གཞན་ཐམས་ཅད་ལ་མཉམ་པར་བྱམས་སྐྱོང་བྱེད་པ་དང་སྙིང་རྗེ་སྐྱེད་པ།

གཞན་ཐམས་ཅད་ལ་འདྲ་མཉམ་གྱི་བསམ་ཕྱོགས་དགོས་གལ། 

སྙིང་རྗེ་སྐྱེད་པར་བློ་ལ་དག་སྦྱོང་བྱ་དགོས་ངེས་ཤིག་ཡིན། སྙིང་རྗེའི་མཚན་ཉིད་ནི་སེམས་ཅན་ཐམས་ཅད་རང་སོ་སོའི་སྡུག་བསྔལ་དང་དཀའ་ངལ་ལས་འབྲལ་བར་ཤོག་ཅེས་པའི་ཡིད་སྨོན་གྱི་བསམ་བློ་དེ་རེད། གཞན་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་ཤོག་ཅེས་པའི་བསམ་བློ་དེ་ལ་བྱམས་པ་ཟེར། སེམས་ཅན་ཐམས་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་འབྲལ་བར་ཡིད་སྨོན་བྱེད་པའི་བསམ་ཕྱོགས་དེ་ང་ཚོར་མེད་པའི་རྒྱུ་མཚན་ནི་ང་ཚོར་སེམས་ཅན་ཐམས་ཅད་ལ་འདྲ་མཉམ་དུ་ལྟ་བའི་བཏང་སྙོམས་ཀྱི་བསམ་ཕྱོགས་དེ་མེད་པས་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་རང་གི་དགྲ་བོའི་ཕྱོགས་སུ་ཞེ་སྡང་དང་ཁོང་ཁྲོ་བྱེད་པ་དང་རང་གི་གྲོགས་པོ་དང་གཉེན་ཉེ་དུའི་ཕྱོགས་སུ་འདོད་ཆགས་དང་ཡིད་མྱོས་པའི་ཆགས་སེམས་སྐྱེ་གི་ཡོད། 

འདོད་ཆགས་དང་། ཞེ་སྡང་། གཏི་མུག་བཅས་ལས་ཐར་བ། 

ཁྱེད་རང་འདོད་ཆགས་ལས་ཐར་བར་བྱེད་པར། ཁྱེད་ཀྱིས་འདོད་ཆགས་ནི་ཡིད་མྱོས་པའི་ཆགས་སེམས་དང་འདྲེས་ནས་ཡོད་པ་རྟོགས་དགོས་པ་དང་འདི་ནི་ཧ་ཅང་གནོད་བྱེད་ཅན་ཞིག་ཡིན་པ་དང་མི་དགེ་བའི་ནུས་པའམ་སྡིག་པ་ཆེན་པོ་གསོག་གི་ཡོད། མི་ཞིག་ལ་ཧ་ཅང་ཡིད་མྱོས་པའི་ཆགས་སེམས་སྐྱེས་པ་དེ་ནི་གནོད་བྱེད་ཅན་ཞིག་ཡིན་པ་དང་རྒྱུ་མཚན་དེ་ལ་བརྟེན་ནས་འདོད་ཆགས་དང་ཆགས་པའི་སེམས་ཀྱིས་མི་དགེ་བའི་ནུས་པའམ་སྡིག་པ་ཧ་ཅང་མང་པོ་གསོག་གི་ཡོད། གལ་ཏེ་ཁྱེད་རང་དགྲ་བོ་ཞིག་ལ་སྡང་ཟུག་ཆེན་པོ་བྱས་ན། ཁྱེད་ཀྱིས་ཁོང་ཁྲོ་ཟ་བ་དང་ཞེ་སྡང་སྐྱེད་ཀྱི་ཡོད། དེ་ལ་བརྟེན་ནས་དཀའ་ངལ་ཧ་ཅང་མང་པོ་འབྱུང་གི་ཡོད། མཐར་ལྷུང་བའི་བསམ་ཕྱོགས་དེ་དག་དང་འདོད་ཆགས་དང་སྡང་འཛིན་གྱི་ཚོར་བ་དེ་དག་ལས་ཐར་དགོས་ངེས་ཡིན་པ་དང་གཞན་ཐམས་ཅད་ལ་འདྲ་མཉམ་གྱི་བསམ་ཕྱོགས་སྐྱེད་དགོས་ཤིང་། དེ་འདྲའི་སྒོ་ནས་ཁྱེད་ཀྱིས་དགྲ་རུ་འཛིན་པ་རྣམས་ལ་ཞེ་སྡང་དང་ཁོང་ཁྲོ་མི་བྱེད་པ་དང་ཁྱེད་རང་དགའ་མོས་བྱེད་ས་དང་རང་གི་གྲོགས་པོར་འཛིན་པ་རྣམས་ལ་ཆགས་སེམས་མི་སྐྱེ་བ་ཡིན། 

ང་ཚོ་ཚང་མར་བཏང་སྙོམས་ཀྱི་བསམ་ཕྱོགས་ཤིག་མེད་པའི་རྒྱུ་མཚན་གཞན་ཞིག་ནི་མི་རྣམས་ཀྱིས་ང་ཚོར་རོགས་བྱེད་པའི་སྐབས་ཁོ་ནར་ང་ཚོས་དེའི་ལན་དུ་རོགས་བྱེད་དགོས་པ་བསམ་གྱི་ཡོད། ང་ཚོས་གཞན་ལ་ཅིའི་ཕྱིར་ཕན་འདོགས་འདོད་ཡོད་པའི་རྒྱུ་མཚན་གཅིག་རང་ཡོད་པ་ནི་ཁོང་ཚོས་ང་ཚོར་ཡག་པོ་བྱས་པའམ་ང་ཚོར་རོགས་པ་བྱས་ཡོད་པ་ཙམ་དེ་རེད། ང་ཚོས་རང་གི་དགྲ་བོ་ཞིག་ལ་ཅིའི་ཕྱིར་གནོད་འཚེ་བྱེད་འདོད་པ་དང་། ཁོང་ཁྲོ་ཟ་བ། གནོད་པ་སྐྱེལ་འདོད་ཡོད་ཅེ་ན། ཁོང་ཚོས་ང་ཚོར་སྐབས་ཤིག་ན་གནོད་འཚེ་བྱས་ཡོད་པས་རེད། གནས་སྟངས་འདི་ལ་གདོང་ལེན་བྱེད་སྟངས་སྦྱོང་ཚུལ་ནི་ཁྱེད་ཀྱི་མདུན་དུ་མི་གསུམ་ཡོད་པར་བསམ་བློ་བཏང་ནས། གཅིག་གིས་ཁྱེད་ལ་རོགས་བྱས་ཡོད་པ་དང་། གཅིག་གིས་ཁྱེད་ལ་ཧ་ཅང་གནོད་འཚེ་བྱས་ཡོད། ཡང་གཞན་ཞིག་ནི་དཔེར་ན་ངོ་མི་ཤེས་པའི་མི་ཞིག་གིས་ཁྱེད་ལ་ཕན་བཏགས་མེད་ལ་གནོད་ཀྱང་བསྐྱལ་མེད་པ་བཅས་མི་འདི་གསུམ་པོ་ཁྱེད་ཀྱི་མདུན་དུ་ཡོད་པ་རེད། དེ་འདྲ་ཞིག་བསམ་བློ་གཏོང་བའི་སྐབས། ཚོར་བ་གང་འདྲ་ཞིག་སྐྱེ་གི་ཡོད་པར་བལྟ་དགོས། དེ་དག་ལས་ཁྱེད་ལ་རོགས་བྱས་ཡོད་པའི་མི་དེ་ལ་ཁྱེད་ཀྱིས་དེ་དག་གི་ཆེད་དུ་ཡག་པོ་ཞིག་བྱེད་འདོད་དང་ཕན་འདོགས་འདོད་ཀྱི་ཚོར་བ་སྐྱེ་གི་རེད། ཁྱེད་ལ་གནོད་འཚེ་བྱེད་མཁན་གྱི་མི་དེ་ལ་ཁྱེད་ཀྱིས་གནོད་སྐྱེལ་འདོད་སྐྱེ་བ་དང་ཁྱེད་ལ་ཕན་གནོད་གང་ཡང་བྱས་མེད་པའི་མི་དེ་ལ་ཁྱེད་ཀྱིས་སྣང་མེད་ཀྱིས་བཏང་སྙོམས་སྐྱེས་ནས་ཕན་གནོད་གང་ཡང་མི་བྱེད་པ་ལྟ་བུ་རེད། ཁྱེད་རང་མི་དེ་ལ་ཚོར་བ་མེད་པ་ཙམ་རེད། 

