Arrow left སྔོན།
་་་ གང་རེད།
རྩོམ་ཡིག ༢༠ / ༢༠

ནང་ཆོས་དང་སྣོད་བཅུད་ཀྱི་རིམ་འགྲོས་འགྱུར་ལྡོག

Study buddhism dino 1 1

ཌར་ཝིན་གྱི་སྣོད་བཅུད་ཀྱི་རིམ་འགྲོས་འགྱུར་ལྡོག་གི་རྣམ་གཞག་ (Darwin’s theory of evolution) གིས་རང་བྱུང་འདེམས་སྒྲུག་ (natural selection) གི་བྱ་རིམ་དང་སྐྱེ་ལྡན་གྱི་ཉེ་རིགས་སྲོག་ཆགས་ཧ་ཅང་མང་པོ་དེ་དག་རིམ་པས་ཇི་ལྟར་འགྱུར་བ་འགྲོ་ཡི་ཡོད་པའི་ཐད་བསམ་ཞིབ་བྱེད་ཀྱི་ཡོད། ཁོང་གི་བརྩམས་པའི་ “སྐྱེ་ལྡན་སྲོག་ཆགས་ཀྱི་ཆེས་ཐོག་མའི་འབྱུང་ཁུངས་” ཞེས་པའི་དེབ་ཀྱི་ནང་མདོ་དོན་ཞིག་བསྟན་ཡོད། དེའི་ནང་དོན་ནི་དེའི་སྐབས་སུ་ཆོས་ལོག་གམ་ཆོས་མ་ཡིན་པ་ཞིག་ཏུ་ཆ་འཇོག་བྱས་ཡོད། གང་ཡིན་ཞེ་ན། རྣམ་གཞག་དེ་ནི་ནུས་མཐུ་ཀུན་ལྡན་གྱི་བྱེད་པོ་དཀོན་མཆོག་གིས་བརྟན་པའི་འཛམ་གླིང་དང་དེའི་ནང་གི་འགྱུར་དུ་མི་གཏུབ་པའི་སེམས་ཅན་རྣམས་བསྐྲུན་པའི་བསམ་བློ་དང་འགལ་འདུ་ཆགས་ཡོད། དེང་སང་གི་དུས་སུའང་རིམ་འགྲོས་འགྱུར་ལྡོག་གི་རྣམ་གཞག་འདི་བཞིན་ཆོས་ལུགས་འགའ་ཞིག་དང་རན་འཚམས་མེད་ནའང་། ནང་ཆོས་ཀྱི་ནང་སྤྱིར་བཏང་གི་བསམ་བློ་དེ་དག་དང་འགལ་བ་ཞིག་ནི་མེད། དོན་ངོ་མར་ནང་པ་ཚོ་ལ་མཚོན་ན། རྣམ་གཞག་དེ་ནི་ནང་ཆོས་ནས་གསུང་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་དང་ཡོངས་སུ་མཐུན་གྱི་ཡོད། འཇིག་རྟེན་བཀོད་པ་པོའི་ལུགས་མིན། དེ་ནི་ཆོས་ཀྱི་སྡོམ་བཞི་ལས་དང་པོ་མི་རྟག་པ་དེ་རེད། ཆོས་རྣམས་རྒྱུ་རྐྱེན་སྣ་ཚོགས་པ་ལ་བརྟེན་ནས་རྟག་ཏུ་འབྱུང་བཞིན་པ་དང་རིམ་པས་འཕེལ་བཞིན་ཡོད། གལ་ཏེ་འགྲོ་བ་མི་རྣམས་དང་དུད་འགྲོ་རྣམས་འདྲ་མཚུངས་སུ་མི་རྟག་པའི་རྒྱུན་ཆེན་མོ་འདིའི་ཆ་ཤས་མིན་ན། དེ་ནི་ཁྱད་མཚར་ཞིག་ཆགས་ཀྱི་རེད། 

