ཆོས་ལུགས་མཐུན་སྒྲིལ་དང་། སྙིང་རྗེ། ཁ་ཆེའི་ཆོས་ལུགས།

ངོས་ནས་ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་སྐད་ཆ་ཚིག་ཁ་ཤས་ཤོད་རྒྱུ་ཡིན། སྐབས་རེ་ཆོས་ལུགས་ཀྱི་དད་མོས་ཐོག་རྩོད་རྙོག་ཡོང་གི་འདུག  །དཔེར་ན། དེ་སྔོན་བྱང་ཨར་ལནྜ་ (Northern Ireland) ནང་གི་རྩོད་རྙོག་དེ་གཞི་རྩའི་ཆ་ནས་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་ནའང་། དེ་མྱུར་དུ་ཆོས་ལུགས་ཀྱི་གནད་དོན་ཞིག་ཏུ་གྱུར་བ་རེད། དེ་ནི་ཧ་ཅང་གི་ཐབས་སྡུག་པོ་ཞིག་རེད། དེ་རིང་ཁ་སང་ཁ་ཆེའི་ནང་ལ་ཤི་འ་ (Shia) དང་སུ་ནིའི་ (Sunni) རྗེས་འཇུག་པ་རྣམས་ཀྱིས་ཀྱང་སྐབས་རེ་ཕན་ཚུན་འཛིང་རེས་གཏོང་གི་ཡོད། དེ་ཡང་ཤིན་ཏུ་ཐབས་སྡུག་ཅིག་རེད། ཤྲཱི་ལངྐའི་ (Sri Lanka) ནང་དུའང་། རྩོད་རྙོག་དེ་ཆབ་སྲིད་དང་འབྲེལ་བའི་གནད་དོན་ཞིག་ཡིན་ནའང། འོན་ཀྱང་གནད་དོན་ཁ་ཤས་ཀྱི་ཐད་ཧིན་དུ་དང་ནང་པའི་དབར་གྱི་རྩོད་རྙོག་ཅིག་ཡིན་པའི་མཐོང་སྣང་ཡོང་གི་ཡོད། དེ་ནི་དངོས་གནས་ཞེད་སྣང་ཆེན་པོ་རེད་འདུག །གནའ་སྔ་མོའི་དུས་སུ་ཆོས་ལུགས་འདྲ་མིན་གྱི་རྗེས་འཇུག་པ་རྣམས་ཕལ་ཆེ་བ་ཕན་ཚུན་སོ་སོར་ལོགས་སུ་གནས་ཡོད། འོན་ཀྱང་དེང་གི་ཆར་མི་དེ་དག་འདྲིས་གཏུགས་ཉེ་རུ་ཕྱིན་པར་བརྟེན་ང་ཚོས་ཆོས་ལུགས་དབར་གྱི་མཐུན་སྒྲིལ་གོང་སྤེལ་གཏོང་རྒྱུ་དམིགས་བསལ་འབད་རྩོལ་བྱེད་དགོས་ཀྱི་ཡོད། 

ཟླ་བ་དགུ་པའི་ཚེས་བཅུ་གཅིག་ཉིན་གྱི་ལོ་འཁོར་དུས་དྲན་ཐེངས་དང་པོའི་རྗེས་དྲན་སྨོན་ལམ་མཛད་སྒོ་དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཡེ་ཤུའི་ལྷ་ཁང་ཆེན་མོར་ (Washington National Cathedral) ཚོགས་པ་རེད། ངོས་རང་ཚོགས་འདུ་དེའི་ནང་ཡོད། ངོས་ཀྱི་གཏམ་བཤད་ནང་དུ། སྟབས་ཉེས་པ་ཞིག་ལ་དེང་སང་གང་ཟག་འགའ་ཞིག་གིས་ཁ་ཆེའི་མི་རིགས་རེ་འགའི་སྤྱོད་ངན་རྒྱུ་མཚན་དུ་བྱས་ནས་ཁ་ཆེའི་མི་རིགས་ཡོངས་རྫོགས་དྲག་སྤྱོད་གདུག་རྩུབ་ཅན་དུ་མཐོང་སྣང་བསྐྲུན་པ་དང་། དེ་ནས་ཁོང་ཚོས་ནུབ་ཕྱོགས་དང་ཁ་ཆེ་གཉིས་ཀྱི་དབར་ཆོས་རིག་གི་འཐབ་རྩོད་ཡོད་ཚུལ་གྱི་སྐད་ཆ་ཤོད་ཀྱི་འདུག །དེ་ནི་བདེན་པ་རྩ་བ་ནས་མ་རེད་ཅེས་བརྗོད་པ་ཡིན། 

