Arrow left སྔོན།
སྒོམ།
རྩོམ་ཡིག ༡༣ / ༡༣

རང་ཉིད་སྐྱོན་ཅན་དུ་མི་ལྟ་བ།

ང་ཚོས་སོ་སོའི་མི་ཚེ་ཧྲིལ་པོའི་ལྟ་ཚུལ་གྱི་ནང་རང་གིས་བྱས་པའི་སྡིག་པ་དང་ནོར་འཁྲུལ་གྱི་རིགས་ལ་བལྟ་བའི་སྐབས། དེ་ཚད་བརྒལ་གྱི་འུད་གཏམ་སྒྲོག་་རྒྱུ་མཚམས་འཇོག་བྱེད་དགོས། དགོངས་ཡངས་ལ་བརྟེན་ནས་རང་སྐྱོན་མེད་པའི་ཐོག་ང་ཚོས་དེ་ཡང་བསྐྱར་མི་བྱ་རྒྱུའི་ཐག་གཅོད་བྱེད་དགོས།
Meditation dispelling guilt

འགྲེལ་བཤད། 

བཟོད་གསོལ་ཞེས་བྱ་བ་ནི་འཁང་ར་དང་སྐྱོན་དང་ནོར་འཁྲུལ་ལ་ཁོང་ཁྲོ་མི་ཟ་བ་དང་འཁོན་འཛིན་གྱི་བསམ་བློ་མེད་པ་དེ་རེད། འདི་ནི་ང་ཚོས་གཞན་གྱིས་རང་ལ་གནོད་སྐྱེལ་བ་དང་ནོར་འཁྲུལ་གྱི་རིགས་བྱས་པ་ཙམ་དུ་མ་ཟད། སོ་སོ་རང་ཉིད་ཀྱི་མི་དགེ་བའི་ལས་དང་ནོར་འཁྲུལ་རྣམས་ཀྱི་ལན་དུ་སྐྱེད་དགོས་པའི་དགེ་བའི་སེམས་ཀྱི་གནས་བབས་ཤིག་ཡིན། དེ་ལྟར་བྱེད་པར་ང་ཚོ་མི་ཞིག་ཡིན་པའི་ཆ་ནས་སོ་སོ་རང་ཉིད་རང་གིས་བྱས་པའི་ལས་སམ་ནོར་འཁྲུལ་བྱེ་བྲག་ཅིག་ལས་ཁྱད་པར་འབྱེད་དགོས། ང་ཚོས་སོ་སོ་རང་ཉིད་ཀྱི་སྐོར་ལ་བསམ་བློ་གཏོང་བའི་སྐབས། སོ་སོའི་མི་ཚེ་ཧྲིལ་པོ་ལ་ཆ་བཞག་ནས་བསམ་བློ་གཏོང་དགོས། གལ་ཏེ་ང་ཚོས་སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་ནང་པའི་ཆོས་ཁས་ལེན་བྱེད་ཀྱི་ཡོད་ན། དེ་ནས་ང་ཚོས་སྐྱེ་བ་སྔ་མ་དང་ཕྱི་མ་ཚང་མ་གཞིར་བཞག་ཐོག་བསམ་བློ་གཏོང་དགོས་ཀྱི་ཡོད། ང་ཚོས་རྒྱ་ཆེ་བའི་སྐབས་དོན་འདིའི་ནང་རང་གིས་རང་ལ་བསམ་བློ་གཏོང་བའི་སེམས་རྒྱ་སྐྱེད་གཏོང་བའི་སྐབས། སོ་སོས་ནོར་འཁྲུལ་དང་མི་དགེ་བའི་ལས་གང་འདྲ་ཞིག་བྱས་ཡོད་པ་དེ་དག་ནི་བྱུང་རྐྱེན་གཅིག་ཙམ་ཡིན་པར་མཐོང་གི་ཡོད། ང་ཚོས་སོ་སོའི་མི་ཚེའི་ནང་བྱ་བ་གཞན་ཧ་ཅང་མང་པོ་བརྩམས་ཡོད་པ་དང་ང་ཚོ་སངས་མ་རྒྱས་ཀྱི་བར་དུ་ནོར་འཁྲུལ་བྱེད་ངེས་པ་རེད། གལ་ཏེ་ང་ཚོས་བྱས་པའི་མི་དགེ་བའི་ལས་དང་ནོར་འཁྲུལ་གཅིག་ཙམ་ཞིག་ལ་རང་གིས་རང་ངོས་འཛིན་བྱས་ནས་དེ་ནི་བདེན་པའི་ངོ་བོར་འཛིན་པ་ཡིན་ན། དེའི་འབྲས་བུར་ང་ཚོས་སྐྱོན་ཅན་དུ་ཚོར་གྱི་ཡོད། ང་ཚོས་ཇི་ཙམ་གྱིས་དུས་ཡུན་རིང་བ་འཛིན་པ་སྐྱེ་བ་དེའི་ཚོད་ཀྱིས་ང་ཚོས་སྐྱོན་ཅན་མང་བ་ཚོར་བ་དང་དེ་ལས་སྡུག་པ་ཚོར་གྱི་ཡོད། 

