ལམ་རིམ་ནང་གི་སྐྱེས་བུ་འབྲིང་དང་ཆེན་པོའི་བློ་སྦྱོང་།

ཚིགས་བཅད་ ༨ ནས་ ༣༧ བར།

ང་ཚོའི་ཀུན་སློང་ཡང་བསྐྱར་ངེས་བརྟན་བཟོ་བ་དང་བསྐྱར་ཞིབ།

སོ་སོའི་ཉེ་འཁོར་དུ་གནས་པའི་མི་ཚོར་ལྟོས་དང། མི་དེ་དག་སོ་སོ་དང་བློ་ཐག་ཉེ་པོའམ་ཐག་རིང་པོ་དང་། ཕྱུག་པོའམ་སྐྱོ་པོ་གང་ཞིག་ཡིན་རུང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། དེ་དག་བསྒྲུབ་པར་ཐབས་ལམ་ཡག་ཤོས་ནི་ཆོས་ཉམས་ལེན་བྱ་རྒྱུ་དེ་ཡིན། ང་ཚོར་དལ་བ་དང་འབྱོར་བ་ཚང་བའི་མི་ལུས་ཡོད་པ་དང་། ཚུལ་ཁྲིམས་དང་ཐེག་ཆེན་གསང་སྔགས་དང་བཅས་པའི་ཆོས་ཆ་ཚང་དང་མཇལ་ཞིང། བླ་མ་མཚན་ཉིད་ཡོངས་སུ་ཚང་བ་དང་ཡང་མཇལ་ཡོད་པ་ཡིན། དེ་འདྲ་ཡིན་པ་སོང་ཙང། ང་ཚོས་ཉོན་མོངས་ཚང་མ་མེད་པ་བཟོ་བ་དང་། ཡོན་ཏན་ཡོངས་སུ་རྫོགས་པ་ཐོབ་ཅིང་། མཐར་སངས་རྒྱས་གོ་འཕང་འཐོབ་པའི་ཆེད་ཐེག་པ་ཆེན་པོའི་ཀུན་སློང་ཆ་ཚང་བ་ཞིག་སྐྱེད་པར་བྱེད་དགོས། 

གཞི་རྩའི་གནད་དོན་གཙོ་བོ་ནི་ང་ཚོ་སེམས་པ་བཟང་པོ་དང་གཞན་ཕན་གྱི་སེམས་ཤིག་བསྐྱེད་དགོས། འདི་ནི་རང་གཞན་ཚང་མའི་འཕྲལ་ཕུགས་གཉིས་ཀའི་བདེ་སྐྱིད་ཀྱི་རྩ་བ་ཡིན། འདི་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་དང་གཞན་ལ་བདེ་སྐྱིད་སྦྱིན་པར་བྱེད་པའི་བྱང་ཆུབ་སེམས་ཀྱི་རྩ་བ་ཡིན། དེར་བརྟེན། ང་ཚོས་གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་སེམས་པ་བཟང་པོ་རྒྱུད་ལ་བསྐྱེད་པར་བྱེད་དགོས། 

“ང་སེམས་པ་བཟང་པོ་ཡོང་བ་ཤོག་” ཅེས་ཁ་ནས་བཤད་པ་ཙམ་གྱི་འགྲིག་གི་མེད། དོན་དངོས་སུ་ང་ཚོས་ཐོབ་བྱའི་ལམ་གྱི་རིམ་རྣམས་སྦྱོང་བརྡར་དང་ཉམས་ལེན་བྱེད་དགོས། ང་ཚོས་ཐབས་ལམ་རྣམས་ཤེས་དགོས་པ་དང་དེ་ནས་ལག་ལེན་དུ་སྐྱེལ་དགོས། དམ་པའི་ཆོས་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཀྱི་བཀའ་པོ་ཏི་བརྒྱ་ཅན་གྱི་བཀའ་འགྱུར་དང་རྒྱ་གར་གྱི་སློབ་དཔོན་རྣམ་པའི་དགོངས་འགྲེལ་གྱི་བསྟན་བཅོས་པོ་ཏི་ཉིས་བརྒྱ་ཅན་གྱི་བསྟན་འགྱུར་ནང་དུ་ཡོད། བོད་དུ་བློ་སྦྱོང་དང་བསམ་བློ་འགྱུར་བཅོས་གཏོང་ཚུལ་གྱི་ལམ་གྱི་རིམ་པའི་ཁྲིད་ཡོངས་རྫོགས་སྲོལ་གཏོད་མཁན་གྱི་བླ་མ་གཙོ་བོ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན། རྒྱལ་སྲས་ལག་ལེན་སོ་བདུན་མའི་ཁུངས་གཏུགས་ས་གཙོ་བོ་ནི་ཁོང་གིས་ལྗགས་རྩོམ་གནང་བའི་ཕྱག་དཔེ་བྱང་ཆུབ་ལམ་གྱི་སྒྲོན་མེ་ཡིན། རྒྱལ་སྲས་ལག་ལེན་སོ་བདུན་ནི་ཐུང་ངུ་དང་རྟོགས་སླ་བས། ང་ཚོས་བློ་འཛིན་བྱ་རྒྱུའི་འབད་བརྩོན་བྱེད་དགོས་པ་དང་། དེ་ནས་དོན་དག་ལ་བསམ་བློ་བཏང་ནས་ཡང་ནས་ཡང་དུ་ཁ་འདོན་བྱེད་པ་དང་ལག་ལེན་དུ་སྐྱེལ་དགོས།

ད་ང་ཚོ་གཞུང་འདི་ནས་མར་མུ་མཐུད་དེ་འགྲོ་རྒྱུ་ཡིན་པས་ཉོན་ཨ། ཐོག་མར་ང་ཚོས་མི་ལུས་རིན་ཆེན་འདི་ངོས་བཟུང་དགོས་པ་དང་ཁེ་བཟང་ལེན་པར་བསམ་བློ་གཏོང་དགོས། ང་ཚོ་འཆི་རྒྱུ་ཡིན་པ་དང་མིའི་ལུས་རྟེན་འདི་དང་བྲལ་རྒྱུ་ཡིན་པ་ནི་ངེས་པ་རེད། ང་ཚོས་ཚེ་འདིར་ཞེན་ཆགས་ལས་ཁ་ཕྱོགས་པ་དང་དེ་ནས་ག་ལེར་ཚེ་ཕྱི་མའི་ཞེན་ཆགས་ལས་ཀྱང་ཁ་ཕྱོགས་པ་བྱེད་དགོས། 

དེ་ལྟར་བྱེད་པར་ཐོག་མར་ང་ཚོས་འཆི་བ་དང་མི་རྟག་པའི་ཐོག་བསམ་བློ་གཏོང་དགོས་པ་དང་། ང་ཚོ་ཤི་དུས་ངན་སོང་གསུམ་དུ་སྐྱེ་སྲིད་ཀྱི་རེད། ང་ཚོས་བདེ་མེད་དམྱལ་བའི་ཁམས་སུ་ཚུད་པའི་སེམས་ཅན་རྣམས་དང་ཡི་དྭགས་རྣམས་མཐོང་མི་ཐུབ་ཀྱང་། ང་ཚོས་དུད་འགྲོ་དང་དེ་རྣམས་ཀྱི་སྡུག་བསྔལ་ཤེས་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོས་དུད་འགྲོ་རྣམས་ལ་ཉེས་རྡུང་དང་། གཡོག་ཀྱི་ཆེད་དུ་བཀོལ་སྤྱོད། ཚན་རིག་དང་འབྲེལ་བའི་བརྟག་དཔྱད་ཆེད་ཡ་ང་སྙིང་རྗེ་མེད་པར་སྤྱོད་པ། ཤའི་ཆེད་སྲོག་གཅོད་པ་སོགས་མཐོང་གི་ཡོད། ནང་ཆོས་ནས་ང་ཚོའི་རྒྱུད་ལ་སེམས་ཅན་དེ་ཚོར་བྱམས་དང་སྙིང་རྗེ་བསྐྱེད་དགོས། ཆོས་ལུགས་ཁ་ཤས་ཀྱི་ནང་སེམས་ཅན་བསད་པ་ནི་ཤིང་སྡོང་བཅད་པ་དང་། སྔོ་ཚལ་བཀོག་པ་དང་ཁྱད་པར་དེ་ཙམ་མེད་པར་ཚོར་གྱི་ཡོད་ཀྱང། ནང་ཆོས་ནང་དེ་འདྲ་མ་རེད། ང་ཚོས་དུད་འགྲོའི་སྡུག་བསྔལ་ལ་ཛ་དྲག་པོ་དང་སེམས་འཚབ་ཆེན་པོའི་སྒོ་ནས་བལྟ་བ་དང་། ང་ཚོ་ཁོ་ཚོ་ལྟ་བུ་སྐྱེ་བ་གང་རུང་ཞིག་ལས་སླ་བོའི་སྒོ་ནས་ལེན་སྲིད་པ་དེར་བསམ་བློ་གཏོང་གི་ཡོད། 

སངས་རྒྱས་ནི་དུད་འགྲོར་སྐྱེ་བར་འགོག་ཚུལ་གྱི་ལམ་སྟོན་པ་པོ་ཡིན། ཁོང་ནས་ལས་གང་ཞིག་བླང་བྱ་དང་འདོར་བྱ་ཡིན་པའི་ལས་འབྲས་ཀྱི་རྣམ་གཞག་བསྟན་གནང་ཡོད། ང་ཚོས་ཡང་དག་པའི་སངས་རྒྱས་ཀྱི་ཆོས་དེ་དག་ལ་གང་ཐུབ་ཀྱིས་སྦྱོང་ཐབས་བྱེད་དགོས། གང་ཡིན་ཟེར་ན། དེ་དག་ནི་སྐྱོན་ཐམས་ཅད་དང་བྲལ་ཞིང་། ང་ཚོར་ཉེན་ཁ་རྩ་བ་ནས་མེད་པའི་ཁ་ཕྱོགས་བཟང་པོ་སྟོན་གྱི་ཡོད། ཁ་སང་ང་ཚོས་བཤད་པ་བཞིན་སངས་རྒྱས་དང། ཆོས། དགེ་འདུན་ནི་ཉེན་མེད་ཁ་ཕྱོགས་ཀྱི་སྐྱབས་གནས་དཀོན་མཆོག་གསུམ་ཡིན། སྐྱབས་གནས་གསུམ་པོ་ཁོ་ནས་ང་ཚོའི་མི་ཚེའི་ནང་བསླུ་བ་མེད་པ་དང། སྐྱབས་པ། བརྟན་པའི་ལམ་ཕྱོགས་ཤིག་སྟོན་གྱི་ཡོད། སྤྱིར་འཇིག་རྟེན་པའི་ལྷ་ལ་གྲོགས་པོའི་ཚུལ་གྱིས་རོགས་ཞུས་པ་དེར་ནོར་འཁྲུལ་མ་ཡིན་ཡང་། མཐར་ཐུག་གི་སྐྱབས་སུ་བསྟེན་པ་ནི་འགྲིག་གི་མེད། 

