅོད་བྱེད་པར་ཕན་ཐོགས་ཤིང་། དེ་ལ་བརྟེན་ནས་འབྲེལ་ལམ་བཟང་པོ་ཞིག་ཡོང་སླད་ཕྱོགས་སོ་སོས་སྙོམ་སྒྲིག་དང་རན་འཚམ་བཟོ་རྒྱུ་ཐབས་ཤེས་ཐུབ་ཀྱི་ཡོད།

ཆ་རྐྱེན་དྲུག་ནི།

༡༽ ཕྱོགས་སོ་སོའི་ངོས་ནས་འབྲེལ་ལམ་བཟོ་ཕྱོགས་ཀྱི་བདེན་དོན།

༢༽ ཕྱོགས་སོ་སོའི་འབྲེལ་ལམ་གྱི་དམིགས་ཡུལ་དང་དེར་ཤུགས་རྐྱེན་བྱེད་པའི་སེམས་ཁམས་ཀྱི་ཆ་རྐྱེན།

༣༽ ཕྱོགས་སོ་སོ་སྟོན་མཁན་གྱི་ལས་འགན་དང་གཞན་ལས་འགན་དེ་སྒྲུབ་མཁན་དང་། སོ་སོར་རེ་བ་ཇི་ཡོད་དང་ཚོར་བ་གང་ཡོད་མེད།

༤༽ ཕྱོགས་སོ་སོའི་འབྲེལ་ལམ་ཐད་ཀྱི་ཆོད་སེམས་དང་འཛུལ་ཞུཌ། དེ་བཞིན་དེར་ཤུགས་རྐྱེན་བྱེད་པའི་སེམས་ཁམས་ཀྱི་ཆ་རྐྱེན།

༥༽ དེ་མིན་ཕྱོགས་སོ་སོའི་སེམས་ཁམས་ཀྱི་ཤུགས་རྐྱེན།

༦༽ འབྲེལ་ལམ་དེས་ལས་དོན་ཇི་ལྟར་སྒྲུབ་པ་དང་ཕྱོགས་སོ་སོར་འབྲས་བུ་གང་ཐོབ་མིན།

དང་པོ། ཕྱོགས་སོ་སོ་དང་འབྲེལ་བའི་འབྲེལ་ལམ་བཟོ་ཕྱོགས་ཀྱི་བདེན་དོན།

ཕྱོགས་སོ་སོའི་བདེན་དོན་དང་འབྲེལ་ལམ་གྱི་ཤུགས་རྐྱེན་ནང་།

  • ཕོ་མོའི་དབྱེ་བ་དང་ལོ་ཚད།
  • ཨེ་ཤི་ཡའམ་ནུབ་ཕྱོགས་སོ་སོའི་རིག་གཞུང་གི་འབྱུང་ཁུངས།
  • ཆེད་ལས་སམ་སློབ་ཁྲིད་ཀྱི་འབྲེལ་གཏུགས་ཆེད་ཐུན་མོང་གི་སྐད་ཡིག་གམ་སྐད་སྒྱུར་དགོས་པ།
  • སྐྱ་སེར་གང་ཡིན།
  • ནང་ཆོས་ཀྱི་ཤེས་ཚད་དང་འཇིག་རྟེན་གྱི་ཤེས་ཡོན།
  • སེམས་ཚོར་དང་ཚུལ་ཁྲིམས་ཀྱི་སྨིན་ཚད་ཆ་ནས་བཤེས་གཉེན་དང་སློབ་མའི་ཁྱད་ཆོས།
  • གཞན་གྱི་ཆེད་རང་ལ་དུས་ཚོད་མང་ཉུང་ཡོད་པ།
  • སློབ་ཕྲུག་གཞན་གྱི་ཁ་གྲངས།
  • དགེ་རྒན་དེ་གཏན་སྡོད་དམ་འགྲོན་འབོད་ཡིན་མིན།

