སེམས་ཞི་འཇམ་ཡོང་བར་དབུགས་སྒོམ།

བརྙན་པར། འབྲི་གུང་ཆེ་ཚང་རིན་པོ་ཆེ། “ཉིན་རེའི་མི་ཚེའི་ཆེད་ནང་ཆོས་ཀྱི་ཉམས་ལེན་ཁག” 

སེམས་ཞི་འཇམ་བཟོ་བའི་སྲོལ་རྒྱུན་ནང་པའི་ཐབས་ལམ་ནི། དབུགས་ལ་དམིགས་པ་གཏད་ནས་ཞི་འཇམ་བཟོ་གི་ཡོད། ནང་པའི་ཉམས་ལེན་གྱི་ནང་དབུགས་གཏོང་ལེན་བྱེད་སྟངས་མི་འདྲ་བ་དང་། དབུགས་སྦྱོང་འདྲ་མིན་མང་པོ་ཡོད། ང་རང་རྒྱུས་མངའ་ཡོད་པའི་དེ་དག་ལས་ཕལ་ཆེ་བ་ནི། སྣ་ཁུང་བརྒྱུད་དེ་དབུགས་གཏོང་ལེན་བྱེད་སྟངས་དེ་ཡིན་པ་ལས་ཁ་ནས་དབུགས་གཏོང་ལེན་བྱེད་པ་དེ་མིན། དེ་ཡང་དབུགས་དེ་བཙན་གྱིས་གཏོང་ལེན་བྱེད་པ་མ་ཡིན་པར། དབུགས་རང་འབབ་འཇམ་པོའི་ངང་གཏོང་ལེན་བྱེད་དགོས། 

ཐབས་ལམ་དེ་དག་འགའ་ཞིག་གི་ནང་། ང་ཚོས་དབུགས་དེ་བཀག་པའམ་དབུགས་མཚམས་འཇོག་གི་ཡོད་པ་དང་འགའ་ཞིག་གི་ནང་དབུགས་མཚམས་འཇོག་གི་མེད། སྐབས་རེར་ང་ཚོས་དབུགས་དེ་ནང་དུ་རྔུབས་ནས་དབུགས་མཚམས་འཇོག་པ་དང་། ཡང་སྐབས་འགར་ང་ཚོས་དབུགས་དེ་ཕྱིར་ཕྱུངས་པའི་རྗེས་སུ་དབུགས་མཚམས་འཇོག་གི་ཡོད། དེ་དག་ཐམས་ཅད་ནི་ང་ཚོའི་དབུགས་གཏོང་ཚུལ་ཏེ། དབུགས་སྦྱོང་གི་དགོས་དམིགས་དངོས་གང་ཡིན་པ་ལ་རག་ལུས་ཡོད། 

སེམས་ཞི་འཇམ་བཟོ་བར། སྲོལ་རྒྱུན་གྱི་བྱེད་སྟངས་ནི། དབུགས་ཕྱིར་དབྱུང་བ་དང་ནང་དུ་རྔུབ་པའི་འཁོར་ཡུན་དེ་བེད་སྤྱོད་བྱེད་ཀྱི་ཡོད། ང་ཚོས་དབུགས་ཕྱིར་ཕྱུངས་ནས་དབུགས་མཚམས་འཇོག་ཆོག །གང་ཡིན་ཟེར་ན། རང་ཚོས་བཙན་དབང་བྱེད་མི་དགོས་པའི་ཐོག་དབུགས་ནང་དུ་རང་བཞིན་གྱིས་གཏིང་རིང་བ་རྔུབ་ཀྱི་ཡོད། སེམས་ཞི་འཇམ་བཟོ་བའི་ཚུལ་སྟབས་བདེ་ཤོས་འདིའི་ནང་། ང་ཚོས་དབུགས་ནང་དུ་རྔུབ་པའི་སྐབས་དབུགས་མཚམས་འཇོག་གི་མེད། འོན་ཀྱང་ཐབས་ལམ་གཞན་དག་གི་ནང་དེ་ལྟར་བྱེད་ཀྱི་ཡོད། འཁོར་ཡུན་འདི་བེད་སྤྱོད་བྱེད་པའི་རྒྱུ་མཚན་ནི། དབུགས་ཕྱིར་དབྱུང་བ་དང་ནང་དུ་རྔུབ་པ་དེ་ལག་བསྟར་བྱེད་པའི་རྒྱུ་མཚན་མང་པོ་ཡོད་ཀྱང་། སྐབས་འདིར་དམིགས་དོན་གཙོ་བོ་ནི། གལ་ཏེ་ང་ཚོས་སོ་སོའི་རྣམ་རྟོག་ཞི་འཇམ་བཟོ་བར་འདོད་ན། དབུགས་གྲངས་བརྩི་སྟངས་འདི་ནམ་རྒྱུན་མི་མང་ཆེ་བས་བསམ་བློའི་ནང་ཡོད་པ་དང་མི་འདྲ་ཞིང་། འདི་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་མང་བ་དགོས་ཀྱི་ཡོད། འདི་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་དང་དོ་སྣང་མང་བ་དགོས་པ་སོང་ཙང་། གནད་དོན་གཞན་གྱི་སྐོར་བསམ་བློ་གཏོང་རྒྱུའི་གོ་སྐབས་མང་པོ་མེད་པས། སེམས་ཞི་འཇམ་བཟོ་བར་ཕན་གྱི་ཡོད། 