ཐེ་ལེནྜི་དང་འབར་མ་བཅས་ཀྱི་དགོན་པའི་ནང་གི་དགེ་འདུན་པ་ཚོར་ལྟོས་དང། ཁོང་ཚོ་དངོས་གནས་ཡག་པོ་འདུག ཁོང་ཚོའི་དགོན་པ་དང་ལྷ་ཁང་གི་ནང་སངས་རྒྱས་ཀྱི་སྐུ་མ་གཏོགས་གཞན་གང་ཡང་མེད། བོད་པའི་དགོན་པའི་ནང་དུ་སངས་རྒྱས་ཀྱི་སྐུ་ཡོད་པ་མ་ཟད། ཡ་མཚན་ཅན་གྱི་ཆོས་སྐྱོང་སྲུང་མ་རྣམ་པ་སྣ་ཚོགས་པའི་བརྙན་པར་ལ་སོགས་པ་ཡོད། ཉི་ཧོང་དུ་རྩ་བའི་བླ་མ་རྣམས་ཀྱི་སྐུ་པར་ལས་སངས་རྒྱས་ཀྱི་སྐུ་ཡང་ཧ་ལམ་མེད། སྤྱིར་བླ་མ་དང་སངས་རྒྱས་གཉིས་ངོ་བོ་དབྱེ་བ་མེད་པ་དང་རྣམ་པ་མང་པོར་སྣང་གི་ཡོད་པ་དེ་དངོས་ཡོད་ཡིན་ཡང་། འདི་ནི་མི་འདྲ་བ་ཞིག་ཡིན། གནད་དོན་གཙོ་བོ་ཞིག་ལ། ང་ཚོས་སེམས་སྐུལ་དང་། བྱིན་རླབས། ཐུན་མོང་མ་ཡིན་པའི་ཤུགས་རྐྱེན་བྱུང་ས་གཙོ་བོ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན། མི་ཚོས་ང་ཚོར་ཡང་ནས་ཡང་དུ། ང་ཚོ་བོད་པ་རྣམས་སངས་རྒྱས་བརྗེད་ཚར་བ་དང་སྲུང་མ་རྣམས་ཀྱི་སྐུ་བརྙན་མདུན་དུ་རྔ་བརྡུངས་ནས་སྡོད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད། འདི་ལ་ཉེན་ཁ་ཆེན་པོ་ཡོད། དེ་འདྲ་ཡིན་པ་སོང་ཙང། གཟབ་གཟབ་བྱེད་དགོས། གནད་དོན་འདིའི་ཐད་འདི་ཙམ་གྱིས་འགྲིག་པ་བྱེད་ཀྱི་ཡིན།

དགེ་འདུན་དཀོན་མཆོག་ལ་མཚོན་ན། ཐེ་ལེནྜི་དང་འབར་མའི་ཉམས་ལེན་རྣམས་ཧ་ཅང་ལེགས་པོ་ཡིན། དགེ་འདུན་པ་ཚོར་གུས་བརྩི་བྱེད་པ་དང་ཁྱིམ་པ་ཚོས་རྒྱབ་སྐྱོར་རོགས་རམ་གྱིས་བསོད་སྙོམས་སྦྱིན་གྱི་ཡོད། འདི་ཧ་ཅང་ཡག་པོ་རེད། མི་ཚོས་ཡང་སེ་སངས་རྒྱས་དང་ཆོས་གཉིས་སྐྱབས་ཡུལ་དུ་བརྩིས་པ་དང་དགེ་འདུན་དཀོན་མཆོག་ནི་གལ་ཆེན་པོ་མིན་པར་ཚོར་གྱི་ཡོད། ང་ཚོས་དེ་དག་དྲན་པ་བརྗེད་ན་ཆོག་པར་བསམ་མཁན་ཡོད། ང་ཚོ་ཚང་མ་གྲྭ་པ་དང་བཙུན་མ་བྱེད་དགོས་དོན་མེད། ཡིན་ནའང་། ང་རང་ཚོ་སོ་སོའི་རང་གཤིས་སམ་བག་ཆགས་ལ་བརྟག་དཔྱད་བྱས་ཏེ། གལ་ཏེ་རན་པོ་ཡོད་ན།  གྲྭ་བཙུན་བྱེད་ན་ཡག་ཤོས་དེ་ཡིན། དེ་མིན་སྐྱབས་གནས་དགེ་འདུན་གྱི་སྡེ་ལ་ནམ་ཡང་སྐྱོན་བརྗོད་བྱེད་རྒྱུ་མེད། དགེ་འདུན་རྣམས་ནི་མིག་དཔེ་སྟོན་པ་དང་སངས་རྒྱས་ཀྱི་ཆོས་མཚོན་པར་བྱེད་པ་གལ་ཆེན་པོ་ཞེ་དྲག་ཡིན། ང་རང་ཚོས་སོ་སོའི་ལས་གང་ཞིག་བྱེད་པ་དང་གང་བཤད་པ་རྣམས་ལ་གཟབ་གཟབ་བྱེད་དགོས།

མི་དགེ་བའི་སྤྱོད་ལམ་སྤོང་ཚུལ།

༨༽ ཤིན་ཏུ་བཟོད་དཀའི་ངན་སོང་སྡུག་བསྔལ་རྣམས།། སྡིག་པའི་ལས་ཀྱི་འབྲས་བུར་ཐུབ་པས་གསུངས།། དེ་ཕྱིར་སྲོག་ལ་བབ་ཀྱང་སྡིག་པའི་ལས།། ནམ་ཡང་མི་བྱེད་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ཁ་གསལ་པོ་བྱས་ནས་བཤད་ན། གལ་ཏེ་ང་ཚོས་ཡག་པོ་བྱས་ན་ཡག་པོ་ཡོང་བ་དང་སྡུག་ཅག་བྱས་ནས་སྡུག་ཅག་ཡོང་གི་ཡོད་པ་ནི་གོ་བདེ་པོ་ཞེ་དྲག་ཡིན། རྒྱུ་རིགས་མཐུན་པའི་རྗེས་སུ་འབྲས་བུ་རིགས་མཐུན་པ་བྱུང་བ་ཡིན། འབྲས་བུ་ནམ་ཡང་ཆུད་མི་ཟ་བའམ་འཕྲོ་བརླག་འགྲོ་གི་མེད་པ་མ་ཟད། ང་ཚོར་རྒྱུ་ཆུང་ངུ་ལས་འབྲས་བུ་རྒྱ་ཆེན་པོ་མྱོང་ཆོག་པ་ཡིན། 

རྒྱལ་ཁབ་ཅིག་ལ་མཚོན་ནའང་རྐྱེན་ངན་པ་བྱུང་བ་རྣམས་སྔ་མ་ལས་ངན་པ་བྱས་པ་ལ་བརྟེན་ནས་བྱུང་བ་རེད། དཔེར་ན། བོད་ནང་ཆ་བཞག་ན། ང་ཚོར་སྐབས་འགར་ཆར་ཆུ་དུས་སུ་མི་བབས་པའི་ཐན་པ་བྱུང་བ་དང་ལོ་ཏོག་ཡག་པོ་མི་སྐྱེ་ཞིང། མཚམས་རེར་དམག་འཁྲུག་དང་བཙན་འཛུལ་ལ་སོགས་པ་ཡོང་གི་ཡོད། དེ་དག་ཐམས་ཅད་ནི་ང་ཚོའི་སྔ་མའི་ལས་ངན་པ་དང་བསོད་ནམས་མེད་པའི་རྐྱེན་གྱིས་རེད། གལ་ཏེ་ང་ཚོས་སྔ་མའི་ལས་སུ་བསོད་ནམས་བསགས་མེད་ན། ང་ཚོས་ག་རེ་བྱས་ཀྱང་གནས་སྟངས་ཡག་པོ་མི་འབྱུང་བ་ཡིན། དེ་འདྲ་ཡིན་པ་སོང་ཙང། ང་ཚོས་རྟག་ཏུ་གཞན་ལ་བདེ་བ་ཡོང་བར་ཡིད་སྨོན་བྱེད་དགོས། ང་ཚོས་རྒྱ་མི་ཚོ་ལ་ཡག་པོ་བྱུང་བར་ཁོ་ན་སྨོན་དགོས། ཁོང་ཚོར་རྐྱེན་ངན་པ་འབྱུང་བར་སྨོན་རྒྱུ་མེད། ཁོང་ཚོས་གང་ཞིག་མྱོང་གི་ཡོད་པ་དེ་ནི་སོ་སོའི་ལས་ཀྱི་འབྲས་བུ་ཡིན། 

མི་དགེ་བའི་སྤྱོད་ལམ་ནི་ཉོན་མོངས་ལས་བྱུང་བ་དང་། ང་ཚོས་མི་དགེ་བ་བསགས་ཏེ་སྡུག་བསྔལ་མ་གཏོགས་གཞན་བྱུང་རྒྱུ་མེད། མི་དགེ་བའི་ལས་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཡོང་ཆོག་པ་ཡིན། ལུས་ཀྱི་སྒོ་ནས་མི་དགེ་བའི་ལས་ནི་སྲོག་གཅོད་ཡིན་ཞིང། འདི་ནི་མི་ནས་འབུ་སྲིན་གྱི་སྲོག་གཅོད་པ་ཚང་མ་ཚུད་ཀྱི་ཡོད། སྲོག་གཅོད་ནི་ཉེས་པ་ཧ་ཅང་ཆེན་པོ་ཡིན་པས། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་སྲོག་གཅོད་སྤོང་དགོས། 

སེམས་ཅན་ཐམས་ཅད་སོ་སོ་རང་ཉིད་ལ་གང་ཐུབ་ཀྱིས་གཅེས་འཛིན་བྱེད་པའི་ཐོབ་ཐང་གཅིག་པ་ཡོད། གལ་ཏེ་ང་ཚོའི་མཛུབ་མོར་ཚེར་མ་ཟུག་ན། ང་ཚོས་ “ཨ་ཚ་” ཟེར་གྱི་རེད། སེམས་ཅན་ཐམས་ཅད་ཀྱིས་དེ་གཅིག་པ་གཅིག་རྐྱང་ཚོར་གྱི་ཡོད། ཁྱད་པར་དུ་དུད་འགྲོ་དམར་མཆོད་གཏོང་ཡག་དེ་ཞེད་སྣང་ཚ་པོ་ཡིན། ལུང་པ་ཁ་ཤས་ལ་ད་ལྟའང་བྱེད་ཀྱི་ཡོད། སྔ་མོ་ཁུ་ནུ་དང། སྤི་ཏི། བལ་ཡུལ་གྱི་ས་ཁུལ་ཁ་ཤས། ད་དུང་བོད་པའི་རྫོང་ཁ་ཤས་ནང་དུ་དམར་མཆོད་འབུལ་སྲོལ་ཡོད། ཕྱི་ཚུལ་དུ་ཁོང་ཚོས་ང་ཏཱ་ལའི་བླ་མར་སྐྱབས་སུ་འགྲོ་གི་ཡོད་ཀྱང་དམར་མཆོད་བྱེད་ཀྱི་ཡོད། འདི་ནི་ཧ་ཅང་སྡུག་ཅག་རེད། ཁ་ནས་སྙིང་རྗེའི་གཟུངས་སྔགས་ཨོྃ་མ་ཎི་པདྨེ་ཧཱུྃ་འདོན་གྱི་ཡོད་ཀྱང། ད་དུང་དམར་མཆོད་བྱེད་པ་ནི་རྦད་དེ་ནོར་བ་རེད། འདི་རྩ་བ་ནས་བྱེད་རྒྱུ་མེད། 

དེ་ནས་མ་བྱིན་པར་ལེན་པའམ་རྐུན་མ་རྐུ་བ་དེ་ཡིན། འདི་ཡང་ཧ་ཅང་སྡུག་ཅག་རེད། ལོག་གཡེམ་ནི་སོ་སོའི་བཟའ་ཚང་མ་ཡིན་པའི་གཞན་མཉམ་དུ་འབྲེལ་བ་བྱེད་པའམ། ཡང་ན་གཞན་གི་བདག་ཏུ་བཟུང་བའི་གང་ཟག་ལྷན་དུ་འབྲེལ་བ་བྱེད་ཅིང། དེ་ལྟར་བྱེད་པར་ནོར་འཁྲུལ་གང་ཡང་མི་མཐོང་མཁན་ལ་གོ་བ་ཡིན། ང་ཚོས་ལོ་རྒྱུས་ཡིག་ཆའི་ནང་བལྟས་ན། རྒྱལ་པོའི་ཁྱིམ་ཚང་ནང་ཁུལ་མི་མཐུན་པ་དང་ཕན་ཚུན་འཁྲུག་རྩོད་སྣ་ཚོགས་བྱེད་པ་མང་ཆེ་བ་ནི་ལོག་གཡེམ་རྐྱེན་གྱིས་བྱུང་ཡོད། འདི་ནི་ཧ་ཅང་གནོད་ཚབས་ཆེན་པོ་ཡིན། 

