༸གོང་ས་མཆོག་ཇ་མི་ཡ་མི་ལི་ཡ་ཁ་ཆེའི་གཙུག་ལག་སློབ་ཁང་དུ་ཆིབས་བསྒྱུར་བསྐྱངས་པ།

ངས་གཙུག་ལག་སློབ་ཁང་འདི་དང་། འདི་གར་ཕེབས་པའི་འབུམ་རམས་པ་ཀ་བིལ་སི་བལ་ ༼རྒྱ་གར་གྱི་མི་ཆ་དར་འཕེལ་བློན་ཆེན་༽ མཆོག་དང་། ཉེ་བའི་རིགས་བདག །སློབ་དཔོན་ཆེན་མོ་རྣམ་པ། གཙུག་ལག་སློབ་ཁང་འདིའི་གཙོ་འཛིན་རྣམ་པ། དེ་ག་ནང་བཞིན་སློབ་ཕྲུག་རྣམ་པ་དང་སྐུ་མགྲོན་རྣམ་པ་ལྷན་རྒྱས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐོག་མར་ཚང་མར་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ད་རེས་གཙུག་ལག་སློབ་གྲྭ་འདིའི་ཐོག་ནས་ང་ལ་ཕྱག་ཁྱེར་ [འབུམ་རམས་པའི་ཆེ་བསྟོད་ཕྱག་ཁྱེར་] གསོལ་རས་གནང་བ་དེར་ཧ་ཅང་གི་དགའ་པོ་བྱུང་། ཐུགས་རྗེ་ཆེ།   

ད་ངས་དབྱིན་སྐད་ནང་སྐད་ཆ་ཤོད་ཐབས་བྱེད་ཀྱི་ཡིན། བཤད་མི་དགོས་པ་ལྟར། ཉན་མཁན་རྣམ་པ་ཚོས་ངའི་དབྱིན་ཇིའི་སྐད་ཡག་པོ་མེད་པ་ཤེས་ངེས་རེད། སྐབས་རེ་ངས་ཚིག་ནོར་པ་བེད་སྤྱོད་གཏོང་སྲིད། བྱས་ཙང་། ངས་རྒྱུན་དུ་ངའི་སྐད་ཆ་ཉན་མཁན་ཚོར་ངས་དབྱིན་སྐད་མི་དག་པ་བེད་སྤྱོད་བྱེད་དུས་ “གཟབ་གཟབ་བྱེད་དགོས་” ཞེས་ཤོད་ཀྱི་ཡོད། ངས་ཚིག་ནོར་བ་བེད་སྤྱོད་བྱས་པ་ལ་བརྟེན་ནས་གོ་ནོར་ཐེབས་པའི་ཉེན་ཁ་ཡོད། དཔེར་ན། སྐབས་རེ་ངས་དབྱིན་ཇིའི་ཚིག་ “pessimism” (སྡུག་ས་ནས་ལྟ་ཚུལ་) དང་ “optimism” (རེ་བ་བཟང་བཅོལ་) གཉིས་ནོར་ནས་བེད་སྤྱོད་བྱེད་སྲིད། འདི་ནི་ནོར་འཁྲུལ་ཚབས་ཆེན་པོ་རེད། བྱས་ཙང་། ཁྱེད་རང་ཆོས་ངའི་མ་དག་པའི་དབྱིན་སྐད་ཉན་དུས་གཟབ་གཟབ་གནང་རོགས། 

ཕྱག་འཁྱེར་འདི་ཐོབ་པར་ང་རང་དངོས་གནས་གཟི་བརྗིད་ཚོར་བྱུང་། ཐོག་མར། ང་ལ་འདི་འདྲ་བའི་ཕྱག་ཁྱེར་གྱི་རིགས་ཐོབ་དུས། ནམ་རྒྱུན་ངས་ལན་འདེབས་འདི་ལྟར་བྱེད་ཀྱི་ཡོད། སློབ་སྦྱོང་ཐོག་ལ་ངས་དུས་ཚོད་རྩ་ནས་མ་བཏང་བར། སློབ་སྦྱོང་མ་བྱས་པར་ཕྱག་འཁྱེར་དེ་རིགས་ཐོབ་ཡོད། འབུམ་རམས་པའི་ཕྱག་འཁྱེར་ཐོབ་མཁན་གྱི་སློབ་ཕྲུག་ཚོར་མཚོན་ན། ངའི་བསམ་པར། ཁྱེད་རང་ཚོས་དུས་ཚོད་ཧ་ཅང་མང་པོ་བཏང་ནས་དཀའ་ལས་བརྒྱབ་ནས་ཐོབ་ཡོད། ཡིན་ནའང་ང་ལ་གཙུག་ལག་སློབ་ཁང་མང་པོ་ནས་རང་ཉིད་ཀྱིས་སློབ་སྦྱོང་ལ་དེ་ཙམ་འབད་བརྩོན་བྱེད་མི་དགོས་པའི་ཐོག་ཕྱག་ཁྱེར་གནང་དུས་ང་རང་ལ་ཆེ་མཐོང་ཆེན་པོ་བརྩིས་པའི་ཚོར་བ་ཡོང་གི་འདུག །དེ་རིང་འདིར། ལྷག་པར་དུ་སྙན་གྲགས་ཡོད་པའི་ཁ་ཆེའི་གཙུག་ལག་སློབ་ཁང་འདི་ནས་ཕྱག་ཁྱེར་གནང་བར་ངས་དངོས་གནས་རྗེས་སུ་ཡི་རངས་ཞུ་གི་ཡིན། གང་ཡིན་ཟེར་ན། ང་རང་ཡོད་པའི་དམ་བཅའ་ནང་གི་གཅིག་ནི་ཆོས་ལུགས་དབར་མཐུན་སྒྲིལ་གོང་སྤེལ་གཏོང་རྒྱུ་དེ་རེད།  