བདག་གཞན་མཉམ་བརྗེ་ལ་བསམ་ཞིབ་བྱེད་དགོས་པའི་དོན་གནད་ཁག

གལ་ཏེ་ང་ཚོར་ཡོད་པའི་བློའི་ཁྱེར་སོའི་རིགས་ལ་བལྟས་ན། དེ་ནི་གཙོ་བོ་ཕྱོགས་རིས་ཀྱི་བསམ་ཕྱོགས་ཤིག་ཡིན་པ་རེད། ང་ཚོས་སུ་ལ་རོགས་བྱེད་འདོད་ཡོད་པའི་ཕྱོགས་རིས་ཀྱི་སྒོ་ནས་ཉེ་རིང་བྱེད་ཀྱི་ཡོད། ཁྱེད་ཀྱིས་མི་གཉིས་ལ་བསམ་ཞིབ་བྱེད་དགོས་པ་སྟེ། གཅིག་གིས་ཁ་རྩང་ཁྱེད་ལ་ཧ་ཅང་གནོད་བསྐྱལ་ཡོད་པ་དང་དེ་རིང་མི་དེས་ཁྱེད་ལ་རོགས་པ་ཧ་ཅང་ཆེན་པོ་བྱས་ཡོད། མི་གཞན་ཞིག་གིས་ཁྱེད་ལ་ཁ་རྩང་ཕན་ཧ་ཅང་ཆེན་པོ་ཐོགས་ཡོད་པ་དང་དེ་རིང་ཞོགས་པ་ཧ་ཅང་གནོད་འཚེ་ཆེན་པོ་བྱས་ཡོད་ན། ཁྱེད་ཀྱིས་སུ་ལ་རོགས་བྱེད་འདོད་ཡོད་པ་དང་སུ་ལ་གནོད་པ་སྐྱེལ་འདོད་ཡོད་བསམ་ཞིབ་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་ཁ་རྩང་ཁྱེད་ལ་རོགས་བྱེད་མཁན་གྱི་མི་དེ་ལ་རོགས་བྱེད་རྩིས་ཡོད་ན། མི་དེ་དེ་རིང་ཞོགས་པ་ཁྱེད་ལ་གནོད་བསྐྱལ་ཡོད། མ་རེད་དམ། གལ་ཏེ་ཁྱེད་ཀྱིས་ཁ་རྩང་ཁྱེད་ལ་གནོད་སྐྱེལ་མཁན་དེ་ལ་རོགས་བྱེད་འདོད་ཡོད་ན། མི་དེས་དེ་རིང་ཞོགས་པ་ཁྱེད་པ་རོགས་བྱས་མེད་དམ། ཁྱེད་ཀྱིས་མི་དེ་དག་གི་ཐད་ལ་བསམ་བློ་འདིའི་རིགས་ཇི་ལྟར་ཡོད་པར་བསམ་ཞིབ་བྱེད་དགོས་པ་སྟེ། མི་རྣམས་ཁྱེད་ཀྱི་དགྲ་བོ་ངོ་མ་ཡིན་པ་དང་དེ་དག་གིས་ཁྱེད་ལ་རྟག་ཏུ་གནོད་སྐྱེལ་གྱི་ཡོད། དེ་ནི་ཁོང་ཚོ་རྟག་ཏུ་གང་ཡིན་པའི་ཚུལ་དེ་ཡིན་པ་བསམ་དགོས་པ་དེ་རེད། ཁྱེད་ལ་དུས་རྟག་ཏུ་ཁྱེད་ཀྱི་རྗེས་སུ་སྙོབ་ཐབས་བྱེད་པའམ། ཡང་ན་ཁྱེད་ཀྱིས་མི་རྣམས་རྟག་ཏུ་ཁྱེད་ལ་རོགས་བྱེད་མཁན་དང་ག་དུས་ཡིན་ནའང་ཁྱེད་ལ་རོགས་བྱེད་འདོད་ཡོད་པའི་མི་བཟང་པོ་ལ་བསམ་བློ་གཏོང་བ་ཞིག་རེད། གལ་ཏེ་ཁྱེད་ཀྱིས་ཆོས་རྣམས་རྡོག་རྡོག་ཏུ་གྲུབ་པའི་སྡེ་ཚན་གྱི་ནང་ཇི་ལྟར་ལྟ་བའི་ཚུལ་ལ་བསམས་ནས་འདི་ནི་དངོས་གནས་དེ་འདྲ་མ་རེད་ཅེས་རྟོགས་ན། འདིས་ཁྱེད་ལ་བདག་གཞན་མཉམ་པའི་བློ་སྐྱེད་པར་ཕན་གྱི་རེད། 

གལ་ཏེ་ཁྱེད་ཀྱིས་མི་ཞིག་ཆ་རྒྱུས་མེད་པའམ་ངོ་མི་ཤེས་པར་ཆ་འཇོག་བྱས་ནས་མི་དེས་ཚེ་འདིའི་ནང་ཁྱེད་ལ་ཕན་གནོད་གང་ཡང་བྱས་མེད་ན། ཁྱེད་ཀྱིས་མི་དེ་ལ་མཐའ་གཅིག་ཏུ་ཕྱོགས་ལྷུང་བྲལ་བ་ཇི་ལྟར་ཚོར་བར་བསམ་བློ་གཏོང་བ་དང་། མི་དེ་ལ་ཕན་གནོད་གང་རུང་གི་ཚོར་བ་གང་ཡང་མེད་པ་རེད། མ་འོངས་པར་མི་དེས་ཁྱེད་ལ་ཕན་ཆེན་པོ་ཞིག་འདོགས་མཁན་ཞིག་ཆགས་སྲིད་པར་བསམ་ཞིབ་བྱེད་དགོས། ཁྱེད་ཀྱིས་ཕན་འདོགས་ཀྱི་རེད་ཅེས་བསམ་པའི་ཡུལ་དུ་མེད་མཁན་གྱི་མི་ཞིག་གིས་ཁྱེད་ལ་ཕན་ཧ་ཅང་ཆེན་པོ་འདོགས་མཁན་ཞིག་ཏུ་གྱུར་སྲིད་པ་རེད། དེ་དང་མཚུངས་པར་ཁྱེད་ཀྱིས་མི་ཞིག་གིས་ཕན་ཆེན་པོ་ཐོགས་ཀྱི་རེད་ཅེས་ཆ་འཇོག་བྱེད་པ་དེས་ཁྱེད་ལ་ཕན་འདོགས་རྒྱུ་ཡིན་པའི་ངེས་པ་མེད། གང་ལྟར་ཡང་། ཁྱེད་ཀྱིས་མི་ཚང་མས་འདས་པའི་དུས་ཤིག་ན་ཁྱེད་ལ་རོགས་བྱས་ཡོད་པ་དང་། ད་ལྟ་རོགས་བྱེད་བཞིན་ཡོད་པ། མ་འོངས་པའི་དུས་སུ་རོགས་བྱེད་ཐུབ་པ་དེ་རྟོགས་ཐབས་བྱེད་དགོས། 

