སྒམ་པོ་པའི་སྐུ་ཚེའི་མཛད་རྣམ།

ལུང་བསྟན།

རྗེ་བཙུན་མི་ལ་རས་པར་སློབ་མ་མང་པོ་མེད་པའི་གོང་ལ་ཁོང་གི་མཇལ་སྣང་དུ་རྡོ་རྗེ་རྣལ་འབྱོར་མ་ཕེབས་ཏེ། དུས་མི་རིང་བར་ཉི་མ་ལྟ་བུ་དང་ཟླ་བ་ལྟ་བུའི་སློབ་མ། དེ་བཞིན་ནམ་མཁའི་སྐར་ཚོགས་ལྟ་བུའི་སློབ་མ་གྲངས་ཀྱི་མི་ལངས་བར་འབྱུང་བའི་ལུང་བསྟན་གནང། སྒམ་པོ་པ་བསོད་ནམས་རིན་ཆེན་ (༡༠༧༩-༡༡༥༣) ནི་ཉི་མ་ལྟ་བུའི་སློབ་མར་གྱུར་ཞིང་། ཁོང་ལ་དྭགས་པོ་ལྷ་རྗེ་ཡང་ཟེར། ཁོང་དང་རས་ཆུང་པ་རྡོ་རྗེ་གྲགས་གཉིས་མི་ལ་རས་པའི་སློབ་མའི་གཙོ་བོར་གྱུར་བ་རེད།

སྒམ་པོ་པ་ནི་སྐྱེ་བོ་ཕལ་པ་ཞིག་མིན། དུས་དང་འཇིག་རྟེན་འདིར་འབྱོན་པའི་ལུང་བསྟན་རྣམས་མདོ་མང་པོའི་ནང་དུ་བསྟན་པ་དང་། དམིགས་བསལ་དུ་མདོ་པདྨ་དཀར་པོའི་ནང་དུ་ཁོང་འབྱོན་པའི་ལུང་བསྟན་རྣམས་གསལ་པོར་བཀོད་ཡོད། མདོ་དེའི་ནང་དུ། སངས་རྒྱས་ཞལ་བཞུགས་པའི་ཚེ། སངས་རྒྱས་ཀྱིས་ཀུན་དགའ་བོར་ཞལ་ཕྱོགས་ནས་གསུངས་དོན། “ཀུན་དགའ་བོ། ང་མྱ་ངན་ལས་འདས་པའི་རྗེས་སུ་ཕྱོགས་འདིའི་བྱང་ངོས་སུ་དགེ་སློང་གི་ལྷ་རྗེ་ཞེས་པའི་དགེ་སློང་ཞིག་འབྱུང་བར་འགྱུར་རོ།” ཞེས་གསུངས། སྒམ་པོ་པ་ནི་དགེ་སློང་ཞིག་ཡིན་ཞིང་། སྨན་གྱི་ཐད་སྐྱེས་སྟོབས་ཀྱི་མཁས་རྩལ་ཡོན་ཏན་ལྡན་པའི་ལྷ་རྗེ་ཞིག་ཡིན། “ཁོང་ནི་སྔོན་གྱི་སྐྱེ་བ་མང་པོའི་ནང་ཆོས་ཉམས་ལེན་ལ་མཐའ་གཅིག་ཏུ་བརྩོན་མཁན་ཞིག་དང་དམ་པའི་ཆོས་ཀྱི་སློབ་དཔོན་མང་པོ་ཡོད་མཁན་ཞིག་ཡིན།”

ཁྱིམ་པའི་མི་ཚེ།

བལ་ཡུལ་གྱི་ས་མཚམས་དང་ཉེ་བའི་ས་ཁུལ་དྭགས་པོའི་ལྷོ་ཕྱོགས་སུ་ཡོད་པའི་གྲོང་གསེབ་ཆུང་ངུ་ཞིག་ཏུ་སྒམ་པོ་པ་འཁྲུངས་ཤིང་། ཁོང་གི་ཡབ་ནི་གྲོང་གསེབ་དེའི་སྨན་པ་མཚན་སྙན་གྲགས་ཡོད་པ་ཞིག་ཡིན། སྲས་གཉིས་བྱུང་བ་ལས་ཆེ་བ་དེ་སྒམ་པོ་པ་ཁོང་ཡིན། སྒམ་པོ་པ་ནི་ཆུང་བྱིས་པའི་དུས་ནས་རིག་རྩལ་ཧ་ཅང་རྣོ་པོ་ཡོད། ཁོང་ནས་ཡབ་ཀྱི་འཚོ་ཐབས་ཆེད་ལས་དེར་སྦྱང་བརྩོན་གནང་སྟེ་སྨན་པ་ཆེན་པོ་ཞིག་ཏུ་གྱུར། དགུང་ལོ་བཅོ་ལྔ་ཙམ་སོོན་པའི་སྐབས་རྙིང་མའི་དཔེ་ཆ་མང་པོར་སློབ་གཉེར་གནང་བ་སོང་ཙང། རྙིང་མའི་ཆོས་ལུགས་ཐོག་མཁྱེན་རྒྱ་ཧ་ཅང་ཆེ་ཞིང། ཆོས་ཕྱོགས་ཀྱི་སློབ་གཉེར་མང་པོར་མུ་མཐུད་རྩེ་གཅིག་ཏུ་འབད་བརྩོན་གནང་ནས་དགུང་ལོ་ཉི་ཤུ་རྩ་གཉིས་སོན་པའི་སྐབས་ཁྱིམ་མཚེས་གྲོང་གསེབ་ཀྱི་མི་ཚང་ཕྱུག་པོ་ཞིག་གི་བུ་མོ་མཆོག་མེད་ཟེར་བ་དང་ལྷན་དུ་གཉེན་སྒྲིག་གནང་། གཉེན་སྒྲིག་གནང་རྗེས་སྲས་གཅིག་དང་སྲས་མོ་གཅིག་འཁྲུངས།

ལོ་འགའ་འདས་པའི་རྗེས་སུ་གློ་བུར་དུ་ཁོང་གི་དེ་སྲས་འདས་གྲོངས་སུ་ཕྱིན། སྒམ་པོ་པས་སྲས་ཀྱི་ཕུང་པོ་དེ་དུར་ཁྲོད་དུ་ཁྱེར་ནས་ཡུལ་དེའི་ལུགས་སྲོལ་ལྟར་དུར་འཇུག་གནང། དུར་ཁྲོད་ནས་ཕྱིར་ལོག་ཕེབས་པའི་སྐབས་སྲས་མོ་དེའང་འདས་གྲོངས་སུ་གྱུར་ཡོད་པ་རེད། རིང་པོར་མ་སོང་བར། ཁོང་གི་ཆུང་མ་དེ་ན་ཚ་མང་པོས་མནར། ཁོང་སྨན་པ་ཞིག་ཡིན་སྟབས་ནད་དྲག་སྐྱེད་ཡོང་ཐབས་ཀྱི་སྨན་རིགས་སྣ་ཚོགས་བསྟེན་པ་དང། སྨན་པ་གཞན་ལའང་གཏུགས་ཤིང་། ཆོ་ག་སྣ་ཚོགས་བསྒྲུབས་ཀྱང་། དེ་དག་གཅིག་ཀྱང་ལམ་ལྷོང་མ་བྱུང་བ་རེད། ཁོ་མོའི་ནད་གཞི་ཇེ་སྡུག་ཏུ་ཕྱིན་སྟབས་རེ་བ་མེད་པར་གྱུར་ནས་མཐར་སྒམ་པོ་པས་ཁོ་མོའི་འཁྲིས་སུ་བཞུགས་ནས་འཆི་བའི་གྲ་སྒྲིག་ཏུ་མདོ་ཞིག་ཀློག་གནང་བ་རེད། ཡིན་ནའང་ཆུང་ད་དུང་མ་འཆི་མ་ཐུབ་པ་རེད།

སྒམ་པོ་པས་ཁོ་མོ་འཆི་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། ཁོ་མོར་འཆི་བ་ལས་གང་གིས་འགོག་གི་ཡོད་དམ། རེ་བ་མེད་ཅིང་མུ་མཐུད་ན་ཟུག་ཁོ་ནས་མནར་བའི་མི་ཚེ་འདི་ག་རེ་བྱས་ནས་བློས་གཏོང་ཐུབ་ཀྱི་མེད་དམ། ཞེས་དགོངས་ནས། ནད་ཀྱིས་མནར་བའི་སོ་སོའི་ཆུང་མར་སྙིང་རྗེ་ཧ་ཅང་ཆེན་པོ་སྐྱེས་ཏེ་སྒམ་པོ་པས་འཇམ་པོའི་སྒོ་ནས་ “ཁྱེད་རང་གི་ནད་གཞི་དྲག་སྐྱེད་ཡོང་ཕྱིར་ངའི་ངོས་ནས་གང་ཐུབ་ཅི་ཐུབ་བྱས་ཡོད། སྨན་པ་མང་པོ་གཏུགས་པ་དང་། ཐབས་ཤེས་སྣ་ཚོགས་བསྟེན་པ། ཆོ་ག་ཕྱག་ལེན་མང་པོ་བྱས་ཀྱང་ལམ་ལྷོང་བྱུང་མ་སོང། ཁྱེད་ཀྱི་སྐྱེ་བ་སྔ་མའི་ལས་ཀྱི་དབང་གིས་འདི་ཚོ་ནུས་པ་ཐོན་གྱི་མེད། སྐྱེ་བ་སྔ་མའི་ལས་དབང་དང་སྨོན་ལམ་ལས་ངེད་གཉིས་མཉམ་དུ་ཕྲད་པ་རེད། ད་ལྟ་ངོས་ནས་ཁྱེད་ལ་བརྩེ་བ་དང་གདུང་སེམས་ཧ་ཅང་བཅངས་ཡོད་ཀྱང་། ཁྱེད་ཉིད་ཚེ་ལས་མི་འདའ་བའི་རྒྱུ་མཚན་གང་ཡིན་ནམ། ངེད་གཉིས་ནས་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ལ་ཆགས་པ་ཡིན་ནམ། གལ་ཏེ་རྒྱུ་ནོར་ལོངས་སྤྱོད་ཀྱིས་ཟིན་པའམ། ཡང་ན་ཁྱེད་དེ་དག་ལ་ཆགས་པ་ཡིན་ན། ངས་ཚང་མ་བློས་གཏོང་གི་ཡིན། ངོས་ནས་དངོས་པོ་རྣམས་བཙོང་བའམ་དགོན་སྡེ་ཁག་ལ་མཆོད་འབུལ་བྱེད་པ། དེ་ག་ནང་བཞིན་དབུལ་པོ་རྣམས་ལ་སྦྱིན་པ་གཏོང་ཆོག །ངོས་ནས་ཁྱེད་ཉིད་འཆི་བར་འགོག་རྐྱེན་བྱེད་མཁན་རྣམས་མེད་པ་བཟོ་གི་ཡིན། ཁྱེད་རང་གི་འདོད་པ་གང་ཡིན་པ་རྣམས་ངོས་ནས་བསྒྲུབ་རྒྱུ་ཡིན།” ཞེས་གསུངས་པ་རེད།

མཆོག་མེད་ཀྱིས་ལན་དུ་ “ནང་གི་རྒྱུ་ནོར་ལོངས་སྤྱོད་སོགས་གང་ལའང་ཆགས་མེད། ང་ལ་འཆི་བར་འགོག་རྐྱེན་བྱེད་མཁན་དེ་དག་མ་རེད། ངའི་སེམས་ཁུར་ཆེ་ཤོས་དེ་ནི་ཁྱེད་རང་གི་མ་འོངས་པའི་མི་ཚེ་དེ་ཡིན་པས། ང་འཆི་ཐུབ་ཀྱི་མི་འདུག །ང་ཤི་བའི་རྗེས་སུ་མནའ་མ་གསར་པ་ཞིག་བླངས་ཏེ་ད་ལྟ་ངེད་གཉིས་ལ་ཡོད་པའི་ཕྲུ་གུ་ལས་མང་བ་བྱུང་བ་དེ་ངས་མཐོང་གི་འདུག །ཡིན་ནའང་འདི་ལྟ་བུའི་མི་ཚེ་ལ་སྙིང་པོ་གང་ཡང་མེད་པས། ཁྱེད་རང་ལ་སེམས་འཁུར་ཆེན་པོ་ཡོད། གལ་ཏེ་ཁྱེད་ནས་དེ་ལས་ལྡོག་ཏེ། སོ་སོ་རང་ཉིད་དང་སེམས་ཅན་ཐམས་ཅད་ལ་བདེ་བ་འཐོབ་པའི་ལམ་བཟང་ཤོས་ཏེ། ཆོས་པ་ཡང་དག་པ་ཞིག་བྱེད་པའི་དམ་བཅའ་བཞག་ན། ང་བདེ་པོའི་ངང་འཆི་ཐུབ་ས་རེད། དེ་མིན་ང་རྒྱུན་རིང་པོ་ད་ལྟ་ནང་བཞིན་ལྷག་གི་རེད།” ཅེས་གསུངས་པ་རེད།

སྒམ་པོ་པས། “གལ་ཏེ་གནས་ཚུལ་འདི་འདྲ་ཡིན་ན། ངས་ཆོས་པ་ཡང་དག་པ་ཞིག་དང་ཚེ་འདི་བློས་གཏོང་གི་དམ་བཅའ་ངེས་པར་དུ་འཇོག་གི་ཡིན།” མཆོག་མེད་ཀྱིས། “ངས་ཁྱེད་ལ་ཡིད་ཆེས་ཡོད་ཀྱང་། ངེས་པ་རྙེད་པའི་ཆེད་ང་ལ་དཔང་པོ་ཞིག་འཁྱེར་རོགས་གནང།” ཞེས་བརྗོད་པར། སྒམ་པོ་པས་ཁོང་གི་དམ་བཅའ་ལ་དཔང་པོའི་ཆེད་རང་ཉིད་ཀྱི་ཨ་ཁུ་ཁྲིད་གནང་ནས། བརྩེ་བའི་ཆུང་མའི་འགྲམ་དུ་བཞུགས་ནས་ཨ་ཁུ་དཔང་པོར་འཇོག་ཏེ། དམ་པའི་ཆོས་ལ་འཇུག་པའི་དམ་བཅའ་ཕུལ། དེས་མཆོག་མེད་ཧ་ཅང་མཉེས་ཏེ། “ང་ཤི་བའི་རྗེས་སུའང་ཁྱེད་རང་ལ་ལྟ་སྐྱོང་བྱེད་ཀྱི་ཡིན།” ཞེས་བརྗོད་བཞིན་དུ་ཁོང་གི་ཕྱག་འཇུས་ཏེ་སྤྱན་ཆབ་མང་པོ་བསིལ་ནས་སྐུ་འདས་པ་རེད།

ཁོང་གིས་འདས་མཆོད་རྒྱས་པོ་ཞིག་གྲ་སྒྲིག་གནང་ཞིང་། ཁོ་མོའི་ཐལ་བ་དང། རུས་པ། འདམ་བཅས་ལས་སངས་རྒྱས་ཀྱི་གཟུགས་བརྙན་ཡོད་པའི་ཚ་ཚ་མང་པོ་བཞེངས། ཁོ་མོར་གུས་བརྩི་མཚོན་བྱེད་དུ་བཞེངས་པའི་མཆོག་མེད་མཆོད་རྟེན་དེ་ད་ལྟའང་བོད་དུ་མཇལ་རྒྱུ་ཡོད་པ་རེད།