ཟླ་བ་དགུ་པའི་ཚེས་བཅུ་གཅིག་གི་དོན་རྐྱེན་བྱུང་བ་ནས་བཟུང་། ངས་ཁ་ཆེའི་ཆོས་ལུགས་སྲུང་སྐྱོབ་ཆེད་ལངས་ཕྱོགས་བརྟན་པོ་བཟུང་ཡོད། གང་ཡིན་ཟེར་ན། ཁྱེད་རྣམ་པས་མཁྱེན་གསལ་ལྟར། ཁ་ཆེའི་ཆོས་ལུགས་ཀྱི་རྒྱབ་ལྗོངས་ནས་ཡིན་པའི་མི་སྤྱོད་ངན་བྱེ་བྲག་པ་ཉུང་ཤས་ཀྱི་བྱ་སྤྱོད་ལ་བརྟེན་ནས་ཁ་ཆེའི་ཆོས་ལུགས་སྤྱི་ཡོངས་ནས་སྡུག་ཅག་ཅིག་ཡིན་པར་ངོས་འཛིན་བྱས་ན། དེ་ནི་མཐའ་གཅིག་ཏུ་ནོར་བ་རེད། ཁ་ཆེའི་ཆོས་ལུགས་ཀྱི་རང་བཞིན་དང་དོན་ངོ་མའི་ཐོག་ནས་བཤད་ན། གོ་ལ་འདིའི་ནང་ཧ་ཅང་གལ་གནད་ཆེ་བའི་ཆོས་ལུགས་ནང་ནས་གཅིག་རེད། ཁ་ཆེའི་ཆོས་ལུགས་ནས་འདས་པའི་དུས་རབས་མང་པོ་ཞིག་ནས་ད་ལྟའི་དུས་ཀྱི་བར་མི་ས་ཡ་མང་པོར་གདེང་སྤོབས་དང་སེམས་སྐུལ་བྱིན་དང་སྦྱིན་མུས་རེད་ལ་མ་འོངས་པར་སྦྱིན་ངེས་པ་རེད། དེ་ནི་བདེན་པའི་དོན་དེ་རེད། ང་རང་ཆུང་དུས་ནས་ང་ལ་ཁ་ཆེའི་གྲོགས་པོ་ཉེ་པོ་དགའ་ཤས་ཡོད། དཔེར་ན། བོད་ཀྱི་རྒྱལ་ས་ལྷ་སར་ཡོད་དུས། འདས་པའི་དུས་རབས་བཞིའི་ནང་ཁ་ཆེ་ཚོང་པ་བོད་ནང་གཞིས་ཆགས་ནས་ཁ་ཆེའི་སྤྱི་ཚོགས་ཆུང་ཆུང་ཞིག་བསྐྲུན་ཡོད། སྤྱི་ཚོགས་དེ་ཚོའི་ནང་འཁྲུག་རྩོད་སོགས་བྱུང་བའི་ལོ་རྒྱུས་ཀྱི་ཡིག་ཆ་གང་ཡང་མེད། མི་དེ་ཚོ་ཧ་ཅང་གི་ཞི་ཞིང་དུལ་བཡོད།   