དེའི་རྗེས་རྫུན་ཤོད་རྒྱུ་དེ་ཡིན། འདི་ཡང་ཉེས་པ་ཧ་ཅང་ཆེན་པོ་ཡིན། མི་གཞན་གྱི་སྲོག་སྐྱོབ་པའི་ཆེད་རྫུན་བཤད་པ་ནི་གནད་དོན་ཁག་ཁག་རེད། ཡིན་ནའང་། ང་ཚོ་རྟག་ཏུ་དྲང་པོ་བྱེད་དགོས། གལ་ཏེ་ང་ཚོས་རྫུན་བཤད་ན། དེས་སྡུག་བསྔལ་ཁོ་ན་ཡོང་གི་རེད། གཞན་གིས་ང་ཚོའི་རྫུན་བཤད་པ་དེ་ཤེས་ཀྱི་རེད་བསམས་ནས་འཇིགས་སྣང་ངང་སྡོད་ཀྱི་ཡོད། དེས་རྟག་ཏུ་ང་ཚོའི་སེམས་མི་བདེ་བ་བཟོ་ཡི་ཡོད། མ་རེད་དམ། 

དེ་ནས་ཕྲ་མ་བཤད་པ་སྟེ། གཞན་མི་མཐུན་པ་བཟོ་བ་དང་ཁ་བྲལ་དུ་གཏོང་བར་གོ་བ་ཡིན། ང་ཚོས་མི་གཞན་གྱི་ལོ་རྒྱུས་ངན་པ་ཐོས་ཏེ་གཞན་ལ་བཀྲམ་པ་ནི་ཧ་ཅང་གནོད་ཚབས་ཆེན་པོ་རེད། ང་ཚོས་མི་ཚང་མ་གཅིག་ཏུ་སྒྲིལ་ཐབས་བྱེད་དགོས་ཀྱི་ཡོད། མི་རྣམས་མཉམ་སྡོད་བྱེད་པའི་སྐབས་ཁོང་ཚོའི་ཞི་བདེ་བག་ཕེབས་ནི་ཕན་ཚུན་བར་གྱི་གདེང་ཚོད་དང་ཡིད་ཆེས་ལ་བརྟེན་ཡོད། དཔེར་ན། ང་ཚོས་རྒྱ་མིར་བལྟས་ན། ཁོང་ཚོས་ཚང་མ་བློ་མཐུན་གྱི་གྲོགས་པོ་ཡིན་པར་བཤད་པ་འདི་ནི་གྲོས་མོལ་བྱེད་སའི་རྒྱ་ཅོག་རྩེ་སྟེང་གི་སྐད་ཆ་ཙམ་ཡིན། ཕྱི་ལོགས་ལ་སླེབས་དུས་ཁོང་ཚོས་ཕན་ཚུན་འདག་རྫས་ཡི་ཙི་གཅིག་ཀྱང་མཉམ་དུ་སྤྱོད་ཀྱི་མེད། འདི་གང་ཡིན་ཟེར་ན། ཕན་ཚུན་བར་གདེང་ཚོད་དང་ཡིད་ཆེས་མེད་པའི་རྐྱེན་གྱིས་ཡིན། འདི་ནི་ཕན་ཚུན་ཕྲ་མ་བཤད་པ་ལ་བརྟེན་ནས་བྱུང་བ་ཡིན། དེ་འདྲ་ཡིན་པ་སོང་ཙང། ཕྲ་མའི་སྐད་ཆ་ནམ་ཡང་མ་ཤོད་ཨ།  

དེ་ནས་ཚིག་རྩུབ་སྟེ། མི་གཞན་ལ་ “སྤྲང་པོའམ་སློང་མོ་བ་” ཞེས་མིང་ངན་འབོད་པ་ལ་སོགས་པ་ཡིན། དེས་མི་གཞན་གྱི་ཚོར་བ་ལ་གནོད་ཀྱི་ཡོད་ཅིང། བདེ་སྐྱིད་རྩ་བ་ཉིད་ནས་སྦྱིན་གྱི་མེད། དེ་ནས་ངག་འཁྱལ་ནི་བག་མེད་དང་དོན་མེད་ཀྱི་སྐད་ཆ་ཤོད་པ་རྣམས་ཡིན། འདི་ནི་དུས་ཚོད་འཕྲོ་བརླག་རང་ཡིན། 

དེ་ནས་བརྣབ་སེམས་ཡོད། གཞན་ཞིག་ལ་ཅ་ལག་སྙིང་རྗེ་མོ་ཞིག་ཡོད་པ་དེ་སོ་སོར་ཡོད་ན་བསམ་པའམ་འཐོབ་པར་འདོད་པ་དང་། ཅ་ལག་དེར་དམིགས་པ་ཡོངས་སུ་གཏད་ཅིང། སེམས་ཆགས་ནས་དེ་ག་རང་བྱུང་བར་འདོད་བཞིན་དུ་འགྲོ་གི་ཡོད། དེ་ལ་ང་ཚོས་གཟབ་གཟབ་མ་བྱས་ན། རྩིག་པར་རྡུང་ཁ་རྒྱག་གི་རེད། 

དེའི་རྗེས་སུ་གནོད་སེམས་ཡིན། འདི་ཡང་ཧ་ཅང་ཉེས་པ་ཆེན་པོ་ཡིན། དེས་ང་ཚོ་སྐྱིད་པོ་མེད་པ་བཟོ་གི་ཡོད། སྤྱིར་བཏང་དེས་གང་ཟག་གཞན་ལ་གནོད་མ་སྐྱེལ་བར་སོ་སོ་རང་ཉིད་ལ་གནོད་ཀྱི་ཡོད། གཞན་ལ་འཁོན་འཛིན་དང་སྡུག་བསྔལ་འདོད་པའི་བསམ་པ་འཛིན་པ་དེས་རང་ཉིད་སོ་སོར་གནོད་པ་ཤུགས་ཆེ་བ་སྐྱེལ་གྱི་ཡོད། ང་ཚོས་གཞན་ལ་འཁོན་འཛིན་བྱས་ནས་དཀའ་ངལ་སེལ་མི་ཐུབ། དཀའ་ངལ་རྣམས་སྙིང་རྗེ་དང། བྱམས་པ། བཟོད་སྒོམ་བཅས་ཀྱིས་སེལ་ཐུབ། དེ་འདྲ་ཡིན་པ་སོང་ཙང། གཞན་ལ་སྡང་འཛིན་དང་འཁོན་སེམས་རྩ་བ་ཉིད་ནས་བཅང་རྒྱུ་མེད། མཐའ་མ་ནི་ཕྱིན་ཅི་ལོག་པའི་རྒྱབ་འགལ་གྱི་བསམ་བློའམ་ལོག་ལྟ་ཡིན། གང་ཞིག་ཡོད་པ་དང་བདེན་པ་ཡིན་པ་དེར་ཁས་མི་ལེན་པ་དང་། ཡང་ན་གང་མེད་པ་དང་བདེན་པ་མ་ཡིན་པར་བདེན་པར་འཛིན་པ་དེ་ཡིན།

སྲོག་གཅོད་པ་ནས་ལོག་ལྟའི་བར་མི་དགེ་བའི་ལས་བཅུ་ཡིན། ང་ཚོས་མི་དགེ་བའི་ལས་འདི་ཚོའི་སྐྱོན་གྱི་ཆའམ་ཉེས་དམིགས་་རྣམས་རྟོགས་ཏེ་སྤོང་དགོས། ཉམས་ལེན་དངོས་ནི་འདི་ཚོའི་སྐྱོན་གྱི་ཆ་རྣམས་མཐོང་སྟེ་རང་ཉིད་སྲོག་གཅོད་དང་མ་བྱིན་ལེན་ལ་སོགས་པར་དྲན་ཤེས་ལྡན་པ་དང་དགའ་ཚོར་ཆེན་པོའི་བརྩོན་འགྲུས་བསྟེན་ནས་སྟངས་འཛིན་བྱེད་དགོས། གལ་ཏེ་ང་ཚོས་མི་དགེ་བའི་ལས་རྣམས་རྩ་བ་ནས་སྤོང་མི་ཐུབ་ཀྱང་། གང་ཐུབ་ཅི་ཐུབ་ཀྱིས་ཉུང་དུ་གཏོང་ཐབས་བྱེད་དགོས། འདི་ནི་སྐྱབས་འགྲོའི་རྗེས་སུ་གང་བྱུང་བ་དེ་ཡིན།

ད་ང་ཚོ་གཞུང་འདིའི་སྐྱེས་བུ་འབྲིང་གི་ཀུན་སློང་གི་རིམ་པའི་སྐབས་སླེབས་ཡོད།

ཐར་པ་དོན་དུ་གཉེར་བ།

༩༽ སྲིད་གསུམ་བདེ་བ་རྩྭ་རྩེའི་ཟིལ་པ་བཞིན།། ཡུད་ཙམ་ཞིག་གིས་འཇིག་པའི་ཆོས་ཅན་ཡིན།། ནམ་ཡང་མི་འགྱུར་ཐར་པའི་གོ་འཕང་མཆོག། དོན་དུ་གཉེར་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ང་ཚོ་ཁམས་གསུམ་པོ་གང་དུ་སྐྱེས་ཀྱང་། ཁང་པ་མེའི་འབར་བའི་ཐོག་བརྩེགས་འདྲ་མིན་དུ་གནས་པ་ནང་བཞིན་ཡིན། གང་དུ་གནས་ཀྱང་སྡུག་བསྔལ་ཡིན་པས། ང་ཚོས་ཐབས་ཡོངས་སུ་རྫོགས་པ་བསྟེན་ནས་དེ་ལས་ཐར་བ་བྱེད་དགོས། དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བའི་འཁོར་བ་ཞེས་པ་དེ་རྨོངས་པ་དང་འདྲེས་པའི་ཕུང་པོའི་སྡུག་བསྔལ་ལ་གོ་ཞིང། དེ་ཉིད་ལས་དང་ཉོན་མོངས་ལས་བྱུང། ང་ཚོས་དེའི་ཐོག་བསམ་བློ་གཏོང་དགོས། ང་ཚོར་མི་ལུས་རིན་ཆེན་ཞིག་ཐོབ་ཀྱང་། ད་དུང་མུ་མཐུད་ནས་ལས་དང་ཉོན་མོངས་ཀྱི་དབང་འོག་ཏུ་གྱུར་ནས་རང་དབང་མེད་པ་དང་སྡུག་བསྔལ་མང་བ་བསྐྲུན་གྱི་ཡོད། དེར་བརྟེན་ང་ཚོ་འདི་ལྟ་བུའི་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་ནད་ཀྱི་རྟགས་ལས་ཐར་ཐབས་བྱེད་དགོས། ང་ཚོར་ཡོད་པའི་འཇིག་རྟེན་གྱི་བདེ་བ་རྣམས་དོན་དམ་པ་མ་ཡིན། འདི་ཚོ་ཀུན་རྫོབ་དང་གནས་སྐབས་ཀྱི་བདེ་བ་ཙམ་ཡིན། ང་ཚོ་སྐྱེ་བ་ངན་ཤོས་ཀྱི་གནས་སུ་ག་དུས་ཡིན་ནའང་ལྷུང་སྲིད་པ་ཡིན།