སྒམ་པོ་པ་ཁེར་རྐྱང་ལུས་ནས་རྒྱུ་ནོར་ལོངས་སྤྱོད་ཆ་ཚང་ཆ་མཉམ་པ་གཉིས་སུ་བགོས། ཆ་གཅིག་བཙོང་སྟེ་དངུལ་བྱུང་བ་དེ་དཀོན་མཆོག་གསུམ་ལ་མཆོད་པ་འབུལ་བ་དང་དབུལ་པོ་རྣམས་ལ་སྦྱིན་པ་བཏང། ཆ་གཞན་པ་དེ་ཁོང་ཉིད་ཀྱི་སྐུའི་འཚོ་གནས་འགྲོ་གྲོན་དང་ཆོས་ཉམས་ལེན་ཆེད་དུ་ཉར་གནང་བ་རེད།

ཉིན་གཅིག་སྔོན་མ་སྒམ་པོ་པས་མཆོག་མེད་ལ་དམ་བཅའ་གནང་བའི་སྐབས་དཔང་པོ་བྱེད་མཁན་གྱི་ཨ་ཁུ་དེས་ཆུང་མ་འཆི་བའི་སྡུག་བསྔལ་དྲག་པོ་ཡོད་ཀྱི་རེད་བསམས་ནས། ཁོང་ནས་སྒམ་པོ་པར་ལས་ཀྱི་རྣམ་གཞག་གི་ཐོག་ནས་གནས་སྟངས་འགྲེལ་བརྗོད་དང་བཅས་ཐུགས་ཁྲལ་གནང་མི་དགོས་པའི་བསླབ་བྱ་དང་སེམས་གསོ་གཏོང་བའི་ཆེད་དུ་ཕེབས་པ་རེད།

སྒམ་པོ་པས་ལན་དུ་སེམས་ཁྲལ་གཅིག་ཀྱང་མ་བྱུང། དེ་ལས་ལྡོག་སྟེ། ཁོ་མོ་འདས་པར་དགའ་པོ་འདུག་ཅེས་གསུངས་པར། དེ་ཐོས་པ་དང་ཨ་ཁུ་ཧ་ཅང་སྐུ་རླུང་བཞེངས་ཏེ། ཐལ་བ་སྦར་མོ་གང་བླངས་ནས་སྒམ་པོ་པའི་ཞལ་ལ་གཏོར་ནས། ཁོང་གིས་ “ཁྱེད་རང་གིས་བཤད་པའི་དོན་གང་ཡིན་ནམ། ཁྱེད་རང་ལ་ཆུང་མ་ཁོང་ལས་ཡག་པ་དང་སྙིང་རྗེ་བ་ཞིག་རག་གི་མ་རེད།” ཅེས་སྐད་ཤུགས་ཆེན་པོའི་་ངང་ནས་བརྗོད་པ་རེད།

ཨ་ཁུའི་གློ་བུར་གྱི་་སྐུ་རླུང་དྲག་པོ་ལ་སྒམ་པོ་པ་ཡ་མཚན་སྐྱེས་ཏེ། ཁོང་གིས། “ཁྱེད་རང་དཔང་པོ་གང་འདྲ་ཞིག་རེད་དམ། ངས་ཆོས་ཉམས་ལེན་ལ་འཇུག་པའི་དམ་བཅའ་བཞག་དུས་ཁྱེད་རང་དེར་མེད་དམ། ཁྱེད་ཀྱིས་ཉན་མེད་དམ།” བཅས་དྲི་བ་བཀོད་གནང་བར། ཨ་ཁུ་ཧ་ཅང་ངོ་གནོང་སྟེ་ལན་དུ། “འདི་བདེན་པ་རེད། ང་རང་ལོ་ན་རྒས་པའི་མི་ཞིག་ཡིན་ཡང་ཆོས་བྱེད་རྒྱུ་ནམ་ཡང་དྲན་གྱི་མི་འདུག །འོན་ཀྱང་། ཁྱེད་རང་ལོ་ན་ཧ་ཅང་ཆུང་ཆུང་ཡིན་ནའང་ད་དུང་ཆོས་ཀྱི་ལམ་དུ་འཇུག་པའི་སྙིང་སྟོབས་ཧ་ཅང་ཆེ་ལ། ངས་དེའི་ཐོག་ཁྱེད་ལ་རོགས་པ་ག་འདྲ་བྱེད་ཐུབ་ན་ཧ་ཅང་དགའ་པོ་ཡོང་ས་རེད།” ཅེས་ཞུས་པ་རེད།

རབ་ཏུ་བྱུང་བ་དང་བཀའ་གདམས་པའི་སློབ་དཔོན་དྲུང་ནས་སློབ་གཉེར་གནང་ཚུལ།

ཉིན་གཅིག་སྒམ་པོ་པས་ཟས་དང་གོས་མང་པོ་བསྡུ་འཇུག་གནང་ནས་དབེན་པའི་གནས་སུ་བཞུགས་རྒྱུའི་ཐུགས་ཐག་བཅད་གནང་བ་དང། གཉེན་ཉེ་འདུ་སུ་གང་གིས་ཀྱང་ཧ་མ་གོ་བའི་ཐོག་ཕ་ཡུལ་བཞག་ནས་བླ་མ་འཚོལ་དུ་འཕན་པོའི་ཡུལ་དུ་བྱོན་གནང་བ་རེད།

རིང་པོར་མ་སོང་བར་བཀའ་གདམས་པའི་ལུགས་ཀྱི་སྙིང་རྗེ་ཆེ་བའི་སློབ་དཔོན་ཤ་བ་གླིང་པ་མཇལ་ཏེ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གནང་བར་ཞུས། ཆོས་མིང་དུ་བསོད་ནམས་རིན་ཆེན་བསྩལ། བཀའ་གདམས་པའི་དགེ་བཤེས་རིམ་པར་བརྒྱུད་དེ་སྒོམ་དང་སློབ་གཉེར་གྱིས་ཉམས་ལེན་གཟབ་ནན་གནང། ཁོང་ནམ་རྒྱུན་ཉིན་མང་པོ་ཆུ་ཐིགས་པ་གཅིག་དང་ཁ་ལག་ཁམ་གང་མེད་པར་ལུས་སེམས་ཀྱི་བདེ་བའི་མྱོང་བ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་གནང་བ་དང་། དེ་ལྟར་སྒམ་པོ་པས་ཞག་བདུན་གྱི་རིང་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་བཞུགས་ཐུབ་པའི་ཞི་གནས་ཀྱི་གོ་འཕང་ཐོབ་པ་རེད།

དེར་བརྟེན་སྒམ་པོ་པས་རང་ཉིད་ཀྱི་བླ་མ་མི་ལ་རས་པ་མ་བཙལ་གོང་ནས་ཆོས་ཀྱི་ཉམས་ལེན་ཐད་ནང་གི་རྟོགས་པ་དང་གདེང་སྤོབས་ཆེན་པོ་རྙེད་ཟིན་པ་རེད། ཁོང་ནས་བཀའ་གདམས་པའི་ཆོས་ཡོངས་རྫོགས་ལ་མཁས་པར་གནང་ཡོད་པ་དང་། ས་བཅུ་པའི་བྱང་ཆུབ་སེམས་དཔའི་གོ་འཕང་ཐོབ་པ་ལྟ་བུའི་རྨི་ལམ་ཁྱད་པར་ཅན་དེ་འདྲ་རྨིས་མྱོང་ཡོད་པ་རེད། ཁོང་ནས་ཡང་ཡང་འཁར་རྒྱུག་བསྣམས་པའི་རྣལ་འབྱོར་པ་སྔོན་པོ་ཞིག་གིས་ཕྱག་གཡས་པ་ཁོང་གི་མགོའི་སྒང་ལ་བཞག་པ་དང་སྐབས་འགར་ཐུ་ལུད་འདེབ་པ་བཅས་རྨིས་པ་དེ་དམ་པའི་ཆོས་ཉམས་ལེན་གནང་བར་གེགས་དང་བར་ཆད་བྱེད་མཁན་གྱི་གནོད་བྱེད་འབྱུང་པོ་ཞིག་གི་རྟགས་ཡིན་པར་དགོངས་ཏེ་མི་གཡོ་བ་རྩེ་གཅིག་ཏུ་སྒོམ་སྒྲུབ་གནང་བ་རེད། ལེགས་སྦྱར་སྐད་དུ་ཨ་ཅལ་སྟེ། མི་གཡོ་བ་ནི་བར་ཆད་བཟློག་པའི་ཡི་དམ་གྱི་ལྷ་དྲག་པོའི་རྣམ་པ་ཅན་ཞིག་ཡིན་པ་དང་། དེ་ཡང་དམིགས་བསལ་བཀའ་གདམས་པའི་ལུགས་སུ་བར་ཆད་ཐམས་ཅད་སེལ་བའི་ཆེད་དུ་སྒོམ་གྱི་ཡོད། ཁོང་ནས་དེ་ལྟར་སྒོམ་གྲུབ་པའི་རྗེས་སུའང་རྨི་ལམ་དེ་ག་རང་ཡང་ནས་ཡང་དུ་སྔར་ལས་གསལ་བ་དང་ཤུགས་ཆེ་བ་རྨིས། ཁོང་གིས་རྨི་ལམ་དེ་ནི་མགྱོགས་ནས་མྱུར་དུ་ཁོང་ལ་མ་འོངས་པའི་བླ་མ་མི་ལ་རས་པ་མཇལ་བའི་རྟགས་མཚན་ཡིན་པ་ཤེས་རྟོགས་བྱུང་མེད།

མི་ལ་རས་པ་དང་མཇལ་འཕྲད།

སྒོམ་པོ་པས་མི་ལ་རས་པའི་མཚན་དེ་ཐོག་མར་མཆོད་རྟེན་ཞིག་བསྐོར་བ་བསྐྱོན་བཞིན་པའི་སྐབས་སློང་མོ་བ་གསུམ་སྐད་ཆ་བཤད་པ་ལས་ཞོར་དུ་གསན་པ་རེད། སློང་མོ་བ་གཅིག་གིས་རྟག་པར་དེའི་སྐབས་ལུང་པ་དེར་མུ་གེ་བྱུང་བའི་སྐོར་དང་རྒྱུན་རིང་པོར་ཁ་ལག་མི་རག་ཚུལ་བཤད་པ་རེད། སློང་མོ་བ་གཉིས་པས་ལན་དུ་སོ་སོར་ངོ་ཚ་དགོས་པ་དང་རྟག་ཏུ་ཟས་ཁོ་ནའི་སྐོར་ཤོད་རྒྱུ་མེད། དེ་མིན་མཆོད་རྟེན་བསྐོར་བ་སྐྱོན་གནང་མཁན་གྱི་དགེ་སློང་དེས་ཐོས་ན་ངོ་ཚ་པོ་དང་ཁ་སྐྱེངས་པོ་ཞེ་དྲག་ཆགས་ཀྱི་རེད། དེར་མ་ཟད། ཁོང་གིས། “ཁ་ལག་བཟའ་རྒྱུ་མེད་མཁན་ང་ཚོ་གཅིག་པོ་མིན་པར། རི་ཁྲོད་དབེན་པའི་གནས་སུ་བཞུགས་ཤིང་། ཁ་ལག་རྩ་ནས་མེད་པར་ཆོས་ཀྱི་ཉམས་ལེན་ལ་ཡོངས་སུ་བརྩོན་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པ་ཡང་ཡོད། ཁོང་གིས་ཟས་མི་འདུག་ཅེས་དང་ཟས་དགོས་ཀྱི་འདུག་ཅེས་གསུང་སྐད་ནམ་ཡང་བསྐྱོན་གྱི་མེད། ང་ཚོ་ཚང་མས་ཁོང་ལྟ་བུའི་སྤྲོས་མེད་ཉམ་ཆུང་གི་མི་ཚེ་སྐྱེལ་བའི་རེ་འདུན་གཙང་མ་ཞིག་སྐྱེ་བའི་སྨོན་ལམ་འདེབས་དགོས།” ཞེས་བཤད།

མི་ལ་རས་པའི་མཚན་ཐོས་པ་ཙམ་གྱིས་སྒམ་པོ་པ་དགའ་བདེ་དཔག་ཏུ་མེད་པ་ཞིག་མྱོང་བ་དང་། དགེ་བའི་བཤེས་གཉེན་ལ་ཞུས་ནས། དགེ་བའི་བཤེས་གཉེན་གྱིས། “ཁྱེད་དང་སྒོམ་ཆེན་དེ་འདྲ་ཞིག་ལས་ཀྱི་འབྲེལ་བ་ཉེ་པོ་ཡོད་པ་དེ་ངས་ཤེས་ཀྱི་ཡོད། ཁོང་གི་ཞབས་ལ་གཏུགས་དགོས། དེ་དངོས་གནས་ལམ་ལྷོང་ལྡན་པ་དང་འབྲས་བུ་ཡག་པོ་སྨིན་གྱི་རེད།” ཅེས་གསུངས།

མཚན་མོ་དེར་སྒམ་པོ་པ་གཟིམ་ཁུག་ཁག་པོ་བྱུང་བ་དང་། ཧ་ལམ་མཚན་གང་པོ་རྣལ་འབྱོར་མི་ལ་རས་པ་མགྱོགས་མྱུར་མཇལ་བའི་སྨོན་ལམ་ཤུགས་དྲག་བཏབ། མཐའ་མར་གཉིད་ཤོར་བའི་སྐབས་ཁོང་ལ་འཛམ་གླིང་ནང་གི་སྐད་ཤུགས་ཆེ་ཤོས་ཀྱི་དུང་དཀར་གྱི་སྒྲ་ཐོས་པའི་རྨི་ལམ་དམིགས་བསལ་ཅན་ཞིག་རྨིས་པ་དེ་དགེ་བའི་བཤེས་གཉེན་ལ་སྙན་གསེང་ཞུས་པ་དང། དགེ་བའི་བཤེས་གཉེན་དེས། “འདི་ནི་བཀྲིས་པའི་རྟགས་མཚན་ཡིན། ཁྱེད་རང་ལམ་སེང་མི་ལ་རས་པ་འཚོལ་དུ་འགྲོ་དགོས།” ཞེས་གསུངས།

སྒམ་པོ་པས་སློང་མོ་བ་རྣམས་ཀྱི་སྡོད་སྒར་ཚུགས་སར་རྒྱུགས་ནས་ཁོང་ཚོར། མི་ལ་རས་པ་ངོ་ཤེས་ཀྱི་ཡོད་མེད་དང་བཞུགས་ཡུལ་གང་དུ་ཡིན་ཤེས་རྟོགས་ཡོད་མེད། གལ་ཏེ་ཤེས་ཀྱི་ཡོད་ན་བླ་མ་ཡོད་སར་འཁྲིད་ཐུབ་ཀྱི་ཡོད་མེད་སྐོར་དྲིས་པ་རེད། སྒམ་པོ་པས་སློང་མོ་བ་རྣམས་ལ། ཁོང་ལ་གསེར་གྱི་ཕྱེ་མ་ཨཽན་སི་ ༼རྒྱ་མ་གཅིག་གི་བཅུ་དྲུག་གི་ཆ་༽ བཅུ་དྲུག་ཡོད་པ་ལས། ཕྱེད་ཀ་ཁོང་ཚོར་སྤྲོད་རྒྱུ་དང་ཕྱེད་ཀ་བླ་མ་མཇལ་བའི་སྐབས་མཆོད་འབུལ་ཆེད་དུ་ཉར་རྒྱུ་ཡིན་ཚུལ་བརྗོད་པས། སློང་མོ་བ་རྒན་ཤོས་དེ་ཡིས་མི་ལ་རས་པ་ཤེས་ཀྱི་ཡོད་པ་དང་། ཁོང་བཞུགས་སའི་བྲག་ཕུག་ཏུ་ལམ་ཁ་སྟོན་རྒྱུའི་མོས་མཐུན་བྱས་པ་རེད།