ཡང་རྒྱལ་ཁབ་འདིའི་ནང་ཡོད་པའི་ཁ་ཆེ་འགའ་ཤས་ངས་ངོ་ཤེས་ཀྱི་ཡོད། ཁོང་ཚོས་ང་ལ་གསུངས་ཡག་ལ། ཁ་ཆེའི་ཆོས་ངོ་མ་ཉམས་ལེན་བྱེད་མཁན་ཚོས་ངེས་པར་དུ་བརྩེ་བ་དང་སྙིང་རྗེ་གཞན་ལུས་ཅན་ཀུན་ལ་ཁྱབ་ཐུབ་པ་བྱེད་དགོས་པ་དང་། གལ་སྲིད་ཁ་ཆེའི་མི་ཞིག་གི་མི་གསོད་ཁྲག་སྦྱོར་བྱས་ན། མི་དེས་ལས་དེ་བརྩམས་པ་ནས་བཟུང་ཁ་ཆེ་ངོ་མ་ཞིག་མ་རེད་ཅེས་ཁོང་ཚོས་དེ་ལྟར་གསུང་གི་འདུག །དེ་བཞིན་ “ཇི་ཧཱ་ད་” (jihad) ཟེར་བའི་ཐ་སྙད་དེའི་དོན་ནི་ “གཞན་ལ་འཚེ་བ་དང་རྒོལ་བ་བྱེད་པའི་” དོན་མ་ཡིན་པར། དེའི་དོན་གཏིང་ཟབ་པོའི་ཐོག་བཤད་ན། ང་ཚོ་རང་ཉིད་ཀྱི་ནང་སེམས་ཀྱི་འཐབ་རྩོད་ཅིག་རེད། ཁོང་ཁྲོ་དང་། སྡང་འཛིན། ཆགས་སེམས་ལ་སོགས་པའི་སེམས་ཚོར་ངན་པ་རྣམས་ལ་འཐབ་རྩོད་བྱ་རྒྱུ་དེ་རེད། སེམས་ཚོར་ངན་པ་དེ་ཚོས་ང་ཚོའི་སེམས་ཀྱི་གནས་བབས་ལ་དཀའ་ངལ་མང་དུ་བཟོས་ནས། ཁྱིམ་ཚང་ནང་ཁུལ་དང་། དེ་ནས་སྤྱི་ཚོགས་ནང་ཁུལ་ལ་དཀའ་རྙོག་མང་པོ་བཟོ་གི་ཡོད། བྱས་ཙང་། གནོད་བྱེད་ཀྱི་སེམས་ཚོར་ངན་པ་དེ་དག་ལ་འཐབ་རྩོད་ཀྱིས་མེད་པ་བཟོ་རྒྱུ་ནི་“ཇི་ཧཱ་ད་”ཞེས་པ་དེའི་གཏིང་ཟབ་པའི་གོ་དོན་ངོ་མ་དེ་ཡིན་པ་རེད། 

དེ་འདྲ་ཡིན་པ་སོང་ཙང་། ཆོས་ལུགས་ཀྱི་ལྟ་གྲུབ་ཐོག་ཁྱད་པར་ཡོད་ནའང་། ཆོས་ལུགས་དེའི་སྙིང་པོ་ནི་ཆོས་ལུགས་གཞན་ཚང་མ་དང་གཅིག་པ་ཡོད། ཆོས་ལུགས་གཞན་གྱི་རྗེས་སུ་འབྲང་མཁན་དང་། ཕན་ཚུན་འབྲེལ་བ་མང་ཙམ་དང་གླེལ་མོལ་མང་ཙམ་བྱེད་པའི་འབྲས་བུར། ངས་གང་ཤེས་སོང་ཟེར་ན། ལྟ་གྲུབ་ཐོག་ནས་ཁྱད་པར་ཆེན་པོ་ཡོད་ནའང་། ཁ་ཡོད་ལག་ཡོད་ཀྱི་ཉམས་ལེན་ཐོག་ནས་ཚང་མས་བརྩེ་བ་དང་། སྙིང་རྗེ། བཟོད་གསོལ། བཟོད་སྒོམ། ཁྲིམས་རང་སྲུང་། ཆོག་ཤེས་སོགས་ཉམས་ལེན་བྱེད་ཀྱི་ཡོད། བྱས་ཙང་། ང་ལ་གོ་སྐབས་ག་དུས་བྱུང་དུས། ངས་རྒྱུན་དུ་གཞན་ལ་ཁ་ཆེའི་ཆོས་ཀྱི་རྗེས་འཇུག་པ་སྤྱོད་ངན་ཉུང་ཤས་ཀྱི་བྱ་སྤྱོད་དེ་སྤྱི་མཚན་དུ་འཇོག་མི་རུང་ཞེས་ཤོད་ཀྱི་ཡོད། ཧིན་དུ་དང་། འཇིའུ། ཡེ་ཤུའི་ཆོས་ལུགས་། དེ་བཞིན་ནང་པའི་ཆོས་ལུགས་ཀྱི་ནང་དུའང་སྤྱོད་ངན་བྱེད་མཁན་ཁ་ཤས་ཡོད་པ་རེད། བོད་ཀྱི་ནང་ཆོས་ཀྱི་སྤྱི་ཚོགས་ཆུང་ངུའི་ནང་དུ་ཡང་ཡོད། དེ་ནི་གསལ་པོ་རེད། དེར་བརྟེན་དེ་རིང་ཁ་ཆེའི་གཙུག་ལག་སློབ་ཁང་ཞིག་ནས་ཕྱག་ཁྱེར་གནང་བ་དེ་ང་རང་ལ་ཆེ་བསྟོད་དང་བརྩི་བཀུར་ཆེན་པོ་གནང་བའི་ཚོར་བ་བྱུང་སོང་།  