འོན་ཀྱང་། དེ་ལ་ཁྱེད་ཀྱིས་དགག་པ་རྒྱག་སྲིད་པ་སྟེ། ཁྱེད་ཀྱིས་མི་ཚང་མས་རྟག་པར་ཁྱེད་ལ་རོགས་བྱེད་ཀྱིན་ཡོད་ནའང་། སྐབས་འགར་མི་རྣམས་ཀྱིས་ཁྱེད་ལ་གནོད་པ་སྐྱེལ་གྱི་ཡོད་པ་མ་ཡིན་ནམ། མི་འགའ་ཞིག་གིས་ཁྱེད་ལ་གནོད་སྲིད་པ་དེ་ནི་བདེན་པ་རེད། ཡིན་ནའང་། ཁྱེད་ཀྱིས་དེ་ལ་བལྟས་ན། ཁོང་ཚོས་ཁྱེད་ལ་རོགས་པ་ག་ཚོད་བྱས་ཡོད་པ་དེ་ཁྱེད་ལ་གནོད་སྐྱེལ་བ་ལས་རྦད་དེ་མང་བ་རེད། གཞན་ཡང་ཁོང་ཚོས་ཁྱེད་ལ་གནོད་པ་དང་འཚེ་བ་བྱེད་སྐབས། གནོད་པ་དེ་ལ་བརྟེན་ནས་ཁྱེད་ཀྱིས་ཕན་ཆེན་པོ་ཞིག་འདོགས་ཐུབ་ཀྱི་ཡོད། དཔེར་ན། ཁྱེད་ཀྱིས་ངའི་གནས་སྟངས་ལ་ལྟ་ཆོག །ངའི་རྒྱལ་ཁབ་ལ་འཐབ་རྒོལ་བྱས་ནས་བཙན་བཟུང་བྱས་པ་སོང་ཙང་། ང་ཚོར་གནོད་འཚེ་ཆེན་པོ་ཞིག་བྱུང་ཡོད། ཡིན་ནའང་། དེ་ནི་རང་ཉིད་ལ་གོ་སྐབས་ཤིག་ཆགས་ནས་ད་གཟོད་འདི་ལྟ་བུ་འཛམ་གླིང་ནང་གི་རྒྱལ་ཁབ་འདྲ་མིན་མང་པོའི་ནང་འགྲུལ་བཞུད་བྱེད་ཐུབ་པ་དང་ཁྱེད་ལྟ་བུ་མི་མང་པོ་དང་ཐུག་འཕྲད་བྱེད་ཐུབ་པ་བྱུང་ཡོད། བྱས་ཙང་། དོན་ངོ་མར་གནོད་འཚེ་དེ་ཡག་པོ་ཞིག་ཏུ་གྱུར་ཡོད། དེ་ནི་རྐྱེན་ངན་གྲོགས་ཤར་ལྟ་བུ་ཆགས་ཡོད། 

དེར་མ་ཟད། མི་ཞིག་གིས་ཁྱེད་ལ་གནོད་ཆེན་པོ་སྐྱེ་བཞིན་ཡོད་པ་དང་ཁྱེད་ལ་འཚེ་བ་བྱེད་བཞིན་པའི་སྐབས། འདིས་ཁྱེད་ལ་བཟོད་པ་ཉམས་ལེན་བྱ་རྒྱུའི་གོ་སྐབས་ཤིག་སྤྲོད་ཀྱི་ཡོད་པ་དང་། བཟོད་པ་དང་གུ་ཡངས་ཀྱི་བསམ་བློ་མཐར་ཕྱིན་པ་ཞིག་ཉམས་ལེན་བྱེད་པའི་ཐབས་ལམ་ལ་བརྟེན་ནས་ཁྱེད་རང་དངོས་གནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པ་ཡིན། འདི་ནི་དགོས་ངེས་པའི་རྒྱུད་རིམ་གྱི་ཆ་ཤས་རེད། སྔོན་ཇོ་བོ་རྗེ་བོད་དུ་ཕེབས་སྐབས་ཁོང་དང་མཉམ་དུ་ཧ་ཅང་སྣང་བར་མི་འགྲོ་བ་དང་བསུན་གཙེར་ཅན་གྱི་ཞབས་ཕྱི་ཞིག་ཁྲིད་གནང་ཡོད། མི་རྣམས་ཀྱིས་“ཁྱེད་ཀྱིས་འདི་འདྲ་བའི་མི་བསུན་གཙེར་ཅན་ཁོང་ཁྲོ་སློང་མཁན་ཞིག་ཅིའི་ཕྱིར་ཁྲིད་གནང་བ་ཡིན་ནམ་”ཞེས་ཞུས་པས། དེ་ལ་ཇོ་བོ་རྗེས་“མ་རེད། མི་འདི་ལ་བརྟེན་ནས་ངས་རྟག་ཏུ་བཟོད་པ་ཉམས་ལེན་བྱེད་ཀྱི་ཡོད། མི་འདི་ངའི་བཟོད་པའི་དགེ་རྒན་རེད་”ཅེས་གསུངས་པ་ལྟ་བུ་རེད། 

ང་ཚོར་དགྲ་བོ་སྣ་ཚོགས་པ་ཡོད་པ་དང་དེ་དག་ལ་ང་ཚོས་ཁོང་ཁྲོ་ཆེན་པོ་ཟ་བ་དང་ཞེ་སྡང་ཆེན་པོ་བྱས་ནས་གནོད་པ་སྐྱེལ་འདོད་ཡོད་པའི་སྐབས། གལ་ཏེ་མི་སུ་གཅིག་ཀྱང་ནམ་ཡང་འཆི་རྒྱུ་མིན་པའི་དབང་དུ་བཏང་ན། དེ་ནི་གནད་དོན་གཅིག་ཆགས་ངེས་རེད། ཡིན་ནའང་། ང་ཚོའི་དགྲ་བོ་ལྟ་བུ་ཞིག་སང་ཉིན་སྲོག་ཐོག་གཏོང་རྒྱུ་ཡིན་ན། མི་དེ་སང་ཉིན་ཤི་རྒྱུ་ངེས་པ་རེད། བྱས་ཙང་། དོ་དགོང་མི་དེ་ལ་གནོད་སྐྱེལ་བ་ནི་དོན་དག་མེད་པ་ཞིག་རེད། དེ་དང་འདྲ་བར་གལ་ཏེ་ཁྱེད་རང་དེ་རིང་དགོང་མོ་སྲོག་ཐོག་གཏོང་རྒྱུ་ཡིན་ན། ད་ལྟ་ཁྱེད་ཀྱིས་མི་གཞན་དག་ལ་གནོད་འཚེ་བྱེད་པའི་དོན་དག་ཅི་ཞིག་ཡོད་དམ། 