དེ་ལྟ་བུའི་གནས་སྟངས་ཀྱི་འཁོར་ཡུག་ནི།

  • གྲོང་ཁྱེར་གྱི་དབུས་སམ་གྲོང་ལས་གཞན་པའི་ནུབ་ཕྱོགས་པའི་ཆོས་ཚོགས།
  • ཆོས་ཚོགས་རང་དབང་ཅན་ནམ། ཡང་ན་མ་ལག་གཞན་གྱི་ཡན་ལག་ཡིན་པ།
  • ཨེ་ཤི་ཡའམ་ནུབ་ཕྱོགས་ཀྱི་དགོན་སྡེ་བཅས་ནང་ཡིན་སྲིད།

ཕྱོགས་སོ་སོའི་འབྲེལ་ལམ་གྱི་དམིགས་ཡུལ་དང་སེམས་ཁམས་ཀྱི་ཤུགས་རྐྱེན།

འབྲེལ་ལམ་གྱི་ངོ་བོ་གང་ལྟར་ཡང་ཕྱོགས་གཉིས་ཀར། འབྲེལ་ལམ་གྱི་དམིགས་ཡུལ་དེ་ཧ་ལམ་འདྲེས་ནས་ཡོད། དགེ་རྒན་དགེ་ཕྲུག་གི་འབྲེལ་ལམ་ནི་དམིགས་བསལ་གང་ཡང་མིན།

སློབ་མ་ཞིག་གིས་དགེ་རྒན་དྲུང་དུ།

  • གནས་ཚུལ་ཤེས་རྟོགས་དང་བདེན་དོན་སྦྱོང་ཆེད།
  • སྒོམ་སྦྱོང་བའི་ཆེད།
  • སོ་སོའི་རང་གཤིས་གོང་ཐོར་གཏོང་ཆེད།
  • ཚེ་འདི་སྣང་གི་དངོས་པོ་ཡར་རྒྱས་གཏོང་ཆེད།
  • སྐྱེ་བ་ཕྱི་མ་ཡར་རྒྱས་གཏོང་ཆེད།
  • དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ལས་ཐར་བའི་ཐར་པ་འཐོབ་ཆེད།
  • སེམས་ཅན་གཞན་ལའང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གཅིག་མཚུངས་སུ་འཐོབ་པར་རོགས་རམ་བྱེད་པར་རང་གི་བྱང་ཆུབ་མངོན་དུ་བྱེད་པ།
  • ལུས་སེམས་ལྷོད་པོ་ཡོང་ཐབས་བྱེད་པ།
  • བློ་སེམས་མཐུན་པའི་སློབ་མར་འབྲེལ་གཏུགས་བྱེད་པ།
  • དོ་སྣང་བྱེད་འོས་ཀྱི་ཤེས་བྱ་གསར་པ་སྦྱོང་བ།
  • ལུས་སེམས་ཀྱི་དཀའ་ངལ་སེལ་ཆེད་དམིགས་བསལ་རྫུ་འཕྲུལ་གྱི་བཅོས་ཐབས་འཚོལ་བ།
  • ཡིད་དབང་འགུགས་ནུས་ཀྱི་ཁྱད་ཆོས་ལྡན་པའི་དགེ་རྒན་གྱི་དྲུང་དུ་བཅར་ནས་བློ་ཁ་ཆོས་སུ་སྒྱུར་བ་སྟེ། དཔེར་ན། ཆོས་ཁོ་ནར་འབད་བརྩོན་བྱེད་མཁན་ལྟ་བུ།   

དེར་མ་ཟད། སློབ་མས་དགེ་རྒན་གྱི་དྲུང་དུ་བཅར་ནས།

  • ནང་པའི་ལམ་སྒོམ་ཆེད་ལམ་སྟོན་དང་སེམས་ཤུགས་རྙེད་ཐབས་འཚོལ་བ།
  • གསོ་ཐབས།
  • ཆོས་ཕྱོགས་ཀྱི་ལམ་སྟོན།
  • ཕ་མའི་ཚབ།
  • བཀའ་འཁྲོལ།
  • མི་ཚེའི་ནང་བླང་དོར་མཛུབ་སྟོན་བྱེད་པ་བཅས་ཀྱི་ཆེད་དུ་ཡོང་མཁན་ཡོད།