སློང་མོ་བ་རྒན་པོ་དེ་གཡོ་སྒྱུ་ཅན་ཞིག་ཡིན་པས། ལམ་བར་དུ་བྲག་ཕུག་ཏུ་འགྲོ་ལམ་ཤེས་ཀྱི་མེད་ཚུལ་ངོས་ལེན་བྱས། ཁོང་གི་གཟུགས་པོ་བདེ་པོ་མེད་པས་མུ་མཐུད་ལམ་སྟོན་བྱེད་ཐུབ་ཀྱི་མེད་ཚུལ་བརྗོད། ཁོང་གཉིས་མི་དང་། ཁང་པ། དུད་འགྲོ་སེམས་ཅན་མེད་པའི་ལུང་སྟོང་ཞིག་ཏུ་འབྱོར་བ་དང་སློང་མོ་བ་དེ་ལོག་ཕྱིན་པ་དང་སྒམ་པོ་པ་དེར་ཁེར་རྐྱང་ལུས་པ་རེད། དེ་ནས་སྒམ་པོ་པས་ཉིན་མང་པོར་ཟས་མེད་པར་ཚོང་པའི་ཚོགས་པ་ཞིག་མ་འཕྲད་བར་དུ་གང་སར་འཁྱམ་མྱུལ་གནང་། ཚོང་པ་དེ་དག་ལས་གཅིག་ལ་མི་ལ་རས་པ་གང་དུ་བཞུགས་ཡོད་སྐོར་དྲིས་པ་རེད། ཚོང་པ་དེ་ཡིས་མི་ལ་རས་པ་ཤེས་ཀྱི་ཡོད། ཁོང་སྒོམ་ཆེན་དང་རྣལ་འབྱོར་པ་ཆེན་པོ་ཞིག་རེད་ཅེས་ལན་འདེབས་པ་དང་། ཁོང་གི་བཞུགས་ཡུལ་ངེས་བརྟན་མེད་པར་བྲག་ཕུག་གཅིག་ནས་གཞན་དང་གྲོང་སྡེ་གཅིག་ནས་གཞན་དུ་ཡང་སེ་སྤོས་གནང་གི་འདུག།།ཡིན་ནའང། དེང་སང་ཁོང་གྲོང་སྡེ་འདི་དང་བྲག་ཕུག་བྱེ་བྲག་པ་འདི་རུ་བཞུགས་ཀྱི་ཡོད་ཚུལ་བརྗོད། མི་དེས་བྲག་ཕུག་ཅིག་ལ་མཛུབ་མོ་བཙུགས་ཏེ་དོན་གཉེར་ཅན་གྱི་སློབ་མ་དེར་རྣལ་འབྱོར་བ་ཆེན་པོའི་ཕྱོགས་སུ་ལམ་སྟོན་གསལ་པོ་གནང་བར་ཧ་ཅང་ཐུགས་མཉེས་ཏེ། སྒམ་པོ་པས་བཀའ་དྲིན་ལེགས་གསོལ་ཞུ་ཆེད་ཚོང་པ་དེར་འཐམས་ནས་ཡུན་རིང་ཙམ་བཞུགས་གནང་བ་རེད།

ཉིན་མང་པོའི་རིང་ཞལ་ལག་མེད་པར་ཕེབས་པའི་རྐྱེན་གྱིས་དྲན་མེད་བརྒྱལ་ཏེ་ཚུར་དྲན་པ་གསོས་པའི་སྐབས་རྣལ་འབྱོར་ཆེན་པོ་དེ་མཇལ་བའི་བསྐལ་པ་མེད་པ་དང་། ཤི་རྒྱུ་ལས་མེད་པར་དགོངས་པ་རེད། དེར་བརྟེན་ཁོང་ནས་ལག་གཉིས་ཐལ་མོར་སྦྱར་ཏེ། དོན་དམ་པའི་བཀའ་དྲིན་བསམ་ཤེས་དང་གུས་བརྩི་ལྡན་པའི་སྒོ་ནས་སྤྱིར་མི་ལུས་ལེན་པ་དང་། ཡང་སྒོས་སུ་རྗེ་བཙུན་མི་ལ་རས་པའི་སློབ་མར་སྐྱེ་བར་སྨོན་ལམ་བཏབ་གནང་བ་རེད།

སྒམ་པོ་པ་སའི་སྟེང་མར་གཟིམས་ནས་འཆི་རྒྱུ་སྒུག་བཞུགས་པའི་སྐབས་བཀའ་གདམས་པའི་སློབ་དཔོན་ཞིག་གིས་སྒམ་པོ་པ་ས་མཁྲེགས་པོའི་སྒང་རིལ་ནས་ཡོད་པར་གཟིགས་ཏེ་རོགས་བྱེད་དུ་ཕེབས། ཁོང་གིས། “ཁྱེད་རང་འདིར་ག་རེ་གནང་གི་ཡོད་དམ།” ཞེས་དྲིས་པས། སྒམ་པོ་པས་ལན་དུ། “ང་སློབ་དཔོན་ཆེན་པོ་མི་ལ་རས་པ་འཚོལ་བཞིན་ཡོད། ང་ཉིན་མང་པོའི་རིང་ཟས་དང་ཆུ་མེད་པར་འགྲུལ་བསྐྱོད་བྱས་པ་ཡིན། ད་ལྟའི་ཆར་ང་རང་འཆི་རྒྱུ་ཡིན་པ་དང་བླ་མ་དེ་མཇལ་བའི་ལས་མེད་པར་ཧ་ཅང་བློ་ཕམ་འདུག” །ཅེས་གསུངས། བཀའ་གདམས་པའི་བླ་མ་དེས་ཟས་དང་ཆུ་འཁྱེར་ནས་རྗེ་བཙུན་མི་ལ་རས་པའི་བཞུགས་སའི་གྲོང་སྡེ་དེ་སྟོན་གནང་མཛད།

སྒམ་པོ་པ་གྲོང་སྡེ་དེར་འབྱོར་བ་དང་རྗེ་བཙུན་དང་མཇལ་འཕྲད་ག་འདྲ་བྱེད་ཐུབ་མིན་དང་། ཁོང་ནས་འཚོལ་བཞིན་པའི་གདམས་ངག་གི་རིགས་བྱེ་བྲག་པ་དེ་ག་འདྲ་ཐོབ་ཐུབ་མིན་མི་མང་པོར་སྐད་ཆ་དྲིས་གནང་བ་རེད། མཐའ་མར་ཁོང་ལ་མི་ལ་རས་པའི་སློབ་མ་ཡིན་པའི་སློབ་དཔོན་ཆེན་པོ་ཞིག་དང་ཕྲད་ནས། སྒམ་པོ་པས། ཁོང་བླ་མ་མཇལ་འདོད་དང་ཁོང་གི་དྲུང་ནས་ཆོས་ཞུ་འདོད་ཤུགས་དྲག་ཡོད་ཚུལ་རྣམས་བརྗོད། སློབ་དཔོན་དེས། རྣལ་འབྱོར་པ་ཆེན་པོ་དེ་ལམ་སེང་མཇལ་མི་ཐུབ། ཉིན་མ་ཁ་ཤས་སྒུག་དགོས་པ་དང་ཆོས་དངོས་སུ་མ་ཞུས་གོང་དུ་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་ཚུལ་བཤད་པ་རེད།

ཉིན་འགའ་ཤས་ཤིག་གི་གོང་དུ་མི་ལ་རས་པ་སློབ་མ་རྣམས་དང་ལྷན་དུ་ཚོགས་འདུ་ཞིག་འཚོགས་པའི་སྐབས། ཁོང་གིས་སྒམ་པོ་པ་འབྱོན་གྱི་ཡོད་སྐོར་གསུངས། རྗེ་བཙུན་མི་ལ་རས་པས། དགེ་སློང་གི་ལྷ་རྗེ་ཞིག་ཕེབས་འབྱོར་ཡོང་བར་རེ་སྒུག་བྱེད་བཞིན་ཡོད་པ་དང་། ལྷ་རྗེ་དེས་ཁོང་ནས་སློབ་གཉེར་ཡོངས་རྫོགས་གནང་རྗེས་ཕྱོགས་བཅུར་ཆོས་དར་སྤེལ་གནང་རྒྱུ་ཡིན་ཚུལ་བརྗོད། དེའི་གོང་གི་མཚན་མོར་མི་ལ་རས་པར་ལྷ་རྗེ་དེ་ཡིས་ཤེལ་བུམ་སྟོང་པ་ཞིག་འཁྱེར་ཡོང་བ་གཟིམ་ལམ་དུ་རྨིས་པ་དང་། དེར་ཁོང་ནས་ཆུས་བསྐང་བར་མཛད་པ་དེས་སྒམ་པོ་པ་ཐུགས་གུ་ཡངས་དང་གོ་ཤེས་ལྡན་པའི་ཐོག་ཕེབས་ཡོང་བ་དང་མི་ལ་རས་པ་ནས་བློའི་བུམ་པའི་ནང་དུ་ཁྲིད་ལུང་ཡོངས་རྫོགས་ཀྱི་བདུད་རྩི་བསྐང་བ་མཚོན་གྱི་ཡོད།

དེ་ནས་མི་ལ་རས་པས་ཐུགས་ཧ་ཅང་མཉེས་པའི་ཚུལ་གྱིས་བཞད་མོ་བཞད་ནས་གསུངས་དོན། “ད་ང་ལ་ནང་པའི་ཆོས་དེ་ཉི་མའི་འོད་ཟེར་ནང་བཞིན་ཕྱོགས་ཡོངས་སུ་ཁྱབ་པའི་གདེང་ཚོད་ཡོད།” ཅེས་གསུངས་པ་དང་། དེ་ནས་ཁོང་གི་ཉེ་འཁོར་དུ་བཞུགས་པ་རྣམས་ལ་མགུར་ཞིག་བླངས་པ་ནི། “སེང་གེ་དཀར་མོའི་འོ་མ་ནི་བཅུད་ལྡན་ཡིན་པར་ཐེ་ཚོམ་མེད་ཀྱང་། དེ་བྲོ་བ་མ་མྱོང་བའི་གང་ཟག་དེར་བཅུད་དེ་ལས་ཁེ་ཕན་གང་ཡང་མི་འབྱུང། ཁྱེད་ནས་ངེས་པར་དུ་ཐིགས་པ་གཅིག་ཡིན་ཡང་བྲོ་བ་མྱོང་དགོས། གཞི་ནས་བཅུད་ལྡན་གྱི་འབྲས་བུ་དེར་རྗེས་སུ་ཡི་རངས་བྱེད་ཐུབ། ངའི་ཆོས་ཀྱང་དེ་ག་ནང་བཞིན་རེད། ཐོག་མར་ཁྱེད་ནས་ཆོས་ཀྱི་བྲོ་བ་དེ་མྱོང་དགོས་པ་དང་། དེ་ནས་དེ་ཧ་ཅང་བཅུད་དང་ལྡན་པར་འགྱུར་གྱི་རེད།” ཅེས་གསུངས།

“ནཱ་རོ་པ་དང་ཏཻ་ལོ་པ་ནས་བརྒྱུད་པའི་ཆོས་འདིེ་ཚད་ལྡན་དང་གཏིང་ཟབ་ཡིན་ཚུལ་ལ་ཐེ་ཚོམ་མེད། ཡིན་ནའང་ཁྱེད་ནས་ཆོས་དེ་མ་སྒོམ་པར་གཏིང་ཟབ་པ་དེ་མི་རྟོགས། སྒོམ་པ་ཁོ་ན་ལས་དོན་དམ་པའི་མྱོང་བ་ཞིག་སྐྱེས་པའི་རྗེས་སུ་ཟབ་པའི་ཆོས་རྣམས་ཀྱི་གཏིང་འཇལ་ཐུབ། ངའི་ཕ་བླ་མ་མར་པའི་ཞབས་ནས་བརྒྱུད་དེ་རྒྱ་གར་ནས་གདན་དྲངས་པ་དང་། རྣལ་འབྱོར་པ་ངས་དེ་དག་སྒོམ་པ་ཡིན། ངོས་ནས་ཆོས་ཚུལ་དེ་དག་ཚད་ལྡན་ཡིན་མིན་དཔྱད་པ་བྱས་ཤིང་། མྱོང་བ་རྒྱུད་ལ་སྐྱེད་པར་བྱས་ཡིན།” ཞེས་གསུངས།

“སེང་གེ་དཀར་མོའི་འོ་མ་དེ་སྤྱིར་བཏང་གི་སྣོད་ནང་དུ་བླུགས་མི་འོས་པས་སྣོད་དམིགས་བསལ་ཅན་ཞིག་དགོས། དཔེར་ན། གལ་ཏེ་རྫ་བུམ་ཞིག་གི་ནང་དུ་བླུགས་པ་ཡིན་ན། བླུགས་མ་ཐག་ཏུ་བུམ་པ་གས་ཆག་འགྲོ་གི་རེད། དེ་བཞིན་དུ་བརྒྱུད་པ་འདིའི་ཆོས་རྒྱ་ཆེ་ལ་གཏིང་ཟབ་པ་དེའི་ཉམས་ལེན་པའང་ཁྱད་དུ་འཕགས་པ་ཞིག་དགོས། སྣོད་དུ་མི་རུང་བའམ་གྲ་སྒྲིག་མེད་པའི་སློབ་མ་སུ་འདྲ་ཞིག་ཆོས་ཞུ་བར་སླེབས་ནའང་ངས་ཁས་ལེན་བྱེད་ཀྱི་མེད། ཆོས་འདི་དང་འདིའི་ཉམས་ལེན་རྣམས་གནང་བར་སྨིན་ཚད་ལོངས་པ་དང་འོས་ཤིང་འཚམས་པའི་གང་ཟག་རྣམས་ལ་ཆོས་ཁྲིད་བྱེད་ཀྱི་ཡིན།” ཞེས་གསུངས།

སློབ་མ་དེས་མི་ལ་རས་པར། “ཁྱེད་ཀྱི་གཟིམ་ལམ་བཏང་བའི་གང་ཟག་དེ་ག་དུས་ཡོང་གི་རེད་དམ།” ཞེས་དྲིས་པར། མི་ལ་རས་པས། “ཁོང་འདིར་ཕལ་ཆེར་གནངས་ཉིན་འབྱོར་ཚོད་འདུག །ཁོང་དྲན་མེད་དུ་བརྒྱལ་ནས་ང་ལ་སྐྱབས་རོགས་ཞུས་སོང། ངས་ཁོང་ལ་རྗུ་འཕྲུལ་གྱི་ནུས་པ་བེད་སྤྱོད་བྱས་ནས་འདིར་ཡོང་བར་ལམ་སྟོན་པ་ཡིན།” ཞེས་ལན་འདེབས་གནང།

སང་ཉིན་དེར་སྒོམ་བསྐྱོན་བཞིན་པའི་སྐབས་མི་ལ་རས་པས་དུས་ངེས་ཅན་ཞིག་གི་ནང་བཞད་གད་ཤུགས་ཆེན་པོ་ཤོར་གནང་བར་དད་ལྡན་གྱི་སྦྱིན་བདག་མོ་དེ་གློ་བུར་གྱི་བཞད་གད་དེས་ཞེད་སྣང་སྐྱེས་ཏེ་མི་ལ་རས་པའི་དྲུང་དུ་བཅར་ནས་འདི་ལྟར་བཀའ་འདྲི་ཞུས། “འདིའི་རྒྱུ་མཚན་གང་རེད་དམ། སྐབས་འགར་ཁྱེད་ཧ་ཅང་ཞལ་ངོ་གནག་པོ་དང་སྐབས་འགར་བཞད་མོ་བཞད་ཀྱི་འདུག །ཁྱེད་ནས་འདིར་ངེས་པར་འགྲེལ་བཤད་བསྐྱོན་དགོས་འདུག་མ་གཏོགས། མི་ཚང་མས་ཁྱེད་རང་སྨྱོ་བ་ཡིན་ས་རེད་བསམ་སྲིད། བྱས་ཙང་། གནས་ཚུལ་ག་རེ་རེད། འདི་ལ་སྦས་གསང་གནང་ན་འགྲིག་གི་མ་རེད།” ཅེས་ཞུས་པ་རེད།