བསམ་བློ་གཏོང་གཞི་ཧ་ཅང་མང་པོ་ཡོད། གནད་དོན་གཞན་ཞིག་ནི། གལ་ཏེ་ཁྱེད་ཀྱི་སྒོ་རྩར་མི་གྲོད་ཁོག་ལྟོགས་མཁན་བཅུ་བསླེབས་ན། མི་དེ་དག་ཚང་མ་ལ་ཟས་སྦྱིན་པའི་ཐོབ་ཐང་འདྲ་མཉམ་ཡོད་པར་བསམ་བློ་གཏོང་རྒྱུ་དེ་རེད། དེ་དག་ཚང་མ་གྲོད་ཁོག་འདྲ་མཉམ་ལྟོགས་ཀྱི་ཡོད། དེ་དང་མཚུངས་པར་གལ་ཏེ་མི་ནད་པ་བཅུ་ཡོད་ན། དེ་དག་ཚང་མར་སྨན་སྦྱིན་པ་དང་སྨན་བཅོས་བྱེད་པའི་ཐོབ་ཐང་འདྲ་མཉམ་ཡོད་པ་རེད། ཁྱེད་ཀྱིས་ཇི་ལྟར་སོ་སོ་རང་ཉིད་ལ་བདེ་བ་འདོད་པ་དང་སྡུག་བསྔལ་དང་དཀའ་ངལ་གྱི་རིགས་མི་འདོད་པ་ནང་བཞིན་གཞན་ཚང་མས་དེ་དང་གཅིག་པ་ཚོར་གྱི་ཡོད་པ་དེའི་ཐད་ལ་དངོས་གནས་གཟབ་ནན་གྱིས་བསམ་ཞིབ་བྱེད་དགོས། 

གཞན་ཡང་། མི་རྣམས་ཀྱི་གནས་བབས་ལ་ངེས་པ་མེད། མི་རྣམས་རྟག་པར་ཁྱེད་ཀྱི་གྲོགས་པོ་ཡིན་པའམ་ཡང་ན་རྟག་ཏུ་དགྲ་བོ་ཡིན་པའི་ངེས་པ་མེད། ཚིག་འགའ་ཤས་དང་སྐད་ཆ་ཤོད་སྟངས་ཙམ་གྱིས་གྲོགས་པོ་དགྲ་རུ་འགྱུར་གྱི་ཡོད་པ་ཁྱེད་ཀྱིས་མཐོང་ཐུབ། ཁོང་ཚོས་ཁྱེད་ལ་གནོད་པའི་སྐད་ཆ་ཞིག་ཤོད་དགོས་པ་ཙམ་རེད། དེ་རྗེས་ལམ་སེང་ཁོང་ཚོ་ཁྱེད་ཀྱི་དགྲ་བོ་ཆགས་ཀྱི་ཡོད། དེ་ག་ནང་བཞིན་ཁྱེད་ཀྱིས་བཟོད་མི་ཐུབ་པའི་མི་ཞིག་དང་མཉམ་དུ་རྐྱེན་ཆུང་ངུ་ཞིག་ལ་བརྟེན་ནས་མི་དེ་ཐ་ན་ཁྱེད་ཀྱི་བློ་ཐག་ཧ་ཅང་ཉེ་ལ་ཚུ་ཚོད་གཅིག་གཉིས་ཀྱི་རིང་ལའང་ཁ་བྲལ་མི་ཐུབ་པའི་གྲོགས་པོར་འགྱུར་སྲིད་པ་རེད། འདི་ལྟར་ཁྱེད་ཀྱིས་ངེས་པ་མེད་ཚུལ་ཐད་བསམ་བློ་གཏོང་དགོས་པ་དང་། གྲོགས་པོ་རྣམས་དགྲ་རུ་འགྱུར་བ་དང་དགྲ་བོ་གྲོགས་སུ་ཇི་ལྟར་འགྱུར་བའི་སྐོར་ལ་བསམ་ཞིབ་བྱེད་དགོས། 

ང་ཚོས་རྟག་ཏུ་ཧ་ཅང་ཤུགས་ཆེ་བའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་དང་གཞན་གྱི་སྤྱི་དེ་དག་ལ་དངོས་གནས་ཚུགས་ཐུབ་ཀྱི་སྤྱི་ཡིན་པ་ལྟར་བསམ་གྱི་ཡོད། འོན་ཀྱང་། དེ་འདྲ་ཞིག་ཡིན་ན། དེ་ནས་སངས་རྒྱས་རྣམས་ཀྱིས་འཛམ་གླིང་འདི་བཞིན་རྡོག་རྡོག་ཚུགས་ཐུབ་ཅན་གྱི་སྤྱི་ལ་གཞིགས་ནས་གཟིགས་ཡོད་ངེས་རེད་དེ་ཁོང་ཚོས་དེ་ལྟར་གཟིགས་མེད། ང་ཚོས་སངས་རྒྱས་ཉིད་ཀྱི་སྐུ་ཚེའི་རྣམ་ཐར་གྱི་དཔེ་མཚོན་ཞིག་ལས་རྟོགས་ཐུབ། སངས་རྒྱས་ལ་ཚ་བོ་ལྷས་སྦྱིན་ཟེར་བ་ཞིག་ཡོད་པ་དང་ཁོས་རྟག་པར་སངས་རྒྱས་ལ་གནོད་སྐྱེལ་ཐབས་བྱེད་ཀྱིན་ཡོད། ཁོས་སངས་རྒྱས་ལ་གནོད་པའི་ཕྱིར་རྡོ་འཕེན་པ་སོགས་ག་དུས་ཡིན་ནའང་འགྲན་ཐབས་བྱེད་ཀྱིན་ཡོད། སངས་རྒྱས་ཉིད་ལ་སྔོན་གྱི་དགེ་བའི་ལས་རླབས་པོ་ཆེ་བསགས་པའི་འབྲས་བུ་ལ་བརྟེན་ནས་གཟུགས་གཞིའི་ནུས་སྟོབས་ཧ་ཅང་ཆེན་པོ་དང་ལྡན་པ་ཡིན། སངས་རྒྱས་ཀྱིས་སྨན་དང་སྨན་བཅོས་ག་དུས་བསྟེན་དགོས་ནའང་ཁོང་གཟུགས་གཞི་ནུས་སྟོབས་ཆེ་བས་སྨན་གྱི་ཐུན་ཚད་ཧ་ཅང་ཤུགས་ཆེན་པོ་བཞེས་དགོས་ཀྱི་ཡོད། དེ་དང་མཚུངས་པར་ཁོང་གི་ཚ་བོ་ལྷས་སྦྱིན་གྱིས་སངས་རྒྱས་ལ་འགྲན་བསྡུར་བྱེད་དགོས་སྙམ་དུ་བསམས་ནས་ཁོང་ལའང་སངས་རྒྱས་ཀྱི་གསོལ་སྨན་ཐུན་ཚད་དང་ནུས་པ་མཉམ་པ་དགོས་ཀྱི་འདུག་ཅེས་བརྗོད། གང་ཡིན་ཞེ་ན། ཁོས་སངས་རྒྱས་དང་མཉམ་པའི་ནུས་སྟོབས་དང་ལྡན་པ་ཡིན་སྙམ་པ་རེད། སྨན་པས་ལྷས་སྦྱིན་ལ་“ཁྱེད་རང་སངས་རྒྱས་ནང་བཞིན་ནུས་སྟོབས་ཅན་མིན་པས། ཁྱེད་ཀྱིས་སྨན་ཐུན་ཚད་དེ་འདྲ་དངོས་གནས་བཞེས་ཐུབ་ཀྱི་མ་རེད། འདིས་ཁྱེད་ལ་གནོད་པ་དང་ནད་པ་བཟོ་གི་རེད་”ཅེས་བརྗོད་པ་རེད། ཡིན་ནའང་། ལྷས་སྦྱིན་གྱིས་ཨུ་ཚུགས་དང་བཅས་ཏེ། “མ་རེད། ང་ནི་སངས་རྒྱས་དང་མཉམ་པའི་ནུས་སྟོབས་ཅན་ཡིན་པ་དང་། ཁོང་གིས་སྨན་ཐུན་གྱི་ཚད་ཇི་ཙམ་བཞེས་པ་དེ་ཙམ་ངས་ཀྱང་བཟའ་ཐུབ་”ཅེས་བརྗོད། དེ་ལྟར་སྨན་པས་མཐར་སྨན་ཐུན་དེ་སྤྲོད་རྒྱུར་མོས་མཐུན་མ་བྱས་ཀ་མེད་ཐུག་ནས་ནམ་རྒྱུན་མི་དཀྱུས་མར་སྤྲོད་པའི་སྨན་ཐུན་ལས་ཏོག་ཙམ་ཤུགས་ཆེ་བ་ཞིག་སྤྲད་པ་རེད། 