འདི་ནི་ནང་པའི་དུས་དང་རིམ་འགྲོས་ཀྱི་འགྱུར་ལྡོག་གི་ལྟ་ཚུལ་དེ་ཌར་ཝིན་གྱི་ལྟ་བའི་རྣམ་གཞག་དང་ཏག་ཏག་མཐུན་གྱི་ཡོད་ཅེས་བརྗོད་པ་མིན། ཌར་ཝིན་གྱི་རྣམ་གཞག་དེས་སྐྱེ་ལྡན་དང་དངོས་ཁམས་རིག་པའི་གཞི་རྟེན་ལ་དམིགས་ཀྱི་ཡོད་པ་དང་དེ་ལ་བརྟེན་ནས་ཚོར་བ་མྱོང་ཐུབ་མཁན་གྱི་སེམས་ལྡན་རྣམས་སྐྱེ་ཡི་ཡོད། སྲོག་ལྡན་གྱི་ལུས་རྟེན་རྣམས་རྙོག་འཛིངས་ཆེ་རུ་འགྲོ་བ་དང་རིག་ཚོར་གོང་འཕེལ་འགྲོ་བའི་བསམ་བློ་ཡོད་ནའང་། དེ་ནི་ཇི་ལྟར་སངས་རྒྱས་ཀྱིས་སྲོག་ལྡན་གྱི་ལུས་རྟེན་དམའ་ཤོས་ནས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་གྱི་རིག་ཚོར་གྱི་རིམ་འགྲོས་འགྱུར་ལྡོག་གི་འགྲེལ་བརྗོད་གནང་བ་ནང་བཞིན་གཏིང་ཟབ་པོ་མེད། དེར་མ་ཟད། ཌར་ཝིན་གྱིས་སྲོག་ཆགས་རྣམས་ཀྱི་རིག་ཚོར་གྱི་རིམ་འགྲོས་འགྱུར་ལྡོག་ཆ་ཚང་གཅིག་ཏུ་བཤད་ཀྱི་ཡོད་པ་དང་། ནང་ཆོས་ཀྱི་ནང་དེའི་སྒང་ལ་སེམས་ཅན་སྒེར་སོ་སོའི་རིག་ཚོར་གྱི་རིམ་འགྲོས་འགྱུར་ལྡོག་བཤད་ཀྱི་ཡོད། 

གཞན་ཡང་ཌར་ཝིན་གྱི་སྣོད་བཅུད་ཀྱི་རིམ་འགྲོས་འགྱུར་ལྡོག་ལ་རིམ་གྱིས་དང་རྒྱུན་ཆད་མེད་པའི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡོད། དེ་ནི་སེམས་ཅན་རྣམས་རྒྱུན་ལྡན་དང་བཟང་ཕྱོགས་ཀྱི་སྒོ་ནས་དེ་དག་འཚོ་ཐབས་ཀྱི་ཆེད་དུ་ལེགས་པ་ཡོད་པ་དང་རིགས་རྒྱུད་སྐྲུན་ཐུབ་པའི་ལུས་རྟེན་གྱི་ནང་སྐྱེད་འཕེལ་འགྲོ་ཡི་ཡོད། ནང་ཆོས་ནས་སེམས་ཅན་གྱི་རིགས་གང་འདྲ་ཞིག་ཡིན་ནའང་། དེ་དག་ལུས་རྟེན་མི་འདྲ་བ་སྣ་ཚོགས་པའི་ནང་སྐྱེ་བ་ལེན་ཆོག་པ་གསུང་གི་ཡོད་པ་དང་རྒྱུད་རིམ་འདི་ནི་གོ་རིམ་ངེས་པའི་ཡར་རྒྱས་ནང་གི་གཅིག་མིན། སེམས་ཅན་སྒེར་སོ་སོ་དང་སྲོག་ཆགས་ཡོངས་སུ་རྫོགས་པ་ནི་ལས་དང་། རྒྱུ། རྐྱེན་ལ་བརྟེན་ནས་སྐྱེ་གནས་དམའ་བ་ཞིག་གི་ནང་ཕྱིར་འགྲོས་བྱེད་སྲིད། དེར་བརྟེན་ཞིབ་ཅིང་ཕྲ་བ་རྣམས་མི་འདྲ་བ་ཡོད་ནའང་། སྣོད་བཅུད་ཀྱི་རིམ་འགྲོས་འགྱུར་ལྡོག་གི་རྩ་བའི་རྣམ་གཞག་ནི་ལམ་ལུགས་གཉིས་ཀའི་ནང་ཡོད། 