དགེ་བའི་བཤེས་གཉེན་གྱི་ངོས་ནས།

  • བདེན་དོན་གསལ་སྟོན་ཐུབ་པ།
  • ལུང་མནོས་ཏེ་ནང་བསྟན་སྲུང་སྐྱོབ་བྱེད་རྒྱུ།
  • སློབ་མའི་ཐུན་མིན་གཤིས་སྤྱོད་གོང་འཕེལ་གཏོང་རྒྱུ།
  • སློབ་མའི་སྐྱེ་བ་ཕྱི་མར་ཕན་འདོགས་ཆེད་བག་ཆགས་འཇོག་པ།
  • མངོན་མཐོ་དང་ངེས་ལེགས་ཀྱ་སྐྱེ་བ་བཟང་པོ་འཐོབ་སླད་སློབ་མར་རོགས་མགོན་བྱེད་རྒྱུ།
  • ནང་པའི་ཆོས་ཚོགས་འཛུགས་པའམ་ནང་ཆོས་ཀྱི་བསྟི་གནས་གསར་འཛུགས་བྱ་རྒྱུ།
  • སོ་སོའི་རྒྱུད་པ་འཛིན་མཁན་ཇེ་མང་དུ་གཏོང་རྒྱུ།
  • རྒྱ་གར་ནང་གི་དགོན་སྡེར་རོགས་རམ་དང་བོད་ནང་བསྐྱར་བཞེངས་སླད་དངུལ་འཚོལ་སྒྲུབ་བྱ་རྒྱུ།
  • སྐྱབས་བཅོལ་བ་ཞིག་སོང་ཙང་ཉེན་སྲུང་བྲལ་བའི་གཞི་རྟེན་བྱེད་ས་ཞིག་འཚོལ་རྒྱུ།
  • འཚོ་ཐབས་ཆེད་འབད་པའམ་ཕྱུག་པོ་ཆགས་རྒྱུ།
  • གཞན་སྟངས་འཛིན་བྱས་ཏེ་དབང་ཆ་འཐོབ་རྒྱུ།
  • འཁྲིག་སྤྱོད་བྱ་ཡུལ་འཐོབ་འདོད་བཅས་ཀྱི་སྒོ་ནས་བྱ་བ་སྒྲུབ་སྲིད།

ཕྱོགས་གཉིས་ཀར་ཤུགས་རྐྱེན་སྦྱིན་མཁན་སེམས་ཁམས་ཀྱི་རྐྱེན་ངན་ཁྲོད།

  • ཁེར་རྐྱང་།
  • ཉོབ་སྣང་།
  • སྡུག་བསྔལ།
  • ཉེན་སྲུང་མེད་པ།
  • དཔེ་གསར་འདོད་པ།
  • སྡེ་ཚན་གྱི་གནོན་ཤུགས་བཅས་གཏོགས་ཡོད།

ཕྱོགས་སོ་སོའི་ལས་འགན་དང་གཞནའབྲེལ་ལམ་ལ་གཞིགས་ཏེ་ལས་འགན་དེ་སྒྲུབ་མཁན་དང་། དེ་བརྟེན་སོ་སོར་རེ་བ་ཇི་ཡོད་དང་ཚོར་བ་གང་འདྲ་ཡོད་མེད།