དེ་ནས། ང་རང་མ་ཤི་བར་དུ་ཡོད་པའི་དམ་བཅའ་གཞན་གཉིས་ཡོད། ངས་གོང་དུ་བཤད་པ་བཞིན་ཆོས་ལུགས་ཕན་ཚུན་དབར་འཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ་དེ་གཅིག་རེད། དམ་བཅའ་གཞན་དེ་ནི་འགྲོ་བ་མིའི་རིམ་པའི་དབང་དུ་བྱས་ན། འགྲོ་བ་མིའི་ནང་སེམས་ཀྱི་རིན་ཐང་གོང་སྤེལ་གཏོང་རྒྱུ་དེ་རེད། འགྲོ་བ་མིའི་བཟང་སྤྱོད་ནི་ལུས་ཀྱི་གྲུབ་ཚུལ་གྱི་ཆ་ནས་གོང་འཕེལ་འགྲོ་གི་ཡོད། དེ་ཡང་གཙོ་བོ་དེ་འགྲོ་བ་མིའི་བྱམས་བརྩེ་དེ་ལྷན་སྐྱེས་སུ་ཡོད་པ་རེད། ང་ཚོ་ཨ་མའི་མངལ་ནས་སྐྱེས་མ་ཐག་ཨ་མས་རང་གི་ཕྲུ་གུར་བརྩེ་བ་ཚད་མེད་སྤྲོད་ཀྱི་ཡོད། ཕྲུ་གུའི་ཕྱོགས་ནས་ཀྱང་སྐྱེས་པ་དང་ལམ་སེང་རང་གི་མ་དེ་སུ་ཡིན་ངོ་མི་ཤེས་ཀྱང་། ལུས་ཀྱི་གྲུབ་ཚུལ་གྱི་ཆ་ནས་རང་བཞིན་གྱིས་ཕྲུ་གུས་ཨ་མར་ཡོངས་སུ་རྟེན་པ་བཞིན། མ་ཡིས་ཕྲུ་གུ་པང་དུ་ཉར་དུས། ཕྲུ་གུ་དེར་ཚོར་སྣང་ཧ་ཅང་སྐྱིད་པོ་ཡོང་གི་ཡོད་པ་དང་། ཨ་མ་དང་ཁ་བྲལ་ན་ཕྲུ་གུས་ཉེན་སྲུང་མེད་པ་ཚོར་གྱི་ཡོད། ཐ་ན་དུད་འགྲོ་རྣམས་ལའང་མྱོང་ཚོར་དེ་གཅིག་པ་ཡོད། དེ་འདྲ་ཡིན་དུས་ང་ཚོའི་མི་ཚེ་དེ་འདྲ་བྱས་ནས་འགོ་བཙུགས་ཡོད། ཐོག་མར་སྐྱེས་དུས་ནས་ལོ་ཤས་བར་བརྩེ་བ་མང་ཤོས་ཐོབ་མཁན་གྱི་མི་དེ་ཚོ་མི་ཚེ་ཧྲིལ་པོར་འཕྲོད་བསྟེན་ལེགས་པ་དང་སྙིང་རྗེ་ཆེ་བ་ཡོད། དེ་བཞིན་ཆུང་དུས་ནས་བརྩེ་བ་མེད་པའི་སྡུག་བསྔལ་མྱངས་བ་དང་། ཐ་ན་སྐབས་རེ་ཁོང་ཚོར་དམའ་འབེས་བཏང་ཡོད་ན། དེ་འདྲ་བའི་མྱོང་ཚོར་དེ་མི་ཚེ་ཧྲིལ་པོར་མཉམ་དུ་ལྷག་གི་ཡོད། ཕྱི་ཚུལ་གྱི་རྣམ་འགྱུར་གང་འདྲ་སྟོན་མིན་ལ་མ་ལྟོས་པར། ནང་དུ་འཇིག་སྣང་གི་ཚོར་བ་དང་ཡིད་ཆེས་མེད་པ་ཡོང་གི་ཡོད། འགྲོ་བ་མིའི་ནང་ཁུལ་ལ་ཡིད་ཆེས་མེད་པ་དེ་དོན་ངོ་མར་གཞི་རྩའི་འགྲོ་བ་མིའི་རང་གཤིས་ཀྱི་ཁ་གཏད་རེད། དེ་ཡང་ང་ཚོ་ནི་སྤྱི་ཚོགས་སེམས་ཅན་ཡིན་པའི་ཆ་ནས། ནུས་པ་ཇི་ཡོད་ཀྱི་འཆམ་མཐུན་མཉམ་ལས་དེ་མི་སྒེར་སོ་སོའི་དོན་དུ་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཀྱི་ཡོད། དེ་ནི་མི་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་མེད་དུ་མི་རུང་བ་ཞིག་རེད། མི་སྒེར་པ་ནི་སྤྱི་ཚོགས་ཀྱི་ཆ་ཤས་རེད། མི་སྒེར་པ་ཞིག་གི་མ་འོངས་པའི་གནས་སྟངས་དེ་ཡང་སྤྱི་ཚོགས་སམ་ཡང་ན་ཚོགས་སྡེ་ལ་ཡོངས་སུ་བརྟེན་ནས་ཡོད་པ་རེད།

