ང་ཚོ་སོ་སོའི་དཀའ་ངལ་དང་དེ་དག་གི་རྒྱུ་རྣམས་ལས་ཐར་བར་ཐག་ཆོད་པ་ཞིག་བྱུང་ན། ང་ཚོས་སེམས་ཁུར་དེ་གཞན་ཕྱོགས་སུ་ཁ་སྒྱུར་དགོས་པ་དང་། སྙིང་རྗེ་ལ་བརྟེན་ནས་དེ་དག་ཀྱང་སྡུག་བསྔལ་དང་བྲལ་ན་འདོད་པའི་ཡིད་སྨོན་སྐྱེད་དགོས།
Meditation feeling compassion

འགྲེལ་བཤད།

ང་ཚོས་གཅེས་སྐྱོང་དང་དངོས་ཡོད་དང་མཐུན་པའི་བསམ་ཕྱོགས་ཤིག་རང་རྒྱུད་ལ་བསྐྱེད་པའི་རྗེས་ཀྱི་རིམ་པ་དེ་ནི་གཞན་ལ་སྙིང་རྗེ་སྐྱེད་རྒྱུ་དེ་རེད། སྙིང་རྗེ་ནི་གཞན་ལ་མཐོང་ཆུང་ལྟ་བུ་ཤ་ཚ་བའི་སྒོ་ནས་ལྟ་བ་ཞིག་མིན་པར། དེ་ནི་གཞན་ཚོར་ཤེས་ནུས་ཀྱི་འདུ་ཤེས་ལ་གཞི་བྱས་ཡོད། དེ་ནི་གཞན་གྱིས་གང་ཚོར་གྱི་ཡོད་པ་ཚོར་བ་དེ་རེད། དེ་ལྟར་སྙིང་རྗེ་ཟེར་བ་ནི་ཇི་ལྟར་ང་རང་ཚོ་སོ་སོ་རང་ཉིད་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་དང་བྲལ་བར་འདོད་པ་ནང་བཞིན་གཞན་ཐམས་ཅད་ཀྱང་དེ་བཞིན་དུ་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བྲལ་བའི་ཡིད་སྨོན་དེ་ཡིན། དེ་ཡང་ཡིད་སྨོན་དང་རེ་འདུན་གྱི་བསམ་བློ་ཙམ་དང་རེ་བ་མེད་པ་ཤེས་པ་དེ་མིན་པར། དེ་ལས་ལྡོག་སྟེ། དེ་ནི་དེ་དག་དང་བྲལ་ཐུབ་པའི་གདེང་སྤོབས་ལ་གཞི་རྩ་བྱས་ཡོད། སྙིང་རྗེ་ཟེར་བ་ལ་ཕན་འདོད་ཀྱི་འདུན་པའི་ཆ་ཞིག་དང་ང་ཚོས་ཐབས་ཤེས་གང་དྲག་གི་ཐོག་ནས་རོགས་བྱེད་འདོད་ཀྱི་ཀུན་སློང་ཞིག་ཀྱང་ཡོད། དེ་ནི་ཧུར་བརྩོན་དང་མི་ལྡན་པ་ཙམ་ཞིག་མིན། གལ་ཏེ་དགོས་མཁོ་བྱུང་ན། ང་ཚོས་ལུས་ཀྱི་སྒོ་ནས་དང་ཕྱི་དངོས་པོ་གང་རུང་གི་སྒོ་ནས་རོགས་བྱེད་པའམ། ཡང་ན་གཞན་རྣམས་དཀའ་ངལ་ལས་ཐར་བའི་ཆེད་ཡིད་ཀྱི་སྒོ་ནས་ང་ཚོས་སེམས་ཀྱི་གནས་བབས་དེ་འདྲ་ཞིག་སྐྱེད་དགོས་པ་དང་དེ་དག་གཞན་རྣམས་ལ་འབུལ་བཞིན་ཡོད་པར་བསམ་དགོས། 