སྣོད་བཅུད་ཀྱི་རིམ་འགྲོས་འགྱུར་ལྡོག་དང་འཇིག་རྟེན་འཇིག་ཚུལ།

ཚན་རིག་པ་དག་ལ་མཚོན་ན། གས་ཐོར་ཆེན་མོ་ཞེས་བྱ་བ་ཤིན་ཏུ་ཆེ་ལ་འཇིག་རྟེན་གྱི་བོངས་ཚད་འཕར་རྒྱས་མྱུར་བ་ཞིག་ལོ་ངོ་ཐེར་འབུམ་བཅུ་བཞིའི་སྔོན་དུ་བྱུང་ཞིང་། དེ་ནི་དུས་ཀྱི་ཐོག་མ་དང་ང་ཚོའི་འཇིག་རྟེན་གྱི་གཞི་རྟེན་སྐྲུན་པར་ལོ་ངོ་ཐེར་འབུམ་བཞི་ཕྱིན་ཡོད། རིམ་པས་ཡང་རླུང་རླངས་གཟུགས་ (hydrogen gas) དེ་གཟའ་སྐར་སྣ་ཚོགས་པའི་ནང་འཕེལ་རྒྱས་ཕྱིན་པ་དང་ད་ལྟ་ང་ཚོས་འབོད་པའི་འཛམ་གླིང་ཞེས་པའི་གཟའ་བྱེ་བྲག་པ་འདིའི་ནང་ལ་ཕྲ་ཕུང་རྐྱང་པའི་སྐྱེ་ལྡན་སྲོག་ཆགས་རྣམས་བྱུང་ཡོད། དེ་དག་ཀྱང་རིམ་པས་རྙོག་འཛིངས་ཅན་གྱི་རྒྱུད་རིམ་ནས་དེང་སང་ང་ཚོས་ཉེ་འཁོར་དུ་མཐོང་བའི་ཡར་ཐོན་ཅན་གྱི་སྐྱེ་ལྡན་གྱི་ལུས་རྟེན་སྣ་ཚོགས་པའི་ནང་འཕེལ་སྐྱེད་ཕྱིན་ཡོད། ཚན་རིག་པ་རྣམས་ཀྱིས་ཀྱང་དེ་ལྟར་བརྗོད་ཀྱི་ཡོད། འཇིག་རྟེན་འདི་རྒྱ་སྐྱེད་འགྲོ་བ་དང་སྣོད་བཅུད་རིམ་འགྲོས་ཀྱི་འགྱུར་བ་འགྲོ་བའི་དུས་སྐབས་ཀྱི་ལོ་ངོ་ཐེར་འབུམ་མང་པོའི་རྗེས་སུ་འཇིག་རྟེན་འདི་འཇིག་རྒྱུ་ཡིན་པ་དང་དེ་ཇི་ལྟར་འབྱུང་བར་འགྱུར་བའི་རྣམ་གཞག་མི་འདྲ་བ་མང་པོ་ཞིག་ཁོང་ཚོས་བཤད་ཀྱི་ཡོད། 

སངས་རྒྱས་ཀྱིས་འགོ་མ་ཡེ་ཤེས་ཀྱི་མདོ་ (པཱ་ལི། ཨགྒནྣ་སུཏྟ་) ཞེས་པའི་མདོའི་ནང་སྣོད་བཅུད་ཀྱི་རིམ་འགྲོས་འགྱུར་ལྡོག་དང་མཐའ་མཇུག་འཇིག་རྟེན་འཇིག་ཚུལ་གྱི་སྐོར་ལ་གོ་བསྡུར་གནང་ཡོད། དེའི་ནང་ཁོང་གིས་ང་ཚོའི་འཇིག་རྟེན་ནང་གི་ཁོར་ཡུག་ཡར་རྒྱས་དང་མཐའ་མཇུག་གི་ཉམས་རྒུད་ལ་གཟིགས་ཞིབ་གནང་ཡོད་པ་མ་ཟད། སྲོག་ལྡན་གྱི་ལུས་རྟེན་མི་འདྲ་བ་སྣ་ཚོགས་པ་འབྱུང་བ་དང་དེ་དག་གི་མཐའ་མཇུག་ཡལ་ནས་རྩ་སྟོང་འགྲོ་ཚུལ། སྤྱི་ཚོགས་མི་འདྲ་བའི་ཡར་རྒྱས་དང་དེ་དག་གི་མཐའ་འཇུག་འཆི་སྐྱོན་བཅས་ལའང་གཟིགས་ཞིབ་གནང་ཡོད། དེ་ལྟ་ནའང་དེང་རབས་ཀྱི་ཚན་རིག་དང་ནང་ཆོས་དབར་གྱི་ཁྱད་པར་གཅིག་ནི། སངས་རྒྱས་ཀྱི་འཇིག་རྟེན་འབྱུང་བ་དང་། གནས་པ། འཇིག་པ་ནི་དེ་ལྟ་བུའི་ཆགས་གནས་འཇིག་གསུམ་གྱི་འཁོར་སྐྱོད་མང་པོའི་ནང་གི་གཅིག་ཙམ་ཞིག་ཡིན་པ་དང་དུས་ལ་ནི་ཐོག་མ་དང་མཐའ་མ་མེད་ཅེས་གསུངས་ཡོད། དེ་ཡང་མདོ་ལས།