མི་ལ་རས་པའི་ལན་དུ། “ང་བདེ་ཐག་ཆོད་ཡོད། ངའི་སེམས་ཁམས་བདེ་ཞིང་སྦས་གསང་གང་ཡང་བྱེད་ཀྱི་མེད། ང་རང་ཐུག་འཕྲད་དུ་ཡོང་མཁན་གྱི་སློབ་མ་དེར་ཁྱད་མཚར་པོ་ཞིག་འབྱུང་བཞིན་ཡོད་པ་དེ་ངས་མཐོང་གི་འདུག  །ཐོག་མར་ཁོང་དྲན་མེད་དུ་བརྒྱལ་བ་དང་། ད་ལྟ་ཁོང་གི་གཟུགས་པོ་ཡོངས་སུ་ན་ཟུག་དང་རྨ་ཆགས་ནའང་ཁོང་ནི་སེམས་ཤུགས་ཧ་ཅང་ཆེན་པོ་དང་། ང་མཇལ་དུ་ཡོང་བར་དཀའ་ངལ་དང་འབད་བརྩོན་ཤུགས་ཆེན་གནང་ཡོད། ཚུལ་འདི་ཚོ་མཐོང་བ་ལ་བརྟེན་ནས་ང་རང་གད་མོ་ཤོར་བཅུག་སོང་། དེ་ག་ནང་བཞིན་ང་རང་དགའ་པོ་བྱུང་བ་དང་མཉམ་དུ་ཁྱད་མཚར་པོ་ཞིག་ཀྱང་ཡིན་པར་བསམ་གྱི་འདུག” ཅེས་གསུངས།

“ཁོང་གྲོང་སྡེ་འདིར་མྱུར་དུ་ཕེབས་འབྱོར་ཡོང་བས། སྐྱེ་བོ་སུ་ཞིག་གིས་ཐོག་མར་ཁོང་ཁྱིམ་དུ་གདན་འདྲེན་ཞུས་པ་དེ་ཁོང་གི་བྱིན་རླབས་ལས་དུས་ཚོད་ཐུང་ངུའི་ནང་དུ་སངས་རྒྱས་ཀྱི་རེད། གཏོང་ཕོད་དང་སེམས་བཟང་ཅན་གྱི་གནས་པོ་དང་གནས་མོ་རྣམས་སོ་སོའི་དམིགས་ཡུལ་མྱུར་དུ་འགྲུབ་པའི་སྟོབས་དང་ཤེས་རབ་རྒྱ་ཆེན་པོ་འཐོབ་ཀྱི་རེད།” ཅེས་གསུངས།

ཉིན་ཁ་ཤས་སོང་བའི་རྗེས་སྒམ་པོ་པ་སྐུ་གཟུགས་ཧ་ཅང་ཞན་པོ་དང་ནད་པའི་ངང་ཚུལ་གྱི་ཕེབས་འབྱོར་བྱུང་བ་དང་། མི་ལ་རས་པར་བཀའ་འདྲི་ཞུ་མཁན་གྱི་གནས་མོ་དེའི་ཁྱིམ་དུ་ཐོག་མར་ཕེབས་འབྱོར་བྱུང་བ་རེད། ཁོ་མོས་ཁོང་འཚོལ་བཞིན་ཡོད་པ་དང་ལམ་སེང་ཕྱིར་ཐོན་ཏེ་ཁོང་སུ་ཡིན་པ་དང་གང་དགོས་པ་བཅས་དྲིས། དེ་ལ་སྒམ་པོ་པས་མི་ལ་རས་པ་འཚོལ་བའི་ལོ་རྒྱུས་ཆ་ཚང་ཞུས་པར་ཁོ་མོས་ལམ་སེང་མི་ལ་རས་པས་གསུངས་པའི་སློབ་མ་དེ་ཡིན་པར་ཤེས་ནས་ནང་དུ་གདན་དྲངས་ཏེ། མི་ལ་རས་པའི་ལུང་བསྟན་དྲན་ནས་ཕྱག་མཆོད་སྣེ་ལེན་ཟབ་རྒྱས་ཞུས་པ་རེད།

ཁོ་མོས་མི་ལ་རས་པས་ལུང་བསྟན་གནང་བའི་གཏམ་རྣམས་ཞུས་པའི་སྒོ་ནས་དགྱེས་སྟོན་གྱིས་མཉེས་པར་བྱས་ནས། “ཁྱེད་ཀྱི་བླ་མས་སྒུག་ནས་བཞུགས་འདུག །ཁོང་གིས་ང་ཚོ་ཚང་མར་ཁྱེད་ཀྱི་སྐོར་གསུངས་སོང། ཁྱེད་རང་དྲན་མེད་བརྒྱལ་བ་དང་རྫུ་འཕྲུལ་གྱི་རོགས་པ་བཏང་གནང་ཚུལ་རྣམས་དང་། ད་ལྟ་ཁོང་ནས་ཁྱེད་རང་ཕེབས་པར་སྒུག་མི་བཟོད་བཞིན་དུ་བཞུགས་འདུག །ཁྱེད་རང་ལམ་སེང་ཁོང་མཇལ་དུ་འགྲོ་དགོས་ཤིང། སྣེ་ལེན་བཟང་པོ་ཡོང་གི་རེད།” ཅེས་གསུངས་པས། བསྔགས་བརྗོད་གནང་བ་དེ་ལ་སྒམ་པོ་པར་དྲེགས་པ་སྐྱེས་ནས། “ང་སྐྱེ་བོ་དམ་པ་ཞིག་ཡིན་གྱི་རེད། བླ་མས་ང་སྒུག་ནས་བཞུགས་འདུག” ཅེས་དགོངས་པར། མི་ལ་རས་པས་ཁེངས་དྲེགས་དེ་འདྲ་ཞིག་བསྐྱེད་པར་གཟིགས་ནས་ཟླ་ཕྱེད་ཙམ་ཁོང་ལ་སྤྱན་ཙམ་མ་གཟིགས་པ་དང་། རྐང་བཙུགས་ནས་ཡ་མེད་བཏང་པས། སྒམ་པོ་པས་སོ་སོའི་སྡོད་གནས་གཞན་ཞིག་འཚོལ་དགོས་བྱུང་བ་རེད།

བདུན་ཕྲག་གཉིས་ཀྱི་མཇུག་ཏུ་བུད་མེད་དེས་སྒམ་པོ་པ་མི་ལ་རས་པའི་ཤག་ཏུ་ཁྲིད་པ་དང་སྒམ་པོ་པ་ཐུག་འཕྲད་གནང་རྒྱུ་ཡིན་མིན་དྲིས་པར་མི་ལ་རས་པས་ཞལ་བཞེས་གནང། སྒམ་པོ་པས་ཤག་ཏུ་བཅར་དུས་མི་ལ་རས་པ་དཀྱིལ་དུ་བཞུགས་པ་དང་། ཁྲི་ཚད་གཅིག་པ་ཞིག་གི་སྟེང་དུ་ཕྱོགས་གཅིག་ཏུ་རས་ཆུང་པ་དང་ཕྱོགས་གཞན་དུ་སློབ་མ་གཞན་ཞིག་བཞུགས་ཡོད། རྣམ་པ་གསུམ་པོ་ན་བཟའ་དཀར་པོ་གཅིག་པ་གཅིག་རྐྱང་གྱོན་ཞིང། ཁོང་རྣམ་པ་གསུམ་ཀའི་བཞུགས་སྟངས་གཅིག་པ་ཡིན་པ་དང་། ཞལ་རས་ལ་རྣམ་འགྱུར་གཅིག་པ་གཅིག་རྐྱང་ཡོད་པ་རེད། མི་ལ་རས་པས་སྒམ་པོ་པར་ཁོང་ངོ་ཤེས་ཀྱི་ཡོད་མེད་སྒུག་ནས་བཞུགས། རས་ཆུང་པས་སྒམ་པོ་པར་དབུ་འདུད་ཙམ་གནང་སྟེ། དབུས་སུ་བཞུགས་མཁན་དེ་མི་ལ་རས་པ་ཡིན་པའི་མཚོན་བརྡ་སྤྲད་པ་མཁྱེན་ནས་ལམ་སེང་མི་ལ་རས་པར་ཕྱག་འབུལ་བ་དང་མཆོད་པ་ཡོངས་རྫོགས་ཁོང་གི་སྐུ་མདུན་དུ་སྤུངས་པ་རེད། དེ་ནས་སྒམ་པོ་པས་བླ་མ་མཇལ་བ་དང། གསུང་ཆོས་ཞུ་བ། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདུན་པ་ཤུགས་དྲག་ཡོད་ཚུལ་རྣམས་ཞུས་པ་རེད།

སྐར་ཆ་ཁ་ཤས་རིང་མི་ལ་རས་པ་ཏིང་ངེ་འཛིན་དུ་ཞུགས་ཏེ། སྒམ་པོ་པས་ཕུལ་བའི་གསེར་གྱི་ཕྱེ་མ་སྤུངས་པ་དེ་ལས་ཏོག་ཙམ་བླངས་ནས་བར་སྣང་དུ་གཏོར་གནང་མཛད་དེ། “འདི་ནི་ངའི་བླ་མ་མར་པ་ལ་འབུལ་གྱི་ཡོད།” ཅེས་གསུངས། དེ་མ་ཐག་བར་སྣང་ནས་འབྲུག་སྐད་སྒྲོག་པ་དང་། ནམ་མཁར་གློག་འཁྱུག་པ། མཇའ་ཆེན་པོ་ཞིག་ཤར་བ་སོགས་བཀྲ་ཤིས་པའི་རྟགས་མཚན་མང་པོ་བྱུང་།

མི་ལ་རས་པ་ནི་ཆང་འཐུང་བཞིན་ཡོད་པ་དང་དུས་ཡུན་ཏོག་ཙམ་གྱི་རྗེས་སུ་ཀ་པཱ་ལའམ་མིའི་ཐོད་པའི་ཕོར་པའི་ནང་དུ་ཆང་ཡོད་པ་དེ་བླངས་ནས་སྒམ་པོ་པར་གནང། ཁོང་ནི་དགེ་སློང་ཞིག་ཡིན་པ་དང་བསྲུང་བྱའི་སྡོམ་པ་ཡོད་པ་སོང་ཙང་། ཐོག་མར་འཚེར་སྣང་སྐྱེས་པ་དང་། སློབ་མ་གཞན་དང་ལྷན་དུ་ཁ་སྐྱེངས་ནས་བཞུགས་པ་རེད། མི་ལ་རས་པས། “བསམ་བློ་གཉིས་པ་མ་བཏང་བར། ངས་གང་སྤྲད་པ་དེ་འཐུངས་ཤིག་” ཅེས་གསུངས་པས། སྒམ་པོ་པས་ཐེ་ཚོམ་མེད་པར་ཚང་མ་མཆོད་གནང་བ་རེད།

དེ་ནས་མི་ལ་རས་པས་ཁོང་གི་མཚན་གང་ཡིན་དྲིས་པའི་ལན་དུ་ཁོང་བཀའ་གདམས་པའི་བླ་མས་གནང་བའི་མཚན་བསོད་ནམས་རིན་ཆེན་ཡིན་ཞུས། བསོད་ནམས་ནི་ “དགེ་བའི་ནུས་པ་” ༼བསོད་ནམས་༽ དང་རིན་ཆེན་ནི་ “རྩ་ཆེན་གྱི་རིན་པོ་ཆེ་” ལ་གོ་བས། མཚན་དེ་ཧ་ཅང་བཀྲ་ཤིས་པོ་ཡིན་པར་དགོངས། མི་ལ་རས་པས་ཐུགས་མཉེས་པའི་སྒོ་ནས་ཁོང་གི་མཚན་ལ་བསྟོད་པའི་ཚིགས་སུ་བཅད་པ་ཞིག་ལན་གསུམ་བཟླས་གནང་མཛད་པས། སྒམ་པོ་པས་ཁོང་ལ་གནང་བའི་མཚན་དེ་ཧ་ཅང་གལ་གནད་ཆེ་བ་དང་དོན་དང་ལྡན་པ་ཞིག་ཡིན་པར་ཚོར་བ་རེད།

བླ་མས་ཁོང་ཉིད་ཀྱི་ལོ་རྒྱུས་གསུང་པ།

དེ་ནས་མི་ལ་རས་པས། “ཐོག་མར་ངའི་མི་ཚེའི་ལོ་རྒྱུས་ཏོག་ཙམ་ཤོད་ཀྱི་ཡིན། དེ་མ་ཤོད་གོང་དུ་ང་ཚོ་ཚང་མའི་ཉམས་ལེན་དུ་འཇུག་སའི་ཆོས་བརྒྱུད་ཀྱི་འབྱུང་ཁུངས་ཏེ། བླ་མ་མར་པའི་ཞབས་ལ་གུས་ཕྱག་འབུལ་གྱི་ཡིན།” དེ་ལྟར་ཁོང་ཚོས་གུས་ཕྱག་ཕུལ་བའི་རྗེས་སུ་མི་ལ་རས་པས་ཁོང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་གསུངས་བ་ནི།

“དེང་སང་གི་དུས་སུ་རྒྱ་གར་ནང་སྙན་གྲགས་ཆེ་ཤོས་ཀྱི་གྲུབ་ཐོབ་ཆེན་པོ་རྣམས་ནི་ནཱ་རོ་པ་དང་མེ་ཏྲི་པ་ཡིན། མར་པ་ནི་རྒྱ་གར་གྱི་གྲུབ་ཐོབ་ཆེན་པོ་འདི་གཉིས་ཀྱི་ཐུགས་སྲས་ཡིན་པ་དང་། སློབ་དཔོན་ཆེན་པོ་མར་པ་ནི་ང་ཚོས་རྗེས་སུ་འཇུག་པའི་ཆོས་འདི་དག་འཛིན་མཁན་དང་འབྱུང་ཁུངས་དེ་ཡིན། དཔའ་བོ་དང་། མཁའ་འགྲོ། ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཁོང་གི་མཚན་སྙན་ཕྱོགས་ཀུན་ཏུ་གྲགས་པར་མཛད་ཀྱི་ཡོད། མར་པའི་འགྲན་ཟླ་བྲལ་བའི་མཚན་སྙན་ཐོས་པའི་རྗེས་སུ་ང་རང་ལ་དཀའ་སྡུག་ག་ཚོད་ཕྲད་ཀྱང་། ཁོང་འཚོལ་བར་ཐག་བཅད་པ་ཡིན། དེ་ནས་མར་པ་དང་མཇལ་སྐབས་ང་ལ་འབུལ་རྒྱུའི་དངོས་པོ་གང་ཡང་མེད་ཀྱང་། ངས་ལུས་ངག་ཡིད་རྣམས་ཕུལ་བ་ཡིན། ངས་ལྷག་བསམ་རྣམ་དག་གི་རེ་སྐུལ་དེར་མར་པས་སོ་སོའི་སློབ་དཔོན་ཆེན་པོ་ནཱ་རོ་པ་ལས་ཞུས་པའི་མི་ཚེ་ཐུང་ངུའི་ནང་དུ་སངས་རྒྱས་པའི་མྱུར་ལམ་གྱི་ཐབས་ནུས་པ་དང་ལྡན་པ་ཡོད་ཅེས་ངོས་བཞེས་གནང་སོང།” ཞེས་དང་།