དེ་ནས་སོ་སོ་རང་ཉིད་ཀྱི་མི་ཚེ་ལམ་ལྷོང་དང་ལྡན་པ་ཞིག་ཡོང་བའི་ཐོག་ལ་བསམས་ན། གལ་སྲིད་ཁྱེད་ཀྱིས་ཡིད་ཆེས་མེད་པ་དང་འཇིགས་སྣང་དེ་འདྲ་སྐྱེས་ནས་བར་ཐག་རིང་ཙམ་སྡོད་པ་ཡིན་ན། མི་དེ་ལ་བདེ་སྐྱིད་ག་འདྲ་བྱས་ནས་ཐོབ་ཀྱི་རེད་དམ། དེ་ནི་ཧ་ཅང་གི་ཁག་པོ་རེད། བྱས་ཙང་། བཅོས་མིན་གྱི་མཉམ་ལས་ཡོང་བར་གྲོགས་འདྲིས་ནི་མེད་དུ་མི་རུང་བ་རེད། གྲོགས་འདྲིས་ཀྱི་གཞི་རྟེན་ནི་ཡིད་ཆེས་རེད། ཡིད་ཆེས་ཀྱི་གཞི་རྟེན་ནི་བསམ་བློ་གུ་ཡངས་དགོས། ཕྱི་གསལ་ནང་གསལ་དགོས། དེ་ལྟར་བྱུང་ན་གཞི་ནས་ཡིད་ཆེས་སྐྱེད་ཐུབ། དེ་ལ་གཞི་བཞག་པའི་ཐོག་ཚོར་བ་འདྲེན་ནུས་ཀྱི་གཞན་ཕན་དོན་དུ་གཉེར་བའམ། ཡང་ན་གཞན་གྱི་བདེ་སྡུག་ལ་བསམ་ཤེས་ཐུབ་པ་དགོས། དེ་ལྟ་བུའི་བསམ་ཤེས་ཤིག་ཡོད་ན། གཞན་ལ་བཤུ་གཞོག་དང་། མགོ་སྐོར་བསླུ་བྲིད་བྱེད་པ། ཐུབ་ཚོད་གཏོང་བའི་གོ་སྐབས་མེད། གང་ཡིན་ཟེར་ན། ཁྱེད་ཀྱིས་གཞན་ལ་བཅོས་མིན་གྱི་གཅེས་སྐྱོང་དང་ཁོང་ཚོའི་བདེ་སྡུག་ལ་བསམ་བློ་གཏོང་གི་རེད། དེ་ལྟར་ཡོང་བར་ཆོས་ལ་ངེས་པར་དུ་བརྟེན་དགོས་ཀྱི་མེད། དེ་ནི་ང་རང་ཚོའི་ལུས་ཀྱི་གྲུབ་ཆ་དང་སྐྱེ་དངོས་རིག་པའི་ཆ་རྐྱེན་བརྒྱུད་ནས་ལྷན་སྐྱེས་ཀྱིས་ཡོང་གི་ཡོད།  

དེ་འདྲ་ཡིན་ཙང་། ངའི་དམ་བཅའ་གཙོ་བོ་ནང་གི་གཅིག་ནི། གཞན་ལ་ང་ཚོ་ནི་ “སྤྱི་ཚོགས་སེམས་ཅན་” ཡིན་པའི་དྲན་སྐུལ་དང་། ལྷག་པར་དུ་དེང་དུས་ཀྱི་འཛམ་གླིང་ནང་། གོ་ལའི་དཔལ་འབྱོར་དང་། དེ་བཞིན་ཁོར་ཡུག་གི་གནད་དོན། གོ་ལ་ཧྲིལ་པོའི་མི་འབོར་ཐེར་འབུམ་བདུན་གྱི་མི་ངོ་རེའི་ཁེ་ཕན་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད། དངོས་ཡོད་གནས་ཚུལ་ལྟར་ན། “ང་ཚོ་” དང་ “ཁོང་ཚོ་” ཟེར་བའི་བསམ་ཚུལ་དེ་འབྲེལ་བ་མེད་པ་རེད། ད་ང་ཚོས་ངེས་པར་དུ་འཛམ་གླིང་འདིའི་སྟེང་དུ་གནས་པའི་འགྲོ་བ་མིའི་རིགས་ཚང་མ་ཁྱིམ་ཚང་གཅིག་ཡིན་པ་ངོས་འཛིན་བྱེད་དགོས་ཀྱི་ཡོད། བྱས་ཙང་། ངས་རྟག་ཏུ་གཞན་ལ་འཛམ་གླིང་ཁྱོན་ཡོངས་རང་ཉིད་ཀྱི་ཆ་ཤས་ཡིན་པ་དང་། ང་ཚོའི་ཆ་ཤས་ཡིན་པ་ངོས་འཛིན་ཐུབ་པ་བྱེད་དགོས་ཞེས་ཤོད་ཀྱི་ཡོད། “ང་ཚོ་” དང་ “ཁོང་ཚོ་” ཞེས་ཚུགས་ཐུབ་རྡོག་རྡོག་ཅིག་ཡོད་པར་དབྱེ་མཚམས་བཟོ་བའི་སྐབས། འཚེ་བ་ཡོང་གི་ཡོད། གལ་སྲིད་ང་ཚོས་འགྲོ་བ་མིའི་རིགས་ཡོངས་སུ་རྫོགས་པ་ “རང་ཉིད་” ཀྱི་ཆ་ཤས་ཡིན་པ་ངོས་འཛིན་བྱེད་ཐུབ་པ་ཡིན་ན། འཚེ་བ་བེད་སྤྱོད་བྱ་རྒྱུའི་གོ་སྐབས་མེད་པ་རེད། 