“ཝཱ་སེ་ཋ། སྔ་ཕྱི་མ་གཏོགས་དུས་ཡུན་རིང་པོ་ཞིག་འདས་པའི་རྗེས་སུ་འཛམ་གླིང་འདི་ནི་འཇིག་གི་རེད། འོན་ཀྱང་། སྔ་ཕྱི་མ་གཏོགས་དུས་ཡུན་ཧ་ཅང་རིང་པོ་ཞིག་འདས་པའི་རྗེས་སུ་འཛམ་གླིང་འདི་ནི་རིམ་གྱིས་འཕེལ་གྱི་རེད། ཝཱ་སེ་ཋ། དེའི་ཚེ་ན་ཆུའི་ཕུང་པོ་གཅིག་ཙམ་ལས་གཞན་ནི་མུན་པ་སྟུག་པོ་ཡིན། ཉི་ཟླ་མི་མངོན་ཞིང་རྒྱུ་སྐར་རྣམས་ཀྱང་མི་མངོན་པ། ཉིན་དང་མཚན་ཡང་མི་མངོན་ལ། ཟླ་བ་དང་ཟླ་ཕྱེད་ཀྱང་མི་མངོན། ནམ་དུས་དང་ལོ་རྣམས་ཀྱང་མི་མངོན་པ་དང་ཕོ་དང་མོ་མི་མངོན་པའོ། །སེམས་ཅན་རྣམས་ནི་སེམས་ཅན་ཙམ་དུ་དབྱེ་བ་ཕྱེས་ཡོད་” ཅེས་སོགས་གསུངས།

འདིར་སངས་རྒྱས་ཀྱིས་ཞོར་འཕྲོས་སུ་སེམས་ཅན་ཞེས་གསུངས་པ་དང་མཉམ་དུ་འཇིག་རྟེན་གྱི་འཁོར་སྐྱོད་ཀྱི་སྐོར་ལ་གང་འཚམས་གསལ་པོའི་སྒོ་ནས་གསུང་གི་ཡོད་པ་ང་ཚོས་ཤེས་ཐུབ། དེ་ལས་མདོའི་ནང་ཕོ་མོ་འབྱུང་ཚུལ་དང་མིའི་སྡེ་ཁག་གི་རིམ་པ་མི་འདྲ་བ་ལ་བརྟེན་ནས་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་བཅས་མུ་མཐུད་ནས་གསུང་གི་ཡོད། དེ་ནས་དེའི་ནང་གི་ཁོར་ཡུག་དང་སེམས་ཅན་རྣམས་ཇི་ལྟར་ཉམས་རྒུད་འགྲོ་ཚུལ་དང་མེད་པ་ཆགས་ཚུལ་འགྲེལ་བརྗོད་གནང་གི་ཡོད། 

མདོ་འདི་དང་ནང་ཆོས་ནས་གསུང་པའི་རྟེན་ཅིང་འབྲེལ་བར་འབྱུང་བ། དེ་བཞིན་མི་རྟག་པ་བཅས་ལས་ང་ཚོས་གང་ཤེས་ཐུབ་ཅེ་ན། ཚན་རིག་གི་གས་ཐོར་ཆེན་མོའི་རྣམ་གཞག་གམ་ཡང་ན་ཁོང་ཚོའི་འཇིག་རྟེན་འདི་འཇིག་པའི་རྣམ་གཞག་གང་འདྲ་ཞིག་ཁས་ལེན་པ་ལ་འགལ་འདུ་མེད་པ་དེ་ཤེས་ཐུབ། 