“ཕྲན་ལོ་ཁ་ཤས་གཟབ་ནན་གྱི་ཁྲིད་དང་ཉམས་ལེན་ཞུས་ནས་རློམ་སེམས་མེད་པའི་མི་ཚེ། གཞན་དོན་ལ་མཐའ་གཅིག་ཏུ་དམིགས་ཤིང། ཀུན་སློང་རྣམ་པར་དག་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་པའི་ཆེད་རྩེ་གཅིག་ཏུ་འཇུག་པའི་སྙིང་སྟོབས་དང་ཆོད་སེམས་བརྟན་པོའི་སྒོ་ནས་དེར་བསྡད་པ་ཡིན། ང་ལ་མར་པའི་ཆོས་ཡོངས་སུ་རྫོགས་པ་ཐོབ་ཡོད་པ་དང། བླ་མས་ང་ལ་གཞན་གང་ཡང་གནང་རྒྱུ་མེད་ཅེས་དམ་བཅའ་མཛད་གནང་སོང། ངས་ཀྱང་བུམ་པ་གང་བྱོའི་ཚུལ་དུ་བླ་མ་མར་པའི་བདུད་རྩི་ལྟ་བུའི་ཆོས་དེ་དག་ངའིསེམས་ཀྱི་བུམ་པའི་ནང་ཡོངས་སུ་རྫོགས་པ་བཀང་བ་ཡིན།” ཞེས་དང་།

མར་པས་ཕྲན་ལ་གསུངས་པའི་བསླབ་བྱ་གལ་འགངས་ཆེན་པོ་ཞིག་ནི། “ད་ལྟ་ནི་སྙིགས་མ་ལྔའི་དུས་ཡིན་པ་དང་། དུས་འདིར་ཁྱད་པར་དུ་མིའི་མི་ཚེ་དེ་ཉམས་རྒུད་འགྲོ་བཞིན་ཡོད། དེ་ཐུང་དུ་འགྲོ་བ་ལས་རིང་དུ་འགྲོ་གི་མེད། ཤེས་བྱའི་གནས་ཐམས་ཅད་རྟོགས་པར་འདོད་རྔམ་བྱ་རྒྱུ་མེད་པར། དམ་པའི་ཆོས་ཀྱི་སྙིང་པོ་རྟོགས་ཐབས་དང་སྙིང་པོ་མཐར་ཕྱིན་པར་བྱ་རྒྱུའི་འབད་བརྩོན་བྱེད་དགོས། དེ་ལྟར་བྱུང་ན། གཞི་ནས་མི་ཚེ་ཐུང་ངུ་ཞིག་གི་ནང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་རེད། ཤེས་བྱའི་གནས་ཐམས་ཅད་ལ་མཁས་པར་འགྱུར་ཐབས་བྱ་རྒྱུ་མེད།” ཅེས་གསུངས།

“ང་རང་ལྟ་བུ་ནི་ཆོད་སེམས་ཁྱད་པར་ཅན་ལ་བརྟེན་ནས་བླ་མ་མར་པའི་ཆོས་ཀྱི་རྗེས་སུ་འབྲངས་ཏེ། མི་རྟག་པའི་གནས་ལུགས་ཡང་དག་པར་རྟོགས་པ་དང་། བརྩོན་འགྲུས་ཀྱི་ནུས་པ་སྤྱད་ནས་ཆོས་འདི་དག་ལས་འབྲས་བུ་དང་ལྡན་པའི་ནང་གི་རྟོགས་པ་མང་པོ་ཐོབ་པ་དང་ཉམས་སུ་མྱོང་བ་ཡིན། ང་རང་གི་ཉམས་མྱོང་དང་། ཉམས་ལེན། སྒོམ་ལ་བརྟེན་ནས་སངས་རྒྱས་ཀྱི་སྐུ་གསུམ་པོའི་ངོས་འཛིན་གསལ་པོ་རྙེད་པ་དང། ང་ལ་སྐུ་གསུམ་པོ་འདི་དག་ཐོབ་པའི་ཡིད་ཆེས་ཡོད། ངས་ཉམས་ལེན་ལ་བརྟེན་ནས་ཤེས་རབ་དང་མྱོང་བ་འདི་ཚོ་བསྐྱེད་པ་ནང་བཞིན་ཉིད་ཀྱི་བླ་མ་ལས་ཐོབ་པའི་ཆོས་ཚང་མ་ཁྱེད་ལ་འབུལ་འདོད་ཡོད། ཁྱེད་རང་ངོས་ནས་ཀྱང་ཆོས་འདི་དག་རྣམ་གཞག་ལྟ་བུ་དང་ཤེས་བྱའི་གོ་རྟོགས་ཙམ་མ་ཡིན་པར། ཆོས་ཀྱི་མྱོང་བ་དངོས་དེ་ངས་ཉམས་སུ་མྱོང་བ་ནང་བཞིན་ཁྱེད་རང་གི་རྒྱུད་ལའང་སྐྱེད་པར་བྱེད་དགོས།” ཞེས་གསུངས།

དེ་ནས་མི་ལ་རས་པས་སྒམ་པོ་པར། “ཁྱེད་ཀྱི་གསེར་གྱི་ཕྱེ་མའི་འབུལ་བ་རྣམས་ཕར་བཞེས་རོགས། རྒན་པོ་ང་ལྟ་བུ་ལ་གསེར་གྱི་མཁོ་བ་མེད་ཅིང་། རྒན་པོ་ང་ལ་ཇ་བསྐོལ་བའི་སྣོད་དང་ཐབ་ཚང་མེད་པས་ཇ་དེའང་ཕར་བསྣམས་རོགས། ང་ལ་གསེར་དང་ཇ་གང་ཡང་མི་དགོས། ཁྱེད་ཀྱིས་འབུལ་བ་ཚང་མ་ཕར་འཁྱེར་རོགས། གལ་ཏེ་ཁྱེད་ནས་མཐའ་གཅིག་ཏུ་ང་ལ་ཡིད་ཆེས་དང་བློ་གཏད། ངའི་ཆོས་དང་ལམ་སྟོན་འོག་ཏུ་གནས་པར་གྲ་སྒྲིག་ཡོད་ན། ཁྱེད་རང་ང་ནང་བཞིན་གནས་དགོས། ཁྱེད་ནས་མི་ཚེ་ཉམ་ཆུང་དང་ངའི་འཚོ་བ་སྐྱེལ་སྟངས་དང་ཉམས་ལེན་བྱེད་སྟངས་ལས་དཔེ་ལེན་དགོས།” ཞེས་གསུངས་པས།

དེའི་ལན་དུ་སྒམ་པོ་པས། “གལ་ཏེ་ཁྱེད་ལ་སྣོད་དང་ཐབ་ཚང་མེད་པའི་རྒྱུ་མཚན་གྱིས་ངའི་ཇ་དེ་མ་བཞེས་ན། ང་རང་གཞན་ཞིག་ཏུ་འགྲོ་ནས་ཇ་བཟོ་གི་ཡིན།” ཞེས་གསུངས་ནས་སྒམ་པོ་པ་ཉེ་འཁྲིས་ཀྱི་ཁང་པ་ཞིག་གི་ནང་ཕེབས་ནས་གསོལ་ཇ་བསྐོལ་ཏེ་བླ་མར་ཕུལ་བར། མི་ལ་རས་པ་ཧ་ཅང་ཐུགས་མཉེས་པ་རེད། ཁོང་གིས་སློབ་མ་གཞན་རྣམས་བོས་ནས་སྒམ་པོ་པས་བཟོས་པའི་གསོལ་ཇ་ཞིམ་པོ་དེ་ལ་ཚང་མས་དགའ་སྐྱིད་ངང་ནས་རོལ་བ་རེད།

མི་ལ་རས་པས་སྒམ་པོ་པར་ཆོས་ཁྲིད་གནང་བ།

མི་ལ་རས་པས་སྒམ་པོ་པར་ཐོབ་པའི་ཁྲིད་དང་ཉམས་ལེན་རྣམས་དྲི་རྩད་གནང་བ་དང་སྒམ་པོ་པས་ཁོང་གི་དགེ་བའི་བཤེས་གཉེན་སུ་དང་སུ་བསྟེན་པ་དང་། ཆོས་ཁྲིད་གང་དང་གང་ཞུས་པ། སྒོམ་གང་དང་གང་གྲུབ་པའི་ཐོག་འགྲེལ་བཤད་ཆ་ཚང་ཞུས་པ་རེད། མི་ལ་རས་པས་ཁོང་ལ་ཐོབ་པའི་ཆོས་ཁྲིད་རྣམས་ཡང་དག་ཡིན་པ་དང་། སྟོང་ཉིད་ཀྱི་དོན་ནམ་དངོས་པོའི་གནས་ལུགས་རྟོགས་པའི་ཐབས་ཏེ། ནང་གཏུམ་མོའི་ཁྲིད་ཀྱི་གཞི་རྟེན་ཡོངས་རྫོགས་མ་ཚང་བ་མེད་པར་མངའ་ཡོད་ཚུལ་གསུངས།

མི་ལ་རས་པས། “སྤྱིར་ཁྱེད་ནས་བླ་མ་གོང་མ་རྣམས་ལས་ཞུས་པའི་དབང་དང་། ལུང་ཁྲིད། བྱིན་རླབས་རྣམས་ངའི་ལུགས་སུ་ངོས་ལེན་བྱེད་རུང་བ་ཡིན་ནའང། ཁྱེད་རང་གི་མི་ཚེའི་གནས་སྟངས་ལ་བརྟེན་ནས་སྔར་ཐོབ་པའི་དབང་ལུང་རྣམས་ནུས་མེད་དུ་མི་གྱུར་བའི་ཆེད་དུ་ངོས་ནས་དབང་གཞན་ཞིག་ངེས་པར་དུ་གནང་དགོས་ཀྱི་འདུག །དེ་ཡང་རྡོ་རྗེ་རྣལ་འབྱོར་མའི་ཉམས་ལེན་ཐོག་དབང་བསྐུར་གྱི་ཡིན།” ཞེས་གསུངས་པ་དང་། དབང་དེའི་རྗེས་སུ་མི་ལ་རས་པས་དུས་ཡུན་ཐུང་ངུའི་ནང་དུ་ཁྲིད་ལུང་ཡོངས་རྫོགས་གནང། སྒམ་པོ་པས་ལམ་སེང་ཉམས་ལེན་ལ་འཇུག་པ་དང་རིང་པོ་མ་སོང་བར་ཁྲིད་དེ་དག་གི་མྱོང་བ་དང་ནང་གི་རྟོགས་པ་རྣམས་རྒྱུད་ལ་སྐྱེས། ཉིན་མ་རེ་རེ་བཞིན་ཁོང་གི་ཤེས་རབ་དེ་སའི་སྟེང་ནས་མྱུ་གུ་ཐོན་པ་ལྟར་ཇེ་རྒྱས་ནས་ཇེ་རྒྱས་སུ་ཕྱིན། དེ་ལྟ་བུའི་ཡར་རྒྱས་གོང་འཕེལ་ལ་ཁོང་ཧ་ཅང་དགའ་པོ་དང་ཐུགས་བློ་ཚིམས་པ་བྱུང་བ་རེད།

ཁོང་གིས་གཏུམ་མོ་སྒོམ་པ་དང་ཉིན་ལྟར་མྱོང་བ་གསར་པ་རེ་བྱུང། ཧ་ཅང་གྲང་བའི་དགུན་ཞིག་གི་མཚན་མོར་ཁོང་གི་རྒྱུད་ལ་སྐྱེས་པའི་ནང་གི་དྲོད་དེར་བརྟག་དཔྱད་གནང་བའི་ཆེད་བྲག་ཕུག་ཏུ་གཅེར་བུར་སྒོམ་པའི་ཚེ་མཚན་གང་ལུས་ཚ་པོ་གནས་ཀྱང་། ཞོགས་པ་གཏུམ་མོའི་ཉམས་ལེན་མཚམས་འཇོག་གནང་སྐབས་ཁོང་རྦད་དེ་འཁྱག་རིལ་ཐེབས་པ་རེད། ཁོང་གིས་བདུན་ཕྲག་གཅིག་གི་རིང་གཏུམ་མོ་སྒོམ་པ་དང་བདུན་ཕྲག་གི་མཐའ་མར་རྒྱལ་བ་རིགས་ལྔ་མཇལ་སྣང་དུ་བྱུང། ཁོང་གི་མཇལ་སྣང་དང་མྱོང་བ་རྣམས་བླ་མར་ཞུས་པའི་སྐབས། མི་ལ་རས་པས། “འདི་ནི་རྟགས་མཚན་ཡག་སྡུག་གང་ཡང་མ་རེད། ད་དུང་མུ་མཐུད་ནས་རྟོགས་པ་བརྙེས་པ་བྱེད་དགོས་ཤིང། མཇལ་སྣང་དེ་ཚོར་ཡིད་དབང་མི་འཕྲོག་པར། ནང་གི་དྲོད་ཀྱི་ནུས་པ་མཐར་ཕྱིན་པ་ཞིག་གོང་འཕེལ་གཏོང་དགོས།” ཞེས་གསུངས་པ་རེད།

སྒམ་པོ་པས་ཟླ་བ་གསུམ་གྱི་རིང་གཟབ་ནན་གྱི་སྒོ་ནས་སྒོམ་སྒྲུབ་གནང་སྟེ། དེའི་སྐབས་སུ་མཐར་ཁོང་ལ་འཇིག་རྟེན་ཡོངས་རྫོགས་འཁོར་ལོ་ཆེན་པོ་གཅིག་ནང་བཞིན་འཁོར་བཞིན་ཡོད་པའི་ཚོར་སྣང་བྱུང་བ་རེད། ཚོར་བ་དེ་རྒྱུན་རིང་བྱུང་བའི་རྗེས་སུ་མི་ལ་རས་པའི་དྲུང་དུ་བསླབ་བྱ་ལམ་སྟོན་ཞུ་བར་བཅར་བ་རེད། མི་ལ་རས་པས། “འདི་ནི་ཡག་སྡུག་གང་ཡང་མ་རེད། འདི་ནི་རྩ་རླུང་ཕྲ་མོའི་ནང་དུ་རྒྱུ་བའི་རྟོགས་པ་དང་ནུས་པ་རྣམས་རྩ་དབུ་མའི་ནང་དུ་འགྲོ་གི་ཡོད་པའི་རྟགས་མཚན་རེད། ཁྱེད་ནས་ད་དུང་མུ་མཐུད་དེ་འབད་བརྩོན་ཐོག་སྒོམ་མང་ཙམ་རྒྱག་དགོས།” ཞེས་གསུངས།

སྒམ་པོ་པས་ཉམས་ལེན་མང་ཙམ་གནང་བའི་རྗེས་སུ་སྤྱི་བོ་ནས་འཕགས་པ་སྤྱན་རས་གཟིགས་ཞུགས་པ་དང་རིམ་པའི་ཁོང་གི་གཟུགས་སུ་ཐིམས་ཤིང་འདྲེས་པའི་མཇལ་སྣང་བྱུང། གནད་དོན་དེ་མི་ལ་རས་པར་ཞུས་སྐབས་ཁོང་གིས། “འདི་ནི་ཡག་སྡུག་གང་ཡང་མིན། འདི་ནི་ཁྱེད་རང་གི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཁ་འབྱེད་ཀྱི་ཡོད་པའི་རྟགས་མཚན་རེད།” ཅེས་གསུངས།