ངས་རང་གི་གྲོགས་པོ་གཞན་མང་པོ་མཉམ་དུ་གཙོ་བོ་འབད་བརྩོན་བྱེད་བཞིན་པ་ནི། འདས་པའི་དུས་རབས་ ༢༠ དེ་ནི་འཚེ་བ་དང་དྲག་སྤྱོད་ཀྱི་དུས་རབས་ཞིག་ཆགས་ཡོད། དུས་རབས་དེའི་ནང་མི་ས་ཡ་ ༢༠༠ ལྷག་ཙམ་དྲག་སྤྱོད་འོག་ཚེ་སྲོག་ཤོར་ཡོད། ང་རང་ཉེ་ཆར་ཉི་ཧོང་ནས་ཧི་རོ་ཤི་མར་འཚོགས་པའི་ནོ་བེལ་གཟེངས་རྟགས་བཞེས་མཁན་གྱི་ལྷན་འཛོམས་ནས་ཕྱིར་ལོག་བྱས་པ་ཡིན། གནས་དེར་རྡུལ་ཕྲན་འབར་མདེལ་ཐེངས་དང་པོ་འགྲོ་བ་མིའི་ཐོག་བེད་སྤྱོད་བྱས་ཡོད། དེ་ནི་ཧ་ཅང་ཞེད་སྣང་ཚ་པོ་ཞིག་རེད། དུས་རབས་དེའི་ནང་འགྲོ་བ་མི་ལ་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་ཡོད། དུས་རབས་དེའི་ནང་ཡར་རྒྱས་མང་པོ་བྱུང་ཡོད་ཀྱང་། ཕྱོགས་གཅིག་ནས་བཤད་ན། དུས་རབས་དེ་ནི་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད། གལ་སྲིད་དེ་ལྟ་བུའི་མི་གསོད་ཁྲག་སྦྱོར་ཚབས་ཆེན་དང་འཚེ་བ་ཤུགས་ཆེན་བྱས་ནས་འགྲོ་བ་མིའི་དཀའ་ངལ་སེལ་ནས་ཁེ་ཕན་བྱུང་ཡོད་ན་འགྲིག་གི་འདུག །དེར་རྒྱུ་མཚན་ཕྲན་བུ་ཡོད་སྲིད། འོན་ཀྱང་དེ་ལྟར་མེད། བྱས་ཙང་། ང་ཚོའི་འདས་པའི་ཉམས་མྱོང་གཞི་ལ་བཞག་ནས་དུས་རབས་ ༢༡ འདི་ཕན་ཚུན་གྲོས་མོལ་གྱི་དུས་རབས་ཤིག་སྐྲུན་པ་ལ་ངེས་པར་དུ་འབད་བརྩོན་གང་ཐུབ་བྱེད་དགོས། དེ་ལྟར་ཡོང་བར་འགྲོ་བ་མིའི་རིགས་ཚང་མ་གཅིག་ཡིན་པའི་ཚོར་སྣང་སྐྲུན་ཐུབ་པ་བྱེད་དགོས། རྒྱལ་ཁབ་ཀྱི་མི་སེར་མི་འདྲ་བ་དང་། རིག་གཞུང་མི་འདྲ་བ། མི་རིགས་མི་འདྲ་བ། ཆོས་དད་མི་འདྲ་བ་ཡོད་པ་དེ་ཚོ་གཙོ་གནད་ཆུང་བ་རེད་བསམ་གྱི་འདུག །གལ་ཆེ་ཆོས་ནི་གཞི་རྩའི་ཐོག་ནས་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་རེད། དེ་ཤེས་དགོས་ཀྱི་འདུག   

དེ་འདྲ་སོང་ཙང་། སྐབས་རེ་ངའི་བསམ་པར། དེང་སང་གི་ང་ཚོར་འཕྲད་བཞིན་པའི་དཀའ་རྙོག་མང་པོ་ཞིག་ནི་གཙོ་བོ་ང་རང་ཚོས་བཟོས་པ་རེད། ང་རང་ཚོ་སོ་སོས་བཟོས་པའི་དཀའ་ངལ་དེ་དག་ཡོང་དགོས་དོན་ནི་ང་ཚོས་གཙོ་གནད་ཆུང་བ་ལ་ཚད་ལས་བརྒལ་བའི་ཤུགས་སྣོན་རྒྱག་པ་དང་། གཞི་རྩའི་གནད་དོན་དེ་བརྗེད་པ་ལ་བརྟེན་ནས་བྱུང་བ་རེད། ད་ཆ་བདེ་སྐྱིད་དང་ལྡན་པའི་འཛམ་གླིང་ཞིག་དང་། ཞི་བདེ་དང་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པའི་དུས་ལ་སླེབས་ཡོད། ང་ཚོས་ངེས་པར་འགྲོ་བ་མིའི་གཞི་རྩ་ལ་ཤུགས་སྣོན་རྒྱག་ནས་ནན་བཤད་བྱེད་དགོས། ང་ཚོ་ཚང་མར་བདེ་སྐྱིད་ལྡན་པའི་མི་ཞིག་ཆགས་པའི་ཐོབ་ཐང་ཡོད། ང་ཚོ་མི་ངོ་རེའི་ཁེ་ཕན་དེ་མི་གཞན་ལྷག་མ་རྣམས་ལ་རག་ལུས་ཡོད། བྱས་ཙང་། ང་ཚོས་གཞན་གྱི་ཁེ་ཕན་ལ་གཅེས་སྤྲས་བྱེད་དགོས་ཀྱི་ཡོད། དེ་ནི་རང་ཉིད་ལ་ཁེ་ཕན་མང་ཤོས་ཐོབ་པའི་ཚུལ་མཐུན་གྱི་ཐབས་ལམ་རེད།   

