མི་དགེ་བའི་སེམས་ཚོར་ལ་གདོང་ལེན་བྱེད་ཚུལ།

00:45

ཡག་པོ་དང་སྡུག་ཅག །ཡང་ན་དགེ་བ་དང་མི་དགེ་བའི་གོ་དོན།

མི་དགེ་བའི་སེམས་ཚོར་ལ་ང་ཚོས་གདོང་ལེན་ཇི་ལྟར་བྱེད་དམ། འདི་ནི་གལ་ཆེ་བའི་བརྗོད་གཞི་ཞིག་ཡིན་ཞིང་། འདི་ལ་བརྟེན་ནས་དགེ་བ་གང་ཡིན་པ་དང་མི་དགེ་བ་གང་ཡིན་ཞེས་པའི་དྲི་བ་ཡོང་གི་ཡོད། མི་དགེ་བའམ་དགེ་བ་ཞེས་ལྟོས་མེད་རང་རྐྱ་བ་ཞིག་ཡོད་དམ། ངས་དངོས་གནས་ཤེས་ཀྱི་མེད། ཆོས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བརྟེན་ཅིང་ཚང་མར་རྣམ་པ་འདྲ་མིན་ཡོད། ཆོས་གཅིག་ལ་ལྟ་ཕྱོགས་འདྲ་མིན་ཡོད་དེ། ལྟ་ཞིབ་བྱེད་མཁན་གང་ཟག་གཅིག་གིས་དངོས་པོ་ཞིག་ལ་ཕྱོགས་འདི་ནས་བལྟས་དུས་རྣམ་པ་གཅིག་མཐོང་བ་དང་། ཡང་དངོས་པོ་དེ་ག་རང་ལ་ཕྱོགས་གཞན་ཞིག་ནས་བལྟས་དུས་རྣམ་པ་གཞན་ཞིག་མཐོང་གི་ཡོད།

འོ་ན། མི་རེ་རེར་འཛམ་གླིང་ཐད་ལྟ་ཚུལ་མི་འདྲ་བ་རེ་ཡོད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། གང་ཡིན་ཟེར་ན། ང་ཚོས་ཚང་མར་ལྟ་སྟངས་མི་འདྲ་བ་རེ་ཡོད་སྟབས་ཡིན། ཐ་ན་དངོས་པོ་གཅིག་མི་གཅིག་ལ་མི་འདྲ་བར་སྣང་བའང་ཡོད། དེར་བརྟེན་ཡག་པོ་དང་སྡུག་ཅག་གི་ཁྱད་པར་དང་གོ་དོན་གང་ཡིན་ནམ། ངས་ཤེས་ཀྱི་མེད། ཐ་ན་འབུ་གྲོག་མ་ཞིག་གིས་ཀྱང་དེ་ལ་བརྟག་དཔྱད་བྱེད་ཀྱི་མེད། འོན་ཀྱང་འབུ་གྲོག་མས་རང་གི་མི་ཚེ་ལ་ཕན་འདོགས་ཀྱི་ཡོད་ན། དེ་ཡག་པོ་ཡིན་པ་ཤེས་ནས་ཡག་པོ་ལ་ངོས་འཛིན་གྱི་ཡོད་པ་དང་། སོ་སོའི་མི་ཚེར་ཉེན་ཁ་ཡོད་པ་ཡིན་ན་དེ་སྡུག་ཅག་ཏུ་མཐོང་ནས་དེ་ལས་གཡོལ་ཐབས་བྱེད་ཀྱི་ཡོད། 