རང་གིས་རང་ལ་བཟོད་གསོལ་བྱེད་པ་ནི་ཁྱད་པར་གང་ཡང་ཕྱིན་མེད་པ་ལྟ་བུ་ང་ཚོས་གང་བྱས་པ་དེ་དྲན་པ་བརྗེད་པའི་དོན་མིན། གནོད་འཚེ་བྱས་པ་དང་ནོར་འཁྲུལ་བྱས་པའི་འགན་དེ་ང་ཚོས་ཁྱེར་དགོས་ནའང་། ང་ཚོས་དེ་ལ་སྐྱོན་ཅན་དུ་ཚོར་ནས་འཛིན་པ་སྐྱེ་རྒྱུ་མེད་ལ་རང་གིས་རང་ལ་ཁོང་ཁྲོ་ཟ་རྒྱུ་མེད། ང་ཚོས་སོ་སོའི་ལས་ངན་བྱས་པ་དང་ནོར་འཁྲུལ་བྱས་པ་རྣམས་ངོས་ལེན་བྱེད་དགོས་ཤིང་། དེ་དག་ཁོ་ན་ལ་བརྟེན་ནས་རང་གིས་རང་ལ་ངོས་འཛིན་བྱེད་པ་དང་ང་ཚོ་ནི་ “མི་སྡུག་ཅག་ཡིན་པ་” དང་། ང་ཚོ་ནི་ “མི་གླེན་པ་ཡིན་” བསམ་པ་ལྟ་བུ་དེའི་རིགས་གློད་གཏོང་བྱས་ཏེ། དེ་ལ་གཉེན་པོ་སྟོབས་བཞི་བསྟེན་དགོས་ཏེ།

  • འགྱོད་པ་སྐྱེ་བ།
  • གནོད་བྱེད་ཀྱི་ལས་དང་ནོར་འཁྲུལ་རིགས་སླར་ཡང་མི་བྱ་རྒྱུའི་སེམས་ཐག་ཆོད་དགོས།
  • ང་ཚོས་སོ་སོའི་མི་ཚེའི་ནང་བཟང་ཕྱོགས་དགེ་བའི་ཁ་ཕྱོགས་ཤིག་སྟེན་ཐབས་བྱེད་བཞིན་པ་ལ་སླར་ཡང་ངེས་བརྟན་བཟོ་དགོས།
  • ནོར་འཁྲུལ་ལ་ཡོ་བསྲང་བྱེད་དགོས་པ་དང་། གལ་ཏེ་བྱུང་ན། ང་ཚོས་བྱས་པའི་གནོད་འཚེ་དེ་ལ་བཟོད་གསོལ་ཞུ་བའི་སྒོ་ནས་ཁ་གཏད་གཅོག་དགོས། དེར་མ་ཟད། ད་དུང་བྱུང་ན། དེ་ལ་དགེ་བའི་ལས་འགའ་ཞིག་དང་མཉམ་དུ་ཆ་སྙོམ་བཟོ་དགོས།