དེ་ནས་སྒམ་པོ་པར་སྒོམ་གནང་བཞིན་པའི་སྐབས་སྐུ་ལུས་ནང་འགྱུར་ལྡོག་གི་རིམ་པ་མང་པོ་ཞིག་བྱུང། ཁོང་ནས་རླུང་དྲག་པོ་དང་སྒལ་ཚིགས་ནས་རླུང་ཚ་པོ་ཡར་མར་རྒྱུ་བའི་ཚོར་སྣང་བྱུང་བ་དང་། དེ་མི་ལ་རས་པར་ཞུས་པར། ཁོང་ནས། “འདི་ནི་ཡག་སྡུག་གང་ཡང་མ་རེད། དེ་ནི་གཟུགས་པོའི་ནང་གི་རྩ་རླུང་ཕྲ་མོ་རྣམས་ཕན་ཚུན་མཐུད་ཀྱི་ཡོད་པའི་རྟགས་མཚན་རེད། རྩ་ཕྲ་མོ་རྣམས་ལ་སྟངས་འཛིན་ཐུབ་པའི་སྐབས་དེ་དག་ཕན་ཚུན་སྦྱར་གྱི་ཡོད་པས་ཚོར་བ་དེ་ལྟར་བྱུང་བ་རེད། ཁྱེད་རང་ཕྱིར་ལོག་ཕེབས་ནས་སྒོམ་མང་ཙམ་བསྐྱོན་དགོས།” ཞེས་ལན་འདེབས་གནང།

སྐབས་གཞན་ཞིག་ལ་གནས་ཡོངས་རྫོགས་ཀྱི་ལྷ་རྣམ་པའི་མཇལ་སྣང་བྱུང། ཁོང་ལ་གོང་མའི་ལྷ་རྣམས་ཀྱིས་འོག་མའི་ལྷར་བདུད་རྩི་དཀར་པོ་གཏོར་ཏེ་དབང་བསྐུར་བའི་དག་སྣང་བྱུང། དེ་ལ་མི་ལ་རས་པས། “འདི་ནི་ཡག་སྡུག་གང་ཡང་མིན། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཁ་འབྱེད་ཀྱི་ཡོད་པའི་རྟགས་མཚན་ཡིན། ཁྱེད་ཀྱི་གཟུགས་པོའི་གནས་རེ་རེའི་ནང་བདེ་བའི་འབྱུང་ཁུངས་དང་གནས་སྣ་ཚོགས་པ་རྣམས་གོང་འཕེལ་འགྲོ་གི་ཡོད།” ཅེས་འགྲེལ་བརྗོད་གནང།

མི་ལ་རས་པས་སྒམ་པོ་པར་རྣལ་འབྱོར་པའི་ལུས་སྦྱོང་མང་པོ་གནང་བཅུག་པ་དང་། ནང་གི་རྩ་རླུང་ཕྲ་མོའི་གནས་གཞན་རྣམས་འབྱེད་པའི་ཆེད་དུ་ཕྱག་རྒྱ་དང་གཟུགས་པོའི་གཡོ་འགུལ་རྣམས་བྱེད་བཅུག་པ་རེད། མི་ལ་རས་པས་ཁོང་ལ། “འགྱུར་ལྡོག་འདི་ཚོར་སེམས་མ་ཆགས་པར། དེ་དག་ཡར་རྒྱས་ཀྱི་མཚོན་དོན་དུ་འཛིན་དགོས། འོན་ཀྱང་རྣམ་གཡེང་གི་དབང་དུ་མ་ཤོར་བ་བྱེད་དགོས། དེ་ལས་མུ་མཐུད་འབད་བརྩོན་གྱིས་ཉམས་ལེན་འདི་ཚོ་མཐར་ཕྱིན་པ་བྱེད་དགོས།” ཞེས་གསུངས།

སྒོམ་གྱི་གནས་རིམ་འདིར་སླེབས་དུས་སློབ་མ་དེར་ལམ་སྟོན་དམིགས་བསལ་ཞིག་ཐོབ་དགོས་ཀྱི་ཡོད་པས། བླ་མའི་དྲུང་དུ་སྡོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། གལ་ཏེ་སློབ་མ་དེ་བླ་མའི་ཉེ་འཁྲིས་སུ་མེད་པར་རྒྱང་ཐག་རིང་པོ་སྡོད་ཀྱི་ཡོད་ན། སློབ་མའི་རྟོགས་པ་གོང་འཕེལ་ཡོང་བར་དགོས་ངེས་ཀྱི་སྐབས་བབ་བླ་མའི་ལམ་སྟོན་རྣམས་གནང་ཐུབ་ཀྱི་མེད། གལ་ཏེ་བླ་མ་རང་ཉིད་སྐུ་སྒེར་ལ་མཚོན་ནའང་སློབ་མའི་འགྱུར་འགྲོས་དང་གནས་སྟངས་རྣམས་མཁྱེན་གྱི་མེད་ན། དེ་ནི་དཀའ་ངལ་ཆེན་པོ་ཞིག་རེད། གནས་སྐབས་དེར་སློབ་མའི་རྟོགས་པ་གོང་འཕེལ་འགྲོ་མཚམས་འགག་འགྲོ་བ་ཡིན། དེར་བརྟེན་བླ་མ་ཉམས་དང་རྟོགས་པ་ཧ་ཅང་ཆེན་པོ་དང་ལྡན་པ་ཞིག་དགོས་པ་དང་། སྒོམ་གྱི་མྱོང་བའི་རིམ་པ་རེ་རེ་ལ་དུས་རྒྱུན་དུ་ལམ་སྟོན་ཐོབ་དགོས་རྒྱུ་དེ་གནད་འགག་ཆེན་པོ་ཡིན།

སྒམ་པོ་པའི་རྟོགས་པ་གོང་འཕེལ།

གནས་སྐབས་འདིར་སྒམ་པོ་པས་སྤྱིར་བཏང་གི་ཟས་རགས་པ་ལ་བརྟེན་མི་དགོས་པར། ཏིང་ངེ་འཛིན་གྱི་ཟས་ལ་ཡོངས་སུ་བརྟེན་ཐུབ་ཀྱི་ཡོད། མཚན་མོ་ཞིག་སྒམ་པོ་པའི་གཟིམ་ལམ་དུ་ཉི་འཛིན་དང་ཟླ་འཛིན་བྱུང་བ་རྨིས། བོད་ཀྱི་སྐར་རྩིས་རིག་པའི་ནང་དུ་གཟའ་འཛིན་ཡོང་བའི་སྐབས་གཟའ་གདོན་ཞིག་གིས་ཉི་མ་དང་ཟླ་བ་ཟ་གི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེར་མ་ཟད། ཁོང་གི་གཟིམ་ལམ་དུ་ཉི་ཟླ་གཉིས་ལྟོགས་རྔབ་ཀྱིས་ཟ་མཁན་གྱི་སེམས་ཅན་གཉིས་མཐོང་བ་སྟེ། གཅིག་ནི་རྟའི་རྔ་མའི་སྐྲ་ཉག་མ་གཅིག་གི་ཆེ་ཆུང་ཙམ་དང་། གཞན་དེ་ནི་འབུ་སྲིན་གྱི་ཆ་ཕྲ་ཞིང་ནར་མོ་ལྟར་སྣང་བ་ཞིག་ཡོད། རྨི་ལམ་དེ་དང་འབྲེལ་བའི་ཐོག་མི་ལ་རས་པར་བཀའ་སློབ་ཞུ་བར་ཕེབས། མི་ལ་རས་པས། ཁྱེད་རང་ལམ་ནོར་བའི་སྒང་ལ་ཡོད་སྲིད་པའི་སེམས་འཁྲེལ་བྱེད་མི་དགོས། འདི་ནི་ཡག་སྡུག་གང་ཡང་མིན། ཞེས་གསུངས། རྨི་ལམ་འདི་ནི་སྒོམ་གྱི་ཉམས་ལེན་ལ་ཡར་རྒྱས་གོང་འཕེལ་ཡོང་གི་ཡོད་པའི་རྟགས་མཚན་ཡིན་ཞིང། འདིས་ཕྱོགས་གཉིས་ཀྱི་རླུང་རྩ་ཕྲ་མོ་རྣམས་རྩ་དབུ་མར་འཇུག་འགོ་འཛུགས་པའི་རྟགས་མཚན་ཡིན

མི་ལ་རས་པས་རྟགས་མཚན་དེ་དག་ཐམས་ཅད་ཁོང་གི་སློབ་མར་ཐོབ་པའི་འབྲས་བུ་ཡིན་པ་མཁྱེན་ནས་ཁོང་ལ་ཉམས་ལེན་མུ་མཐུད་གནང་དགོས་པའི་སེམས་ཤུགས་སྤེལ་གནང་མཛད། ཉམས་ལེན་པས་དབུགས་དང་ཕྱོགས་གཉིས་ཀྱི་རྩ་ནས་རྩ་རླུང་ཕྲ་མོ་དེ་རྩ་དབུ་མའི་ནང་དུ་བརྒྱུད་ཐུབ་པའི་སྐབས། གང་ཟག་དེར་ཚད་མཐོ་བའི་འབྲས་བུ་ཐོབ་ཡོད། སེམས་ཅན་ཐམས་ཅད་ཀྱི་རྩ་རླུང་ཕྲ་མོ་དེ་གཅིག་པ་རེད། སྤྱིར་བཏང་སེམས་ཅན་རྣམས་ནས་རྟག་ཏུ་རྩ་གཡས་པ་ནས་དབུགས་ཤུགས་ཆེ་བ་ལེན་གྱི་ཡོད་པས། ཆགས་པ་ཆེན་པོ་ཡོད་པའམ། ཡང་ན་སེམས་ཅན་རྣམས་རྩ་གཡོན་པ་ནས་གཙོ་བོ་དབུགས་ལེན་གྱི་ཡོད་པས། དེའི་རྗེས་འབྲས་སུ་ཁོང་ཁྲོ་ཆེན་པོ་ཆགས་ཀྱི་ཡོད། རྩ་དབུ་མ་ལས་བྱུང་བའི་ཕན་བྱེད་དགེ་བའི་བསམ་པ་སྐབས་སྐབས་སུ་མ་གཏོགས་ང་ཚོས་སྐྱེད་ཀྱི་མེད། དེ་གང་ཡིན་ཞེ་ན། རྩ་དེ་མདུད་པས་བཀག་ནས་ཡོད་པས་རེད། ཉམས་རྟོགས་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་རྩ་དབུ་མ་བརྒྱུད་ནས་དབུགས་གཏོང་ཐུབ་པའི་སྐབས་སུ། ཁོང་ཚོས་རྩའི་མདུད་པ་རྣམས་བཀྲོལ་གྱི་ཡོད། ཁོང་ཚོས་དབུགས་དང་རླུང་ཕྲ་མོ་རྣམས་ཕྱོགས་གཉིས་ཀྱི་རྩ་ནས་རྩ་དབུ་མར་སྡུད་ཐུབ་ཀྱི་ཡོད་པས་བསམ་པ་བཟང་པོ་ཁོ་ན་སྐྱེད་ཀྱི་ཡོད།

དེའི་རྗེས་སུ་སྒམ་པོ་པ་མི་ལ་རས་པ་མཇལ་དུ་ཕེབས་པ་དང་། མི་ལ་རས་པ་ཧ་ཅང་ཐུགས་མཉེས་པ་འདྲ་པོ་བྱུང་ཡང་། སྒམ་པོའི་ཉམས་དང་རྟོགས་པ་གསར་པ་རེ་རེ་བཞིན་གསན་པའི་རྗེས་སུ་མི་ལ་རས་པས་གསུངས་ངེས་པ་ནི། “དེ་ནས། དེ་ནས། དེ་ནས།” ཞེས་པ་དེ་རེད། དེའི་དོན་ནི་ཉམས་རྟོགས་གང་བྱུང་བ་རྣམས་ཕྱིར་བཏོན་གནང་སྐབས། ད་དུང་མུ་མཐུད་ནས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བརྩོན་དགོས་ཀྱི་ཡོད་པའི་དོན་རེད། མི་ལ་རས་པས་སྒམ་པོ་པའི་རྟོགས་པ་གོང་འཕེལ་ཕྱིན་པ་ཐད་ཀར་གསུངས་ཕོད་ཀྱི་མེད། དེའི་རྒྱུ་མཚན་ནི། དེ་ལྟར་ཐད་ཀར་གསུངས་པ་ཡིན་ན། སྒམ་པོ་པ་ང་རྒྱལ་དང་སྤོབས་པ་ཆེན་པོ་ཆགས་སྲིད་པ་དང་། དེ་ལ་བརྟེན་ནས་ལམ་ལ་མུ་མཐུད་གོང་འཕེལ་འགྲོ་བར་བར་ཆད་ཡོང་གི་རེད་དགོངས་ཀྱི་ཡོད།

དེ་ནས་སྒམ་པོ་པ་བྲག་ཕུག་གཅིག་གི་ནང་ཟླ་བ་གཅིག་རིང་སྒོམ་སྒྲུབ་གནང་བར་ཕེབས་པ་དང། སྒོམ་སྒྲུབ་གྲོལ་མཚམས་སུ་ཁོང་ནས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་འཁོར་དང་བཅས་པ་དང་ལྷན་དུ་མཇལ་སྣང་བྱུང། དེ་མཇལ་མ་ཐག་ཏུ་བླ་མས་ཡང་ནས་ཡང་དུ་ “དེ་ནས་དང་། དེའི་རྗེས་སུ་” ཞེས་གསུངས་པའི་གོ་དོན་དེ་འདི་ཡིན་པར་དགོངས་པ་དང། དེ་ནི་མཐར་ཁོང་གི་ཉམས་ལེན་རྣམས་གང་དུ་འཁྲིད་ཀྱི་ཡོད་པ་དེ་ཡིན་པ་རེད། ཡིན་ནའང་མཇལ་སྣང་དེ་རིམ་པས་གཅིག་གི་རྗེས་སུ་དཀྱིལ་འཁོར་དང་ཡི་དམ་གྱི་མཇལ་སྣང་གཞན་དང་གཞན་གྱིས་འཇུག་མཐུད་ཀྱི་ཡོད།  ཉིན་ཞིག་ཁོང་ལ་ཧེ་རུ་ཀའི་གཟུགས་དང་ལྷན་དུ་ཡི་དམ་དེའི་དཀྱིལ་འཁོར་རུས་པས་བཞེངས་པ་ཞིག་མཇལ་སྣང་བྱུང། མི་ལ་རས་པས་ཁོང་ལ། དེ་ནི་འབྲས་བུ་ཆེན་པོ་ཞིག་ཐོབ་པར་ཚོར་རྒྱུ་མེད་ཅེས་འདི་ནི་ཡག་སྡུག་གང་ཡང་མིན་པར་གསུངས་ཡོད། དེ་ནི་ལྟེ་བར་གནས་པའི་འཁོར་ལོའི་གནས་དེ་འབྱེད་པའི་མཚོན་རྟགས་ཙམ་ཡིན་ཚུལ་གསུངས། ཁྱེད་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་ཡོངས་སུ་ཁ་ཕྱེས་དུས་ཚང་མ་ཉི་མས་དཀར་མདངས་བཟོས་པའི་རུས་པ་དཀར་པོ་ནང་བཞིན་མཐོང་གི་རེད། རྒྱུ་མཚན་ནི་བྱང་སེམས་དཀར་པོའི་ནུས་པ་དེ་ཡོངས་སུ་རྒྱས་པ་སོང་ཙང་རེད།