དེར་བརྟེན་གཅིག་བྱས་ན། ང་ཚོས་ཡག་སྡུག་གི་གནད་དོན་དེ་འཚོ་གནས་ཀྱི་ཐོག་ལ་རག་ལས་པར་བརྗོད་ཆོག །ང་ཚོར་བདེ་པོ་དང་སྐྱིད་པོ་དགོས་ཀྱི་ཡོད། བྱས་ཙང་། འཚོ་གནས་ལ་ཕན་ཐོགས་ཡོད་པ་ཞིག་ལ་ང་ཚོས་ཡག་པོ་བརྩི་གི་ཡོད། དེ་ནི་དགེ་བ་རེད། སོ་སོར་གནོད་པ་དང་སོ་སོའི་འཚོ་གནས་ལ་ཉེན་ཁ་ཡོད་པ་ཚོར་ན་དེ་སྡུག་ཅག་བརྩི་གི་ཡོད། དེ་ནི་མི་དགེ་བ་རེད།

མི་དགེ་བའི་སེམས་ཚོར་གྱི་གོ་དོན།

དགེ་བ་དང་མི་དགེ་བའི་འགྲེལ་ཚུལ་དེ་ལ་གཞིགས་ན། མི་དགེ་བའི་སེམས་ཚོར་ལ་གདོང་ལེན་བྱེད་ཚུལ་ཐད་དང་པོ་ང་ཚོས་དེ་དག་འགྲེལ་བརྗོད་ཇི་ལྟར་བྱེད་པ་ལ་བསམ་བློ་གཏོང་དགོས། ཐོག་མར་ཤེས་དགོས་པ་ཞིག་ལ། དེ་དག་ནི་ང་ཚོའི་ནང་སེམས་ཀྱི་ཞི་བདེ་དཀྲུག་མཁན་ཡིན་པས། ང་ཚོས་དེ་དག་ལ་མི་དགེ་བ་ཞེས་བརྗོད་ཀྱི་ཡོད། ནང་སེམས་ལ་སྟོབས་ཤུགས་དང་ཞི་བདེ་སྐྲུན་མཁན་གྱི་སེམས་ཚོར་དེ་དག་ནི་དགེ་བ་རེད། 

ངོས་རང་ཚན་རིག་པ་རྣམས་དང་མཉམ་དུ་གོ་སྡུར་བྱུང་བ་དང་། ལྷག་པར་དུ་ངའི་ཉེ་བའི་གྲོགས་པོ་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཝེ་རེ་ལ་མཉམ་དུ་བགྲོ་གླེང་བྱུང་བ་ལ་བརྟེན་ནས། ང་ཚོས་སྙིང་རྗེ་ཤུགས་དྲག་པོ་ནི་མཐར་གཏུགས་ན་ཕན་ཐོགས་ཆེ་བའི་སེམས་ཚོར་ཞིག་ཡིན་པར་མཇུག་སྡོམ་རྒྱག་པ་ཡིན། དེ་ནས་ཐ་ན་སངས་རྒྱས་ཀྱི་ཐུགས་ཀྱང་སྙིང་རྗེའི་ཐོག་ནས་བསམ་བློ་བཏང་ན་སེམས་ཚོར་ཞིག་ཡིན་པར་ང་ཚོ་མོས་མཐུན་བྱུང་ཡོད། དེར་བརྟེན་སེམས་ཚོར་ཟེར་དུས་སྡུག་ཅག་གམ་མི་དགེ་བ་ཞིག་ཡིན་དགོས་པའི་ངེས་པ་མེད། སངས་རྒྱས་ཀྱི་མུ་མཐའ་མེད་པའི་སྙིང་རྗེའང་ང་ཚོས་སེམས་ཚོར་ཞིག་ཡིན་པར་ངོས་འཛིན་བྱེད་དགོས། དེ་འདྲ་ཡིན་པ་སོང་ཙང་། སངས་རྒྱས་ནི་མཐའ་ཡས་པའི་སེམས་ཚོར་དང་ལྡན་པ་ཞིག་རེད། གལ་ཏེ་ང་ཚོས་སྙིང་རྗེ་དེ་སེམས་ཚོར་ཞིག་ཏུ་བསམས་ན། དེ་ནི་དངོས་གནས་དགེ་མཚན་ཅན་ཞིག་ཡིན། ཕྱོགས་གཞན་ཞིག་ནས་འཇིགས་སྣང་དང་ཞེ་སྡང་གིས་ང་ཚོས་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་གཏོར་བཤིག་གཏོང་གི་ཡོད་པས། ང་ཚོས་དེ་དག་མི་དགེ་བར་བརྩི་དགོས་པ་ཡིན།