སྒོམ་ཚུལ།

  • དབུགས་ལ་དམིགས་པ་གཏད་ནས་སེམས་ཞི་འཇམ་བཟོ་དགོས།
  • ཁྱེད་ཀྱིས་བྱས་པའི་གནོད་བྱེད་ཀྱི་ལས་ཤིག་དྲན་དགོས། དཔེར་ན། ཁྱེད་ཀྱིས་བྱ་བ་བྱེད་སྟངས་དང་སྐད་ཆ་བཤད་སྟངས་ལ་བརྟེན་ནས་མི་ཞིག་ལ་གནོད་པ་ལྟ་བུ་དང་། ཕྱིས་སུ་ཁྱེད་ཀྱིས་གང་བྱས་པ་དང་གང་བཤད་པའི་ཐད་ལ་མུ་མཐུད་ནས་བསམ་བློ་གཏོང་བ་དང་དེ་སྐྱོན་ཅན་དུ་ཚོར་བ་དེ་བཞིན་རང་གིས་རང་ལ་ཁོང་ཁྲོ་ཟ་བ་ལྟ་བུ་རེད།
  • སོ་སོའི་མཐོང་རྒྱ་རྒྱ་སྐྱེད་བཏང་ནས་སོ་སོའི་མི་ཚེ་ཧྲིལ་པོའི་ཆ་ནས་རང་གིས་རང་ལ་བསམ་བློ་གཏོང་དགོས་པ་དང་དེ་ནི་བྱུང་རྐྱེན་གཅིག་ཙམ་ཡིན་པ་དང་། ཐ་ན་དེ་བསྐྱར་དུ་བྱུང་ནའང་། སོ་སོའི་མི་ཚེའི་ནང་ད་དུང་གནས་ཚུལ་གཞན་མང་པོ་ཞིག་བྱུང་ཡོད་པ་དང་འབྱུང་རྒྱུ་ཡིན་པར་ངོས་འཛིན་བྱེད་དགོས། 
  • སོ་སོ་རང་ཉིད་བྱ་བ་འདི་དང་དེ་ལ་འཁར་ནས་རང་གིས་རང་ངོས་འཛིན་བྱེད་པ་དེས་ཁྱེད་རང་སྐྱོན་ཅན་དང་སྡུག་ཅག་ཚོར་དུ་འཇུག་གི་ཡོད་པ་ཧ་གོ་དགོས། ཁྱེད་ཀྱིས་རང་གིས་རང་ལ་དམིགས་པའི་ཁྱབ་ཚད་ཧ་ཅང་ངེས་ཅན་ཞིག་གི་ནང་བསམ་བློ་གཏོང་གི་ཡོད།
  • དེ་ནི་ཁྱེད་རང་གང་ཡིན་པ་དེ་དང་མཐུན་གྱི་མེད་པ་དེ་མཐོང་བའི་སྒོ་ནས་ངོས་འཛིན་དེ་གློད་གཏོང་དགོས།
  • དེ་ནས་སོ་སོའི་མི་ཚེ་ཧྲིལ་པོ་ལ་ཆ་བཞག་ནས་རང་གིས་རང་ལ་ཡང་བསྐྱར་གཅིག་བལྟ་དགོས་པ་དང་། ཁྱེད་ཀྱིས་བྱས་པའི་བཟང་ཕྱོགས་དགེ་བའི་ལས་ཡོངས་སུ་རྫོགས་པ་ལ་དགའ་བ་བསྒོམས་ནས་རྗེས་སུ་ཡི་རང་བྱེད་དགོས། 