འདི་ནི་སྲོལ་རྒྱུན་གྱི་ཐབས་ལམ་རེད། འོན་ཀྱང་ང་རང་གི་ཉམས་མྱོང་ལ་བརྟེན་ནས་གང་ཤེས་རྟོགས་བྱུང་ཟེར་ན། ནུབ་ཕྱོགས་པ་རྣམས་དམིགས་བསལ་ཆོས་ཞུ་བར་སླེབས་པའི་སྐབས། དེ་དག་ཉིན་མོ་ཧ་ཅང་སེམས་ངལ་གནོན་ཤུགས་ཤིག་ནས་ཡོང་གི་ཡོད། ཁོང་ཚོས་ནམ་རྒྱུན་ཧ་ཅང་གནོན་ཤུགས་ཆེ་བའི་ལས་ཀ་བྱས་དང་བྱེད་མུས་ཡིན་པ་དང་། དེ་ནས་དགོང་མོའི་དུས་སུ་ཆོས་ཞུ་སར་འབྱོར་བར་སྣུམ་འཁོར་འཚང་འགག་ལ་གདོང་ལེན་བྱེད་དགོས་པ་སོགས་ཀྱི་དཀའ་ངལ་ཡོད། དེ་དག་ནི་ང་ཚོས་རྒྱ་གར་དང་བོད་ནང་སྲོལ་རྒྱུན་གྱི་ནང་པའི་སྐོར་དང་། ཡང་ན་ང་ཚོ་ཞོགས་པ་སྔ་པོ་ལངས་ཏེ། སྟན་ལ་འཁོད་ནས་སྒོམ་ཞིག་རྒྱག་པའི་སྐོར་ཤོད་པ་དང་མི་འདྲ་བ་ཡིན། དེ་འདྲ་སོང་ཙང་། གལ་ཏེ་སེམས་ངལ་གནོན་ཤུགས་ཅན་གྱི་ནུབ་ཕྱོགས་པ་ཞིག་ནང་པའི་ཆོས་ཚོགས་སུ་འབྱོར་བའི་སྐབས། ཁྱེད་ཀྱིས་ཐོག་མ་ཉིད་ནས་དབུགས་གཏོང་ལེན་བྱེད་སྟངས་ཐོག་དམིགས་པ་གཏད་དགོས་ཞེས་བཤད་ན། དེ་ནི་ནམ་རྒྱུན་བྱེད་སྟངས་དང་གང་འཚམས་ཀྱི་མི་འདྲ་བ་ཞིག་ཡིན་པས། གལ་ཏེ་ཁོང་ཚོ་སེམས་ངལ་ཆགས་ཟིན་ན། དེས་ཁོང་ཚོའི་སེམས་ངལ་དེ་ཉེན་ཚབས་ཆེ་རུ་གཏོང་གི་ཡོད། གང་ཡིན་ཞེ་ན། དེ་ནི་མགོ་རྙོག་ཚ་པོ་ཡོད།