རྒྱུ་མཚན་གཞི་ལ་བཞག་སྟེ་མི་དགེ་བའི་སེམས་ཚོར་ལ་གདོང་ལེན་བྱེད་པ།

ད་ང་ཚོས་མི་དགེ་བའི་སེམས་ཚོར། དཔེར་ན། འཇིགས་སྣང་དང་ཞེ་སྡང་ལྟ་བུར་གདོང་ལེན་ཇི་ལྟར་བྱེད་དམ་ཞེ་ན། གནོད་ཚབས་ཆེ་བའི་སེམས་ཚོར་དེ་དག་ལ་གཞི་རྟེན་ཡང་དག་པ་ཞིག་མེད་ཚུལ་ལ་ང་ཚོས་བསམ་བློ་གཏོང་དགོས་པ་ཡིན། དེ་དག་ནི་དངོས་པོའི་གནས་ལུགས་དང་མི་མཐུན་པའི་བསམ་ཕྱོགས་ཤིག་གི་ཐོག་ནས་འབྱུང་གི་ཡོད། དེ་དང་ཕྱོགས་མཚུངས་དགེ་བའི་སེམས་ཚོར་རྣམས་ནི་གཞི་རྟེན་ཡང་དག་པ་ཞིག་ལ་བརྟེན་ནས་ཡོང་གི་ཡོད། དཔེར་ན། སེམས་ཚོར་འགའ་ཞིག་རྒྱུ་མཚན་དང་གཏན་ཚིགས་ཐོག་ནས་རྒྱ་སྐྱེད་གཏོང་ཐུབ། རྒྱུ་མཚན་ནི་གཞི་རྟེན་ཡག་པོ་ཞིག་ཡོད་པའི་དབང་གིས་ཡིན། མི་དགེ་བའི་སེམས་ཚོར་ནི་ལྷན་སྐྱེས་ངང་འབྱུང་གི་ཡོད། འོན་ཀྱང་ང་ཚོས་དེ་དག་ལ་བརྟག་དཔྱད་དང་རྒྱུ་མཚན་བཀོད་པའི་སྐབས་དེ་དག་ཤུགས་ཆུང་དུ་འགྲོ་གི་ཡོད། རྒྱུ་མཚན་ནི་གཞི་རྟེན་ཡག་པོ་ཞིག་མེད་པས་རེད། དེར་བརྟེན་དགེ་བའི་སེམས་ཚོར་ནི་དངོས་པོའི་གནས་ལུགས་དང་འབྲེལ་བ་ཡོད་པ་དང་། མི་དགེ་བའི་སེམས་ཚོར་ནི་དངོས་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་དང་འབྲེལ་བའམ་མ་རིག་པ་དང་འབྲེལ་ནས་ཡོད།