  • ཁྱེད་ཀྱིས་དེ་སྔ་ལས་གང་བརྩམས་པ་དེ་གནོད་གཞི་ཅན་ཡིན་པར་ངོས་ལེན་བྱེད་དགོས། ཁྱེད་རང་ད་ལྟ་ཐར་པ་ཐོབ་པའི་གང་ཟག་མིན་པས། སྐབས་རེར་ཁྱེད་ཀྱིས་གནོད་གཞི་ཅན་གྱི་ལས་བྱེད་ཀྱི་རེད།
  • ཁྱེད་ཀྱིས་གང་བྱས་པ་དེ་ལ་འགྱུར་བ་གཏོང་མི་ཐུབ་པ་ནི་བདེན་ནའང་། དེ་ལྟར་བྱས་པ་ལ་འགྱོད་པ་སྐྱེ་དགོས། དེ་ནི་ཁྱེད་ཀྱིས་དེ་ལྟར་བྱས་མེད་ན་ཅི་མ་རུང་སྙམ་པའི་ཡིད་སྨོན་བྱེད་པའི་དོན་རེད།
  • གནོད་གཞི་ཅན་གྱི་ལས་རྣམས་ཡང་བསྐྱར་མི་བྱ་རྒྱུའི་སེམས་ཐག་ཆོད་པ་དགོས། ཁྱེད་ཀྱིས་ལས་ཀ་ཇི་ལྟར་བྱེད་པ་དང་སྐད་ཆ་ཇི་ལྟར་བཤད་ཀྱི་ཡོད་པའི་ཐད་ལ་དྲན་ཤེས་བསྟེན་ནས་གནས་ཐབས་བྱེད་དགོས་པ་དང་། ཁྱེད་ཀྱིས་གནོད་བྱེད་མི་དགེ་བའི་ལས་བྱེད་འདོད་སྐྱེ་བའམ་རྫུན་སོགས་མི་དགེ་བའི་ངག་གི་ལས་བྱེད་འདོད་སྐྱེ་བའི་སྐབས་སུ་དེ་འགོག་ཐབས་བྱེད་དགོས།
  • ཁྱེད་ཀྱི་མི་ཚེའི་ནང་ཁ་ཕྱོགས་བཟང་པོ་བསྟེན་པ་དེ་ལ་སླར་ཡང་ངེས་བསྟན་བཟོ་དགོས། སོ་སོའི་སྐྱོན་གྱི་ཆ་དང་དཀའ་ངལ་ཅན་གྱི་གནས་རྣམས་ལས་ཐར་བའི་ཆེད་འབད་བརྩོན་བྱེད་དགོས་པ་དང་རང་གི་ནུས་པ་ཡོངས་སུ་རྫོགས་པ་དེ་རྟོགས་དགོས།
  • ཐ་ན་སོ་སོའི་སེམས་ནང་དུ་རང་གིས་གནོད་འཚེ་བྱེད་སའི་མི་གཅིག་གམ་གཅིག་ལས་མང་བ་ག་ཚོད་ཡོད་ནའང་དེ་དག་ལ་བཟོད་གསོལ་ཞུ་དགོས་པ་དང་། ཁྱེད་ཀྱིས་གང་གནོད་འཚེ་བྱས་པ་དང་ཆ་སྙོམ་བཟོ་བའི་ཕྱིར་ཁོང་ཚོའི་དོན་དུ་ལས་བཟང་པོ་ཞིག་བྱེད་ཀྱིན་ཡོད་པའི་བསམ་བློ་གཏོང་དགོས། གལ་ཏེ་ཁྱེད་རང་མི་དེ་དག་དང་སླར་ཡང་ཐུག་ན། ཁྱེད་ཀྱིས་སེམས་ནང་གང་བསམས་པ་ནང་བཞིན་དངོས་སུ་ལག་བསྟར་བྱ་རྒྱུའི་སེམས་ཐག་ཆོད་པ་ཞིག་དགོས།