ལྷས་སྦྱིན་གྱིས་སྨན་ཐུན་ཆེན་པོ་དེ་བཞེས་པས་དེ་ནི་སྨན་པས་མཐའ་གཅིག་ཏུ་ངོས་བཞེས་གནང་མེད་པ་སོང་ཙང་། ལྷས་སྦྱིན་རྦད་དེ་ནད་པ་བཟོས་ནས་འཆི་ལ་ཐུག་པ་བྱུང་ཡོད། སངས་རྒྱས་རང་གི་ཚ་བོ་ལྷས་སྦྱིན་ཐུག་ཏུ་ཕེབས་ནས། “ང་རང་ལ་ངའི་བུ་དགྲ་གཅན་འཛིན་ཡོད་པ་དང་ཁྱེད་རང་ངའི་ཚ་བོ་ལྷས་སྦྱིན་རེད། ང་ལ་ཁྱེད་ཀྱིས་རྟག་པར་རྡོ་གཡུག་པ་དང་གནོད་ཐབས་བྱེད་ཀྱིན་ཡོད། ཡིན་ནའང་། ཁྱེད་གཉིས་ཀྱི་དབར་ལ་ཉེ་རིང་ཕྱོགས་ཞེན་རྩ་ནས་མེད་པར། གཉིས་ཀར་འདྲ་མཉམ་དུ་འཛིན་གྱི་ཡོད། ངས་བཤད་པའི་སྐད་ཆའི་བདེན་སྟོབས་ཀྱིས་ཁྱེད་རང་ནད་ལས་དྲག་གི་རེད་”ཅེས་གསུངས་ནས་ཁོང་གི་ལྷས་སྦྱིན་གྱི་མགོ་བོར་ཕྱག་བཞག་གནང་བ་དང་ལྷས་སྦྱིན་ནད་ལས་དྲག་པ་རེད། ལྷས་སྦྱིན་དེ་ལ་བརྟེན་ནས་དྲག་སྐྱེད་བྱུང་ནའང་། སངས་རྒྱས་ཀྱི་ཕྱག་མགོ་བོར་བཞག་པའི་སྐབས་དེར་ཁོས་ཡར་བལྟས་ནས་“ངའི་མགོ་བོ་ནས་ཁྱེད་ཀྱི་ལག་པ་བཙོག་པ་དེ་ཕར་ཁྱེར་དང་”ཞེས་བརྗོད་པ་རེད། 

གལ་ཏེ་སངས་རྒྱས་ཀྱིས་བདག་གི་བ་དང་བདག་དང་བློ་ཐག་ཉེ་བ་རྣམས་དང་གཞན་དང་རང་ལས་རྒྱང་ཐག་རིང་བའི་མི་རྣམས་ཀྱི་སྤྱི་ལ་གཞིགས་ནས་གཟིགས་ཡོད་ན། ང་ཚོས་ཀྱང་མི་རྣམས་ལ་དེ་ལྟར་བལྟས་ན་འགྲིག་པ་ཞིག་རེད། ཡིན་ནའང་། དོན་ངོ་མར་སངས་རྒྱས་ལ་ཉེ་དགའ་ཕྱོགས་ཞེན་གང་ཡང་མེད་པར་སེམས་ཅན་ཀུན་ལ་ཐུགས་རྗེ་མཉམ་པ་རེད།

རང་ཉིད་གཅེས་པར་འཛིན་པ་ནི་སྡུག་བསྔལ་ཀུན་གྱི་རྒྱུ་ཡིན། 

དེ་བཞིན་དུ་སོ་སོ་རང་ཉིད་ཁོ་ནའི་དོན་དུ་རང་འདོད་དོན་གཉེར་དང་སེམས་ཁུར་བྱེད་པ་དེ་དཀའ་ངལ་ཐམས་ཅད་ཀྱི་རྩ་བ་དང་ནོར་འཁྲུལ་ཀུན་གྱི་རྩ་བ་ཇི་ལྟར་ཡིན་པའི་ཐད་ལ་བསམ་ཞིབ་བྱེད་དགོས། དཔེར་ན། གལ་ཏེ་ཁྱེད་རང་ཧ་ཅང་རང་འདོད་དོན་གཉེར་ཅན་ཆགས་ནས་སོ་སོ་རང་ཉིད་ཁོ་ནའི་དོན་ཏུ་སེམས་ཁུར་བྱས་ན། ཁྱེད་ཀྱིས་རྒྱུ་དངོས་མང་པོ་ཞིག་གསོག་པར་འབད་བརྩོན་བྱེད་སྲིད། རྒྱུ་མཚན་དེ་ལ་བརྟེན་ནས་རྐུན་པོ་བསླེབས་ཏེ་ཁྱེད་ཀྱི་རྒྱུ་དངོས་རྣམས་རྐུ་མ་རྐུ་བ་དང་ཁྱེད་ཀྱི་སྲོག་ཀྱང་ཤོར་སྲིད་པ་རེད། དེའི་རྩ་བ་གང་རེད་དམ། དེ་ནི་ཁྱེད་ལ་རང་འདོད་དོན་གཉེར་གྱི་སེམས་ཁུར་ཡོད་པའི་རྐྱེན་གྱིས་ཁྱེད་ཀྱིས་ཐོག་མ་ཉིད་ནས་རྒྱུ་ནོར་གསོག་ཐབས་བྱས་ཡོད་པས་རེད། 

ཡང་གལ་ཏེ་ཁྱེད་ཀྱིས་མོ་ཊ་བརྡབ་རྡུང་གི་གོད་ཆག་བྱུང་བའི་དཔེ་མཚོན་ལ་བལྟས་ན། མི་རྣམས་ཀྱིས་མོ་ཊ་ཧ་ཅང་མགྱོགས་པོ་བཏང་ནས་བརྡབ་རྡུང་ཤོར་གྱི་ཡོད། དེའི་རྒྱུ་མཚན་གང་རེད་དམ། རྒྱུ་མཚན་ནི་ཁོང་ཚོས་སོ་སོ་རང་ཉིད་ཁོ་ནར་སེམས་ཁུར་བྱེད་ཀྱི་ཡོད་པས་རེད། ཁོང་ཚོར་རང་ཉིད་འགྲོ་ཡུལ་དུ་དང་པོ་འབྱོར་དགོས་པ་དང་མགྱོགས་ཤོས་ཡིན་དགོས་པའི་རང་འདོད་དོན་གཉེར་གྱི་བསམ་བློ་ཁོ་ན་ཡོད་པ་སོང་ཙང་། རྐྱེན་ཆག་དེ་འདྲ་ཡོང་གི་ཡོད། ཁྱེད་རང་ས་ཆ་ཧ་ཅང་འདམ་རྙོག་ཅན་དང་རློན་པ་འདྲེད་བརྡར་ཤོར་ཆོག་ཆོག་ཅིག་གི་སྟེང་ལ་ཧ་ཅང་མགྱོགས་པོ་འགྲོ་གི་ཡོད། གང་ཡིན་ཞེ་ན། ཁྱེད་རང་འགྲོ་ཡུལ་དེར་གང་མགྱོགས་བསླེབ་འདོད་ཡོད། དེ་ལྟར་འདྲེད་བརྡར་ཤོར་ནས་རྐང་པ་ཞིག་ཆག་ནས་སྨན་ཁང་དུ་འགྲོ་དགོས་ཐུག་ན། དེའི་རྒྱུ་རྐྱེན་གང་རེད་དམ། སླར་ཡང་དེ་ནི་རང་འདོད་དོན་གཉེར་དེ་རེད། ཁྱེད་རང་སོ་སོའི་འདོད་པ་དང་དམིགས་ཡུལ་དེ་བསྒྲུབ་ཕྱིར་རང་བཞིན་གྱིས་དེར་ཞུགས་ནས་གང་མགྱོགས་བསླེབ་ཐབས་བྱེད་པའི་རྐྱེན་གྱིས་འདྲེད་བརྡར་ཤོར་བ་རེད།