དབུགས་གཏོང་ལེན་གྱི་སྦྱོང་བརྡར་ཆེས་ཐོག་མའི་དམིགས་དོན་ནི་ཞི་འཇམ་བཟོ་རྒྱུ་དེ་ཡིན་ཙང་། སེམས་ངལ་ཅན་གྱི་རྒྱབ་ལྗོངས་ཤིག་ནས་སླེབས་པའི་ནུབ་ཕྱོགས་པའི་ཉམས་ལེན་པ་རྣམས་ལ་ངས་བསམ་ཚུལ་ཞུ་རྒྱུར། གལ་ཏེ་ཁོང་ཚོས་སྲོལ་རྒྱུན་གྱི་དབུགས་ཕྱི་རུ་ཕྱུངས་ནས་ཏོག་ཙམ་གྱི་རིང་དབུགས་མཚམས་འཇོག་པ་དེ་མགོ་རྙོག་ཚ་པོ་མཐོང་ན། དེས་ཁོང་ཚོ་སེམས་ངལ་ཆེ་རུ་གཏོང་གི་ཡོད་པ་དང་། དམིགས་དོན་དེ་ཤོར་གྱི་ཡོད། བྱས་ཙང་། སྐབས་དོན་བྱེ་བྲག་འདིའི་ནང་ཐབས་ལམ་དེར་ཨུ་ཚུགས་རྒྱག་དགོས་པའི་རྒྱུ་མཚན་མེད། གནས་སྟངས་དེའི་ནང་། གལ་ཏེ་དབུགས་ཀྱི་འཁོར་ཡུན་ལ་སྲོལ་རྒྱུན་གྱི་ལྟ་སྟངས་ཐོག་ནས་ཁོང་ཚོ་སེམས་ངལ་ཡོང་གི་ཡོད་ན། དབུགས་ཀྱི་འཁོར་ཡུན་ལ་ནུབ་ཕྱོགས་ཀྱི་ལྟ་སྟངས་ཐོག་ནས་བལྟས་ན་འགྲིགས། དེ་ནི་དབུགས་ནང་དུ་རྔུབ་པ་ཙམ་བྱས་ཏེ། དེ་ནས་དབུགས་མཚམས་མི་འཇོག་པར་ཕྱིར་དབྱུང་དགོས་ཤིང་། དེ་ལ་འཁོར་ཡུན་་གྱི་གྲངས་ཀ་བརྩི་དགོས།

གལ་ཏེ་ང་ཚོའི་སེམས་དེ་ཧ་ཅང་རྣམ་པར་གཡེང་གི་ཡོད་ན། དེ་སེམས་ཞི་འཇམ་བཟོ་བར། དབུགས་ཀྱི་འཁོར་ཡུན་ལ་དམིགས་པ་གཏད་ནས་གྲངས་ཀ་བརྩི་ཆོག །འོན་ཀྱང་ང་ཚོའི་སེམས་དེ་རྣམ་པར་མི་གཡེང་བ་དང་ལྟོས་ས་ལྟོས་ཕྱོགས་ཀྱི་ཆ་ནས་སེམས་དེ་ཞི་འཇམ་དང་གྲ་སྒྲིག་ཨང་བསར་ཞིག་ཡོད་ན། དབུགས་གྲངས་ཀ་བརྩི་མི་དགོས།

ཕྱོགས་གཞན་ཞིག་ནས་སྲོལ་རྒྱུན་གྱི་ཆོས་ལ་འཇུག་ཚུལ་ཀྱི་རྗེས་སུ་འབྲངས་ན། ང་ཚོས་བེད་སྤྱོད་གཏོང་ཆོག་པའི་འབྱུང་སྲིད་པའི་ཐབས་ལམ་གསུམ་ཡོད། སོ་སོའི་གནས་སྟངས་ལ་བརྟེན་ནས་རང་གིས་རང་ལ་བརྟག་ཞིབ་བྱེད་དགོས་པ་དང་། དེ་ནས་ཐབས་ལམ་མི་འདྲ་བ་རྣམས་བེད་སྤྱོད་བྱེད་དགོས། བྱས་ཙང་།