སྒོམ་ཚུལ།

  • དབུགས་ལ་དམིགས་པ་གཏད་ནས་སེམས་ཞི་འཇམ་བཟོ་དགོས།
  • སོ་སོའི་ཁྱིམ་དང་རྒྱུ་དངོས་ཚང་མ་ས་ཡོམ་གྱི་རྐྱེན་པས་བོར་བརླགས་ཕྱིན་པ་དང་ཁྱེད་རང་ཕྱི་ལོགས་ལ་ཉལ་དགོས་ཤིང་། ཟས་དང་གོས་སོགས་འཚོལ་བའི་དོན་དུ་དཀལ་བ་སྤྱད་དགོས་པ་དང་། ཁྱེད་ལ་མི་ཚེ་སྔར་བཞིན་བསྐྱར་གསོའི་ཆེད་དངུལ་མེད་པའི་གནས་སྟངས་ལྟ་བུ་རང་གིས་རང་ལ་དེ་ལྟར་བསམ་བློ་གཏོང་དགོས།
  • གནས་སྟངས་དེ་ལས་ཇི་ལྟར་ཐར་འདོད་ཡོད་པར་བསམས་ནས་ཁྱེད་ཀྱི་སྡུག་བསྔལ་གྱི་རྒྱུ་ནི་སོ་སོའི་སེམས་ངལ་དེ་ཡིན་པར་རྟོགས་དགོས། དེ་ལྟར་སེམས་ངལ་འདི་ལས་ཐར་བར་བློ་ཐག་ཆོད་པར་ཚོར་ནས་བསྐྱར་གསོའི་ཐབས་ཤིག་འཚོལ་དགོས། 
  • དེ་ནས་སོ་སོའི་ཨ་མའང་གནས་སྟངས་གཅིག་པ་དེའི་ནང་ཡོད་པར་བསམ་དགོས་པ་དང་ཆོད་སེམས་འདི་སོ་སོ་རང་ཉིད་ལ་ཁ་བསྒྱུར་ནས་སོ་སོའི་ཨ་མ་དེ་དང་བྲལ་བར་བསམས་ནས་སྙིང་རྗེ་གཏིང་ཟབ་པོ་སྐྱེད་དགོས། དེ་ནི་སོ་སོའི་ཨ་མ་གནས་སྟངས་དེ་དང་བྲལ་བའི་ཆོད་སེམས་དེ་ཡིན་པ་རེད།
  • སོ་སོའི་ཨ་མའི་སེམས་ཤུགས་མི་ཆག་པར་མི་ཚེ་བསྐྱར་གསོ་བྱ་རྒྱུའི་ཆེད་དུ་བློ་སྟོབས་དང་སྙིང་སྟོབས་ལྡན་དགོས་པའི་ཡིད་སྨོན་བྱེད་དགོས།
  • དེ་དང་གཅིག་མཚུངས་སུ་ད་ལྟའི་ཆར་བལ་ཡུལ་ནང་གི་ས་ཡོམ་གྱི་གནས་སྟངས་ནང་ཡོད་མཁན་མི་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་དག་ལ་བསམས་ནས་དེ་དག་ལ་སྙིང་རྗེ་སྐྱེད་དགོས།
  • རིམ་པ་དེ་ག་རང་སེམས་ཚོར་ཆ་སྙོམས་མེད་པའི་ཆེད་དུ་ལག་བསྟར་བྱེད་དགོས། ཁྱེད་རང་སེམས་ཚོར་གྱི་ཆ་ནས་ཆ་སྙོམས་མེད་པའི་དུས་སྐབས་ཤིག་དྲན་པར་བྱས་ཏེ། ཁྱེད་ཀྱིས་སེམས་ཞི་ཞིང་འཇམ་ལ་གསལ་པོ་ཞིག་བསྐྱེད་པ་བརྒྱུད་སེམས་ཀྱི་ཆ་སྙོམ་དེ་ཐོབ་ཐུབ་པར་རྟོགས་པའི་སྒོ་ནས་ཆ་སྙོམས་མེད་པ་དེ་ལས་ཐར་འདོད་ཀྱི་ཆོད་སེམས་དེ་སྐྱེད་དགོས། 
  • དེ་ནས་འདི་ཡང་སོ་སོའི་ཨ་མའི་ཕྱོགས་སུ་ཁ་བསྒྱུར་དགོས་པ་དང་དེ་ནས་སེམས་ཅན་ཐམས་ཅད་ལ་ཁ་བསྒྱུར་དགོས་ཀྱི་ཡོད། 

ཕྱོགས་བསྡོམས།

ཇི་ལྟར་ང་ཚོ་ལ་བདེ་བ་འདོད་པ་དང་སྡུག་བསྔལ་ནམ་ཡང་མི་འདོད་པ་ནང་བཞིན་གཞན་ཐམས་ཅད་ལའང་དེ་ལྟར་གཅིག་མཚུངས་སུ་འདོད་ཀྱི་ཡོད། ང་ཚོ་ནང་བཞིན་གཞན་ཚང་མ་རང་སོ་སོའི་དཀའ་ངལ་དང་སྡུག་བསྔལ་དེ་དག་ལས་བྲལ་འདོད་ཡོད། དེ་དག་གི་ཆེད་དུ་སྙིང་རྗེ་སྐྱེད་པ་སྟེ། དེ་དག་སྡུག་བསྔལ་ལས་བྲལ་འདོད་ཀྱི་བསམ་བློ་སྐྱེད་པར། ཐོག་མར་ང་ཚོས་སོ་སོ་རང་ཉིད་ཀྱི་དཀའ་ངལ་རྣམས་ངོས་ལེན་བྱེད་པ་དང་དེ་དག་ལ་གདོང་ལེན་བྱེད་དགོས་ཤིང་། དེ་དག་ལས་ཐར་འདོད་ཀྱི་བསམ་བློ་ཤུགས་ཆེན་ཞིག་སྐྱེད་དགོས། སོ་སོའི་སྡུག་བསྔལ་སྤོང་འདོད་ཀྱི་ཆོད་སེམས་དེ་ག་ཚོད་ཀྱི་ཤུགས་ཆེ་བ་དང་བརྟན་པ་ཡོད་པ་དེའི་ཚོད་ཀྱིས་ང་ཚོས་གཞན་གྱི་སྡུག་བསྔལ་ལ་གཞན་ཚོར་ཤེས་ནུས་ཆེ་བའི་སྒོ་ནས་གདོང་ལེན་བྱེད་ཐུབ་པ་དང་དེ་དག་ཀྱང་རང་སོ་སོའི་སྡུག་བསྔལ་ལས་ཐར་བའི་ཆེད་དུ་རོགས་བྱེད་པའི་ཆོད་སེམས་ཞིག་སྐྱེད་ཐུབ། དེ་ལྟ་བུའི་གཞན་དོན་དུ་དམིགས་ནས་ཆོད་སེམས་བཅང་བ་དེ་ལ་ང་ཚོས་སྙིང་རྗེ་ཞེས་བརྗོད་ཀྱི་ཡོད།།

Top