དེ་ནས་ཁོང་ལ་རྨི་ལམ་རང་མིན་པའི་མྱོང་བ་ཞིག་བྱུང་ཞིང་། ཁོང་ཧ་ཅང་ཆེན་པོ་ཆགས་ཡོད་པའི་ཚོར་སྣང་བྱུང། སྐྱེ་གནས་འདྲ་མིན་ནང་གི་སེམས་ཅན་གྱི་རིགས་ཚང་མ་ཁོང་གི་ཡན་ལག་དང་། རྐང་པའི་མཛུབ་མོ། ཁོང་གི་གཟུགས་པོའི་ཆ་ཤས་འདྲ་མིན་སྒང་ལ་དལ་བུར་གོག་འགྲོ་བྱེད་ཀྱི་ཡོད་པ་ཚོར། དེ་ནི་རྩ་རླུང་ཕྲ་མོའི་མ་ལག་ཡོངས་སུ་རྫོགས་པ་དེ་བསྐྱེད་ཟིན་པའི་མཚོན་རྟགས་ཡིན། ཁོང་ནས་རིམ་པ་དེའི་བར་དུ་གཏུམ་མོའི་སྒོམ་སྤྱིར་བཏང་ཞིག་བསྐྱོན་གནང་ཡོད་པ་དང་། ད་ཁོང་ལ་གཏུམ་མོའི་ཉམས་ལེན་ཚད་མཐོ་ཤོས་ཀྱི་གདམས་ངག་རྣམས་གནང་བར་སྣོད་དུ་རུང་བར་ཆགས་པ་རེད།

ཉམས་རྟོགས་དང། རྨི་ལམ། གྲུབ་འབྲས།

སྒམ་པོ་པའི་རིམ་པ་འདྲ་མིན་དུ་བྱུང་བའི་ཉམས་རྟོགས་རྣམས་མི་ལ་རས་པར་ཞུ་སྐབས། ཁོང་ནས་རྟག་ཏུ། “འདི་ནི་ཡག་སྡུག་གང་ཡང་མིན་པས། སྒོམ་མང་ཙམ་བསྐྱོན་དགོས།” ཞེས་གསུངས་པ་དང་། རང་གི་སློབ་མར་ཉམས་མྱོང་གང་བྱུང་བ་རྣམས་ཀྱི་དོན་དག་ལ་འགྲེལ་བཤད་ཆ་ཚང་བ་བསྐྱོན་གནང་གི་ཡོད་ཀྱང། ཁོང་གིས་ནམ་ཡང་བསྔགས་བརྗོད་གནང་གི་མེད། བླ་མ་ཟེར་བ་དེ་འདྲ་ཞིག་དགོས་ཀྱི་ཡོད། དེ་ནི་བླ་མའི་སློབ་མར་ལམ་སྟོན་གནང་ཕྱོགས་ཤིག་ཡིན། གལ་ཏེ་སློབ་མར། “འདི་ཧ་ཅང་གལ་ཆེན་པོ་རེད།” ཅེས་པའམ། ཡང་མིན་ན། “ཁྱེད་རང་ལ་ཉམས་མྱོང་ཆེན་པོ་ཞེས་དྲགས་འདུག” །ཅེས་ཟེར་བ་ལྟ་བུའི་བསྟོད་བསྔགས་མང་དྲགས་པ་དང་སེམས་སྐུལ་མང་དྲགས་ན། སློབ་མ་དེ་སྤྲོ་བའི་སེམས་ཚོར་གྱི་དབང་དུ་ཤོར་ནས་འགོག་རྐྱེན་ཆེན་པོ་ཆགས་འགྲོ་གི་ཡོད། སློབ་མའི་རྟོགས་པ་ཡར་རྒྱས་མི་འགྲོ་བ་དང་། ཉམས་མྱོང་འདྲ་མིན་ལ་ཆགས་ནས་དེ་དག་གིས་དབང་དུ་སྡུད་ཀྱི་རེད།

སྤྱིར་བཏང་ཁོང་གི་མི་ཚེའི་ལོ་རྒྱུས་དེ་ཤོག་བུ་འགའ་ཞིག་གི་ནང་དུ་བཀོད་ཡོད་ཀྱང་། སྒམ་པོ་པས་ཟླ་བ་ནས་ཟླ་བའི་བར་སྒོམ་བསྐྱོན་དགོས་པ་དང་། ཉམས་རྟོགས་དེ་དག་སྐྱེད་པར་ལས་སླ་པོ་མེད་པར་ལོ་མང་པོའི་རིང་གཟབ་ནན་གྱི་སྒོམ་སྒྲུབ་གནང་དགོས་ཀྱི་ཡོད། སྐབས་འདིར་སྒམ་པོ་པར་གཅིག་རྗེས་གཉིས་མཐུད་ཀྱིས་རྨི་ལམ་ཁྱད་པར་ཅན་སུམ་ཅུ་སོ་གསུམ་རྨིས་ཡོད་ཀྱང་། དེ་དག་ཐམས་ཅད་རེ་རེ་བཞིན་བརྗོད་རྒྱུ་ནི་མང་དྲགས་ཀྱི་ཡོད་པས། དེ་དག་ལས་མཐའ་མ་དེ་ལྷུག་པོར་ཤོད་རྒྱུ་ཡིན།

མི་ལ་རས་པས་སྒམ་པོ་པ་དང། རས་ཆུང་པ། གླིང་རས་པ་བཅས་ཁོང་གི་སློབ་མ་གཙོ་བོ་གསུམ་ལ་སོ་སོའི་རྨི་ལམ་སྐོར་དྲིས་པར། གླིང་རས་པས་ཉི་མ་ཤར་བའི་རྨི་ལམ་རྨིས་ཚུལ་རྣམས་ཞུས་པ་ནི། ཁོང་གི་རྨི་ལམ་དུ་རིའི་རྩེ་མོ་ནས་ཉི་མ་ཤར་མ་ཐག་དེའི་འོད་ཟེར་རྣམས་ཁོང་གི་སྙིང་དུ་ཐིམས་ནས་སྙིང་དེ་འོད་ཟེར་ཆེན་པོ་ཞིག་ཏུ་གྱུར་ཚུལ་བརྗོད། དེ་ནས་རས་ཆུང་པའི་རྨི་ལམ་དུ་སྐད་ཅོར་ཆེན་པོ་སྒྲོགས་ཏེ་གྲོང་སྡེ་གསུམ་བརྒལ་ནས་འགྲོ་གི་ཡོད་པ་རྨིས་པའི་ཚུལ་རྣམས་ཞུས་པ་རེད།

སྒམ་པོ་པས་རྨི་ལམ་མ་བཤད་པར། མི་ལ་རས་པར་གུས་ཕྱག་ཕུལ་ཏེ་བཤུམ་བཞིན་དུ་བླ་མའི་པང་དུ་མགོ་བཞག །ཁོང་གིས་རྨི་ལམ་དེ་བཤད་ནས་དགེ་མཚན་མེད་པའི་ཐོག་ནས་མྱ་ངན་གནང་བ་རེད། རྨི་ལམ་དེ་ནི་ཧ་ཅང་སྡུག་ཅག་ཡིན་ཞིང་། ཁོང་ནི་གང་ཟག་ཧ་ཅང་ཞེད་སྣང་ཚ་པོ་ཞིག་ཡིན་པར་གོ་ངེས་རེད། འདིས་བར་ཆད་ཆེན་པོ་ཡོང་བར་དགོངས་ནས་མི་ལ་རས་པར་ཤོད་མ་འཇུག་རོགས་ཞེས་རེ་སྐུལ་ཞུས། མི་ལ་རས་པས་སྒམ་པོ་པར། རྨི་ལམ་ཡག་སྡུག་ག་དུས་ཡིན་མིན་དེ་ངས་ཤེས་ཀྱི་ཡོད་པས། རྨི་ལམ་གང་རྨིས་པ་དེ་ཤོད་དགོས་པར་བཀའ་བཏང།

གླིང་རས་པའི་རྨི་ལམ་དེ་བཀྲ་ཤིས་པའི་རྟགས་ཀྱིས་ཁེངས་ཡོད་པས་སློབ་མ་གསུམ་ནས་ཡག་ཤོས་ཡིན་པར་དགོངས་ཀྱི་ཡོད། ཡིན་ནའང་མི་ལ་རས་པས་རྨི་ལམ་དེ་སྡུག་ཤོས་ཡིན་པར་འགྲེལ་བརྗོད་གནང་བ་དང་། རྨི་ལམ་འདིས་གླིང་རས་པའི་སྙིང་རྗེ་དེ་ཧ་ཅང་ཆུང་ཆུང་ཡིན་པ་དང་སེམས་ཅན་དོན་ཧ་ཅང་ཆུང་ཆུང་ལས་མི་མཛད་པའི་རྟགས་མཚན་ཡིན་པར་གསུངས། ཁོང་གི་སྙིང་དུ་ཉི་མའི་འོད་ཟེར་ཐིམས་པ་དེ་ནི། ཚེ་འདིར་ཁོང་མཁའ་འགྲོ་མ་རྡོ་རྗེ་རྣལ་འབྱོར་མའི་སངས་རྒྱས་ཀྱི་ཞིང་དུ་བསྐྱོད་ངེས་ཡིན་པར་གོ་གི་ཡོད། དེ་བཞིན་རས་ཆུང་པའི་རྨི་ལམ་འདིས་ཁོང་ཚེ་གཅིག་ཏུ་སངས་རྒྱས་ཀྱི་གོ་འཕང་མི་ཐོབ་པར་འགྲེལ་བརྗོད་གནང། ཁོང་ནས་མི་ལ་རས་པར་དམ་བཅས་པའི་གནད་དོན་གསུམ་གྲུབ་མེད་པ་སོང་ཙང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ད་དུང་སྐྱེ་བ་གསུམ་སྒུག་དགོས་ཀྱི་ཡོད།

སྒམ་པོ་པར་དངངས་འཚབ་ཅན་གྱི་རྨི་ལམ་རྨིས་པའི་རྒྱུ་མཚན་ནི། ཁོང་གི་རྨི་ལམ་དུ་ཁོང་ས་ཆ་སྟོང་པ་ཆེན་པོ་ཞིག་ཏུ་དུད་འགྲོ་སེམས་ཅན་མང་པོ་དང་མཉམ་དུ་ཡོད་པ་དང་། སེམས་ཅན་རྣམས་ཀྱི་མགོ་བོ་གཅོད་བཞིན་འགྲོ་བཞིན་ཡོད་པར་རྨིས་པས་རེད། རྨི་ལམ་ཞེད་སྣང་ཚ་པོ་དེར་མི་ལ་རས་པ་ཐུགས་མཉེས་ཚོར་ཆེན་པོ་གནང་བར་སྒམ་པོ་པ་ཧང་སངས་གནང་བ་རེད། བླ་མར་རྨི་ལམ་བཤད་པའི་རྗེས་སུ། མི་ལ་རས་པས། “ཁྱེད་ཀྱི་ལག་པ་ཚུར་སྟོན་དང་།” ཞེས་གསུངས་ནས་སྒམ་པོ་པའི་ཕྱག་ཧ་ཅང་གཅེས་པོའི་ངང་འཇུས་གནང་བ་རེད། མི་ལ་རས་པས་སྒམ་པོ་པར་ཡིད་ཆེས་ཆེན་པོ་ཡོད་པ་དང་། ཁོང་གི་རེ་བ་ལྟར་གནས་ཐུབ་སོང་ཞེས་གསུངས། དུད་འགྲོ་སེམས་ཅན་གྱི་མགོ་བོ་གཅོད་པ་དེའི་གོ་དོན་ནི། སྒམ་པོ་པས་སེམས་ཅན་མང་པོ་འཁོར་བའི་འཆིང་བ་ལས་ཐར་བར་བྱེད་ཐུབ་པའི་དོན་ཡིན་པར་གསུངས།

མི་ལ་རས་པས། “ད་ངའི་ངོས་ནས་སེམས་ཅན་གྱི་དོན་དང་དམ་པའི་ཆོས་འཛིན་སྐྱོང་དང་དར་སྤེལ་བྱ་རྒྱུ་རྣམས་གྲུབ་སོང། ངའི་ཚབ་གནང་ཐུབ་མཁན་གྱི་གང་ཟག་གཞན་ཞིག་ཡོད།” ཅེས་གསུངས།

སྒམ་པོ་པ་ནི་སྐྱེ་བོ་ཕལ་པ་ནང་བཞིན་དབུགས་གཏོང་ལེན་བྱེད་མི་དགོས་པའི་གནས་ཚད་སླེབས་ཡོད་པ་དང་། ཁོང་གིས་ཉིན་མ་རེར་དབུགས་འབྱིན་རྔུབ་ཐེངས་གཅིག་ལས་བྱེད་དགོས་ཀྱི་མེད། ཁོང་ལ་མུ་མཐུད་དེ་ནང་གི་རྟོགས་པ་རྒྱུན་མི་ཆད་པ་དང་། སངས་རྒྱས་སྨན་ལྷ་མཆེད་བརྒྱད་དང་ལྟུང་བཤགས་ཀྱི་ལྷ་སོ་ལྔ་ལ་སོགས་པའི་སངས་རྒྱས་མངོན་སུམ་དུ་མཇལ་སྣང་ཡོང་གི་ཡོད།

མི་ལ་རས་པས་སློབ་མ་རྣམས་ལ། སྒམ་པོ་པས་སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་དང་ལྡན་པའི་བྱང་སེམས་འཕགས་པ་རྣམས་ཀྱིས་མཇལ་ཐུབ་པའི་ཤིན་ཏུ་ཕྲ་བའི་སངས་རྒྱས་ཀྱི་སྐུ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ལས་ཆོས་ཁྲིད་རྣམས་ཞུ་བར་གྲ་སྒྲིག་ཆ་ཚང་ཡོད་ཚུལ་རྣམས་གསུངས། རིང་པོ་མ་སོང་བར་ཁོང་ལ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སྐུ་སྟེ། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་བའི་ཆོས་ཀྱི་སྐུ་དེ་ཉམས་སུ་མྱོང་ངེས་ཡིན་པར་གསུངས།

བླ་སློབ་ཞལ་གྱེས་པ།

ཉིན་མ་གཅིག་མི་ལ་རས་པས་སྒམ་པོ་པར། “ད་ཆ་ང་ཧ་ཅང་རྒས་འཁོགས་ཡིན་པ་དང་ཁྱེད་དང་ལྷན་དུ་མི་ཚེ་ལྷག་མ་རྣམས་སྐྱེལ་འདོད་འདུག་ཀྱང་། སྐྱེ་བ་སྔོན་མའི་སྨོན་ལམ་གྱི་ནུས་པའི་དབང་གིས་ངེད་གཉིས་ཁ་བྲལ་དགོས་པས། ཁྱེད་ངེས་པར་དུ་དབུས་ཕྱོགས་སུ་བསྐྱོད་དགོས།” ཞེས་གསུངས།