དེ་འདྲ་སོང་ཙང་། དེ་ནི་ངའི་དམ་བཅའ་གཉིས་པ་དེ་རེད། དང་པོ་དེ་ནི། ཆོས་ལུགས་དབར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དང་། གཉིས་པ་ནི། གཞི་རྩའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་བཅས་ང་རང་མ་ཤི་བར་དུ་དེ་ལྟར་ཁས་ལེན་དམ་བཅའ་བྱས་པ་ཡིན།   

ཁྱེད་རང་ཚོ་སློབ་ཕྲུག་གཞོན་སྐྱེས་ཚོར། ངས་ཐོག་མར་ཁྱེད་ཚོས་འབད་བརྩོན་ཤུགས་ཆེན་བྱས་པ་ལ་བརྟེན་ནས་ཕྱག་ཁྱེར་ཐོབ་པར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ཕལ་ཆེར་འདས་པའི་ཉིན་ཤས་རིང་དགའ་ཐག་ཆོད་ནས་ཁྱེད་རང་ཚོ་འགའ་ཤས་གཉིད་ཀྱང་ཡག་པོ་ཁུག་མེད་སྲིད། དོ་དགོང་ཁྱེད་རང་ཚོ་ཕལ་ཆེར་གཉིད་སྐྱིད་པ་ཁུག་ཐུབ་ཀྱི་རེད་བསམ་གྱི་འདུག །གང་ལྟར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ད་དུང་ངས་ཁྱེད་ཚོར་ཤོད་རྒྱུ་ཞིག་ལ། མི་ཚེ་ནི་ལས་སླ་པོ་མེད་ལ་ཁག་ཐེག་བྱེད་ཐུབ་ཡག་གང་ཡང་མེད། དཀའ་ངལ་འདྲ་མིན་འཕྲད་ཀྱི་རེད། ཡིན་ནའང་ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆ་ཤས་རེད། དེ་ཡིན་དུས་དཀའ་ངལ་ག་འདྲ་ཞིག་བྱུང་ཡང་ང་ཚོར་དཀའ་ངལ་དེ་དག་ལས་ཐར་ཐུབ་པའི་ནུས་པའང་ཡོད་པ་རེད། གདེང་ཚོད་ལྡན་པ་དང་རེ་བ་བཟང་ས་ནས་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ན་གཞོན་ཚོས་ད་དུང་ངང་རྒྱུད་རིང་ཙམ་དང་བཟོད་སྒོམ་ཆེ་ཙམ་དགོས། གཞོན་སྐྱེས་ཚོས་སྐབས་རེ་རང་གི་གང་འདོད་པ་དེ་ལམ་སེང་རག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། འགོག་རྐྱེན་དང་བར་ཆད་འགའ་ཤས་བྱུང་སྐབས་སེམས་ཤུགས་ཆག་ནས་ཀུན་སྤྱོད་ཉམས་ཀྱི་ཡོད། བོད་ཀྱི་གཏམ་དཔེ་ཞིག་ཡོད། “ལམ་ལྷོང་ཐེངས་དགུ་མ་བྱུང་ན། འབད་བརྩོན་ཐེངས་དགུ་བྱེད་དགོས་” ཟེར། བྱས་ཙང་། དེ་གལ་ཆེན་པོ་རེད། སེམས་ལ་ངེས་པ་གནང་རོགས།   

དེ་ནས་དོན་དག་གཞན་ཞིག་ནི། ཁྱེད་རང་ཚོ་དུས་རབས་ ༢༡ ལ་དངོས་གནས་དག་པའི་མི་རབས་དེ་རེད། ང་རང་དུས་རབས་ ༢༠ པའི་མི་རེད། འདིར་བཞུགས་པའི་གཙུག་ལག་སློབ་ཁང་གི་དགེ་རྒན་དང་བློན་ཆེན་འགའ་ཤས་དུས་རབས་ ༢༠ པའི་མི་རེད། དུས་རབས་ ༢༡ སླེབས་ནས་ད་ལྟ་ལོ་ ༡༠ ལས་སོང་མེད། ལོ་ངོ་ ༩༠ ཡོང་འགྱུར་བསྡད་ཡོད། དུས་རབས་ ༢༡ འདིར་འགྱུར་བ་གཏོང་མཁན་དང་བཟོ་ལྟ་དངོས་གནས་བཟོ་མཁན་གྱི་མི་དེ་ཚོ་ཁྱེད་རང་ཚོ་རེད། ཁྱེད་རང་ཚོས་དེའི་དོན་དུ་གྲ་སྒྲིག་བྱེད་དགོས། ང་ཚོའི་འཛམ་གླིང་འདི་སྔར་ལས་བཟང་བ་ཞིག་དང་། ཞི་བདེ་དང་ལྡན་པ། བདེ་སྐྱིད་དང་ལྡན་པ་ཞིག་བསྐྲུན་པ་ལ། ཁྱེད་རང་ཚོར་ངེས་པར་དུ་མ་འོངས་ཀྱི་དམིགས་འདུན་དགོས། ཁྱེད་རང་ཚོར་ཤེས་ཡོན་དགོས་པ་ཙམ་མ་ཡིན་པར། བཟང་སྤྱོད་ཀྱི་རྣམ་གཞག་དགོས། ང་ཚོས་དུས་རབས་ ༢༠ ནང་བཟོས་པའི་དཀའ་རྙོག་མང་པོ་ཞིག་དང་། དུས་རབས་འདིའི་མགོ་སྟོད་ལ་དཀའ་ངལ་བཟོས་པ་མང་པོ་ཤེས་ཡོན་གྱི་གནས་ཚད་མི་འདང་བའི་རྐྱེན་གྱིས་མ་རེད། དེ་ནི་བཟང་སྤྱོད་ཀྱི་རྣམ་གཞག་མེད་པ་ལ་བརྟེན་ནས་བྱུང་ཡོད། དེར་བརྟེན་བདེ་སྐྱིད་དང་། ཞི་བདེ་དང་ལྡན་པའི་འཇིག་རྟེན་ཞིག་སྐྲུན་པ་ལ་ཤེས་ཡོན་དང་བཟང་སྤྱོད་གཉིས་ངེས་པར་དུ་ཟུང་དུ་འབྲེལ་དགོས།   