དེ་དང་མཚུངས་པར་རྒྱལ་ཁབ་དབར་གྱི་ཞི་མཐུན་མེད་པ་དང་དཀའ་ངལ་གྱི་རིགས་ཚང་མ་ནི་དེའི་ཁོངས་སུ་གཏོགས་པའི་ཤོག་ཁག་སྣ་ཚོགས་པའི་རང་འདོད་དོན་གཉེར་ལ་བརྟེན་ནས་འབྱུང་གི་ཡོད། དེ་བཞིན་མི་རྣམས་ཀྱིས་བཟི་སྨན་ཤུགས་ཆེན་སྤྱོད་པ་དང་ཆང་རག་འཐུང་བའི་གོམས་གཤིས་ཧ་ཅང་ངན་པ་ཡོད་པའི་སྐབས། རྟག་ཏུ་ཆང་རག་འཐུང་བ་དང་ཁོང་ཚོས་མྱོང་བའི་དཀའ་ངལ་ཡོད་དོ་ཅོག་ནི་གོམས་གཤིས་དེའི་ནང་འཁྲིད་པར་བྱེད་མཁན་གྱི་རང་འདོད་དོན་གཉེར་གྱི་བློ་ལ་བརྟེན་ནས་འབྱུང་གི་ཡོད། མི་ཞིག་གིས་སོ་སོ་ཁོ་ནའི་དོན་དུ་བསམས་ནས་ཧ་ཅང་རང་འདོད་དོན་གཉེར་ཅན་བྱས་ན། མི་དེ་ལ་གཞན་ཐམས་ཅད་ཀྱིས་རྣམ་འགྱུར་དང་ཡ་ལན་གང་ཞིག་སྤྲོད་དམ། མི་སུ་གཅིག་གིས་ཀྱང་མི་དེ་ལ་དགའ་མོས་བྱེད་ཀྱི་མ་རེད། རང་འདོད་དོན་གཉེར་ཅན་ལ་སུས་ཀྱང་དགའ་མོས་བྱེད་ཀྱི་མ་རེད། འདི་ལྟར་ཁྱེད་ཀྱིས་རང་འདོད་དོན་གཉེར་ལས་བྱུང་བའི་ཉེས་སྐྱོན་ཐམས་ཅད་ལ་བསམ་ཞིབ་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་རང་འདོད་དོན་གཉེར་གྱི་བློ་འདི་མེད་པ་མ་བཟོས་ན། དེ་ནི་སོ་སོའི་སེམས་ནང་འཇིགས་སུ་རུང་བའི་ན་ཚ་ཞིག་ཡོད་པ་དང་འདྲ་བ་རེད། 

གཞན་རྣམས་གཅེས་པར་འཛིན་པ་ནི་བདེ་སྐྱིད་ཀུན་གྱི་འབྱུང་ཁུངས་ཡིན། 

ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོར་གནས་སྟངས་བཟང་པོ་གང་འདྲ་ཞིག་འབྱུང་གི་ཡོད་པ་ནི་ང་ཚོས་གཞན་དོན་དུ་བསྒྲུབ་པ་དང་གཞན་ལ་སེམས་ཁུར་བྱེད་པའི་འབྲས་བུ་ཡིན། གལ་ཏེ་ང་ཚོས་རྟག་ཏུ་གཞན་དོན་བསྒྲུབ་པའམ་ཡང་ན་གཞན་གྱི་དོན་དུ་སེམས་ཁུར་བྱས་ན། མི་ཚང་མས་ང་ཚོར་དགའ་མོས་བྱེད་པ་དང་རྟག་ཏུ་ང་ཚོ་དང་མཉམ་དུ་འགྲོགས་འདོད་བྱེད་ཀྱི་རེད། དེ་ལྟ་བུའི་མི་ཞིག་ཤི་བའི་སྐབས་སུའང་ཚང་མས་ཧ་ཅང་སེམས་སྡུག་བྱེད་པ་དང་གྱོང་གུད་ཆེན་པོ་ཚོར་ནས་མི་དེའི་ཆེད་དུ་བསྔོ་སྨོན་སོགས་གང་དྲག་བྱེད་ཀྱི་རེད། དེ་བཞིན་རྟག་ཏུ་གཞན་ལ་སེམས་ཁུར་བྱེད་མཁན་དང་གཞན་ལ་ཕན་ཐོགས་པོ་ཡོད་མཁན་རྣམས་ལ་ཁྱེད་ལྟ་བུ་འགྲོ་བ་མི་གཅིག་པུ་མིན་པར། དུད་འགྲོ་སེམས་ཅན་རྣམས་ནས་ཀྱང་ཁྱེད་ལ་དགའ་མོས་བྱེད་ཀྱི་རེད། 

གལ་ཏེ་ཁྱེད་ཀྱིས་སངས་རྒྱས་ཀྱི་གོ་འཕང་ལ་བསམས་ན། སངས་རྒྱས་ནི་སེམས་ཀྱི་སྒྲིབ་པ་དང་། སྡུག་བསྔལ། བར་ཆད། ཉེས་སྐྱོན་ཡོངས་སུ་རྫོགས་པ་ལས་ཐར་ཐུབ་མཁན་དེ་རེད། སངས་རྒྱས་ནི་གཞན་སུ་འདྲ་ཞིག་གིས་འཐོབ་ཐུབ་པའི་ཡོན་ཏན་ཀུན་འཐོབ་པར་བྱེད་ཐུབ་མཁན་ཞིག་ཡིན། ཁོང་གིས་རང་གི་ནུས་པ་ཆེ་ཤོས་ཡོངས་སུ་རྫོགས་པ་རྟོགས་ཟིན་པ་དང་ཁོང་གིས་དེ་དག་ཐམས་ཅད་རྟོགས་ཐུབ་པའི་རྒྱུ་མཚན་ནི་ཁོང་གིས་རང་འདོད་དོན་གཉེར་རྩད་ནས་སྤངས་ཟིན་པ་དང་གཞན་དོན་ཁོ་ནར་དམིགས་ཀྱི་ཡོད་པས་རེད། ཁྱེད་ཀྱིས་རྟག་ཏུ་གཞན་དོན་བསྒྲུབ་པར་བསམ་བློ་གཏོང་བ་དང་གཞན་ཁོ་ནའི་དོན་དུ་སེམས་ཁུར་བྱེད་པའི་སྐབས། གཞན་དོན་བསྒྲུབ་བཞིན་ཡོད་པ་སོང་ཙང་། གཞན་རྣམས་ཀྱིས་ཁྱེད་ལ་དགའ་མོས་དང་ཡི་རང་བྱེད་པ་དང་། ཁྱེད་ཀྱིས་ཁོང་ཚོར་གཅེས་སྐྱོང་བྱེད་ཀྱི་མི་འདུག་ཅེས་སྡུག་བསྔལ་ཚོར་གྱི་མ་རེད། ཡིན་ནའང་། གལ་ཏེ་ཁྱེད་ཀྱིས་རྟག་ཏུ་རང་ཁོ་ནའི་དོན་དུ་བསམ་པ་དང་རང་ཁོ་ནའི་འདོད་དོན་འགྲུབ་པར་བསམས་ནས་བསྡད་ན། མི་གཞན་ལ་གནས་སྟངས་ཡག་པོ་དང་ལམ་ལྷོང་ལྡན་པ་ཡོང་བའི་སྐབས། དེས་ཁྱེད་ལ་མི་སྐྱིད་པ་བཟོ་གི་ཡོད། 