དགེ་བའི་བཤེས་གཉེན་ཞིག་གིས་རང་ཉིད་ལ་ལྟ་ཚུལ་དང་སློབ་མ་ཞིག་གིས་དགེ་རྒན་ལ་ལྟ་ཚུལ་ནི།

  • ནང་ཆོས་ཀྱི་གནས་ཚུལ་སྤྲོད་མཁན་གྱི་ནང་པའི་སློབ་དཔོན་ཞིག་དང་།
  • མི་ཚེའི་ནང་ཆོས་ལག་བསྟར་བྱེད་ཚུལ་སྟོན་མཁན་གྱི་ནང་པའི་སློབ་ཁྲིད་པ་ཞིག །
  • སྒོམ་དང་ཆོ་གའི་སྦྱོང་བརྡར་སྤྲོད་མཁན།
  • སྡོམ་པ་ནོད་མཁན་གྱི་དགེ་བའི་བཤེས་གཉེན།
  • སྔགས་ཀྱི་དབང་ལུང་ནོད་མཁན་གྱི་སྔགས་ཀྱི་སློབ་དཔོན་ཞིག་ཏུ་བལྟ་སྲིད།

སློབ་མས་རང་གིས་རང་ལ་ལྟ་ཚུལ་ལམ་དགེ་རྒན་གྱིས་སློབ་མར་ལྟ་ཚུལ་ནི།

  • གནས་ཚུལ་སྤྲོད་སའི་ནང་པའི་སློབ་མ་ཞིག་དང་།
  • མི་ཚེའི་ནང་ཆོས་ལག་བསྟར་བྱེད་ཚུལ་སྦྱོང་མཁན་གྱི་ནང་པའི་སློབ་ཕྲུག
  • སྒོམ་དང་ཆོ་ག་སྦྱོང་བརྡར་བ།
  • དགེ་རྒན་གྱི་དྲུང་ནས་སྡོམ་པ་བླངས་པ་ཙམ་ཞིག
  • སྒེར་གྱི་ཐོག་ནས་དགེ་རྒན་གྱིས་ལམ་སྟོན་བྱས་པ་བཅས་སུ་བལྟ་སྲིད།

འབྲེལ་བ་དེ་ལྟར་རྒྱུ་མཚན་དུ་བྱས་ཏེ་དགེ་རྒན་དང་སློབ་མ་སོ་སོར་བསམ་ཚུལ་ཇི་ལྟར་འབྱུང་མིན་ནི།

སློབ་མས་རང་ཉིད།

  • ལྟ་སྐྱོང་འོག་ཡོད་པ།
  • གཞན་ཞིག་ལ་བདག་པ།
  • ཆ་ཚང་བ།
  • འདོད་པ་ཁེངས་པ།
  • གཡོག་པོ་ཞིག
  • ཆོས་བརྒྱུད་ཅིག་གི་ཁོངས་མི་བཅས་ཡིན་པ་ཚོར་སྲིད།

དགེ་བའི་བཤེས་གཉེན་ཞིག་གིས་རང་ཉིད།

  • དགེ་རྒན་ཞིག་ཡིན་པ།
  • ཉམས་ལེན་པ་སྙེམ་ཆུང་ཞིག་ཡིན་པ།
  • སྐྱབས་མགོན་ཞིག་ཡིན་པ།
  • སློབ་དཔོན་ཞིག་ཡིན་པ།
  • སེམས་ཁམས་རིག་པ་བ་ཞིག་ཡིན་པ།
  • ཆོས་ཚོགས་ཀྱི་འཛིན་སྐྱོང་བྱེད་པོ་ཞིག་ཡིན་པ།
  • དགོན་སྡེའི་དཔལ་འབྱོར་གྱི་རོགས་སྐྱོར་བྱེད་པོ་ཞིག་ཡིན་པ་བཅས་བསམ་སྲིད།

ཕྱོགས་སོ་སོའི་འབྲེལ་ལམ་ཐད་ཀྱི་ཆོད་སེམས་ཀྱི་རིམ་པ་དང་ཐེ་གཏོགས། དེ་བཞིན་སེམས་ཁམས་ཀྱི་ཤུགས་རྐྱེན།