གལ་ཏེ་ང་ཚོའི་སྡུག་བསྔལ་རྣམས་ལས་དང་ཉོན་མོངས་ཀྱི་དབང་དུ་གྱུར་པའི་སོ་སོའི་ཕུང་པོ་དང་སེམས་ལས་བྱུང་བ་ཡིན་ན། ང་ཚོ་རྨོངས་པས་གོས་པའི་ཕུང་པོ་ལས་བྲོས་ཏེ་ག་པར་འགྲོ་དགོས་སམ། དེའི་ཐོག་བསམ་བློ་གཏོང་དགོས། གལ་ཏེ་ང་ཚོའི་ཕུང་པོ་འདི་ཉིད་སྡུག་བསྔལ་གྱི་རང་བཞིན་ཞིག་ཡིན་ན། ང་ཚོ་དེ་ལས་གང་འདྲ་ཐར་ཐུབ་བམ། 

སྡུག་བསྔལ་གྱི་འབྱུང་ཁུངས་ནི་ཉོན་མོངས་ཡིན་པ་དང་། དེ་ལས་གཙོ་བོ་ནི་འདོད་ཆགས་དང་ཞེ་སྡང་གཉིས་ཡིན། འདི་གཉིས་པོ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པར་འཛིན་པའི་མ་རིག་པ་ལས་བྱུང་བ་ཡིན། འདི་ཡང་ཕྱིན་ཅི་ལོག་པའི་ལྟ་བའམ་ལོག་ལྟ་ཡིན། ཕྱོགས་གཞན་ཞིག་ནས་དེའི་ལྡོག་ཕྱོགས་ཀྱི་ལྟ་བ་སྟེ། དངོས་པོ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་འཛིན་པའི་སྒོ་ནས་གཉེན་པོ་བསྟེན་པ་དང་། ང་ཚོ་དེ་ལ་ཡང་ནས་ཡང་དུ་གོམས་པར་བྱེད་ཅིང་། ཡང་དག་པའི་ལྟ་བ་ལ་ག་ཚོད་གོམས་པར་གྱུར་ན་དེ་ཚོད་ཀྱིས་ང་ཚོའི་རྒྱུད་ཀྱི་མ་རིག་པ་ཆུང་དུ་འགྲོ་བ་ཡིན། 

ང་ཚོའི་སེམས་རྒྱུད་ཀྱི་མ་རིག་པའི་དྲི་མ་ནི་ཡུད་ཙམ་ལས་མི་གནས་པའི་མི་རྟག་པ་ཡིན་པས་མེད་པ་བཟོ་ཐུབ། རང་བཞིན་གྱིས་གྲུབ་པར་འཛིན་པའི་མ་རིག་པ་དང་རང་བཞིན་གྱིས་མ་གྲུབ་པར་རྟོགས་པ་གཉིས་ནི་ཡུལ་གཅིག་ལ་དམིགས་པ་ཡིན། དེ་འདྲ་སོང་བ་ཡིན་ཙང། ང་ཚོ་ལ་དེ་གཉིས་ལས་གཅིག་ཡོད་པའི་གནས་སྐབས་སུ་དུས་གཅིག་ཏུ་གཞན་པ་དེ་གྲུབ་མི་ཐུབ། དེ་ལྟར་འདི་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་མ་རིག་པའི་གཉེན་པོར་བྱེད་པ་ཡིན། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ང་ཚོའི་རྒྱུད་ཀྱི་འདོད་ཆགས་དང་ཞེ་སྡང་རྣམས་སེལ་བ་དང་སྡུག་བསྔལ་ལས་ཐར་པ་འཐོབ་ཀྱི་ཡོད། 

མི་འགའ་ཞིག་གིས་འདོད་ཆགས་དང་ཞེ་སྡང་གཉིས་རང་བཞིན་གྱིས་གྲུབ་པ་དང་སེམས་ཀྱི་རང་བཞིན་གྱི་ཆ་ཤས་ཡིན་པར་བཤད་ཀྱི་ཡོད། དེ་དག་མེད་ན་ཁོང་ཚོས་གང་ཟག་དེ་ཕལ་ཆེར་གསོན་པོར་གནས་མེད་པ་འདྲ་པོ་བཤད་ཀྱི་ཡོད། གལ་ཏེ་འདི་ཚོ་སེམས་ཀྱི་རང་བཞིན་ཡིན་ན། ང་ཚོས་སེམས་ཀྱི་རང་བཞིན་དུ་གསལ་ཞིང་རིག་པ་ཙམ་དུ་ཁས་ལེན་པ་བཞིན་འདོད་ཆགས་དང་ཞེ་སྡང་ལྟ་བུའི་ཚོར་བ་རྣམས་དུས་རྟག་ཏུ་ང་ཚོར་ཡོད་དགོས་པ་ཞིག་ཡིན། ཡིན་ནའང་། ང་ཚོ་ཁོང་ཁྲོ་ཟ་བ་ཡིན་ནའང་དེ་ཞི་འཇམ་བཟོས་ནས་འདུལ་ཐུབ་པ་དང་དེ་རྟག་ཏུ་གནས་ཀྱི་མེད་པ་མཐོང་གི་ཡོད། དེར་བརྟེན། འདི་ཚོ་ང་ཚོའི་མི་ཚེའི་རང་བཞིན་གྱི་ངོ་བོ་དང་འདོད་ཆགས་དང་ཞེ་སྡང་གཉིས་སེམས་ཀྱི་རང་བཞིན་གྱིས་གྲུབ་པར་བལྟ་བ་ནི་ལོག་ལྟ་ཡིན། 

ང་ཚོར་བདེན་པ་གཉིས་མཐོང་བར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དགོས། མཐར་ཐུག་གཏིང་ཟབ་པའི་ལྟ་བར་གཞིགས་ན། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བ་ཡིན་པ་དང་ཡིན་ཡང་། འཇིག་རྟེན་ཀུན་རྫོབ་གྱི་དབང་དུ་རྟེན་ཅིང་འབྲེལ་བར་བྱུང་བ་ནི་ནམ་ཡང་མི་བསླུ་བ་ཡིན། འདི་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་པ་དང་དེ་འཐོབ་པ་ལ། དེའི་གཞི་རྟེན་དུ་གྱུར་ཞིང་སེམས་རྣམ་པར་མི་གཡེང་བའི་ཆེད་དུ་ང་ཚོས་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པར་བརྟེན་དགོས། དེ་ལ་དགེ་འདུན་པ་དང་ཁྱིམ་པ་མི་སྐྱ་སུ་འདྲ་ཞིག་ཡིན་ཡང་། འདི་ཉིད་ཐོབ་པར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པར་བརྟེན་དགོས། དཔེར་ན། ཁྱིམ་པའི་སྡོམ་པ་ལ་དགེ་བསྙེན་གྱི་སྡོམ་པ་ལྔ་ཡོད་པས། མ་མཐར་ཡང་འདི་ཚོ་བསྲུང་རྒྱུ་ནི་གལ་ཆེན་པོ་ཡིན། དེར་བརྟེན་ང་ཚོས་ལྷག་པའི་བསླབ་པ་གསུམ་ཉམས་ལེན་བྱེད་དགོས་ཀྱི་ཡོད། 

དེ་ནས་ང་ཚོར་གཞུང་འདིའི་སྐྱེས་བུ་ཆེན་པོའི་ཀུན་སློང་གི་རིམ་པ་དང་འབྲེལ་བའི་ཁྲིད་ལ།

བྱང་ཆུབ་ཀྱི་སེམས་སྐྱེད་ཚུལ།

༡༠༽ ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཡི།། མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ།། དེ་ཕྱིར་མཐའ་ཡས་སེམས་ཅན་བསྒྲལ་བྱའི་ཕྱིར།། བྱང་ཆུབ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ང་ཚོ་ནང་བཞིན་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། སེམས་ཅན་གཞན་གྱི་གྲངས་ཀ་ནི་རྫོགས་རྒྱུ་མེད་པ་ཡིན་པས། གལ་ཏེ་ང་ཚོས་ཁོང་ཚོར་སྣང་མེད་དུ་འཇོག་པ་དང་སོ་སོའི་དོན་ཁོ་ནར་བསམ་བསྡད་པ་ཡིན་ན། ཧ་ལས་པའི་ཐབས་སྐྱོ་པོ་ཡིན་མ་ཟད། དྲང་པོ་ཡང་མིན་པ་ནི་བརྗོད་མི་དགོས་པ་ཞིག་ཡིན། ང་ཚོས་ཕྱོགས་གཅིག་ལ་སོ་སོ་རང་ཉིད་འཇོག་པ་དང་ཕྱོགས་གཞན་དུ་སེམས་ཅན་ཐམས་ཅད་འཇོག་དགོས། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་ཞིང། ཁྱད་པར་ནི་ང་ཚོ་གཅིག་ཡིན་་པ་དང་ཁོང་ཚོ་གྲངས་ཀྱི་མི་ལངས་པ་ཡིན། དེ་འདྲ་ཡིན་པ་སོང་ཙང། སེམས་ཅན་མཐའ་ཡས་པའི་བདེ་སྡུག་ཡལ་བར་དོར་ཏེ་གང་ཟག་གཅིག་གི་བདེ་བར་ཕྱོགས་ལྷུང་བྱས་པ་དེ་སུས་དྲང་པོའམ་རྒྱུ་མཚན་ལྡན་པ་མཐོང་ངམ། 

བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གཞན་གྱི་དོན་ཁོ་ན་བྱེད་ཀྱི་ཡོད། ཁོང་ཚོར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་བཤད་མི་དགོས་པ་ཡིན་པ་མ་ཟད། ལམ་དུ་ཞུགས་པའི་སྐབས་སེམས་མི་བདེ་བ་ཆགས་ཀྱི་མེད། ཁོང་ཚོས་སེམས་ཅན་གཞན་གྱི་ཆེད་ཇི་ཙམ་དཀའ་ལས་མང་བ་རྒྱག་པ་དེ་ཙམ་གྱིས་སོ་སོ་བློས་མང་བ་བཏང་གི་ཡོད་པ་དང་། དེ་ལ་བརྟེན་ནས་བདེ་བ་མང་བ་ཡོང་གི་ཡོད་པས། སེམས་ཅན་གྱི་དོན་གྲུབ་པར་དེ་ལས་དཀའ་ལས་ཤུགས་ཆེ་བ་རྒྱག་པར་སེམས་ཤུགས་སྤར་གྱི་ཡོད། ཡིན་ནའང། ང་ཚོ་སོ་སོའི་དོན་ཁོ་ནར་འབད་པ་དང་གཞན་ཡལ་བར་དོར་ན། སྡུག་བསྔལ་དང་འདོད་བློ་མི་ཁེངས་པ་དང་སེམས་ཤུགས་ཆག་པ་རྐྱང་རྐྱང་ཡོང་གི་རེད། དེ་ཡ་མཚན་པོ་ཡིན་ཡང་དེ་ལྟར་ཡིན། དེར་བརྟེན། ང་ཚོ་རང་གཅེས་འཛིན་གྱི་བློ་ཉུང་དུ་བཏང་ནས་གང་ཐུབ་ཅི་ཐུབ་ཀྱིས་གཞན་གཅེས་པར་འཛིན་པའི་བློ་དེ་མང་དུ་སྤེལ་ཐབས་བྱེད་དགོས། དེ་ལྟར་བྱས་ན། ང་ཚོ་བདེ་སྐྱིད་མང་བ་ཡོད་མཁན་གྱི་མི་ཞིག་ཆགས་ཀྱི་རེད།  