ལུས་ཀྱི་རིམ་འགྲོས་འགྱུར་ལྡོག

ད་ང་ཚོས་སྐྱེ་ལྡན་རིག་པའི་ལུས་པོའི་རིམ་འགྲོས་འགྱུར་ལྡོག་ལ་ཞིབ་པར་བལྟ་རྒྱུ་ཡིན། འདིའི་ཐད་རིམ་འགྲོས་འགྱུར་ལྡོག་གི་རྣམ་གཞག་ནི་གསལ་པོ་རེད། དེ་ནི་ང་ཚོ་ཚང་མ་ཕྲ་ཕུང་རྐྱང་པའི་སྐྱེ་ལྡན་སྲོག་ཆགས་ནས་རིམ་འགྲོས་འགྱུར་ལྡོག་ཕྱིན་ཡོད། ཌར་ཝིན་གྱི་ལྟ་བའི་རྣམ་གཞག་གིས་འཕེལ་རྒྱས་ཀྱི་རིམ་འགྲོས་འགྱུར་ལྡོག་བཤད་ཀྱི་ཡོད་པ་དང་དེའི་ནང་སེམས་ཅན་རྣམས་ཡར་ཕྱོགས་ཀྱི་སྲོལ་དུ་འཕེལ་རྒྱས་འགྲོ་ཡི་ཡོད། ཕྱོགས་གཞན་ཞིག་ནས་ཡར་རྒྱས་ཀྱི་ལམ་གཅིག་པུའི་ནང་རིམ་འགྲོས་འགྱུར་ལྡོག་འགྲོ་བར་ལྷན་སྐྱེས་ཀྱི་རང་གཤིས་ཤིག་ཡོད། འདིར་ང་ཚོར་ལུས་ཀྱི་གཞི་རྟེན་གཅིག་པུ་དེ་དགོས་ཀྱི་ཡོད། གང་ཡིན་ཞེ་ན། ནང་ཆོས་ཀྱི་ནང་འཇིག་རྟེན་སྟེང་གི་སྐྱེ་དངོས་ཀྱི་ལུས་རྟེན་དང་དེ་དག་གི་ནང་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཤེས་པའི་རྒྱུན་གྱི་བར་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པར་བརྗོད་ཀྱི་རེད། 

སྔོན་གྱི་དུས་སུ་འཇིག་རྟེན་ནང་གཏུམ་འབྲུག་འཁྱམས་ནས་འགྲོ་བཞིན་ཡོད་ནའང་། ད་ཆ་དེ་དག་མེད་པ་ཆགས་ཚར་བ་རེད། ད་ལྟ་ང་ཚོ་གཏུམ་འབྲུག་གི་སྐྱེ་བ་ལེན་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། ཚན་རིག་པའི་ལྟ་བའི་རྣམ་གཞག་ལྟར་བྱས་ན། ལོ་ངོ་ས་ཡ་དྲུག་ཅུ་རེ་དྲུག་གི་སྔོན་རོལ་ཏུ་ཆུ་རུད་ཆེན་པོའི་བྱུང་རྐྱེན་ཞིག་གིས་གཏུམ་འབྲུག་རྣམས་མེད་པར་བཟོས་ཡོད་ཀྱང་། སྲོག་ཆགས་ (འགྲོ་བ་མི་ལྟ་བུ་) རྣམས་མ་སྟོང་བར་དུས་ཕྱིས་སུ་ཁྱབ་སྤེལ་ཕྱིན་ཡོད། ཌར་ཝིན་གྱི་ལྟ་བའི་རྣམ་གཞག་གིས་གཏུམ་འབྲུག་རྣམས་འཚོ་བའི་གནས་སྟངས་ཡག་ཤོས་ཀྱི་རིགས་རྒྱུད་དུ་འཚོ་མེད་པས་དེ་དག་མེད་པ་ཆགས་པ་རེད་ཅེས་བརྗོད་ཀྱི་རེད། 

ནང་པའི་ལྟ་ཚུལ་ལྟར་ན། ལས་ཀྱི་ནུས་པའི་འབྲས་བུ་སྨིན་པར་རན་འཚམས་ཀྱི་རྐྱེན་ཚང་དགོས་ཀྱི་ཡོད། གཏུམ་འབྲུག་ལྟ་བུར་སྐྱེ་བ་ལེན་པའི་རྐྱེན་ནི་འཇིག་རྟེན་འདིའི་ནང་དུས་སྐབས་འདི་ལ་མེད་པ་ཙམ་དང་། དེའི་ཚབ་ལ་སླར་ཡང་སྐྱེ་བ་ལེན་པའི་ལུས་ཀྱི་གཞི་རྟེན་གཞན་སྣ་ཚོགས་པ་ཞིག་ང་ཚོར་ཡོད། དེ་དག་ཀྱང་རིམ་པས་འགྱུར་བ་འགྲོ་རྒྱུ་ཞིག་ཡིན། གལ་ཏེ་ང་ཚོའི་འཇིག་རྟེན་གྱི་ཆ་ཤས་གཞན་ཞིག་གི་ནང་ད་ལྟའི་ཆར་གཏུམ་འབྲུག་ཡོད་ན། ནང་ཆོས་ནང་ང་ཚོ་འཇིག་རྟེན་གཞན་དེའི་ནང་གི་གཏུམ་འབྲུག་ཅིག་ཏུ་སྐྱེ་བ་ལེན་སྲིད་པ་ཁས་ལེན་བྱེད་ཀྱི་རེད། 