བཟང་སྤྱོད་ཀྱི་རྣམ་གཞག་ལ་རིམ་པ་མང་པོ་ཡོད། གཅིག་ནི་ཆོས་ལ་དད་པ་ཡོད་པའི་ཐོག་ནས་ཡོང་གི་ཡོད། དེ་མིན་གཞི་རྩའི་ཐོག་ནས་བཤད་ན། ཆོས་ལ་མ་བརྟེན་པའམ་ཆོས་དང་མ་འབྲེལ་བའི་འགྲོ་བ་མིའི་ཐུན་མོང་གི་ཉམས་མྱོང་དང་། སྤྱིར་བཏང་གི་བསམ་ཤེས། དེ་དང་མཉམ་དུ་དེང་དུས་ཚན་རིག་གིས་ཤེས་རྟོགས་བཅས་བེད་སྤྱོད་བྱས་ནས་ཁྱེད་ཀྱིས་སེམས་པ་བཟང་པོ་དང་བསམ་བློ་གུ་ཡངས་པོ་བྱས་ན། སྒེར་རང་ཉིད་ལ་ཕན་ཐོགས་ཤུགས་ཆེན་ཡོད་པ་ཡིད་ཆེས་རྙེད་ཐུབ་པ་མ་ཟད། རང་ཉིད་ཀྱི་གཟུགས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཆེན་པོ་ཡོད། མི་ཚང་མས་སོ་སོའི་འཕྲོད་བསྟེན་ལ་བདག་གཅེས་བྱེད་ཀྱི་ཡོད། འཕྲོད་བསྟེན་ཡག་པོ་ཡོང་བའི་ཆ་རྐྱེན་གཙོ་བོ་ཞིག་ནི་སོ་སོའི་སེམས་ཀྱི་ཞི་བདེ་དེ་རེད། བྱས་ཙང་། སྙིང་རྗེ་གོང་འཕེལ་དང་སེམས་པ་བཟང་པོ་ཡོང་བར་འབད་བརྩོན་ག་ཚོད་ཆེ་བ་བྱས་པ་དེ་དངོས་གནས་གཟུགས་པོའི་འཕྲོད་བསྟེན་ཡག་པོ་ཡོང་བའི་རྒྱུ་གཙོ་བོ་ཞིག་ཡིན་པ་དང་། བདེ་སྐྱིད་དང་ལྡན་པའི་ཁྱིམ་ཚང་བསྐྲུན་ཡག་ལ་ཧ་ཅང་གལ་ཆེན་པོ་ཡིན།   

དེ་འདྲ་ཡིན་པ་སོང་ཙང་། ཤེས་ཡོན་དང་འབྲེལ་བའི་ཐོག་ནས་ཁྱེད་རང་ཚོར་ཕྱག་ཁྱེར་ཚད་མཐོ་པོ་ཐོབ་ཚར་བ་རེད། ད་བཟང་སྤྱོད་དང་ང་ཚོའི་ནང་སེམས་ཀྱི་རིན་ཐང་ཐོག་ལ་དོ་སྣང་ཆེ་ཙམ་བྱེད་རོགས། དེ་ནི་འགྲོ་བ་མིའི་རིན་ཐང་ངོ་མ་དེ་རེད། ཉེ་བའི་རིགས་བདག་ནས་འགྲོ་བ་མིའི་བདེ་སྡུག་དང་འབྲེལ་བའི་བཟང་སྤྱོད་ཀྱི་ཐབས་ལམ་སྐོར་གསུངས་ཚར་སོང་། དེ་ཚོ་ཚང་མ་ཧ་ཅང་གི་གལ་ཆེན་པོ་ཡིན་པས། ངས་ཁྱེད་ཚོར་བཤད་པ་ཡིན། དེ་རང་ཡིན། ཐུགས་རྗེ་ཆེ།།   

Top