ང་ཚོའི་བློའི་ཁྱེར་སོ་བརྗེ་ལེན་བྱེད་པ། 

ད་བར་དུ་ང་ཚོས་གཞན་ཐམས་ཅད་ལ་སྣང་མེད་བཏང་ནས་རང་ཁོ་ནའི་དོན་དུ་འབད་བརྩོན་བྱས་དང་བྱེད་མུས་རེད། ང་ཚོས་གང་བྱེད་དགོས་ཞེ་ན། སོ་སོའི་བློའི་ཁྱེར་སོ་འགྱུར་བ་གཏོང་དགོས། གནད་དོན་དེ་གཉིས་ལ་གཞིགས་ནས་གཞན་ལ་སྣང་མེད་གཏོང་རྒྱུའི་ཚབ་ལ་སོ་སོའི་བསམ་ཕྱོགས་འགྱུར་བ་གཏོང་དགོས་པ་ཙམ་རེད། དེ་ཡང་སོ་སོའི་དོན་དག་ལ་སྣང་མེད་བཏང་ནས་རང་གཅེས་འཛིན་གྱི་ཚབ་ཏུ་རང་ལས་གཞན་གཅེས་པར་འཛིན་དགོས། འདི་ནི་ང་ཚོའི་བློའི་ཁྱེར་སོ་འགྱུར་བ་གཏོང་བའམ་བདག་གཞན་མཉམ་བརྗེའི་བློ་ཞེས་པའི་དོན་དག་ངོ་མ་དེ་རེད། བདག་གཞན་མཉམ་བརྗེ་ཞེས་པ་ནི། ད་ང་ནི་ཁྱེད་དང་ཁྱེད་ནི་ང་ཡིན་ཞེས་པའི་དོན་མིན། ཁྱེད་ཀྱིས་བདག་གཞན་མཉམ་བརྗེ་མ་བྱེད་བར་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པའི་ཐབས་ལམ་གཞན་མེད་པ་རེད། གལ་ཏེ་ཁྱེད་ཀྱིས་བསམ་བློ་འདི་དག་སེམས་ཀྱི་ཕན་ཐོགས་ཅན་གྱི་གོམས་གཤིས་སུ་རང་རྒྱུད་ལ་འཇགས་པར་བྱེད་པ་དང་དེ་དག་གི་ཐོག་ལ་སྒོམ་རྒྱག་ན། དེ་ལ་གཞི་བྱས་ནས་ཁྱེད་ཀྱིས་དཀའ་ངལ་མེད་པའི་སྒོ་ནས་སྙིང་རྗེ་རང་རྒྱུད་ལ་སྐྱེད་པར་བྱེད་ཐུབ། 

སེམས་ཅན་ཐམས་ཅད་ཀྱི་བཀའ་དྲིན་དྲན་ཞིང་བསམ་ཤེས་བྱེད་པ། 

དེ་ག་ནང་བཞིན་ཆོས་ཐམས་ཅད་མི་ཤེས་ཤིང་རྣམ་དཔྱོད་ལ་ཚད་བཀག་ཡོད་པའི་དུད་འགྲོ་སེམས་ཅན་གཞན་ཐམས་ཅད་ལས་ལྷག་པའི་ང་ཚོར་བཀའ་དྲིན་ཅན་སུ་གཅིག་ཀྱང་བྱུང་མེད་པའི་ཐད་ལ་བསམ་བློ་གཏོང་དགོས། དཔེར་ན། རྒྱལ་ཁབ་ཁ་ཤས་ཀྱི་ནང་མི་རྣམས་སྦྲང་རྩི་བཟའ་རྒྱུར་དགའ་པོ་ཇི་ལྟར་བྱེད་ཀྱི་ཡོད་པ་དང་སྦྲང་རྩི་དེ་དག་ག་ནས་བྱུང་བ་དང་ཇི་ལྟར་བཟོས་པའི་སྐོར་ལ་བསམ་ཞིབ་བྱེད་དགོས། སྦྲང་རྩི་ནི་སྦྲང་བུ་ཆུང་ངུ་དེ་དག་གིས་དཀའ་ལས་རྒྱག་ནས་བཟོས་ཡོད། དེ་དག་གིས་སྦྲང་ཁང་དེ་དག་བཟོ་དགོས་པ་དང་ཕྱི་ལོགས་སུ་ཕྱིན་ཏེ་མེ་ཏོག་ནས་ཟེག་འབྲུ་བསྡུ་གསོག་བྱེད་དགོས་ཀྱི་ཡོད། ཁོང་ཚོས་སྦྲང་རྩི་བཟོས་པ་དང་དེ་དག་ཐམས་ཅད་ང་ཚོས་བཀོལ་སྤྱོད་བྱས་ནས་སོ་སོའི་དོན་དུ་བེད་སྤྱོད་བྱེད་ཀྱི་ཡོད། དོན་ངོ་མར་ང་ཚོ་འགྲོ་བ་མི་རྣམས་ལ་སྦྲང་རྩི་འཐོབ་ཐུབ་པ་ནི་སྦྲང་བུ་དེ་དག་གི་འབད་བརྩོན་དང་དཀའ་ལས་རྒྱག་པ་ལས་བྱུང་བ་ཞིག་རེད། ཁོང་ཚོས་ལས་ཀ་ཚང་མ་བྱས་ཤིང་དཀའ་ལས་རྒྱག་ཡོད་པ་དང་སྐྱིད་པོ་དེ་ང་ཚོས་གཏོང་གི་ཡོད། བྱས་ཙང་། ཁོང་ཚོ་ནི་ང་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་རེད། དེ་དང་མཚུངས་པར་ཁྱེད་ཀྱིས་བཟའ་བཞིན་པའི་འོ་མ་དང་ཤ་རྣམས་ག་ནས་འབྱུང་གི་ཡོད་པའི་ཐད་ལ་བསམ་བློ་གཏོང་དགོས། དེ་དག་ནི་སེམས་ཅན་ཆོས་ཐམས་ཅད་མི་ཤེས་ཤིང་རྣམ་དཔྱོད་ཚད་བཀག་ཅན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་འབྱུང་གི་ཡོད། 