  • གལ་ཏེ་ང་ཚོ་ཧ་ཅང་སེམས་ངལ་ཆགས་ན། ནམ་རྒྱུན་ནུབ་ཕྱོགས་ཀྱི་ལམ་ལུགས་ལྟར་དབུགས་ནང་དུ་རྔུབ་པ་དང་ཕྱིར་དབྱུང་བ་གཉིས་གྲངས་ཀ་གཅིག་ལ་བརྩི་དགོས།
  • གལ་ཏེ་ང་ཚོ་སེམས་ངལ་དེ་ཙམ་མེད་པ་དང་། སེམས་རྩེ་གཅིག་ཏུ་དམིགས་པ་གཏད་མེད་ན། དེ་ནས་ང་ཚོས་སྲོལ་རྒྱུན་ལྟར་གྱི་གྲངས་ཀ་བརྩིས་ན་འགྲིགས། དེ་ནི་དབུགས་ཕྱིར་ཕྱུངས་ཏེ་དབུགས་མཚམས་འཇོག་པ་དང་། དེ་ནས་ནང་དུ་རྔུབ་པ་དེ་རེད།
  • གལ་ཏེ་ང་ཚོའི་སེམས་དེ་ལྟོས་ས་ལྟོས་ཕྱོགས་སྒོ་ནས་ཞི་འཇམ་ཡོད་ན། དེ་ནས་དབུགས་གྲངས་ཀ་བརྩི་མི་དགོས་པར། དབུགས་རང་གི་སྟེང་ལ་དམིགས་པ་གཏད་པ་ཙམ་བྱེད་དགོས།

ཐབས་ལམ་གྱི་རིགས་དེ་དག་ལག་བསྟར་བྱེད་པའི་སྐབས། ང་ཚོར་ག་རེ་དོ་སྣང་ཡོང་གི་རེད་ཅེ་ན། རང་གིས་རང་ལ་ཚོར་བ་སྐྱེན་པོ་དགོས་པ་དང་། རན་ཞིང་འཚམས་པའི་ཐབས་ལམ་ཞིག་ལག་བསྟར་བྱེད་དགོས་པའི་དོ་སྣང་ཡོང་གི་རེད། ནང་པའི་ཆོས་ལ་ཁྱད་ཆོས་ངོ་མཚར་ཅན་ཞིག་ཡོད་པ་ནི། ནང་ཆོས་ནང་ཐབས་ལམ་གྱི་ཀུན་ནས་ཕྱུག་པ་ཡིན། བྱས་ཙང་། ནམ་རྒྱུན་དམིགས་ཡུལ་བྱེ་བྲག་གང་འདྲ་ཞིག་སྒྲུབ་འབྲས་ལྡན་པ་ཡོང་བར་རྟག་ཏུ་ཐབས་ལམ་སྣ་ཚོགས་པ་དང་ལྡན་ཡོད། དེ་ནི་གཞན་ལ་ཚོར་བ་སྐྱེན་པོའི་རང་བཞིན་གྱི་སྦྱོང་བརྡར་ལའང་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། དུས་སྐབས་བྱེ་བྲག་གང་ཞིག་གི་ནང་ང་ཚོའི་སེམས་ཚོར་གྱི་གནས་བབས་དངོས་དེ་གང་ཡིན་པ་དང་འབྲེལ་བའི་ཐོག་རང་གིས་རང་ལ་ཚོར་བ་སྐྱེན་པོ་གོང་འཕེལ་གཏོང་དགོས་ཤིང་། གལ་ཏེ་ང་ཚོས་གྲུབ་འབྲས་ཐོན་པར་ཐབས་ལམ་འགའ་ཞིག་སྦྱངས་ཡོད་ན། དེ་དག་ལས་གང་རན་འཚམས་ཡིན་པ་དེ་ལག་བསྟར་བྱེད་དགོས། གལ་ཏེ་དེས་ཕན་ཐོགས་ཀྱི་མི་འདུག་ན། ཐབས་ལམ་གཞན་ཞིག་བསྟེན་ཐབས་བྱེད་དགོས། བྱས་ཙང་། སེམས་ཞི་འཇམ་བཟོ་བར། ཐབས་ལམ་གསུམ་པོ་དེ་དག་གང་རུང་ལ་བརྟེན་ནས་ང་ཚོས་དབུགས་ལ་དམིགས་པ་གཏད་རྒྱུ་ཡིན།
 