དཔེར་ན། ང་ཚོས་སོ་སོའི་དགྲ་ལ་ཁོང་ཁྲོ་ཟ་བའི་སྐབས། དུས་ཚོད་དེའི་སྐབས་ལ་ཁོང་ཁྲོས་ཁོང་ཚོའི་བྱ་སྤྱོད་རྣམས་རང་ལ་གནོད་ཚབས་ཆེ་བར་མཐོང་འཇུག་གི་ཡོད། བྱས་ཙང་། ང་ཚོས་མི་དེ་སྡུག་ཅག་རེད་བསམ་གྱི་ཡོད། འོན་ཀྱང་ང་ཚོས་བརྟག་དཔྱད་བྱེད་སྐབས། མི་དེ་ཐོག་མར་སྐྱེས་པ་ནས་སོ་སོའི་དགྲ་མ་ཡིན་པ་ང་ཚོས་ཤེས་རྟོགས་ཐུབ། གལ་ཏེ་ཁོང་ཚོས་རང་ལ་གནོད་ནའང་། རྒྱུ་མཚན་གཞན་ཞིག་ལ་བརྟེན་ནས་ཡིན་རྒྱུ་རེད་མ་གཏོགས་མི་དེ་རང་ངོས་ནས་བྱུང་བ་མིན། གལ་ཏེ་མི་དེ་དོན་ངོ་མར་སོ་སོའི་ “དགྲ་བོ་” ཞེས་སྡེ་ཚན་ནང་ཡོད་པ་ཡིན་ན། སྐྱེས་ཙམ་ནས་རང་གི་དགྲ་ཡིན་དགོས་རྒྱུ་རེད་ལ་རྗེས་སུ་གྲོགས་པོ་ནམ་ཡང་ཆགས་མི་ཐུབ། ཡིན་ནའང་གནས་སྟངས་གཞན་ཞིག་གི་སྐབས་དགྲ་དེ་ང་ཚོའི་གྲོགས་པོ་ཡག་ཤོས་སུ་འགྱུར་སྲིད་པ་རེད། སོང་ཙང་། མི་དེ་ལ་ཁོང་ཁྲོ་དང་སྡང་འཛིན་བྱེད་པ་ནི་རྦད་དེ་ནོར་བ་རེད།

མི་དེའི་བྱ་སྤྱོད་སྤེལ་སྟངས་ཀྱི་ཆ་ནས་ནོར་འཁྲུལ་ཡིན་པ་ལས་མི་དེ་ཉིད་རང་བཞིན་གྱིས་ངན་པ་དང་ནོར་འཁྲུལ་ཅན་ཞིག་ནི་མ་ཡིན། འོན་ཀྱང་མི་ཞིག་གི་བྱ་སྤྱོད་ངན་པ་ལ་གཞི་རྟེན་བྱས་པ་ཙམ་གྱི་ཁོང་ཁྲོ་དེས་མི་དེར་དམིགས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་སྙིང་རྗེས་ཕ་རོལ་པའི་བྱ་སྤྱོད་ལ་མ་ལྟོས་པར་དམིགས་ཀྱི་ཡོད། དེར་བརྟེན་ང་ཚོས་སོ་སོའི་དགྲ་དེ་ཡང་མི་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་དེ་ལའང་སྙིང་རྗེའི་ཚོར་བ་སྐྱེད་ཆོག་པ་ཡིན། 

དེ་འདྲ་ཡིན་དུས། ང་ཚོས་མི་དང་མི་དེའི་བྱ་སྤྱོད་གཉིས་སོ་སོར་འབྱེད་དགོས། གང་ཟག་དེ་མི་ཞིག་ཡིན་པའི་ཆ་ནས་ང་ཚོས་སྙིང་རྗེ་སྐྱེ་ཆོག་པ་དང་མི་དེའི་བྱ་སྤྱོད་ལ་ང་ཚོས་དེའི་ཁ་གཏད་དུ་གཉེན་པོ་བསྟེན་ཆོག་པ་ཡིན། དེར་བརྟེན་མི་དགེ་བའི་སེམས་ཚོར་ནི་རྒྱུན་དུ་བསམ་བློ་ཧ་ཅང་གུ་དོག་པོ་དང་མཉམ་དུ་ཡོད། དེས་མི་ཞིག་གི་ནོར་འཁྲུལ་དང་བྱ་སྤྱོད་ངན་པ་ཁོ་ནར་དམིགས་ཀྱི་ཡོད། 