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚན་རིག་པ་རྣམས་དང་ལྷན་དུ་གོ་བསྡུར་ཞིག་གནང་བའི་སྐབས། གལ་ཏེ་གློག་ཀླད་སེམས་ཅན་དུ་འགྱུར་ཐུབ་བམ། གློག་ཀླད་ལ་དུས་ནམ་ཞིག་གི་ཚེ་ན་སེམས་ཡོད་པ་ཆགས་སྲིད་དམ་ཞེས་ཁོང་ལ་བཀའ་འདྲི་ཞུས་ཡོད། དེ་ལ་ཁོང་གིས་ཐུགས་སྣང་ཆེན་པོའི་སྒོ་ནས་བཀའ་ལན་དུ། གལ་ཏེ་གློག་ཀླད་དམ་མི་གཟུགས་འཕྲུལ་ཆས་དེ་སེམས་རྒྱུན་གྱི་གཞི་རྟེན་དུ་འགྱུར་ཐུབ་པའི་ཚད་མཐོའི་གནས་ཚད་ལ་བསྙེགས་ན། སེམས་རྒྱུན་དེ་སྐྱེ་ལྡན་གྱི་སྲོག་ཆགས་རྩ་ནས་མིན་པའི་འཕྲུལ་ཆས་ཤིག་ཏུ་དེའི་མི་ཚེ་གཅིག་གི་ལུས་ཀྱི་གཞི་རྟེན་དུ་འགྱུར་མི་ཐུབ་པའི་རྒྱུ་མཚན་མེད་པ་རེད། 

འདིར་གློག་ཀླད་ནི་སེམས་རེད་ཅེས་བརྗོད་ཀྱི་མེད། ང་ཚོས་གློག་ཀླད་ཀྱི་ནང་བཅོས་མའི་སྒོ་ནས་སེམས་ཤིག་སྐྲུན་ཐུབ་ཅེས་ཀྱང་བརྗོད་ཀྱི་མེད། ཡིན་ནའང་། གལ་ཏེ་གློག་ཀླད་དེ་འགྲིག་ངེས་ཀྱི་ཚད་མཐོན་པོ་ཡོད་ན། སེམས་ཀྱི་རྒྱུན་དེ་ལ་འབྲེལ་བ་མཐུད་ནས་དེའི་ལུས་ཀྱི་གཞི་རྟེན་དུ་འགྱུར་ཐུབ། འདི་ནི་ཌར་ཝིན་གྱི་ལྟ་བའི་རྣམ་གཞག་ལས་ཀྱང་ཁྱད་པར་དུ་འཕགས་པ་ཞིག་ཡིན། 

སངས་རྒྱས་ཀྱིས་སྣོད་བཅུད་ཀྱི་རིམ་འགྲོས་འགྱུར་ལྡོག་གི་སྐོར་ལ་ཞིབ་ཕྲར་ཅིའི་ཕྱིར་འགྲེལ་བརྗོད་གནང་མེད་དམ།

ནང་པ་ཚོས་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན་པར་འདོད་ཀྱི་ཡོད་སྟབས། ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྗེས་ཁོང་གིས་ཆོས་ཐམས་ཅད་མཁྱེན་གྱི་ཡོད། དེ་ལ་ཁོང་གིས་འཇིག་རྟེན་གྱི་བྱེད་ལས་དང་སེམས་ཅན་གྱི་རིམ་འགྲོས་འགྱུར་ལྡོག་གི་སྐོར་ཞིབ་ཅིང་ཕྲ་བ་ཅིའི་ཕྱིར་གསལ་བཤད་གནང་མེད་དམ་ཞེས་ང་ཚོས་བསམ་སྲིད། 