ཁྱེད་ཀྱིས་ནོར་འཁྲུལ་བྱས་པ་ཞིག་ལ་བརྟེན་ནས་ཐབས་ཚུལ་གྱི་རིམ་པ་དེ་དག་ཡང་བསྐྱར་བྱེད་དགོས།

  • ཁྱེད་ཀྱིས་ནོར་འཁྲུལ་བྱས་པ་ཞིག་དྲན་དགོས། དཔེར་ན། སོ་སོའི་གློག་ཀླད་ནང་གི་གལ་གནད་ཆེ་བའི་ཡིག་སྣོད་འགའ་ཞིག་ནོར་ནས་སུབ་པ་ལྟ་བུ་དང་། དེ་ལ་རང་ཉིད་ཧ་ཅང་ཁོང་ཁྲོ་ཟ་བ་དང་བློ་ཕམ་བྱེད་ཚུལ་ཏེ། མནའ་སྐྱེལ་བ་དང་རང་གིས་རང་ལ་གླེན་པ་ཞེས་འབོད་པ་ལྟ་བུ་རེད།
  • སོ་སོའི་མཐོང་རྒྱ་རྒྱ་སྐྱེད་གཏོང་བ་དང་རང་གིས་རང་ལ་མི་ཚེའི་ཧྲིལ་པོའི་དབང་དུ་བྱས་ནས་བསམ་བློ་གཏོང་དགོས་ཤིང་། དེ་ནི་བྱུང་རྐྱེན་གཅིག་ཙམ་ཡིན་པར་ངོས་འཛིན་དགོས། ཐ་ན་བྱུང་རྐྱེན་དེ་སླར་ཡང་བྱུང་བ་ཡིན་ནའང་། ད་དུང་ཡང་ཁྱེད་ཀྱི་མི་ཚེའི་ནང་གནད་དོན་གཞན་མང་དག་ཅིག་བྱུང་ཡོད་ལ་འབྱུང་རྒྱུ་ཡིན་པ་རེད། ཁྱེད་ཀྱིས་ལས་དོན་མང་ཆེ་བ་ཡང་དག་པར་བྱེད་ཀྱི་ཡོད། 
  • ནོར་འཁྲུལ་འདི་ཁོ་ན་ལ་བརྟེན་ནས་སོ་སོ་རང་ཉིད་ངོས་འཛིན་བྱས་ནས་དེ་ལ་འཛིན་པ་དེས་རང་ཉིད་འཇིགས་རྔམ་ཅན་ཚོར་བ་དང་བློ་ཕམ་དུ་འཇུག་གི་ཡོད། ཁྱེད་ཀྱིས་རང་གིས་རང་ལ་དམིགས་པའི་ཁྱབ་ཚད་ཧ་ཅང་ངེས་ཅན་ཞིག་གི་ནང་བསམ་བློ་གཏོང་གི་ཡོད། 
  • འདི་ནི་ཁྱེད་རང་གང་ཡིན་པ་དང་མཐུན་གྱི་མེད་པ་དེ་མཐོང་བའི་སྒོ་ནས་ངོས་འཛིན་དེ་གློད་གཏོང་བྱེད་དགོས།
  • དེ་ནས་སོ་སོའི་མི་ཚེ་ཧྲིལ་པོའི་དབང་དུ་བྱས་ནས་སོ་སོ་རང་ཉིད་ལ་ཐེངས་གཅིག་བལྟས་ཏེ། སོ་སོས་བྱས་པའི་ཡང་དག་པ་དང་མ་ནོར་བའི་བྱ་བ་ཡོངས་སུ་རྫོགས་པ་ལ་རྗེས་སུ་ཡི་རང་བྱེད་དགོས།
  • ཁྱེད་ཀྱིས་གང་བྱས་པ་དེ་ནོར་འཁྲུལ་ཞིག་ཡིན་པ་ངོས་ལེན་བྱེད་དགོས་པ་དང་སྐབས་རེར་ཁྱེད་ཀྱིས་ནོར་འཁྲུལ་བྱེད་ཀྱི་ཡོད་པས་དེ་ནི་དམིགས་བསལ་གང་ཡང་མིན།
  • ཁྱེད་ཀྱིས་བྱས་པ་དེ་འགྱུར་བ་གཏོང་མི་ཐུབ་པ་ནི་བདེན་ནའང་། ཁྱེད་ཀྱིས་དེ་ལྟར་བྱས་པ་ལ་འགྱོད་པ་སྐྱེ་དགོས། དེ་ནི་ཁྱེད་ཀྱིས་དེ་ལྟར་བྱས་མེད་ན་ཅི་མ་རུང་ཞེས་ཡིད་སྨོན་བྱེད་པའི་དོན་རེད། 
  • ནོར་འཁྲུལ་དེ་ཡང་བསྐྱར་མི་བྱ་རྒྱུའི་ཐག་གཅོད་བྱེད་དགོས། ཁྱེད་རང་རྟག་ཏུ་གཟབ་ནན་ཅན་ཞིག་ཡོང་བའི་ཕྱིར་གློག་ཀླད་ནང་ལས་ཀ་བྱེད་བཞིན་པའི་སྐབས་སུ་དྲན་པ་དང་ཤེས་བཞིན་བསྟེན་ནས་གནས་ཐབས་བྱེད་དགོས། 
  • ཁྱེད་ཀྱི་མི་ཚེའི་ནང་སྟེན་བཞིན་པའི་ཁ་ཕྱོགས་བཟང་པོ་དེ་སླར་ཡང་ངེས་བརྟན་བཟོ་དགོས་ཏེ། སོ་སོའི་སྐྱོན་གྱི་ཆ་དང་ནོར་འཁྲུལ་རྣམས་ལས་ཐར་བའི་ཆེད་འབད་བརྩོན་བྱེད་ཀྱིན་ཡོད། དེ་ནི་དཔེར་ན། ཁྱེད་ཀྱིས་གང་བྱེད་བཞིན་པ་དང་རང་གི་ནུས་པ་ཡོངས་སུ་རྫོགས་པ་རྟོགས་པར་དོ་སྣང་མི་བྱེད་པ་ལྟ་བུ་རེད། 
  • སེམས་ཀྱི་གནས་བབས་ཞི་བའི་ངང་ནས་གློག་ཀླད་ནང་གི་ཡིག་སྣོད་ནང་གང་བྲིས་ཡོད་པ་དེ་དྲན་ཐབས་བྱས་ཏེ། དེ་ཡང་བསྐྱར་མཛུབ་གནོན་བྱ་རྒྱུའི་ཐག་གཅོད་བྱེད་དགོས་པ་དང་། དེ་ནས་དངོས་སུ་དེ་ལྟར་བྱེད་དགོས། 