གལ་ཏེ་ང་ཚོས་སྤྱོད་འཇུག་ནང་དུ་གསལ་པ་བཞིན་གཞན་དོན་ཁོ་ནར་ལས་དོན་སྒྲུབ་བཞིན་ཡོད་ན། ང་ཚོ་སྐྱེ་བ་གང་དུའམ་གནས་སྟངས་གང་འདྲ་ཞིག་ཏུ་སྐྱེ་བར་སྐྲག་སྣང་ཡོང་གི་མ་རེད། ང་ཚོ་གང་དུ་གནས་ཀྱང་གཞན་ལ་ཕན་འདོགས་པའི་ལས་ཀ་བྱེད་ཀྱི་རེད། སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་ནང་གཞན་དོན་ཁོ་ནར་གོམས་པ་དང་རང་དོན་ཡལ་བར་དོར་བ་ནི་སངས་རྒྱས་གོ་འཕང་ཐོབ་པའི་ལམ་ཡིན་ཞེས་ནན་བཤད་མཛད་ཡོད། 

ང་ཚོ་ཐེག་པ་ཆེན་པོ་ཡིན་ཟེར་གྱི་ཡོད་ཀྱང་། རྗེ་ཙོང་ཁ་པས། ང་ཚོ་ཐེག་ཆེན་པོ་ཆགས་པར་ཐེག་ཆེན་གྱི་གཤིས་སྤྱོད་དང་མཐུན་པའམ་ཐེག་ཆེན་གྱི་མཚན་ཉིད་ཚང་དགོས། ཤེས་གསུངས་ཡོད། དེ་འདྲ་ཡིན་པ་སོང་ཙང། ང་ཚོ་གཞན་དོན་སྒྲུབ་དགོས། གལ་ཏེ་ང་ཚོར་ཕན་པའི་ལམ་འཚོལ་བ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ན། སེམས་ཅན་གཞན་གྱི་དོན་རང་བཞིན་གྱིས་འགྲུབ་པ་ཆགས་ཀྱི་རེད། དེ་འདྲ་ཡིན་པ་སོང་ཙང། ང་ཚོ་གང་ཐུབ་ཅི་ཐུབ་ཀྱིས་ཐེག་པ་ཆེན་པོའི་བསླབ་པ་དང་ཉམས་ལེན་གྱི་རྗེས་སུ་འཇུག་དགོས། ཤེས་སོང་ངམ། 

འོ་ན་བྱང་ཆུབ་སེམས་དཔའ་ཟེར་ན་གང་རེད། ངས་སངས་རྒྱས་ཀྱི་གོ་དོན་འགྲེལ་བཤད་བརྒྱབ་པ་ནང་བཞིན། ལེགས་སྦྱར་ཀྱི་སྐད་དུ་བོ་དྡྷི་ཟེར་བ་དེར་བོད་སྐད་དུ་ “བྱང་ཆུབ་” ཅེས་པའི་དོན་ཡིན། ཚིག་དང་པོ་བྱང་ཟེར་ན་སྐྱོན་སེལ་བ་དང་། ཚིག་གཉིས་པ་ཆུབ་ཟེར་ན་ཡོན་ཏན་ཡོངས་རྫོགས་ཐོབ་པ་ལ་གོ་བ་ཡིན། སྤྱིར་བྱང་ཆུབ་བམ་དག་པའི་ས་གཉིས་ཡོད་པ་དང་འདིར་དགྲ་བཅོམ་པ་ཆུང་བའི་གོ་འཕང་ལ་མི་གོ་བར་དེ་ལས་ལྷག་པའི་སངས་རྒྱས་ཀྱི་གོ་འཕང་ལ་གོ་གི་ཡོད། ལེགས་སྦྱར་སྐད་དུ་ས་ཏྭ་ཞེས་པ་ནི་བོད་སྐད་དུ་ “སེམས་དཔའ་” ཞེས་བསྒྱུར་ཡོད། དེའི་དོན་ནི་སེམས་ཅན་ནམ་སེམས་དང་ལྡན་པ་གང་ཞིག་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པའི་གང་ཟག་ལ་ཟེར། 

དེ་འདྲ་ཡིན་པ་སོང་ཙང། ང་ཚོར་དམིགས་ཡུལ་གཉིས་ཀ་མཉམ་དུ་དགོས་ཀྱི་ཡོད། ང་ཚོས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་དམིགས་དགོས་པ་དང་། དེ་ལྟར་གྲུབ་པར་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་དགོས། དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་པ་དང་འདི་ནི་ང་ཚོའི་རྒྱུད་དུ་བསྐྱེད་དགོས་པ་ཡིན། དེ་ཇི་ལྟར་སྐྱེད་པར་བྱེད་དགོས་སམ་ཞེ་ན།

བདག་གཞན་མཉམ་བརྗེ།

༡༡༽ སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང།། རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས།། དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག།། ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། སོ་སོའི་བདེ་བ་ཁོ་ནར་འདོད་ཀྱང་སྡུག་བསྔལ་ཡོངས་རྫོགས་གང་འདྲ་ཡོང་གི་ཡོད་དམ། རང་ཉིད་གཅེས་པར་འཛིན་པའི་འདོད་པ་དེས་རང་དོན་འགྲུབ་པར་མི་དགེ་བའི་ལས་ཧ་ཅང་མང་པོ་བྱས་པར་བརྟེན་ང་ཚོའི་སྡུག་བསྔལ་མྱོང་གི་ཡོད། ཕྱོགས་གཞན་ནས་སངས་རྒྱས་ཀྱི་གོ་འཕང་ནི་གཞན་དོན་བསྒྲུབས་པ་ལས་ཡོང་གི་ཡོད། དེ་འདྲ་ཡིན་པ་སོང་ཙང། ང་ཚོའི་བསམ་བློའི་འཁྱེར་སོ་དེ་བརྗེ་ལེན་བྱེད་དགོས་པ་དང་། རང་ཉིད་བདེ་བ་ཁོ་ན་འདོད་པ་དང་གཞན་གྱི་སྡུག་བསྔལ་སྣང་མེད་དུ་མི་འཇོག་པར་གཞན་གྱི་བདེ་བ་ཁོ་ནར་འདོད་པ་དང་རང་ཉིད་སོ་སོ་ཡལ་བར་འདོར་དགོས་ཀྱི་ཡོད། 

དེ་ལྟར་བྱེད་པ་ལ། ང་ཚོས་གཞན་གྱི་སྡུག་བསྔལ་ཚུར་ལེན་པ་དང་སོ་སོའི་བདེ་བ་གཞན་ལ་སྤྲོད་པའི་ “གཏོང་ལེན་” གྱི་ཉམས་ལེན་བྱེད་དགོས། དེ་ལྟར་ཡོང་བར་ཧ་ཅང་ལེགས་ཞིང། ཕན་ཐོགས་ཆེ་བའི་སྒོམ་གྱི་དམིགས་རྣམ་བྱེད་ཚུལ་ཞིག་ཡོད། ང་ཚོ་རང་ཉིད་སྐྱེ་བོ་ཐ་མལ་པ་ཞིག་ཏུ་སྒོམ་སྟེ། གཡས་ཕྱོགས་སུ་རང་འདོད་དོན་གཉེར་དང་སོ་སོ་ཁོ་ནར་བདེ་བ་འདོད་པ་ཞིག་དམིགས་རྣམ་དུ་བྱེད་དགོས། གཡོན་ཕྱོགས་སུ་སེམས་ཅན་གྲངས་མེད་པའི་བདེ་བ་འདོད་པ་རྣམས་དམིགས་རྣམ་དུ་བྱེད་དགོས། དེ་ནས་ང་ཚོས་སོ་སོའི་སེམས་ཀྱི་དཔང་པོར་ལངས་ནས། “རང་འདོད་དོན་དུ་གཉེར་མཁན་གྱི་གང་ཟག་འདི་དང་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་མཁན་གཉིས་ལས་གལ་ཆེ་བ་གང་ཡིན་ནམ་” ཞེས་ཐག་གཅོད་བྱེད་དགོས། ང་ཚོས་རང་འདོད་དོན་གཉེར་ཅན་གྱི་གང་ཟག་དང་བདེ་བའི་ཐོབ་ཐང་གཅིག་པ་ཡོད་པའི་ཉམ་ང་བའི་སེམས་ཅན་ཐམས་ཅད་གཉིས་ལས་སུའི་ཕྱོགས་སུ་རྒྱབ་སྐྱོར་གྱིས་འཇུག་འདོད་ཡོད་པའི་ཐད་བསམ་བློ་གཏོང་དགོས། འདི་ལྟ་བུའི་ཉམས་ལེན་དང་སྤྱོད་འཇུག་ནང་གསལ་བའི་ཉམས་ལེན་གཞན་རྣམས་ནི་ཧ་ཅང་གྱི་ཕན་ཡོན་ཆེན་པོ་ཡིན།

བྱང་ཆུབ་སེམས་དཔའི་སྤྱོད་པ། གནོད་པ་ལ་གདོང་ལེན་བྱེད་ཐབས།

༡༢༽ སུ་དག་འདོད་ཆེན་དབང་གིས་བདག་གི་ནོར།། ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ནའང།། ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས།། དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ད་ང་ཚོས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་རེད། ཡིན་ནའང་། སངས་རྒྱས་ཀྱི་གོ་འཕང་འཐོབ་པར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་དགོས། གལ་ཏེ་གང་ཟག་ཞིག་གིས་ང་ཚོའི་ཅ་ལག་བརྐུས་ན་ཁོང་ཁྲོ་སྐྱེ་བའི་ཉེན་ཁ་ཡོད། ཡིན་ནའང་། ང་ཚོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཉམས་ལེན་བྱེད་ཀྱི་ཡོད་ན། ང་ཚོས་ཚང་མ་གཞན་ལ་བློས་གཏོང་གི་ཡོད་པས། རྐུན་མ་དེར་ང་ཚོའི་ལོངས་སྤྱོད་དེ་སྔ་ས་ནས་དག་ཚར་བ་ཡིན། དོན་དངོས་སུ་རྒྱུ་ནོར་དེ་དག་ཁོ་རང་གི་ཡིན་པ་སོང་ཙང་། ཁོས་ད་ལྟ་བརྐུས་པ་རེད། དེ་འདྲ་ཡིན་པ་སོང་ཙང་། ང་ཚོས་ཁོང་གིས་དངོས་པོ་བརྐུས་པའམ། ཡང་ན་མི་དེས་བརྐུས་སོང་བསམ་པ་ཙམ་མིན་པར། དེ་ལས་ལྷག་པའི་ང་ཚོའི་གཟུགས་དང་དུས་གསུམ་གྱི་དགེ་བ་ཡོངས་རྫོགས་ཁོང་གི་ཆེད་དུ་བསྔོ་བ་བྱེད་དགོས།

༡༣༽ བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ།། གང་དག་བདག་གི་མགོ་བོ་གཅོད་བྱེད་ནའང།། སྙིང་རྗེའི་དབང་གིས་དེ་ཡི་སྡིག་པ་རྣམས།། བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། གལ་ཏེ་གཞན་གྱིས་སོ་སོར་གནོད་པ་བྱེད་ཀྱི་ཡོད་ན། ང་ཚོས་དེའི་ཕྱོགས་སུ་སྙིང་རྗེ་སྐྱེ་དགོས་པ་དང་གཞན་གྱི་གནོད་པ་ཐམས་ཅད་དང་ལེན་བྱེད་དགོས།

༡༤༽ འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ།། སྟོང་གསུམ་ཁྱབ་པར་སྒྲོག་པར་བྱེད་ན་ཡང།། བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི།། ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། གཞན་གྱིས་ང་ཚོར་མི་སྙན་པ་སྒྲོག་པའམ་ཚུལ་མིན་གྱི་ཁ་རྡུང་གཏོང་བའི་སྐབས། ང་ཚོས་དེ་ལ་ཡ་ལན་ངན་པ་སྤྲད་པ་མཚམས་འཇོག་དགོས། ཕར་ལ་སྐད་ཆ་ངན་པ་ནམ་ཡང་ཤོད་རྒྱུ་མེད་པར། ཞི་བ་ལྷས་སྤྱོད་འཇུག་ནང་དུ་གསུངས་པ་ནང་བཞིན་ཕར་བརྩེ་བའི་སྒོ་ནས་སྐད་ཆ་ཤོད་དགོས།