སྤྱིར་བཏང་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཡོད་དོ་ཅོག་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་ལམ་དུ་བགྲོད་པའི་ཆེད་དུ་དམིགས་ཀྱི་ཡོད། དེར་བརྟེན་འཇིག་རྟེན་དང་དེའི་ནང་གི་སེམས་ཅན་རྣམས་འགྲོ་བའི་འཁོར་སྐྱོད་རྒྱ་ཆེ་བ་དེ་དག་འགྲེལ་བརྗོད་བྱེད་པའི་དགོས་དོན་ནི་མི་རྣམས་ལ་ད་ལྟ་ཡོད་པའི་རྩ་ཆེན་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་དཀའ་བའི་རང་བཞིན་དེ་རྟོགས་པ་ལ་རོགས་བྱ་རྒྱུ་དེ་རེད། མི་ལུས་རིན་ཆེན་ཤིན་ཏུ་དཀོན་པ་དང་ཡང་བསྐྱར་རྙེད་དཀའ་བ་ལ་རྗེས་སུ་ཡི་རང་བྱེད་པའི་ཐོག་མི་རྣམས་ཀྱིས་ད་ལྟའི་གནས་སྟངས་ལས་ཁེ་བཟང་ཡག་ཤོས་བླངས་ཏེ་ཆོས་ཕྱོགས་ཀྱི་དམིགས་ཡུལ་དེ་དག་གོང་འཕེལ་གཏོང་བར་སེམས་འགུལ་ཐེབ་ཀྱི་རེད། སངས་རྒྱས་ནི་འཇིག་རྟེན་ཇི་ལྟར་གནས་པའི་སྣང་སྲིད་རིག་པ་དང་གཟའ་སྐར་གྲུབ་རྫས་དཔྱད་རིག་གི་སྐོར་བསླབ་པའི་ཆེད་དུ་འཇིག་རྟེན་འདིའི་ནང་ཕེབས་མེད། 

དེ་ལྟ་བས་ན་དམིགས་ཡུལ་དེ་དང་འབྲེལ་བ་མེད་པའི་གནད་དོན་ཁག་ལ་བསམ་བློ་གཏོང་བ་ནི་དུས་ཚོད་དང་ནུས་པ་འཕྲོ་བརླག་ལྟ་བུ་མཐོང་གི་ཡོད། དམིགས་བསལ་ང་ཚོའི་སེམས་འདི་རྨོངས་པས་ཁེངས་ནས་ཡོད་པ་དང་ང་ཚོ་ཉོན་མོངས་ཅན་གྱི་སེམས་ཚོར་གྱིས་དབང་དུ་ཤོར་བའི་སྐབས། འཇིག་རྟེན་དང་དེའི་ནང་གི་སེམས་ཅན་གྱི་གྲངས་ལ་བསམ་བློ་གཏོང་བ་དང་། ལྷག་པར་དུ་དེ་དག་གི་སྐོར་ལ་གནས་ལུགས་འཁྱོག་བརྗོད་ཡོད་པ་ལ་ང་ཚོས་ཡིད་ཆེས་བྱེད་པ་ལ་གཞི་བྱེད་པའི་སྐབས་སུ་དེས་ང་ཚོའི་ཐར་པའི་གོ་འཕང་དང་གཞན་ཕན་སྒྲུབ་ཐུབ་པའི་དམིགས་ཡུལ་ལས་སེམས་གཡེང་དུ་འཇུག་གི་རེད། མཐར་ང་ཚོ་ལ་རྨོངས་པ་དེ་ལས་ཆེ་བ་ཡོང་གི་རེད།