ཕྱོགས་བསྡོམས།

ང་ཚོས་གནོད་འཚེ་བྱས་པའམ་ནོར་འཁྲུལ་བྱས་པ་ལ་རང་གིས་རང་ལ་བཟོད་གསོལ་བྱེད་པ་ནི་རང་གིས་རང་ལ་ཁོང་ཁྲོ་བ་མི་བྱེད་པ་དང་། སོ་སོ་རང་ཉིད་མི་སྡུག་ཅག་ཡིན་པར་མི་བསམ་པ། སྐྱོན་ཅན་དུ་མི་ཚོར་བ། སོ་སོ་རང་ཉིད་གླེན་པ་ཞིག་ཡིན་ཞེས་ངན་དམོད་མི་བྱེད་པའི་དོན་རེད། ང་ཚོས་འདི་ནི་སོ་སོའི་མི་ཚེ་ཁྱོན་ཡོངས་དང་མཐུན་གྱི་མེད་པ་དེ་མཐོང་བའི་སྒོ་ནས་རང་གིས་རང་ལ་ངོས་འཛིན་བྱ་རྒྱུ་དེ་ཚད་ངེས་ཅན་གྱི་སྒོ་ནས་སོ་སོས་བྱས་པའི་སྡིག་པ་མི་དགེ་བ་དང་ནོར་འཁྲུལ་ཁོ་ན་ལ་བརྟེན་ནས་ངོས་འཛིན་བྱ་རྒྱུ་མཚམས་འཇོག་བྱེད་དགོས། ང་ཚོས་སོ་སོས་བྱས་པའི་ལས་ཀྱི་འགན་ཁྱེར་ནས་དེ་དག་ལ་གདོང་ལེན་བྱེད་དགོས། སོ་སོས་གང་བྱས་པ་རྣམས་ནོར་འཁྲུལ་ཡིན་པར་ངོས་ལེན་བྱེད་པའི་ཐོག་འགྱོད་པ་སྐྱེས་ནས་དེ་ཡང་བསྐྱར་མི་བྱ་རྒྱུའི་ཐབས་ཤེས་གང་དྲག་བྱེད་ཀྱི་ཡིན་ཞེས་དམ་བཅའ་འཇོག་དགོས་ཤིང་། ང་ཚོ་མི་ཚེའི་ནང་ཁ་ཕྱོགས་བཟང་པོར་སྐྱོད་ཐབས་བྱེད་བཞིན་པ་དེ་སླར་ཡང་ངེས་བརྟན་བཟོ་དགོས། དེ་ཡང་བཟོད་གསོལ་ཞུ་བའམ་ཡང་ན་ང་ཚོས་གནོད་འཚེ་བྱས་པ་དེ་ལ་ཁ་གཏད་དུ་འགྲོ་བའི་ལས་བཟང་པོ་ཞིག་བྱེད་པའམ། ཡང་མིན་ན་སོ་སོའི་ནོར་འཁྲུལ་ལ་ཡོ་བསྲང་བྱེད་དགོས།།

Top