༡༥༽ འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས།། མཚང་ནས་བྲུས་ཤིང་ཚིག་ངན་སྨྲ་ན་ཡང།། དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས།། གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། གཞན་གྱིས་ང་ཚོར་མི་མང་པོའི་མདུན་དུ་ངོ་ཚ་པོའམ་ཁ་སྐྱེངས་པོ་བཟོས་པ་ཡིན་ནའང་། བློ་སྦྱོང་གི་ནང་ཐབས་བསྟན་པ་ནང་བཞིན་བྱེད་དགོས། གལ་སྲིད་གཞན་གྱིས་དམའ་འབེབས་བྱེད་པའམ་སྐྱོན་སྟོན་པ་རྣམས་དོན་དམ་པར་ང་ཚོའི་དགེ་རྒན་ཡིན། བྱས་ཙང། ང་ཚོས་ཁོང་ཚོར་སོ་སོའི་སྐྱོན་རྣམས་ཤེས་སུ་འཇུག་པར་ཐུགས་རྗེ་ལེགས་འབུལ་ཞུ་དགོས་པ་དང་ཁོང་ཚོར་གུས་ཞབས་བྱེད་དགོས།

༡༦༽ བདག་གིས་བུ་བཞིན་གཅེས་པར་བསྐྱངས་པའི་མིས།། བདག་ལ་དགྲ་བཞིན་ལྟ་བར་བྱེད་ནའང།། ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ།། ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ཕྲུག་གུ་སྤྱོད་པ་འཚུབ་པོ་ཡོད་ཀྱང་། ནད་པ་ཆགས་དུས་ཕྲུག་གུ་དེའི་གཤིས་ཀ་ཇི་ཙམ་སྡུག་པོ་ཡོོད་ཀྱང་། ཨ་མས་ཁོང་ལ་ད་དུང་བརྩེ་བ་སྤྲོད་ཀྱི་ཡོད། ང་ཚོས་སེམས་ཅན་ཐམས་ཅད་ལ་འདི་ལྟར་ལྟ་ཚུལ་འཛིན་དགོས།

༡༧༽ རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས།། ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང།། བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི།། སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། གཞན་གྱིས་ང་ཚོར་འགྲན་ཐབས་བྱེད་པའི་སྐབས་སུའང་གཅིག་པ་རེད། ང་ཚོའི་རྒྱུད་ལ་བཟོད་པ་བསྐྱེད་དགོས། སྤྱོད་འཇུག་ནང་གསལ་བ་བཞིན། གལ་ཏེ་ང་ཚོར་དགྲ་བོ་མེད་ན་བཟོད་པ་བསྐྱེད་མི་ཐུབ། དེ་འདྲ་ཡིན་པ་སོང་ཙང། བཟོད་པའི་སེམས་འདི་ཡོང་བར་རླུང་ལངས་སའི་གང་ཟག་ཞིག་དགོས། ང་ཚོའི་སེམས་འདི་བླ་མའམ་སངས་རྒྱས་སུ་དམིགས་ཏེ་བཟོད་པ་བསྐྱེད་མི་ཐུབ། ང་ཚོར་དམིགས་སའི་ཡུལ་དུ་དགྲ་བོ་ཞིག་དགོས། 

དཔེར་ན། ང་རང་ཉིད་ལ་བསམ་བློ་བཏང་བ་ཡིན་ན། གང་ཟག་ཅིག་གིས་ཏཱ་ལའི་བླ་མ་ནི་སྐྱབས་བཅོལ་བ་སྐྱོ་བོ་ཞིག་ཡིན་ཚུལ་ལ་སོགས་པ་གསར་ཤོག་ནང་བྲིས་པའམ་འབོད་ཀྱི་ཡོད་ན། གལ་ཏེ་ངོས་ནས་ཉམས་ལེན་ཡང་དག་པ་བྱེད་ཀྱི་ཡོད་ན། གང་ཟག་དེར་ངས་བཟོད་པ་སྒོམ་ཐབས་བྱེད་ཀྱི་རེད། ང་ཚོར་བཟོད་པ་ཉམས་ལེན་བྱེད་པར་དགེ་བའི་བཤེས་གཉེན་ཞིག་དགོས་པ་བཞིན་དགྲའམ་རང་ཉིད་ལ་མི་དགའ་མཁན་གྱི་གང་ཟག་དེ་ནི་བཟོད་པའི་དགེ་རྒན་གལ་ཆེན་པོ་ཞིག་ཡིན། 

ང་ཚོས་དེའི་ཐོག་བསམ་བློ་མང་ཙམ་བཏང་བ་ཡིན་ན། དགྲ་བོ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་ཤེས་ཀྱི་རེད། མ་རེད་པས། གལ་ཏེ་ང་ཚོས་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་བྱེད་ཀྱི་ཡོད་ན། བཟོད་པ་བྱེད་དགོས་པ་དང་དཀའ་རྙོག་ཅན་གྱི་གནས་སྟངས་ལ་བཟོད་པ་སྒོམ་ཐུབ་པ་དགོས། ང་ཚོའི་དགྲ་བོ་མེད་པར་ཐེག་པ་ཆེན་པོའི་ཆོས་གང་འདྲ་ཉམས་ལེན་བྱེད་ཐུབ་བམ། མདོར་ན། ང་ཚོའི་བདག་གཞན་མཉམ་བརྗེ་ཉམས་ལེན་བྱེད་པའི་སྐབས་ཚོད་ལྟ་དང་གོད་ཆག །དེ་བཞིན་གནས་སྟངས་དཀའ་ལས་ཁག་པོ་དེ་འདྲ་མང་པོ་དགོས་པ་ཡིན། དེར་བརྟེན་དགྲ་བོའམ་བཅུན་ཁག་པོ་དང་ཡིད་བསུན་པོ་བཟོ་མཁན་གྱི་གང་ཟག་རྣམས་ནི་ཧ་ཅང་གལ་ཆེན་པོ་དང་རྩ་ཆེན་པོ་ཡིན།

ཆོས་ཉམས་ལེན་སྐབས་སུ་མཁོ་བའི་གནད་འགག་ཅན་གྱི་གནས་སྟངས་གཉིས།

༡༨༽ འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡིས་བརྙས།། ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར།། འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང།། ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ཆོས་ཉམས་ལེན་བྱེད་པའི་སྐབས་ཛ་དྲག་དང་གནད་འགག་ཅན་གྱི་གནས་སྟངས་གཉིས་ཡོད། གཅིག་ནི་རྒྱུ་སྔ་མའི་རྐྱེན་གྱིས་ང་ཚོར་གནས་སྟངས་དཀའ་ངལ་ཆེན་པོ་དང་སྐྱོ་པོའི་ནང་གནས་དགོས་པ་དང་། དེ་ལ་བརྟེན་ནས་ང་ཚོ་སེམས་ཤུགས་ཆག་གི་ཡོད། གཞན་ཞིག་ནི་ང་ཚོ་ཧ་ཅང་སྐྱིད་པོ་དང་ཕྱུག་པོ་ཡིན་པའི་སྐབས་སུ། དེས་ང་ཚོ་ཁེངས་དྲེགས་དང་ང་རྒྱལ་ཅན་ཆགས་ཀྱི་ཡོད་པ་བཅས་ཡིན། 

ང་ཚོའི་གནས་སྟངས་དེ་གཉིས་ཀར་གཟབ་གཟབ་བྱེད་དགོས། དཔེར་ན། གལ་ཏེ་ང་ཚོ་དཔེ་ན་གི་ཡོད་ན། བདག་གཞན་མཉམ་བརྗེ་དང་གཏོང་ལེན་བསྒོམ་ན། ང་ཚོ་ནད་པ་ཡིན་པ་དེར་དགའ་ཚོར་ཡོང་གི་རེད། དོན་དངོས་སུ། གཞན་གྱི་ནད་དང་སྡུག་བསྔལ་རྣམས་རང་ཉིད་ཀྱིས་དང་དུ་ལེན་པར་འདོད་ཀྱི་རེད།

༡༩༽ སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད།། རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང།། སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས།། ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། འདི་ནི་མཐའ་གཞན་དེ་རེད། ཧ་ཅང་ཉེན་ཚབས་ཅན་གྱི་མཐའ་ཞིག་རེད། གལ་ཏེ་ང་ཚོ་ཧ་ཅང་སྙན་གྲགས་ཆེ་བ་དང་གནས་སྟངས་ཚང་མ་ཡག་པོ་འགྲོ་བསྡད་ཡོད་ན། དེ་ནས་ང་ཚོས་དེ་ལ་སྤོབས་པ་དང་། ལེ་ལོ། ཁེངས་དྲེགས་བྱེད་སྲིད་པ་རེད། དེས་ང་ཚོའི་ཉམས་ལེན་ལ་འགོག་རྐྱེན་སྤྲོད་ཀྱི་ཡོད་པས། ང་ཚོས་འཇིག་རྟེན་གྱི་དཔལ་འབྱོར་ཕུན་ཚོགས་ལ་སྙིང་པོ་མེད་པར་བལྟ་དགོས།

ཞེ་སྡང་དང་འདོད་ཆགས་ལས་ཐར་ཚུལ།

༢༠༽ རང་གི་ཞེ་སྡང་དགྲ་བོ་མ་ཐུལ་ན།། ཕྱི་རོལ་དགྲ་བོ་བཏུལ་ཞིང་འཕེལ་བར་འགྱུར།། དེ་ཕྱིར་བྱམས་དང་སྙིང་རྗེའི་དམག་དཔུང་གིས།། རང་རྒྱུད་འདུལ་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ཁོང་ཁྲོ་ལས་སྡུག་པའི་དགྲ་བོ་མེད། གལ་ཏེ་ང་ཚོས་ལོ་རྒྱུས་སུ་བཀོད་པའི་འཛམ་གླིང་དམག་ཆེན་གཉིས་པའི་བྱུང་རབས་ལ་བལྟས་ན། ང་ཚོས་དོན་རྐྱེན་འདི་ཚང་མ་ཁོང་ཁྲོ་དང་ཞེ་སྡང་ལས་བྱུང་བ་ཤེས་ཐུབ། དུས་དེར་ནུབ་ཕྱོགས་པ་དང་ཨུ་རུ་སུ་གཉིས་མཐུན་ཕྱོགས་རྒྱལ་ཁག་ཆགས་ནས་དམག་ཆེན་དེར་ཁོང་ཚོར་རྒྱལ་ཁ་ཐོབ་ཀྱང་། སོ་སོའི་ཞེ་སྡང་ལས་རྒྱལ་ཁ་ཐོབ་མེད་སྟབས། ཁོང་ཚོའི་སེམས་ནང་ད་དུང་དུག་འདི་ལྷག་ཏེ། ནུབ་ཕྱོགས་པར་དགྲ་ལྟར་འཛིན་ནས་ཁ་གཏད་བྱེད་ཀྱི་ཡོད། གལ་ཏེ་མ་འོངས་པར་དམག་འཁྲུག་ཡང་བསྐྱར་བྱུང་བ་ཡིན་ན། ཁོང་ཁྲོ་དང་ཞེ་སྡང་རྐྱེན་གྱིས་འབྱུང་གི་རེད། ཡིན་ནའང་། ང་ཚོའི་ཞི་བ་བདེ་སྐྱིད་གཉིས་འདོད་ཀྱི་ཡོད་ན། མི་དགེ་བའི་བསམ་པ་མེད་པ་མ་བཟོས་པར་ཡོང་ཐབས་མེད་པ་རེད། ང་ཚོའི་རྒྱུད་ལ་བྱམས་སྙིང་རྗེ་ཁོ་ན་བསྐྱེད་པ་ལས་ཞི་བ་དང་བདེ་སྐྱིད་གཉིས་འབྱུང་བ་ཡིན། དེར་བརྟེན། ང་ཚོའི་ཞེ་སྡང་ལས་ཐར་བའི་ཆེད་དུ་བྱམས་དང་སྙིང་རྗེའི་དྲག་རྩལ་ལྟ་བུར་སྦྱོང་བརྡར་བྱེད་དགོས།