༼སྒོམ་བཞིན་པ།༽

དེར་མ་ཟད། སེམས་ཞི་འཇམ་བཟོ་བའི་སྔོན་འགྲོའི་རིམ་པ་འདིའི་ནང་། ང་ཚོའི་མིག་ལ་ཆ་བཞག་ན། མིག་ལྡངས་པའམ་ཡང་ན་ཞ་ལའི་སྒང་ལ་མར་བལྟ་བ། ཡང་མིན་ན་མིག་བཙུམས་ནའང་འགྲིགས། ཐབས་ལམ་དེ་གཉིས་ཀ་སངས་རྒྱས་ཀྱིས་གསུངས་ཡོད། ནང་པའི་ཆོས་ལ་དབྱེ་བ་ཆེ་ཁག་གཉིས་ཡོད། གནས་བརྟན་སྡེ་པའི་ལུགས་ཏེ། ཐེག་དམན་གྱི་ནང་ད་ལྟ་ཡོད་པའི་སྲོལ་རྒྱུན་དེ་ཡིན། དེའི་ལུགས་སུ་ང་ཚོས་ནམ་རྒྱུན་མིག་བཙུམས་ནས་སྒོམ་རྒྱག་གི་ཡོད། ཐེག་པ་ཆེན་པོའི་ལུགས་ཏེ། འདི་ནི་ནང་པའི་དབྱེ་བ་ཆེ་ཁག་གཞན་དེ་རེད། འདིའི་ནང་ནམ་རྒྱུན་མིག་ཕྱེས་ཏེ་རང་གི་སྣའི་རྩེར་བལྟ་བའམ་ཞ་ལའི་སྒང་ལ་བལྟས་ནས་སྒོམ་གྱི་ཡོད། འོན་ཀྱང་ང་ཚོས་ཞ་ལའི་སྒང་ལ་སྣའི་རྩེ་ནས་བལྟས་ན། མིག་དེ་དམིགས་པ་ལྷོད་ཙམ་ལས་གསལ་པོ་དང་རྣོན་པོ་གཏད་ཀྱི་མེད།

དེ་འདྲ་སོང་ཙང་། སླར་ཡང་ང་ཚོ་རང་གིས་རང་ལ་ཚོར་བ་སྐྱེན་པོ་བྱེད་དགོས། འོན་ཀྱང་གལ་ཏེ་ང་ཚོས་དངོས་གནས་སེམས་ངལ་དང་སེམས་ལ་དཀྲོག་རྐྱེན་བྱུང་ན། མིག་བཙུམས་ནས་སྒོམ་རྒྱུ་དེ་ལས་སླ་བ་ཡོད། ཡང་ང་ཚོ་ཏོག་ཙམ་ཞི་འཇམ་པོ་དང་ལྷོད་པོ་ཡོད་ན། དེ་ནས་མིག་ལྡངས་ནས་ཞ་ལའི་ཕྱོགས་སུ་བལྟས་ན་ཡག་ག་ཡོད། དེའི་རྒྱུ་མཚན་ནི། མིག་བཙུམས་ནས་འཛམ་གླིང་གི་གནད་དོན་མི་མཐོང་བ་བཟོས་ནས་སེམས་ཞི་འཇམ་བཟོ་འདོད་མེད་པ་ཙམ་མིན་པར། འཛམ་གླིང་དང་མི་གཞན་དག་ལ་གདོང་ལེན་བྱེད་སྟངས་ཐད་ཞི་འཇམ་དང་ལྷོད་ཡངས་ཡོང་ཐུབ་པར་འདོད་ཀྱི་ཡོད། བྱས་ཙང་། དེ་མིག་ལྡངས་ནས་བྱེད་པ་ནི་དེ་ལ་མཐུན་པའི་རྐྱེན་དུ་གྱུར་བ་ཡིན།
 