སློབ་མས།

  • གཏན་འབེབས་བྱས་པའི་སློབ་དོད་འབུལ་བ། ཞལ་འདེབས་འབུལ་བ། ཡང་ན་སློབ་དོད་དང་ཞལ་འདེབས་གང་ཡང་མ་ཕུལ་བར་སློབ་གཉེར་བྱེད་སྲིད།
  • ནང་ཆོས་སམ་དགེ་རྒན་ཡང་ན་རྒྱུད་པ་བཅས་ནང་རང་དགར་རམ་ཆོད་སེམས་བརྟན་པོས་གཏོགས་པ་ཡིན་སྲིད།
  • དགེ་རྒན་གྱི་དྲུང་ནས་སྡོམ་པ་ལེན་འདོད་པའམ་ཡང་ན་བླངས་ཟིན་པ་ཡིན་སྲིད།
  • དགེ་རྒན་ལ་རོགས་རམ་སླད་འགན་འཁུར་སྲིད།
  • དྲིན་འོག་ཏུ་གནས་པ་ཚོར་སྲིད།
  • འགན་འཁྲི་ཡོད་པར་ཚོར་སྲིད།
  • བློ་ཐག་ཉེ་པོ་ཡིན་པར་ཚོར་སྲིད། འདིའི་ཐད་ཚོགས་པའམ་ཤོག་ཁག་གི་གནོན་ཤུགས་ནི་དོན་གནད་ཆེན་པོ་ཡིན།
  • ཅི་སྟེ་རང་གིས་ལས་ངན་པ་ཞིག་བྱས་ན། དམྱལ་བར་འགྲོ་དགོས་ཀྱི་རེད་བསམ་སྲིད་པ་བཅས་ཡིན།

དགེ་རྒན་གྱིས།

  • བཟང་སྤྱོད་ཀྱི་ཐོག་ནས་སློབ་མ་རྣམས་ལ་ལམ་སྟོན་བྱ་རྒྱུར་འགན་ལེན་སྲིད།
  • སློབ་མའི་མི་ཚེ་སྐྱོང་འདོད་ཅིང་། བླང་དོར་གྱི་གནད་སྟོན་སྲིད།
  • རང་གི་དགེ་རྒན་གྱི་བཀའ་བཞིན་སོ་སོའི་ལས་འགན་ཚུལ་བཞིན་དུ་སྒྲུབ་སྲིད།
  • རང་ཉིད་ཀྱི་ལས་འགན་ཙམ་ཞིག་སྒྲུབ་ཀྱི་ཡོད་པར་བལྟ་སྲིད་པ་བཅས་ཡིན།

དེའི་ཐད་སེམས་ཁམས་ཀྱི་རྐྱེན་མི་མཐུན་པའི་དབང་གི་ཤུགས་རྐྱེན་ནི།

  • དམ་བཅའ་འཇོག་པར་བཞེད་སྣང་།
  • ལོག་སྤྱོད་ཀྱི་རྒྱབ་ལྗོངས་ཀྱིས་རྐྱེན་པས་དབང་ཆ་ལ་ཞེད་སྣང་།
  • བེད་སྤྱོད་ཅན་ནམ་དགའ་ས་ཞིག་བྱེད་དགོས་པ།
  • དོ་སྣང་དགོས་པ།
  • གཞན་དབང་བསྒྱུར་བྱ་འདོད།
  • རང་ཉིད་ར་སྤྲོད་དགོས་པ་བཅས་ཡིན།

དེ་མིན་ཕྱོགས་སོ་སོའི་སེམས་ཁམས་ཀྱི་ཤུགས་རྐྱེན་ཁག

དེའི་ནང་ཕྱོགས་སོ་སོ།

  • ཁ་ཕྱིར་ཕྱོགས་པའམ་ནང་དུ་ཕྱོགས་པ།
  • ཤེས་ཡོན་ཅན། སེམས་ཚོར་ཅན། ཡང་ན་དད་ལྡན་པ།
  • སེམས་བཟང་པོའམ་ངན་པ།
  • ཞི་དུལ་ལམ་ཁོང་ཁྲོ་ཅན།
  • དུས་ཚོད་ལ་རྔམ་པ་དང་དོ་སྣང་ཅན།
  • སློབ་མ་དང་དགེ་རྒན་གཞན་ཚོར་ཕྲག་དོག་བྱེད་པ།
  • རང་མཐོང་དམའ་བའམ་ང་རྒྱལ་གྱིས་ཁེངས་པ་སོགས་ཚུད་ཡོད།