འོན་ཀྱང་སྙིང་རྗེ་ལ་བསམས་ན། ང་ཚོས་ཁྱད་པར་འབྱེད་དགོས་པ་ཡིན། ལུས་པོའི་གྲུབ་ཆར་བརྟེན་པའི་སྙིང་རྗེ་ཞིག་ཡོད་པ་ནི། ཕྱོགས་ལྷུང་གི་སྙིང་རྗེ་ཞིག་ཡིན་ཞིང་། རང་གིས་མ་ལྟ་བུའི་མི་ཞིག་གིས་རང་ལ་ཕན་བཏགས་པའི་རྒྱུ་མཚན་དུ་བྱས་ནས་ཡོང་གི་ཡོད། ཡང་ན་ང་ཚོས་རྒྱུ་མཚན་ལ་བརྟེན་པའི་སྙིང་རྗེ་ཤོད་ཀྱི་ཡོད་དམ། དེ་ནི་ཕྱོགས་སུ་མ་ལྷུང་བ་ཞིག་ཡིན། རྒྱུ་མཚན་ཐོག་ལ་གཞི་བཞག་པ་དེ་རྦད་དེ་ཡག་པ་དང་། ཉེ་རིང་མེད་པ། རྒྱུ་མཚན་བརྟེན་པ་བཅས་ཡིན། དེས་བྱ་སྤྱོད་ལ་མ་དམིགས་པར་གང་ཟག་དེ་ལ་དམིགས་ཀྱི་ཡོད། བྱ་སྤྱོད་ཙམ་གྱི་ཐོག་གཞི་བྱས་པའི་མི་དགེ་བའི་སེམས་ཚོར་ལ་རྒྱུ་མཚན་མེད་པ་མ་ཟད། དེས་བདེ་སྐྱིད་ནམ་ཡང་སྐྲུན་གྱི་མེད།

ཁོང་ཁྲོ་ལྟ་བུ་མི་དགེ་བའི་སེམས་ཚོར་གྱི་སྐྱོན་ལ་བརྟག་པ།

མི་དགེ་བའི་སེམས་ཚོར་ལ་གདོང་ལེན་ཆེད། གལ་ཆེ་ཤོས་ནི་བརྟག་དཔྱད་བྱ་རྒྱུ་དེ་ཡིན། དཔེར་ན། ཁོང་ཁྲོ་ལས་རང་ཉིད་ལ་ཕན་ཐོགས་ག་ཚོད་ཙམ་ཞིག་ཡོང་གི་འདུག་གམ། ཁོང་ཁྲོས་ནུས་པ་ཤུགས་དྲག་མང་པོ་དེ་འདྲ་བསྐྲུན་པ་ནི་བདེན་པ་རེད། དེ་ཡང་ཉིན་རེའི་ངོ་གདོང་དང་ངག་གི་རྣམ་འགྱུར་ཐོག་ནས་ང་ཚོའི་མཐོང་ཆོས་སུ་གྱུར་ཡོད། ང་ཚོ་ཁོང་ཁྲོ་ཟ་བའི་སྐབས། ཁོང་ཁྲོ་ཟ་ཡུལ་དང་ཁོང་ཁྲོ་ཟ་མཁན་གཉིས་ཀ་ཧ་ཅང་རྩུབ་པོ་ཆགས་ཀྱི་ཡོད་ཅིང་། ཕ་རོལ་པོར་གནོད་པ་སྐྱེལ་ཆེད་ངག་ནས་ཚིག་གང་རྩུབ་རྩུབ་བེད་སྤྱོད་བྱེད་ཀྱི་ཡོད། དེ་ནས་ཁོང་ཁྲོ་ཡལ་བ་དང་། རྣམ་འགྱུར་དྲག་པོ་ཡོད་པའི་ནུས་པ་ཤུགས་ཆུང་དུ་སོང་སྟེ་རིག་པ་གྲུང་པོ་ཆགས་ཀྱི་ཡོད། དེས་ན་ཁོང་ཁྲོ་སློང་བྱེད་ཀྱི་ནུས་པ་དེ་ནི་རྨོངས་པའི་དབང་གིས་བྱུང་བ་ཞིག་ཡིན། གང་ཡིན་ཟེར་ན། ཁོང་ཁྲོ་ཟ་བའི་སྐབས་ང་ཚོའི་སེམས་ཀྱི་གྲུང་ཤ་བརླག་འགྲོ་གི་ཡོད། དེ་འདྲ་སོང་ཙང་། ཁོང་ཁྲོས་ནམ་ཡང་མི་ཕན། དེའི་ཚབ་ལ་ང་ཚོས་རྣམ་དཔྱོད་བེད་སྤྱོད་བྱས་ན། དོན་དངོས་དང་མཐུན་པའི་ཐབས་ལམ་ཞིག་གིས་ང་ཚོར་ཕན་ཐོགས་ཧ་ཅང་ཆེན་པོ་བྱེད་ཐུབ་ཀྱི་ཡོད། ཐ་ན་ཁྲིམས་ཁང་ཞིག་གི་ནང་ཁྲིམས་རྩོད་པ་ཁོང་ཁྲོ་ལངས་ནས་སྐད་བརྒྱབ་ན། དེས་ཕན་ཐོགས་གང་ཡང་མེད། དེ་ལས་ཁྲིམས་རྩོད་པ་དེས་རྣམ་དཔྱོད་བེད་སྤྱོད་བྱས་ན། གཞན་ཕྱོགས་ཕམ་པར་བྱེད་ཐུབ། 