ཐབས་ལམ་རྗེས་མ་དེ་ནི། ང་ཚོའི་ཀུན་སློང་བཅོས་པའམ་ཀུན་སློང་ལ་སླར་ཡང་ངེས་བརྟན་བཟོ་རྒྱུ་དེ་རེད། འདི་ནི་ང་ཚོས་ནམ་རྒྱུན་སེམས་ཚོར་ཡང་ན་སེམས་ཁམས་ཀྱི་རྒྱུ་མཚན་ལ་དཔྱད་པའི་ཐོག་སྦྱོང་བརྡར་ལ་ཅིའི་ཕྱིར་སླེབ་ཀྱི་ཡོད་པ་དང་། ཡང་ན་སྒོམ་ག་རེ་བྱས་ནས་རྒྱག་གི་ཡོད་པར་གོ་བ་ཞིག་ལ་བསམ་བློ་གཏོང་གི་ཡོད། ངས་འདི་ག་རེ་བྱས་ནས་བྱེད་ཀྱིན་ཡོད་དམ། ནག་ཉེས་དབང་གིས་ཡིན་ནམ། ངས་འདི་མི་སྡེ་རུ་ཁག་གི་གནོན་ཤུགས་ལ་བརྟེན་ནས་བྱེད་ཀྱིན་ཡོད་དམ། སྤྱི་ཚོགས་ཀྱི་དུས་སྟོན་དང་། མི་སྡེ་ལ་ཆགས་པ། ཡང་ན་ངས་དེ་ལ་ཆོས་ལ་ངན་ལང་ཤོར་བ་ཞེས་ཡིད་འགུག་ནུས་ཀྱི་འགོ་འཁྲིད་ཅིག་ལས་རང་གི་ནུས་པ་འཐོབ་པར་བྱེད་ཀྱི་ཡོད། ཡང་ན་ཁྱེད་རང་དགེ་བའི་བཤེས་གཉེན་དང་དགའ་པོ་ཆགས་ནས་འདོད་ཆགས་དབང་གིས་སླེབས་ཡོད་སྲིད། འདི་ནི་ནང་ཆོས་ཀྱི་ནང་ནན་བརྗོད་བྱས་ཡོད་པ་ཞིག་མིན། འདི་ནི་ནུབ་ཕྱོགས་པའི་ཐབས་ཚུལ་ཡིན་པ་དང་ཕན་ཐོགས་ཡོད་པ་སྨྲོས་མེད་རེད། 

འོན་ཀྱང་སྲོལ་རྒྱུན་ནང་པའི་ཐབས་ཚུལ་གྱི་ནང་། ང་ཚོས་ཀུན་སློང་བཅོས་པའམ་སླར་ཡང་ངེས་བརྟན་བཟོ་བ་ཞེས་བརྗོད་པའི་སྐབས། དེའི་དོན་ནི་ང་ཚོའི་འདུན་པའམ་དམིགས་འདུན་གང་ཡིན་པ་དེ་སླར་ཡང་ངེས་བརྟན་བཟོ་གི་ཡོད། ནང་པའི་ཀུན་སློང་ནི་འདུན་སེམས་ཀྱི་སྡེ་ཚན་ཞིག་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོ་འདིར་སླེབས་ནས་ག་རེ་བྱེད་བཞིན་ཡོད་པ་དང་། གང་ལ་དམིགས་ཀྱི་ཡོད་པ། དམིགས་ཡུལ་གང་ཡིན་ནམ་ཞེས་པ་དེ་རེད། ང་ཚོ་འདིར་སླེབས་ནས་འཐོབ་འདོད་ཡོད་པའི་འབྱུང་ངེས་ཀྱི་དམིགས་ཡུལ་གསུམ་གྱི་ཐོག་ནས་བསམ་བློ་གཏོང་ཆོག་པ་དང་། དེ་རན་འཚམས་ཤིག་ཆགས་ངེས་རེད། སླར་ཡང་ང་ཚོ་རང་གིས་རང་ལ་ཚོར་བ་སྐྱེན་པོ་དང་དྲང་པོ་དྲང་གཞག་བྱེད་དགོས། སོ་སོའི་དམིགས་ཡུལ་ངོ་མ་དེ་གང་རེད་དམ། ཡང་ན་ང་ཚོའི་བསྒྲུབ་བྱ་དེ་གང་རེད་དམ། གང་ཡིན་ཞེ་ན། མི་ཞིག་གིས་སོ་སོ་ནང་པ་ཡིན་བསམས་ནས་ “ངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར་འདི་བྱེད་ཀྱིན་ཡོད།” ཅེས་བརྗོད་རྒྱུ་ནི་གང་འཚམས་ཀྱི་ལས་སླ་པོ་ཡོད། དེ་དག་གི་ཚིག་སྐམ་པོ་ཙམ་རེད།
 