སངས་རྒྱས་ཀྱི་སྐུ་ཚེའི་ལོ་རྒྱུས་འགའ་ཞིག་གིས་གནད་དོན་འདི་གསལ་སྟོན་བྱེད་ཀྱི་ཡོད། དཔེར་ན། འཇིག་རྟེན་རྟག་གམ་མི་རྟག་ཅེས་དང་འཆི་བའི་རྗེས་སུ་བདག་མུ་མཐུད་ནས་གནས་སམ་མི་གནས་ཞེས་སངས་རྒྱས་ལ་བཀའ་འདྲི་ཞུས་པས། དཔེ་མཚོན་གྱི་དྲི་བ་དེ་དག་ཐམས་ཅད་ལ་བཀའ་ལན་མ་གསུངས་པར་སངས་རྒྱས་མི་སྨྲ་བའི་ཚུལ་དུ་བཞུགས་པ་རེད། མཐར་སངས་རྒྱས་ཀྱིས་མི་རྣམས་རྨོངས་ནས་འཇིག་རྟེན་བཀོད་པ་པོས་བཟོས་པའི་འཇིག་རྟེན་དང་འཇིག་རྟེན་བཀོད་པ་པོས་བསྐྲུན་པའི་བདག་རྟག་པ་ལྟ་བུ་ལ་ཡིད་ཆེས་བྱེད་པའི་སྐབས། ཁོང་གིས་བཀའ་ལན་གང་འདྲ་ཞིག་གནང་ནའང་དེས་མི་རྣམས་རྨོངས་སུ་འཇུག་པ་ཁོ་ནར་ཟད་ཅེས་གསུངས་པ་རེད། གལ་ཏེ་འགྱུར་བ་མེད་པའི་བདག་རྟག་པ་དེ་འདྲ་མེད་ན། བདག་གི་གྲངས་ལ་མཐའ་ཡོད་དམ་མེད་ཅེས་དྲི་བ་གཏོང་བ་ལ་དོན་སྙིང་ཅི་ཡོད་དམ། 

གང་གསུངས་པ་དེ་ག་རང་ནི་ཆོས་མཆོག་ཏུ་གྱུར་བ་ཞིག་རེད། གང་ལྟར་ཡང་འཇིག་རྟེན་ཆེ་ཆུང་གི་ཚད་དང་དེའི་ནང་ཡོད་པའི་སེམས་ཅན་གྱི་གྲངས་མཁྱེན་པ། ཐ་ན་དེ་དག་ཇི་ལྟར་གནས་པའི་གནས་ཚུལ་ཡང་དག་པ་དེ་ང་ཚོས་ཤེས་ཀྱི་ཡོད་ནའང་། དེ་ལྟར་ཤེས་པ་དེས་ང་ཚོ་སྡུག་བསྔལ་དང་དཀའ་ངལ་ལས་ཐར་བར་ཕན་གྱི་ཡོད་དམ། དེས་སེམས་ཅན་གཞན་ལ་ཕན་རོགས་བྱེད་ཀྱི་ཡོད་དམ། སངས་རྒྱས་ཀྱིས། དེ་འདྲ་བའི་དྲི་བ་ཁག་ལན་འདེབས་ཀྱིས་དཀའ་ངལ་མ་སེལ་གོང་ནས་ང་ཚོ་འཆི་རྒྱུ་ཡིན་པས། ང་ཚོར་ཡོད་པའི་མི་ལུས་རིན་ཆེན་འདི་འཕྲོ་བརླག་གཏོང་གིན་ཡོད་ཅེས་གསུངས་པ་རེད། དེ་ལྟ་བུའི་ཚོད་དཔག་གི་བསམ་བློ་ནི་ཆོབ་ཚ་པོ་ཞིག་ཡོད་སྲིད་ནའང་། ང་ཚོ་ལ་དངོས་སུ་ཕན་གྱི་མེད། གལ་ཆེན་པོ་དེ་གང་རེད་ཅེ་ན། ང་ཚོའི་ད་ལྟའི་གནས་སྟངས་ཀྱི་དངོས་ཡོད་གནས་ཚུལ་དེ་ངོས་བཟུང་ནས་ང་ཚོར་ཡོད་པའི་ཤིན་ཏུ་དཀོན་པའི་གོ་སྐབས་དེ་ལས་ཁེ་བཟང་ལེན་དགོས། ང་ཚོ་དངོས་གནས་འཁོར་བའི་ནང་ཡོད་པ་དེ་རྟོགས་དགོས་ནའང་། ད་ལྟ་ང་ཚོར་རྩ་ཆེ་བའི་མིའི་ལུས་པོ་དང་སེམས་ཡོད་པས། ང་ཚོས་དེ་བེད་སྤྱོད་བྱས་ཏེ་སྡུག་བསྔལ་ལས་ཐར་བ་དང་གཞན་ལ་ཕན་ཐོགས་སྒྲུབ་ཐུབ། ང་ཚོས་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པའི་ཐབས་ལམ་ཁག་ཉམས་ལེན་བྱེད་ཆོག ང་ཚོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་ལན་འདེབས་འོས་པའི་དྲི་བ་དེ་དག་ཐམས་ཅད་ཀྱི་ལན་ཕལ་ཆེར་ང་ཚོར་ཡོད་ཀྱི་རེད།།

Top