འབྲེལ་ལམ་དེས་ལས་དོན་ཇི་ལྟར་སྒྲུབ་པ་དང་ཕྱོགས་སོ་སོར་འབྲས་བུ་གང་ཐོབ།

སློབ་མ་དང་དགེ་རྒན་ཟུང་དུ།

  • ཕྱོགས་ཁག་ཡག་པོའམ་སྡུག་ཅག་གང་ཆགས་སམ།
  • ཕན་ཚུན་གང་ཐུབ་ཀྱིས་རོགས་རམ་བྱེད་མཁན་ཞིག་གམ། ཡང་ན་འགོག་རྐྱེན་བྱེད་མཁན་གྱི་ཕྱོགས་ཤིག་ཆགས་སམ།
  • རེ་བ་ཐ་དད་པའི་དབང་གིས་ཕྱོགས་ཁག་དེས་ཕན་ཚུན་གྱི་དུས་ཚོད་འཕྲོ་བརླག་གཏོང་མཁན་ཞིག་ཆགས་སམ།
  • དགེ་རྒན་གྱིས་རང་ཉིད་དབང་ཆེ་བ་དང་མཐོ་བར་བསམས་ནས་སློབ་མར་བཤུ་གཞོག་གཏོང་བ་དང་། སྟངས་འཛིན་བྱེད་ཅིང་། དམན་པར་འཛིན་པའི་ཆོས་ཕྱོགས་ཀྱི་གོ་གནས་རྒྱུན་འཛིན་བྱེད་མཁན་གྱི་ཕྱོགས་ཤིག་ཆགས་སམ། དེ་ཡང་ཕྱོགས་གཅིག་གིས་གང་བསམ་པ་དེ་ཕྱོགས་གཞན་གྱི་བསམ་པ་དང་མི་མཐུན་པ་ཡོང་སྲིད་པའི་ཐད་དོ་སྣང་བྱེད་དགོས།
  • གཉིས་ཀ་སེམས་འགུལ་ཐེབས་པའམ་ཡིད་ཐང་ཆད་པའི་ཕྱོགས་ཁག་ཅིག་ཆགས་སམ།

ཕྱོགས་བསྡོམས།

ང་ཚོས་ཆ་རྐྱེན་དྲུག་པོ་དེ་ད་གི་ཐོག་ནས་དགེ་རྒན་དང་སློབ་མའི་དབར་གྱི་འབྲེལ་ལམ་དང་རྐྱེན་སོ་སོའི་ནང་གང་གཏོགས་མིན་ཐད་བརྟག་དཔྱད་བྱེད་དགོས། གལ་སྲིད་ཆ་རྐྱེན་དེ་དག་ཕན་ཚུན་མཐུན་གྱི་མེད་ན། ཕྱོགས་གཉིས་ཀས་མཐུན་ཐབས་དང་སྙོམ་སྒྲིག་བྱེད་དགོས་པའམ། ཡང་ན་རན་འཚམ་བཟོ་དགོས་པ་ཡིན། རིག་གཞུང་གི་ཁྱད་པར་རམ་སེམས་ཚོར་གྱི་རྐྱེན་ལ་བརྟེན་ནས། ཕྱོགས་གཅིག་གིས་དཀའ་ངལ་སེལ་རྒྱུར་ཐབས་ལམ་དེར་གོ་ཤེས་མེད་པ་བྱས་ཚེ། ཕྱོགས་གཞན་དེས་ཡང་ན་མཐུན་ཐབས་བྱེད་དགོས་པའམ། ཡང་ན་འབྲེལ་ལམ་དེ་ལས་ཐག་རིང་ཙམ་སྡོད་དགོས།།

Top