འཚང་རྒྱ་བ་ཞེས་པའི་དོན་ངོ་མ་གང་ཡིན་མི་ཤེས་དང་། འཇིག་རྟེན་ནང་གི་འབུ་སྲིན་ཡོད་དོ་ཅོག་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བ་ལས་ཐར་བའི་ཡིད་སྨོན་རྣམ་དག་ཅིག་མེད་པར། “ངས་སེམས་ཅན་ཐམས་ཅད་ལ་ཕན་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དམིགས་ཀྱི་ཡོད།” ཅེས་བརྗོད་པ་ཙམ་གྱིས་མི་ཕན་ཞིང་། དོན་མེད་རང་ཆགས་ཀྱི་ཡོད། བྱས་ཙང་། ང་ཚོའི་དམིགས་ཡུལ་ངོ་མ་གང་ཡིན་པའི་ཐོག་ལ་དངོས་པོའི་གནས་ལུགས་དང་མཐུན་ཞིང་དྲང་པོ་བྱ་རྒྱུ་དེ་རྦད་དེ་ཕན་ནུས་ཆེ་བ་ཡོད། དེ་འདྲ་སོང་ཙང་། རན་ཞིང་འཚམས་པའི་དམིགས་ཡུལ་གསུམ་ཡོད། གཅིག་ནི་ང་ཚོས་ཚེ་འདིའི་ནང་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་ལ་སེམས་འཁུར་ཁོ་ན་བྱེད་པ་དེ་ཡིན་སྲིད་པ་དང་། དེར་བརྟེན་ང་ཚོ་སྦྱོང་བརྡར་འདིའི་ཆེད་དུ་འདིར་འཛོམས་པ་དེ་ནང་ཆོས་ཀྱི་ཐབས་ལམ་ཁག་ནས་འགྲེལ་བརྗོད་བྱས་པའི་བཅོས་ཐབས་ཀྱི་རིགས་ཤིག་ལྟར་ལག་བསྟར་བྱེད་ཀྱི་ཡོད།
 
ཡང་ང་ཚོས་འདི་ཆོས་ཡངས་པའི་ལྟ་ཚུལ་གྱི་སྒོ་ནས་འཇུག་ཆོག །དེ་ནི་སླར་ཡང་། “ངས་ཚེ་འདིའི་ནང་འབྲེལ་ལམ་ཡར་རྒྱས་གོང་འཕེལ་གཏོང་ཕྱིར་བྱེད་ཀྱིན་ཡོད། འོན་ཀྱང་ངས་འདི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཐབས་ཤིག་ཡིན་པ་མཐོང་གི་འདུག” །ཅེས་ཟེར་བ་ལྟ་བུ་རེད། ཡང་མིན་ན་ང་ཚོས་འདི་ཆོས་ངོ་མའི་ལྟ་ཚུལ་གྱི་སྒོ་ནས་འཇུག་ཆོག །དེ་ཡང་། “ངས་སྦྱོང་བརྡར་འདི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རང་འཐོབ་པའི་ཐབས་ལྟ་བུར་དངོས་སུ་བྱེད་ཀྱིན་ཡོད།” ཅེས་ཟེར་ལྟ་བུ་རེད། བྱས་ཙང་། དམིགས་ཡུལ་ངོ་མ་གང་ཡིན་རུང་ང་ཚོས་དེ་སླར་ཡང་ངེས་བརྟན་བཟོ་གི་ཡོད། གལ་ཏེ་ང་ཚོ་སོ་སོའི་དམིགས་ཡུལ་ལ་ལྷག་བསམ་རྣམ་དག་ཡིན་ན། དེ་ལ་སྙིང་རུས་ཀྱིས་འབད་བརྩོན་བྱེད་སླ་བ་ཡོད། དེ་མིན་ང་ཚོའི་དམིགས་ཡུལ་ནི་དེའི་ཐད་དྲང་པོ་དང་ལྷག་བསམ་རྣམ་དག་མེད་ན། དེ་ནས་ང་ཚོས་གང་བྱེད་བཞིན་པ་ནི་རྩེད་མོ་ལྟ་བུ་ཆགས་ཀྱི་ཡོད།