དེ་འདྲ་ཡིན་པ་སོང་ཙང་། ཁོང་ཁྲོས་རྣམ་དཔྱོད་ཀྱི་ནུས་པ་འཕྲོ་བརླག་གཏོང་ཞིང་བྱ་བ་ཏག་ཏག་བྱེད་མི་ཐུབ་པ་བཟོ་གི་ཡོད། ང་ཚོའི་ཐག་གཅོད་ལ་ཁོང་ཁྲོ་ཟ་བའི་སྐབས་ཚིག་ངན་ཐོན་པས་གནོད་སྐྱོན་འབྱུང་སྲིད། དེར་བརྟེན་རྣམ་དཔྱོད་ལ་བརྟེན་ནས་ང་ཚོས་ཁོང་ཁྲོར་ཕན་ཐོགས་གང་ཡང་མེད་པ་ཤེས་ཐུབ། གལ་སྲིད་གནས་སྟངས་ཁག་པོ་དང་འཇིགས་སྐུལ་ཅན་ཞིག་གི་ནང་ཡོད་ན། སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱས་ནས་འོས་འཚམ་གྱི་གཉེན་པོ་ཞིག་བསྟེན་ཐུབ་ན། དེ་ཕན་ཐོགས་ཆེ་བ་ཡོད། ཕྱོགས་གཞན་ཞིག་ནས་མི་གཞན་ལ་སྙིང་རྗེ་དང་ལྡན་པ་ཞིག་རྒྱུན་མཐུད་པ་ཡིན་ན། ཕྱིས་སུ་མི་དེ་རང་གི་གྲོགས་པོ་ཆགས་སྲིད་པའི་སྒོ་ལྟ་བུ་དེ་ང་ཚོས་འབྱེད་ཀྱི་ཡོད། གལ་ཏེ་སོ་སོར་ཁོང་ཁྲོ་ཡོད་ན། གྲོགས་པོ་བྱེད་རྒྱུའི་སྒོ་བརྒྱབ་ནས་གོ་སྐབས་འཐོབ་ཀྱི་མེད། འདི་ལྟར་བསམ་བློ་གཏོང་བ་ལ་བརྟེན་ནས་མི་དགེ་བའི་སེམས་ཚོར་རྣམས་ཤུགས་ཆུང་དུ་གཏོང་ཐུབ་ཅིང་། གལ་སྲིད་བསྐྱར་དུ་འབྱུང་བ་ཡིན་ནའང་། དེའི་ནུས་ཤུགས་ཆུང་བ་ཡོད་པ་རེད།།

Top