༢༡༽ འདོད་པའི་ཡོན་ཏན་ལན་ཚྭའི་ཆུ་དང་འདྲ།། ཇི་ཙམ་སྤྱད་ཀྱང་སྲེད་པ་འཕེལ་བར་འགྱུར།། གང་ལ་ཞེན་ཆགས་སྐྱེ་བའི་དངོས་པོ་རྣམས།། འཕྲལ་དུ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ང་ཚོའི་དངོས་པོ་གང་ཞིག་ལ་ཡིད་དབང་འཕྲོག་ཀྱང་། དེ་ལ་ནམ་ཡང་འདོད་པ་ཚིམ་གྱི་མེད། ང་ཚོར་འདོད་བློ་ཁེངས་པ་ཞིག་རྩ་ནས་མེད། དབུ་མ་རིན་ཆེན་ཕྲེང་བའི་ནང་གསལ་བ་བཞིན་འདི་ནི་ལན་ཚྭའི་ཆུ་འཐུང་བ་དང་འདྲ་བར་ག་ཚོད་འཐུང་ནའང་སྐོམ་པ་གསོས་ཀྱི་མེད། དཔེར་ན། ང་ཚོ་རྨ་ཡོད་པ་ཡིན་ན། ང་ཚོས་དེར་སྦར་ཤད་བརྒྱབ་ན་སྐྱིད་པོ་ཡོང་གི་རེད། ཡིན་ནའང། ཚོར་བ་བདེ་བ་དེར་ཆགས་ཏེ་ཡང་ནས་ཡང་དུ་དྲེད་ཚེ་རྨ་ཇེ་སྡུག་ཏུ་འགྲོ་གི་རེད། དེས་རྨ་ཁ་ཆགས་པ་དང་། ཁྲག་འདོན་འགོ་འཛུགས་པ། གཉན་ཁ་རྒྱས་ནས་སྡུག་བསྔལ་ཡོང་གི་རེད། རྨ་ཁ་གསོ་བའི་ཐབས་ལམ་ཡག་ཤོས་ནི་འབར་ཤད་རྒྱག་རྒྱུའི་འདོད་པ་རྩ་བ་ནས་མ་སྐྱེས་བར་རྨ་ཁའི་རྩ་བ་དེ་ནས་བཅོས་རྒྱུ་དེ་ཡིན།

དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ། སྟོང་ཉིད་རྟོགས་པ།

༢༢༽ ཇི་ལྟར་སྣང་བ་འདི་དག་རང་གི་སེམས།། སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ།། དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས།། ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། འདི་ནི་དབུ་མ་རང་རྒྱུད་པའི་འདོད་ཚུལ་ལ། ཀུན་རྫོབ་ཏུ་གྲུབ་ཀྱང་དོན་དམ་པར་གྲུབ་མེད་ཅེས་བཤད་པ་ལྟར་སྣང་ཡང་། མཐའ་གཅིག་ཏུ་དེ་ལྟར་ཡིན་མི་དགོས། འདིར་སྣང་བ་རྣམས་ “རང་གི་སེམས་ནས་བྱུང་བར་” བཤད་པའི་སྐབས་སུ། དེའི་དོན་ནི་འདི་སེམས་རྒྱུད་དུ་བསགས་པའི་ལས་ཀྱི་ཐོག་ནས་བྱུང་བའི་སྣང་བ་ཐམས་ཅད་སེམས་ནས་བྱུང་གི་ཡོད་པའི་དོན་ཡིན། ཐོག་མ་ཉིད་ནས་སེམས་འདི་ཉིད་རང་བཞིན་གྱིས་གྲུབ་པའི་མཐའ་དང་བྲལ་བ་ཡིན། 

གལ་ཏེ་ང་ཚོས་འདི་རྟོགས་པ་ཡིན་ན། དེ་ནས་ང་ཚོས། “སྟོང་ཉིད་རྟོགས་པའི་བློ་ “འདི་” རེད། “དེ་” སྟོང་ཉིད་རྟོགས་པའི་བློའི་ཡུལ་རེད་” ཅེས་ཡིད་ལ་བྱེད་ཀྱི་མ་རེད། དེ་ལས་ལྡོག་སྟེ། ང་ཚོས་སོ་སོའི་སེམས་འདི་མེད་དགག་སྟེ། སྟོང་ཉིད་ཀྱི་དབྱིངས་ལ་སེམས་མཉམ་པར་འཇོག་པ་ཙམ་བྱེད་ཀྱི་རེད། སྟོང་པ་ཉིད་ནི་ཆོས་རྣམས་ཡིན་པ་མི་སྲིད་པ་ལས་ཡོངས་སུ་བྲལ་བ་ལ་གོ་བ་ཡིན། འདིར་བཀོད་པའི་ཉམས་ལེན་ནི་དེ་རེད།

༢༣༽ ཡིད་དུ་འོང་བའི་ཡུལ་དང་འཕྲད་པ་ན།། དབྱར་གྱི་དུས་ཀྱི་འཇའ་ཚོན་ཇི་བཞིན་དུ།། མཛེས་པར་སྣང་ཡང་བདེན་པར་མེད་ལྟ་ཞིང།། ཞེན་ཆགས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། དངོས་པོ་རྣམས་འཇའ་ཚོན་ནང་བཞིན་ཧ་ཅང་ཡིད་དུ་འོང་བ་སྣང་གི་ཡོད་ཀྱང་། ང་ཚོས་དེ་དག་རང་བཞིན་གྱིས་མ་གྲུབ་པར་ལྟ་དགོས་པ་དང་དེར་ཆགས་རྒྱུ་མེད།

༢༤༽ སྡུག་བསྔལ་སྣ་ཚོགས་རྨི་ལམ་བུ་ཤི་ལྟར།། འཁྲུལ་སྣང་བདེན་པར་བཟུང་བས་ཨ་ཐང་ཆད།། དེ་ཕྱིར་མི་མཐུན་རྐྱེན་དང་འཕྲད་པའི་ཚེ།། འཁྲུལ་པར་ལྟ་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ང་ཚོས་ཚང་མ་འཁྲུལ་སྣང་དུ་བལྟ་དགོས་པ་དང་མི་མཐུན་པའི་རྐྱེན་ནམ་དཀའ་ངལ་ཅན་གྱི་གནས་སྟངས་བྱུང་དུས་སེམས་ཞུམ་རྒྱུ་མེད། འདི་ཚོ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེད་ཚུལ་གྱི་ཁྲིད་ཡིན། དེའི་རྗེས་སུ་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་གམ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་དེ་རེད།

རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག ༼ཕར་ཕྱིན་དྲུག༽

༢༥༽ བྱང་ཆུབ་འདོད་པས་ལུས་ཀྱང་གཏང་དགོས་ན།། ཕྱི་རོལ་དངོས་པོ་རྣམས་ལ་སྨྲོས་ཅི་དགོས།། དེ་ཕྱིར་ལན་དང་རྣམ་སྨིན་མེ་རེ་བའི།། སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་ཡིན།

༢༦༽ ཚུལ་ཁྲིམས་མེད་པར་རང་དོན་མི་འགྲུབ་ན།། གཞན་དོན་སྒྲུབ་པར་འདོད་པ་གད་མོའི་གནས།། དེ་ཕྱིར་སྲིད་པའི་འདུན་པ་མེད་པ་ཡི།། ཚུལ་ཁྲིམས་སྲུང་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ཚུལ་ཁྲིམས་དང་ལྡན་པ་དགོས་རྒྱུ་ནི་གལ་ཆེ་ཤོས་ཡིན་ཞིང། ཁྱད་པར་དུ་མི་དགེ་བའི་ལས་སྤོང་བའི་ཚུལ་ཁྲིམས་ནི་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོར་ཚུལ་ཁྲིམས་མེད་པར་གཞན་ལ་ཕན་གང་འདྲ་འདོགས་ཐུབ་བམ།

༢༧༽ དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ།། གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས།། དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི།། བཟོད་པ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ང་ཚོར་བཟོད་སྒོམ་ཆེན་པོ་དགོས་ཀྱི་ཡོད། སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཏེ་དགེ་བའི་ལས་སུ་འཇུག་མཁན་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་གནོད་པ་སྐྱེལ་མཁན་དང་དགྲ་བོ་རྣམས་རིན་པོོ་ཆེ་ལྟར་རྩ་ཆེ་བ་ཡིན། འདི་ནི་ཁོང་ཚོ་ལ་བརྟེན་ནས་ང་ཚོས་བཟོད་པ་ཉམས་ལེན་བྱེད་ཐུབ་ཀྱི་ཡོད་ཙང་ཡིན། འདིས་ང་ཚོའི་དགེ་བའི་ནུས་པ་དང་བསོད་ནམས་ཀྱི་ཚོགས་བསགས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་ཀྱི་ཡོད།

༢༨༽ རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང།། མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ན།། འགྲོ་ཀུན་དོན་དུ་ཡོན་ཏན་འབྱུང་གནས་ཀྱི།། བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། འདི་ནི་དགེ་བའི་སྤྱོད་ལམ་ལ་སྤྲོ་སེམས་ཤུགས་དྲག་གིས་བརྩོན་འགྲུས་བསྟེན་པར་གོ། གལ་ཏེ་ཐེག་དམན་ཉམས་ལེན་པ་རྣམ་པས་སོ་སོའི་དམིགས་ཡུལ་བསྒྲུབ་པར་དཀའ་ངལ་ཧ་ཅང་བསྐྱོན་གྱི་ཡོད་ན། ང་ཚོ་ཐེག་ཆེན་པ་སེམས་ཅན་ཐམས་ཅད་ཀྱི་དོན་གྲུབ་མཁན་ཚོས་དེ་ལས་ཀྱང་དཀའ་ལས་མང་བ་རྒྱག་དགོས་པ་ཡིན།

༢༩༽ ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས།། ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ནས།། གཟུགས་མེད་བཞི་ལས་ཡང་དག་འདས་པ་ཡི།། བསམ་གཏན་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། འདི་ནི་མདོ་ལུགས་ལྟར་གྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན། དེ་འདྲ་ཡིན་དུས། ལྷག་མཐོང་གི་གནས་ཁྱད་པར་ཅན་མཐོང་བའི་སྔ་རོལ་དུ་དེ་རྒྱུན་འཛིན་བྱེད་པར་ང་ཚོར་ཞི་ཞིང་དུལ་བའི་ཞི་གནས་ཐོབ་དགོས། དེ་ནས་ཞི་ལྷག་གཉིས་དབྱེར་མེད་ཟུང་དུ་འབྲེལ་བ་ཞིག་ཡོང་གི་རེད།