ང་ཚོས་རྩེ་གཅིག་ཏུ་ཉན་རྒྱུའི་དྲན་ཤེས་ལྡན་པའི་ཐག་གཅོད་བྱེད་ཀྱི་ཡོད། གལ་ཏེ་ང་ཚོའི་དོ་སྣང་བརླགས་པའམ་རིག་པ་རྩེ་སྒྲིམ་དེ་ཤོར་ན། དེ་ཚུར་ལེན་ཐབས་བྱེད་དགོས། གལ་ཏེ་གཉིད་ཤོར་བ་ཡིན་ན། རང་གིས་རང་གཉིད་ལས་སད་ཐབས་བྱེད་དགོས། གལ་ཏེ་དེས་ང་ཚོ་རྩེ་གཅིག་ཏུ་གནས་པར་ཕན་གྱི་འདུག་ན། སོ་སོའི་ལུས་ཀྱི་གནས་སམ་འདུག་སྟངས་བཅོས་དགོས། དཔེར་ན། ལུས་དྲང་པོ་འདུག་དགོས་པ་དང་དམ་པོ་འདུག་རྒྱུ་མེད། སེམས་འཕང་ཏོག་ཙམ་དམའ་པོ་ཡོད་ན། རང་གི་ནུས་པ་གོང་མཐོར་གཏོང་དགོས་ཤིང་། ང་ཚོའི་མགོ་བོ་མཉམ་པར་བཞག་ནས་མིག་གིས་ཡར་སྨིན་མའི་བར་ལ་བལྟས་ནས་དམིགས་པ་གཏད་དགོས། གལ་ཏེ་ང་ཚོ་ཏོག་ཙམ་སེམས་འཚབ་དང་ཚ་གི་ཚི་གེ་ཚོར་ན། ནུས་པ་གཞི་བརྟན་པོ་བཟོ་ཕྱིར། ང་ཚོས་མིག་གི་འོག་ཏུ་བལྟས་ནས་མགོ་བོ་མཉམ་པར་བཞག་སྟེ། ལྟེ་བའི་སྒང་ལ་དམིགས་པ་གཏད་དགོས།  དེ་ནས་ནམ་རྒྱུན་འཆར་ཅན་ལྟར་དབུགས་གཏོང་ལེན་བྱེད་པའི་སྐབས། ང་ཚོས་དབུགས་ཕྱི་རུ་དབྱུང་མི་དགོས་པའི་བར་དུ་ནང་དུ་དབུགས་མཚམས་འཇོག་དགོས།

རྩེ་གཅིག་པའི་ཏིང་ངེ་འཛིན་དྲན་ཤེས་ལྡན་པ་ཞིག་ཐག་གཅོད་དམ་འདུན་སེམས་སྐྱེད་པ་དེ་ནི་ཐད་ཀར་རྒྱལ་བ་བྱམས་པའི་གདམས་ངག་ཏིང་ངེ་འཛིན་འཐོབ་ཚུལ་ཞེས་པ་ལས་བྱུང་བ་ཞིག་ཡིན། སྨིན་མཚམས་དང་ལྟེ་བར་དམིགས་པའི་ནུས་པ་རྣམས་ལ་སྙོམ་སྒྲིག་བྱེད་སྟངས་ནི་དུས་འཁོར་གྱི་ལུགས་ལས་བྱུང་བ་ཡིན། འདིར་མཉམ་འདུས་བྱས་པའི་ཆ་རྐྱེན་དེ་དག་ཚང་མ་མཉམ་དུ་ཏག་ཏག་བསྡུས་པའི་ནང་པའི་སྲོལ་རྒྱུན་གྱི་སྔོན་འགྲོའི་རིམ་པ་ཞིག་མེད་ནའང་། དེ་དག་ཐམས་ཅད་ནང་པའི་ཆོས་ལས་འབྱུང་གི་ཡོད། འོན་ཀྱང་ངས་རྣམ་པ་འདིའི་ནང་གཙོ་བོ་མཉམ་འདུས་བྱས་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི། ནུབ་ཕྱོགས་པ་མང་ཆེ་བ་ཆོས་ཞུ་བར་ཧ་ཅང་སེམས་ངལ་དང་བཅས་ཏེ་སླེབས་ཀྱི་ཡོད་པའི་མྱོང་ཚོར་བྱུང་བ་དང་། སྔོན་འགྲོའི་རིམ་པ་འདིའི་རིགས་ཀྱིས་དེ་འགྲེལ་བརྗོད་བྱེད་ཀྱི་ཡོད། ང་ཚོའི་ཧ་ཅང་གནོན་ཤུགས་ཆེ་བའི་མི་ཚེ་དང་འཚམས་པའི་སྔོན་འགྲོའི་རིམ་པ་ཁག་དགོས་ཀྱི་ཡོད།།

Top