མི་ལ་རས་པས་སྒམ་པོ་པར་བཀའ་སློབ་ཟབ་རྒྱས་གནང་ཞིང། ཁྱད་པར་དུ་ཁོང་ལ་རྫུ་འཕྲུལ་གྱི་ནུས་པ་མང་པོ་དང་ལྡན་པས་ང་རྒྱལ་གྱི་དྲི་མས་མ་འགོས་པ་བྱེད་དགོས་པའི་དྲན་སྐུལ་གནང་ཡོད། ད་དུང་ཁོང་གིས་སྒམ་པོ་པར། འདས་དང་མ་འོངས་པའི་ཤེས་བྱའི་གནས་སམ། ཡང་ན་ཐུན་མོང་མ་ཡིན་པའི་ཕྱིའི་ནུས་པའི་དབང་དུ་མ་ཤོར་བར་བྱེད་དགོས་པ་མ་གཏོགས་གཞན་དེ་དག་ཁོང་ལ་བར་ཆད་ཆེན་པོར་འགྱུར་རྒྱུ་ཡིན་ཚུལ་གསུངས། དེ་ག་ནང་བཞིན་ཁོང་གི་གཡས་གཡོན་ལ་སྐྱོན་འཚོལ་རྒྱུ་མེད་པའི་དམིགས་བསལ་གྱི་བཀའ་སློབ་གནང་། དེའི་དོན་ནི་སོ་སོའི་ཉེ་འཁོར་དུ་ཡོད་པ་རྣམས་ཀྱི་སྐྱོན་གྱི་ཆ་རྣམས་མི་འཚོལ་རྒྱུ་གཟབ་གཟབ་བྱེད་དགོས་པ་དེ་ཡིན། དེ་ཡང་གང་ཟག་གཞན་རྣམས་དོན་དངོས་སུ་གང་འདྲ་ཡོད་མེད་སུས་ཀྱང་ཤེས་ཀྱི་མེད་ལ་བཤད་ཀྱང་མི་ཐུབ་པས། སོ་སོ་གང་འདྲ་ཡོད་མེད་དེ་སོ་སོས་ཤེས་ཀྱི་ཡོད་ཚུལ་དང་། སྒམ་པོ་པ་ཁྱེད་ནས་གང་ཟག་གཞན་གྱི་ལས་དེ་ཡག་སྡུག་གང་ཞིག་ཡིན་མིན་ཏག་ཏག་མ་ནོར་བར་ཚོད་དཔག་གནང་ཐབས་མེད་པའི་སྐོར་བཀའ་སློབ་གནང་བ་རེད།

དེ་ནས་མི་ལ་རས་པས་སྒམ་པོ་པར། གནས་ངེས་ཅན་ཞིག་ཏུ་བསྐྱོད་དེ་དགོན་པ་ཞིག་གསར་འཛུགས་གནང་དགོས་པའི་བཀའ་ཕེབས། དེར་ཁོང་ལ་དམ་པའི་ཆོས་མུ་མཐུད་དར་སྤེལ་ཡོང་བའི་ཆེད་དུ་ལས་དང་འབྲེལ་བ་ཡོད་པའི་གདུལ་བྱ་རྣམས་དང་སློབ་མ་ཐམས་ཅད་རྙེད་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་གནང། དེ་བཞིན་དུ་འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་ཉོན་མོངས་དུག་གསུམ་གྱིས་དབང་གནོན་བྱས་པའི་གང་ཟག་རྣམས་དང་ཐག་ཉེ་པོའི་འབྲེལ་བ་འཇོག་རྒྱུ་མེད་པའི་བཀའ་སློབ་གནང་ཡོད། དེའི་རྒྱུ་མཚན་ནི་གང་ཟག་དེ་དག་གི་ཉོན་མོངས་དུག་གསུམ་པོ་ཁོང་ལའང་འགོ་ངེས་ཡིན་པས་རེད། དེར་མ་ཟད། རང་གི་ཉེ་འཁོར་དུ་འདོད་ཆགས་དང་ཞེ་སྡང་ཧ་ཅང་ཤུགས་ཆེ་བའི་གང་ཟག་ཡོད་སར་གནས་རྒྱུ་མེད་པའི་དྲན་སྐུལ་ཡང་གནང་ཞིང། སེར་སྣ་ཅན་དང་མཉམ་དུ་སྡོད་རྒྱུ་སྤོང་དགོས་པ་དང་། སེར་སྣ་ཅན་དང་མཉམ་དུ་ཡུན་རིང་པོ་གནས་ན། ཤིང་ཧྲུག་ཧྲུག་ཡན་ཆད་གསོག་ཉར་བྱེད་དགོས་པར་གྱུར་བའི་ཉེན་ཁ་ཡོད་ཚུལ་འགྲེལ་བརྗོད་གནང། བཟོད་པ་ཆེན་པོ་བསྟེན་དགོས་པ་དང་རང་ཉིད་སངས་རྒྱས་ལྟར་མཐོང་ཡང་བླ་མར་བརྩི་འཇོག་མེད་པ་ནམ་ཡང་བྱ་རྒྱུ་མེད་ཅེས་སློབ་གསོ་གནང། རང་ཉིད་གཙང་ཞིང་གྲ་འགྲིག་པོ་དང་སྐྱེ་བོ་ཀུན་དང་མཉམ་དུ་འཆམ་མཐུན་ངང་གནས་དགོས། མཐའ་མར་མི་ལ་རས་པས་སྒམ་པོ་པར། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་སྒོམ་ཉམས་ལེན་མུ་མཐུད་གནང་བ་ལ་བརྟེན་ནས་བསྒྲུབ་བྱའི་འབྲས་བུའི་ནུས་པ་རྣམས་གོང་འཕེལ་གཏོང་དགོས་ཚུལ་རྣམས་གསུངས་པ་རེད།

རང་གི་བླ་མ་མར་པས་མི་ལ་རས་པར་གནང་བ་ལྟར་སྒམ་པོ་པ་ལའང་ཕེབས་སྐྱེལ་ཞུས། ཁོང་གིས་གྲ་སྒྲིག་མང་པོ་ཞིག་གནང་བ་དང་ཞལ་ལག་བསྣམས་ཏེ་སློབ་མ་གཞན་དང་མཉམ་དུ་སྒམ་པོ་པ་ཕར་ཙམ་སྐྱེལ། སྒམ་པོ་པས་རང་གི་བླ་མ་དང་ཞལ་མ་གྱེས་གོང་དུ་ཚེ་འདིར་བླ་མ་ཁོང་དང་མཇལ་བར་བསོད་ནམས་ཆེ་ཚུལ་གྱིས་བསྟོད་ཚིགས་མང་པོ་འདོན་གནང་མཛད། སྒམ་པོ་པས་མི་ལ་རས་པ་མཇལ་རྒྱུ་དེ་ཁོང་གི་འདུན་པ་གཅིག་པུ་དེ་ཡིན་ཚུལ་དང་། མི་ལ་རས་པའི་ལུགས་ཀྱི་ཆོས་སྲོལ་སློབ་གཉེར་གནང་ཐུབ་པ་བྱུང་བ་ཙམ་དུ་མ་ཟད། ཆོས་སྲོལ་དེ་བཀའ་གདམས་པའི་སློབ་དཔོན་རྣམས་ལས་ཐོབ་པའི་ཆོས་སྲོལ་རྣམས་དང་ཕན་ཚུན་ཟུང་དུ་འབྲེལ་བའི་ལས་བཟང་པོ་དང་བསོད་ནམས་ཆེན་པོ་ཡིན་ཚུལ་གྱི་མགུར་གསུངས་གནང་བ་རེད། དེ་ལྟར་སྒམ་པོ་པས་སོ་སོའི་མི་ལུས་རིན་ཆེན་དེ་བེད་སྤྱོད་ཡོངས་སུ་རྫོགས་པར་བཏང་ཡོད་པའི་ཚོར་བ་ངེས་བརྟན་འཕེར་བ་ཞིག་བྱུང་བ་རེད།

བརྒལ་རྒྱུའི་ཟམ་པ་མཐའ་མ་ཞིག་ཡོད་པ།

ཁོང་གཉིས་ཟམ་པའི་འགྲམ་དུ་འབྱོར་དུས་མི་ལ་རས་པས། “ད་ཁྱེད་རང་སོ་སོ་འགྲོ་དགོས། ང་དང་བྲལ་དགོས། བཀྲ་ཤིས་པའི་རྒྱུ་མཚན་ལ་བརྟེན་ནས་ང་ཟམ་པ་འདི་བརྒལ་གྱི་མིན།” ཞེས་གསུངས། དེ་ནས་སྒམ་པོ་པར་བྱིན་གྱིས་བརླབས་ཏེ་ཟམ་པ་བརྒལ་ནས་ཕེབས། ཟམ་པ་བརྒལ་ཟིན་པ་མ་ཐག་མི་ལ་རས་པས། “ཡང་བསྐྱར་ཚུར་གཅིག་ཤོག་དང་། ང་ལ་ཆོས་དམིགས་བསལ་ཞིག་ཤོད་རྒྱུ་ཡོད། གལ་ཏེ་ངས་བསླབ་བྱ་འདི་ཁྱེད་ལ་མ་བཤད་ན་གཞན་སུ་ལ་ཤོད་དགོས་སམ།” ཞེས་གསུངས་ནས་ཡང་བསྐྱར་ཚུར་བོས་གནང་བ་རེད།

སྒམ་པོ་པས། “ཁྱེད་རང་གི་ཆོས་དང་བསླབ་བྱ་དམིགས་བསལ་འདིར་ངོས་ནས་མཎྜལ་ཞིག་འབུལ་དགོས་ཀྱི་ཡོད་དམ།” ཞེས་ཞུས་པས། དེར་མི་ལ་རས་པས། མཆོད་འབུལ་བྱེད་རྒྱུ་ནི་དགོས་ངེས་ཤིག་མིན། བསླབ་བྱ་དེ་འཕྲོ་བརླག་མི་གཏང་བར་སྙིང་དབུས་སུ་བཅང་དགོས་ཚུལ་གསུངས་ཏེ། མི་ལ་རས་པས་སྒམ་པོ་པར་རྒྱབ་བཏོན་མཛད་ནས་ན་བཟའ་ཡར་བཀྱག་གནང་སྟེ། ཨོང་ཤ་རྗེན་པ་དེ་བསྟན་པ་རེད། སྒམ་པོ་པས་མི་ལ་རས་པའི་ཨོང་ཤ་ནི་ཀོ་བ་མཁྲེགས་པོ་བཟོས་པ་ནང་བཞིན་སག་རི་ཐེབས་པའི་མཚང་ར་ཞིག་ཡོད་པ་མཇལ་བ་རེད།

མི་ལ་རས་པས། “སྒོམ་གང་ཞིག་རྒྱག་དགོས་པ་དང་སྒོམ་རྒྱག་སྟངས་ཤེས་ན་སྒོམ་ལས་ལྷག་པའི་ཉམས་ལེན་མེད། ང་ལ་སྒོམ་གྱི་ཐབས་ལམ་སྣ་ཚོགས་པའི་རྟོགས་པ་དང་ཤེས་བྱ་མང་པོ་ཐོབ་ནས་རང་ཉིད་ཀྱི་མཚང་ར་ཀོ་བ་ནང་བཞིན་མཁྲེགས་པོ་མ་ཆགས་བར་དུ་སྒོམ་བརྒྱབས་པ་ཡིན། ཁྱེད་ནས་དེ་ལྟར་གཅིག་པ་གནང་དགོས། འདི་ནི་ཁྱེད་ཀྱི་ཆོས་ཁྲིད་སློབ་གཉེར་མཐའ་མ་དེ་ཡིན།” ཞེས་གསུངས།

དེ་ནས་མི་ལ་རས་པས་སྒམ་པོ་པར། ད་ངེད་གཉིས་ཁ་བྲལ་བའི་དུས་ལ་སླེབས་ཡོད་ཅེས་གསུངས། སྒམ་པོ་པས་བླ་མ་དང་ཞལ་གྱེས་ནས་ལྷ་སའི་ལྷོ་ངོས་སུ་ཕེབས། དེར་ཁོང་ནས་མི་ལ་རས་པའི་ལུང་བསྟན་གནང་བ་ནང་བཞིན་དགོན་པ་ཕྱག་བཏབ་གནང་བ་རེད།

མཇུག་སྡོམ།

དྭགས་པོ་ཐར་རྒྱན་ ༼དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་༽ ནི་སྒམ་པོ་པས་བཀའ་གདམས་པའི་སློབ་དཔོན་རྣམས་དང་མི་ལ་རས་པའི་ལུགས་ཀྱི་ཁྲིད་དང་སྒོམ་ཉམས་ལེན་གྱི་མྱོང་བའི་འབྲས་བུ་ལས་བསྐྱེད་པ་ཞིག་ཡིན། གཞུང་འདི་མཛད་གནང་བའི་སྐབས། སྒམ་པོ་པ་ནི་ཆོས་སྲོལ་དེ་གཉིས་ཀར་རྟོགས་པ་རྙེད་པ་ཞིག་དང་། གཞུང་འདིའི་ནང་དུ་ཆོས་སྲོལ་དེ་གཉིས་ཀྱི་ཤེས་བྱའི་གནད་སྙིང་རྣམས་གཅིག་ཏུ་བསྡུས་གནང་མཛད་ཡོད།

དོན་ངོ་མར་ང་ཚོ་དང་མི་ལ་རས་པ། སྒམ་པོ་པ་བཅས་ཀྱི་དབར་ལ་ཁྱད་པར་གང་ཡང་མེད། མི་ལ་རས་པའང་ཐོག་མར་རང་ཉིད་ཀྱི་གནོད་བྱེད་མི་དགེ་བའི་ལས་ལ་བརྟེན་ནས་བྱུང་བའི་མི་དགེ་བའི་ནུས་པས་ཁེངས་ནས་ཡོད་པ་ཞིག་རེད། ཡིན་ནའང་ཁོང་གིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཉོན་མོངས་རྣམས་མེད་པ་བཟོ་གནང་བ་དང་། རིམ་པས་ནང་གི་རྟོགས་པ་དང་མྱོང་བ་རྣམས་བསྐྱེད་པ་རེད། སྒམ་པོ་པའང་གཅིག་པ་གཅིག་རྐྱང་རེད། ཁོང་ཡང་ཆོས་ཕྱོགས་ཀྱི་བསྒྲུབ་བྱ་རྣམས་ཐོབ་པར་སྐུ་ངལ་ཧ་ཅང་བསྐྱོན་ཡོད། ཁོང་རྣམ་པས་ཐོག་མར་སངས་རྒྱས་ཟིན་པའི་གང་ཟག་མ་ཡིན་པས། སྒོམ་བསྐྱོན་པ་དང་བཤད་སྒྲུབ་གཉིས་གོང་འཕེལ་གཏོང་བར་ལས་སླ་པོ་ཞིག་མེད། མི་ལ་རས་པ་ལྟ་བུར་མཚོན་ན། ཁོང་ནི་ང་ཚོ་མང་ཆེ་བ་ལས་སྡུག་པ་ཡོད། དེ་ཡིས་ང་ཚོས་དཀའ་བ་སྤྱད་པར་འདུན་པ་ཡོད་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་རུང་བའམ་སྲིད་པའི་རང་བཞིན་ཞིག་ཡིན་པར་མཚོན་གྱི་ཡོད། ང་ཚོས་རྒྱུད་ལ་སྔོན་བྱོན་གྱི་སློབ་དཔོན་དང་གྲུབ་ཐོབ་ཆེན་པོ་རྣམས་ཀྱི་བརྩོན་འགྲུས་དང་སེམས་ཤུགས་དེ་སྐྱེད་པར་བྱེད་སྐབས་ང་ཚོ་ཡང་མི་ལ་རས་པ་དང་སྒམ་པོ་པ་ནང་བཞིན་ཆགས་སྲིད་པ་ཡིན།

དྭགས་པོ་ཐར་རྒྱན་ནི་ང་ཚོར་ཕན་པའི་ཆེད་དུ་བཀའ་ཕྱག་ཆུ་བོ་གཉིས་པོ་ལམ་གསལ་པོ་གཅིག་གི་ནང་ཟུང་དུ་འབྲེལ་བའམ་གཅིག་ཏུ་འདྲེས་པ་མཛད་གནང་མཁན་གྱི་སློབ་དཔོན་ཆེན་པོ་ཞིག་གི་གྲུབ་འབྲས་ཡིན་པ་རེད།།

Top