གཞན་གྱི་བཀའ་དྲིན་ལ་འདི་ལྟར་བསམ་བློ་གཏོང་བའི་སྒོ་ནས་ང་ཚོས་བཀའ་དྲིན་ལ་བསམ་ཤེས་བྱེད་དགོས་པ་དང་། བཀའ་དྲིན་དེ་ལ་དྲིན་ལན་འཇལ་དགོས་པ་ཚོར་ནས་ཆོས་ཉམས་ལེན་བྱེད་པ་བརྒྱུད་ང་ཚོས་དྲིན་ལན་འཇལ་ཐུབ། གལ་ཏེ་ཁྱེད་ཀྱིས་གཞན་གྱི་བཀའ་དྲིན་ཚང་མར་བསམ་བློ་བཏང་ན། ཁྱེད་ལ་ཧ་ཅང་རྩ་ཆེ་བའི་དངོས་པོ་ཞིག་ཡོད་ན་དེ་ལ་གཅེས་འཛིན་བྱེད་པ་དང་དེ་ལ་ཧ་ཅང་གཅེས་སྐྱོང་བྱེད་པ་ནང་བཞིན་ཁྱེད་ཀྱིས་གཞན་གཅེས་པར་འཛིན་པའི་བློ་ཞིག་རང་རྒྱུད་ལ་སྐྱེད་ཀྱི་རེད། དེ་བཞིན་ཁྱེད་ཀྱིས་གཞན་གཅེས་པར་འཛིན་པའི་བློའི་ཁྱེར་སོ་ཞིག་དང་གཞན་རྣམས་གཅེས་སྐྱོང་གི་བསམ་བློ་གོང་འཕེལ་གཏོང་གི་རེད། གལ་ཏེ་གཞན་རྣམས་ལ་མི་འགྲིག་པ་དང་སྡུག་བསྔལ་བར་གྱུར་ན། དེ་ལ་རང་ཉིད་ཧ་ཅང་སེམས་སྡུག་དང་བློ་ཕམ་སྐྱེ་ངེས་རེད།

སྙིང་རྗེ་སྐྱེད་པ།

འདི་དག་ཐམས་ཅད་ནི་གཞན་ཐམས་ཅད་ལ་འདྲ་མཉམ་དང་བཏང་སྙོམས་ཀྱི་བློའི་ཁྱེར་སོ་ཞིག་སྐྱེད་པ་ལ་རག་ལུས་ཡོད། ཁྱེད་ཀྱིས་ཉེ་རིང་ཕྱོགས་ཞེན་མེད་པའི་སྒོ་ནས་སོ་སོའི་བློའི་ཁྱེར་སོ་དེ་གཞན་ཚང་མར་འདྲ་མཉམ་གྱིས་མཉམ་བརྗེ་བྱེད་ཐུབ་པའི་སྐབས། དངོས་གནས་གཞན་ཐམས་ཅད་ཀྱི་དོན་དུ་བཅོས་མིན་གྱི་བྱམས་བརྩེ་དང་སྙིང་རྗེ་སྐྱེད་ཐུབ། དཔེར་ན། སྙིང་རྗེ་དངོས་སུ་རང་རྒྱུད་ལ་སྐྱེད་པར། ཁྱེད་ཀྱིས་དུད་འགྲོ་སེམས་ཅན་སྐྱོ་པོ་རྣམས་ཐབས་ཚུལ་སྣ་ཚོགས་པའི་སྒོ་ནས་སྡེབ་གསོད་བྱེད་པའི་ཐོག་ལ་བསམ་བློ་གཏོང་དགོས། དཔེ་ཆ་བཞག་ན། ལུང་པ་ཁ་ཤས་ཀྱི་ནང་བ་ཕྱུགས་དང་མ་ཧེ་སོགས་སྡེབ་གསོད་བྱེད་ཀྱི་ཡོད། གསོད་སྟངས་ནི་ཐོ་བ་ཞིག་ཉམ་ཐག་པའི་དུད་འགྲོ་དེ་དག་གི་མགོ་ལ་གཞུས་ནས་གསོད་ཀྱི་ཡོད། དེ་ཡང་སྐབས་རེར་ཐེངས་མ་སུམ་ཅུ་ལས་མང་བ་གཞུ་རྡེག་བྱེད་ཀྱི་ཡོད་ནའང་། ད་དུང་ཡང་དུད་འགྲོ་དེ་ཤི་གི་མེད། དེ་བཞིན་ཡུལ་ལུང་ཁ་ཤས་ཀྱི་ནང་རུས་སྦལ་ཆེན་པོའི་རིགས་སྡེབ་གསོད་བྱེད་སྟངས་ནི་ག་ལེར་ག་ལེར་གསོན་པོར་དུམ་བུར་གཏུབས་ནས་གསོད་ཀྱི་ཡོད། ཁྱེད་ཀྱིས་དུད་འགྲོ་ཞིག་གི་སྐྱེ་བ་བླངས་ནས་སྡུག་བསྔལ་དེ་དང་གཅིག་མཚུངས་ཤིག་མྱོང་བའི་མི་དགེ་བའི་སྡིག་པའི་ལས་ཇི་ལྟར་བསགས་ཡོད་པའི་སྐོར་ལ་བསམ་བློ་གཏོང་དགོས། གལ་ཏེ་སོ་སོ་རང་ཉིད་ལ་དེ་འདྲ་བའི་འཇིགས་སུ་རུང་བའི་གནས་སྟངས་བྱུང་ན་ཚོར་བ་གང་འདྲ་ཞིག་ཡོང་ངེས་ཡིན་པའི་ཐད་བསམ་བློ་གཏོང་དགོས། 

དེ་ནས་ཚེ་འདིའི་ནང་སོ་སོ་རང་ཉིད་ཀྱི་ཨ་མས་དུད་འགྲོའི་སྐྱེ་བ་ལེན་པའི་སྡིག་པ་མི་དགེ་བའི་ལས་ཇི་ལྟར་བསགས་ཡོད་པ་དང་ད་ལྟ་གནས་སྟངས་འདི་འདྲ་ཞིག་དང་འཕྲད་པའི་སྐོར་ལ་བསམ་བློ་གཏོང་དགོས། འདི་འདྲ་ཞིག་གལ་ཏེ་ཁྱེད་ཀྱི་ཨ་མར་བྱས་ཡོད་པ་མཐོང་ན། དེ་ལ་ཁྱེད་ཀྱིས་གང་བྱེད་ངེས་སམ། ཁྱེད་ཀྱིས་གང་འདྲ་ཚོར་ས་རེད་དམ། དེ་ག་ནང་བཞིན་སོ་སོའི་ཨ་ཕ་ལའང་གཅིག་མཚུངས་སུ་བསམ་བློ་གཏོང་དགོས། དེ་ནས་སོ་སོའི་གྲོགས་པོ་རེ་རེ་ལ་འདི་འདྲ་ཞིག་འབྱུང་བཞིན་ཡོད་པར་བསམ་དགོས། དེ་ལྟར་མུ་མཐུད་དེ་གནས་སྟངས་འདི་འདྲ་ཞིག་སོ་སོའི་དགྲ་བོ་ལ་འབྱུང་བཞིན་ཡོད་པར་བསམ་དགོས། དེ་བཞིན་དུད་འགྲོ་སྲོག་ཆགས་སྤྱི་ལ་དེ་ལྟར་བསམ་དགོས། གལ་ཏེ་ཁྱེད་ཀྱིས་རྒྱུད་རིམ་འདི་བརྒྱུད་ནས་བསམ་བློ་བཏང་ན། བཅོས་མིན་གྱི་སྙིང་རྗེ་སྐྱེད་པ་དང་དེ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་འབྲལ་བར་ཡིད་སྨོན་བྱེད་ཀྱི་རེད། གལ་ཏེ་ཁྱེད་ཀྱིས་དངོས་གནས་བཅོས་མིན་གྱི་སྙིང་རྗེ་འདི་བསྐྱེད་ཐུབ་ན། སངས་རྒྱས་ཀྱི་གོ་འཕང་ཐག་རིང་པོ་མ་རེད། འདི་ནི་རང་རྒྱུད་ལ་སྐྱེད་དགོས་པ་དང་ཡར་རྒྱས་གཏོང་དགོས་པའི་བློའི་ཁྱེར་སོ་ཧ་ཅང་གལ་ཆེན་པོ་ཞིག་རེད།།

Top