༣༠༽ ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས།། རྫོགས་པའི་བྱང་ཆུབ་ཐོབ་པར་མི་ནུས་པས།། ཐབས་དང་ལྡན་ཞིང་འཁོར་གསུམ་མི་རྟོག་པའི།། ཤེས་རབ་སྒོམ་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ང་ཚོས་ཐབས་ཁོ་ན་ལ་བརྟེན་ནས་སངས་རྒྱས་མི་ཐུབ། ཐབས་ནི་ཤེས་རབ་མ་ཡིན་པའི་གཞན་ཕ་རོལ་ཏུ་ཕྱིན་པ་ལྔ་ཡིན་ཞིང་། ཤེས་རབ་ཀྱི་ཆ་དེ་ཡང་ང་ཚོར་དགོས་ཀྱི་ཡོད། དེ་འདྲ་སོང་ཙང། ང་ཚོས་ཐབས་ཤེས་གཉིས་ཡ་མ་བྲལ་བར་བྱེད་དགོས། དེ་ག་ནང་བཞིན་ཕ་རོལ་ཏུ་ཕྱིན་འདི་དག་ལ་གཞི་རྟེན་བྱས་པའི་དགེ་བའི་ལས་ག་འདྲ་ཞིག་ཡིན་རུང། དེའི་བྱེད་པ་པོ་དང་། བྱ་བའི་ཡུལ། བྱ་བ་བཅས་འཁོར་གསུམ་རྣམ་པར་མི་རྟོག་པའམ། ཡང་ན་དེ་དག་རང་བཞིན་གྱིས་གྲུབ་པས་སྟོང་པར་རྟོགས་པའི་ཤེས་རབ་ང་ཚོར་དགོས་ཀྱི་ཡོད། 

འདིའི་རྗེས་སུ་ཉིན་རེའི་བྱང་ཆུབ་སེམས་དཔའི་ཉམས་ལེན་རྣམས་ཡིན།

ཉིན་རེའི་བྱང་ཆུབ་སེམས་དཔའི་ཉམས་ལེན།

༣༡༽ རང་གི་འཁྲུལ་པར་རང་གིས་མ་བརྟགས་ན།། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས།། དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་པ་ལ།། བརྟགས་ནས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ཕྱོགས་གཞན་ཞིག་ནས་ང་ཚོས་ཉིན་རེ་བཞིན་སོ་སོའི་རྒྱུད་ཀྱི་ཉོན་མོངས་ལ་རྟག་ཏུ་བརྟག་དཔྱད་བྱེད་དགོས། གང་ཡིན་ཟེར་ན། ཕྱིའི་སྣང་ཚུལ་ལ་ཡང་དག་པ་དང་ཆོས་སུ་འགྲོ་བ་མཐོང་ཡང་དོན་དངོས་སུ་ཆོས་མིན་དུ་འགྱུར་སྲིད་པ་ཞིག་ཡིན།

༣༢༽ ཉོན་མོངས་དབང་གིས་རྒྱལ་སྲས་གཞན་དག་གི། ཉེས་པ་གླེང་ན་བདག་ཉིད་ཉམས་འགྱུར་བས།། ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི། ཉེས་པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་ལྟར། ང་ཚོས་གཞན་གྱི་སྐྱོན་འཚོལ་ཐབས་རང་བསམ་བློ་འཁྱེར་ནས་བལྟ་རྒྱུ་མཚམས་འཇོག་བྱེད་དགོས། ང་ཚོས་གང་ཟག་གཞན་དེ་སུ་ཞིག་ཡིན་པ་དང་རྟོག་པ་ག་ཚོད་ཐོབ་ཡོད་མེད་ནམ་ཡང་ཤེས་ཀྱི་མེད། ཁྱད་པར་དུ་ཐེག་པ་ཆེན་པོའི་ཉམས་ལེན་པ་ཡིན་པའི་ཆ་ནས་ང་ཚོས་གཞན་དོན་ཁོ་ན་འགྲུབ་པའི་སེམས་ལས་གཞན་གྱི་སྐྱོན་དང་ཉེས་པ་འཚོལ་རྒྱུ་མེད།

༣༣༽ རྙེད་བཀུར་དབང་གིས་ཕན་ཚུན་རྩོད་གྱུར་ཞིང།། ཐོས་བསམ་བསྒོམ་པའི་བྱ་བ་ཉམས་འགྱུར་བས།། མཛའ་བཤེས་ཁྱིམ་དང་སྦྱིན་བདག་ཁྱིམ་རྣམས་ལ།། ཆགས་པ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། གལ་ཏེ་ང་ཚོ་སོ་སོའི་སྦྱིན་བདག་དང་སྤུན་མཆེད་ལ་སོགས་པའི་ཁྱིམ་དུ་རྟག་པར་བསྡད་པ་ཡིན་ན། དེ་ཉེན་ཁ་ཆེ་བ་ཡོད། ང་ཚོ་རྩོད་རྙོག་དང་དཀའ་རྙོག་ལ་སོགས་པའི་རྙོག་འཛིངས་ཅན་གྱི་གནས་སྟངས་ནང་དུ་འཚུད་རྒྱུ་ངེས་པ་ཡིན། དེ་འདྲ་ཡིན་པ་སོང་ཙང། ང་ཚོའི་གནས་དེ་ལྟ་བུ་ལ་ཆགས་པ་སྤོང་དགོས།

༣༤༽ རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུག་འགྱུར་ཞིང།། རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་འགྱུར་བས།། དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་བའི།། ཚིག་རྩུབ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། སོ་སོའི་རང་ཉིད་ཀྱི་ཕྱོགས་སུ་ཆགས་པ་དེ་ཁོང་ཁྲོའི་རྩ་བ་ཡིན། ཡིན་ནའང་། འདིར་ཁོང་ཁྲོ་ཁོ་རང་སེམས་ངལ་ཡིན་པ་དང་། དམིགས་བསལ་གྱི་ཁོང་ཁྲོ་དེས་ཚིག་རྩུབ་ཀྱི་སྐད་ཆ་ལ་མངོན་དུ་ཕྱོགས་པའི་སྐབས་སུ་དེ་སེམས་ངལ་ཆགས་ཀྱི་ཡོད། ཚིག་རྩུབ་ཀྱིས་ང་ཚོའི་དགེ་བ་འཇོམས་པ་དང་། གཞན་སེམས་དཀྲུག་པ། གནོད་པའི་རྒྱུ་བྱེད་ཀྱི་ཡོད།

༣༥༽ ཉོན་མོངས་གོམས་ན་གཉེན་པོས་བཟློག་བཀའ་བས།། དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་བཟུང་ནས།། ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག། འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། འདོད་ཆགས་དང་ཞེ་སྡང་གཉིས་སྐྱེས་པ་དང་ལམ་སང་ང་ཚོས་དྲན་པ་དང་ཤེས་བཞིན་གཉིས་བསྟེན་ནས་ཁ་གཏད་གཅོག་དགོས།

༣༦༽ མདོར་ན་གང་དུ་སྤྱོད་ལམ་ཅི་བྱེད་ཀྱང།། རང་གི་སེམས་ཀྱི་གནས་སྐབས་ཅི་འདྲ་ཞེས།། རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡིས།། གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། སྤྱོད་འཇུག་ནང་། ང་ཚོས་སེམས་ལ་མུ་མཐུད་ནས་བརྟག་དཔྱད་བྱེད་དགོས་པ་དང་། དེའི་གནས་སྟངས་ལ་བལྟ་དགོས། དེ་ནས་ང་ཚོས་དྲན་པ་དང་ལྡན་པའི་སྒོ་ནས་ཉོན་མོངས་ག་འདྲ་ཞིག་ཡོད་ནའང་དེ་དག་ལ་འཕྲལ་དུ་གཉེན་པོ་སྣ་ཚོགས་བསྟེན་དགོས། དཔེར་ན། གལ་ཏེ་ང་ཚོ་མི་ཁྱུ་ཚོགས་ཤིག་མཉམ་དུ་ཕྱིན་ནས་མཐོ་སྒང་བོད་ཀྱི་བྱང་ཕྱོགས་སུ་སླེབས་པ་ཡིན་ན། ང་ཚོས་གཟབ་གཟབ་བྱས་ནས་གང་སར་མི་འགྲོ་བར་དྲན་ཤེས་བསྟེན་གྱི་རེད། ང་ཚོས་གཟབ་གཟབ་བྱས་ཏེ་ལམ་མ་ནོར་བ་དེ་བདམ་གྱི་རེད། དེ་མིན་ན། ང་ཚོའི་ལམ་ཁ་ལས་སླ་པོའི་སྒོ་ནས་བརླག་གི་རེད། དེ་ག་ནང་བཞིན། ང་ཚོའི་སེམས་དེ་ཡང་གང་སར་འགྲོ་འཇུག་རྒྱུ་མེད།

༣༧༽ དེ་ལྟར་བརྩོན་པས་སྒྲུབ་པའི་དགེ་བ་རྣམས།། མཐའ་ཡས་འགྲོ་བའི་སྡུག་བསྔལ་བསལ་བྱའི་ཕྱིར།། འཁོར་གསུམ་རྣམ་པར་དག་པའི་ཤེས་རབ་ཀྱིས།། བྱང་ཆུབ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། དེ་འདྲ་སོང་ཙང་། སྐབས་འདིར་བསྟན་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལག་ལེན་མཐའ་མ་འདིས་བྱང་ཆུབ་ལ་བསྔོ་བ་དང་། དགེ་བའི་ལས་ཀྱི་ཚོགས་གང་བསགས་པ་ཐམས་ཅད་གཞན་དོན་སྒྲུབ་པར་བསྔོ་བ་ཡིན། འདིས་གཞུང་དངོས་ཀྱི་དོན་མཇུག་རྫོགས་པ་ཡིན། འདིའི་རྗེས་སུ་ས་བཅད་ནང་ནས་གསུམ་པ་མཇུག་གི་དོན་དེ་ཡིན།

མཇུག་གི་དོན།

མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན།། དམ་པ་རྣམས་ཀྱི་གསུང་གི་རྗེས་འབྲངས་ནས།། རྒྱལ་སྲས་རྣམས་ཀྱི་ལག་ལེན་སུམ་ཅུ་བདུན།། རྒྱལ་སྲས་ལམ་ལ་སློབ་འདོད་དོན་དུ་བཀོད།། 

ཅེས་གསུངས་པ་ལྟར། གཞུང་འདིའི་རྩོམ་པ་པོས་གཞུང་འདིའི་ཁུངས་འདྲ་མིན་ལས་བླངས་ཏེ་ལག་ལེན་སོ་བདུན་དུ་སྙིང་པོར་བསྡུས་པ་ཞིག་ཡིན།

བློ་གྲོས་དམན་ཞིང་སྦྱངས་པ་ཆུང་བའི་ཕྱིར།། མཁས་པ་དགྱེས་པའི་སྡེབ་སྦྱོར་མ་མཆིས་ཀྱང།། མདོ་དང་དམ་པའི་གསུང་ལ་བརྟེན་པའི་ཕྱིར།། རྒྱལ་སྲས་ལག་ལེན་འཁྲུལ་མེད་ལེགས་པར་བསམ།། 

ཞེས་གསུངས་པ་ལྟར། དེ་ནས་གཞུང་འདི་ལ་ནོར་འཁྲུལ་འདྲ་བྱུང་ཡོད་ན། དེ་ལ་རྩོམ་པ་པོས་དགོངས་སེལ་ཞུ་གི་ཡོད།

འོན་ཀྱང་རྒྱལ་སྲས་སྤྱོད་པ་རླབས་ཆེན་རྣམས།། བློ་དམན་བདག་འདྲས་གཏིང་དཔག་དཀའ་བའི་ཕྱིར།། འགལ་དང་མ་འབྲེལ་ལ་སོགས་ཉེས་པའི་ཚོགས།། དམ་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ།། 

ཞེས་གསུངས་པ་ལྟར། དེ་ནས་རྩོམ་པ་པོས་བསྔོ་བས་མཇུག་སྒྲིལ་བ་ཡིན།

དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན།། དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་གིས།། སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི།། སྤྱན་རས་གཟིགས་མགོན་དེ་དང་མཚུངས་པར་ཤོག། 

ཅེས་གསུངས་པ་ལྟར། འདི་ནི་རང་གཞན་ལ་ཕན་པའི་དོན་དུ་དངུལ་ཆུ་རིན་ཆེན་ཕུག་ཏུ་ལུང་དང་རིག་པ་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་སྦྱར་བའོ།། འདིར་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་མཇུག་རྫོགས་སོ།།

Top