གང་ཟག་སྤྱོད་ངན་འགའ་རེ་རྒྱུ་མཚན་དུ་བྱས་ནས་ཆོས་ལུགས་དེ་ཁྱོན་ཡོངས་ནས་སྡུག་ཅག་ཡིན་པ་མཚོན་པར་བྱེད་པ་ནི་ཡོངས་སུ་ནོར་བ་ཞིག་རེད། ཁ་ཆེའི་ཆོས་ལུགས་དང་། འཇེའུ་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། ཧིན་དུའི་ཆོས་ལུགས། དེ་བཞིན་ནང་པ་བཅས་ཚང་མ་འདྲ་པོ་ཡོད་པ་ནི་དངོས་བདེན་ཡིན། དཔེར་ན། ཤུགས་ལྡན་གྱི་རྗེས་འཇུག་པ་ཁ་ཤས་ཀྱིས་ངོས་རང་སྡོད་སའི་ཉེ་འགྲམ་དུ་མི་གསུམ་བསད་པ་རེད། དེའི་ནང་ནས་གཅིག་ནི་སློབ་དཔོན་ཡག་པོ་ཞིག་ཡིན་པ་དང་ཤུགས་ལྡན་ལ་ཞིབ་བརྟག་སྐྱོན་འཛུགས་གནང་མཁན་ཞིག་ཡིན་པ་དང་ཁོང་ལ་གྲི་བཙུགས་པའི་རྨ་ཤུལ་བཅུ་དྲུག་ཡོད་པ་རེད། གཞན་གཉིས་ནི་ཁོང་གི་སློབ་མ་ཡིན་པ་རེད། མི་གསོད་ལག་དམར་བ་དེ་ཚོ་ནི་དངོས་གནས་གདུག་རྩུབ་ཅན་རང་རེད། འོན་ཀྱང་རྒྱུ་མཚན་དེ་ལ་བརྟེན་ནས་བོད་རིགས་ནང་པ་ཡོངས་རྫོགས་དྲག་སྤྱོད་པ་རེད་ཅེས་བཤད་པ་ཡིན་ན་དེ་ལ་སུ་གང་གིས་ཀྱང་ཡིད་ཆེས་བྱེད་མདོག་ཁ་པོ་མ་རེད། སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུའང་། ད་དུང་གང་ཟག་སྤྱོད་པ་ངན་པོ་འགའ་རེ་ཡོད་པ་རེད། དམིགས་བསལ་ཅན་གང་ཡང་མ་ཡིན། 

ངོས་རང་ཁ་ཆེའི་ཆོས་ལུགས་ཀྱི་ཕྱི་རོལ་དུ་ཡོད་པའི་ནང་པ་ཞིག་ཡིན་ནའང་། ཕྱི་ཟླ་ ༩ པའི་ཚེས་ ༡༡ ཉིན་ནས་བཟུང་གང་ལྟར་ཡང་། ངོས་ནས་དྭང་བླངས་ཀྱི་ཐོག་ནས་ཁ་ཆེའི་ཆོས་ལུགས་སྲུང་སྐྱོབ་ཀྱི་འབད་རྩོལ་བྱས་དང་བྱེད་མུས་ཡིན། ངོས་ཀྱི་ཆོས་གྲོགས་ཁ་ཆེ་བ་སྐྱེས་པ་གཙོ་བོར་འགྱུར་པའི་བུད་མེད་འགའ་རེས་ངོས་རང་ལ་གལ་སྲིད་སུས་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་བ་ཡིན་ནའང་དེ་ནི་ཁ་ཆེ་མ་རེད་ཅེས་དང་། དེའི་རྒྱུ་མཚན་ནི། ཁ་ཆེ་རྣམ་དག་སྟེ། ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་རྣམ་དག་ཅིག་ཡིན་ཚེ། ངེས་པར་དུ་ཕོ་མོ་སུ་རུང་གིས་ཨལ་ལཱ་ ༼ཁ་ཆེའི་འཇིག་རྟེན་བཀོད་པ་པོ།༽ ལ་བརྩེ་བ་ཡོད་པ་ནང་བཞིན་ཁོང་གིས་བསྐྲུན་པའི་ལུས་ཅན་ཚང་མར་དེ་ལྟ་བུའི་བརྩེ་སེམས་བཅང་དགོས། ལུས་ཅན་ཡོངས་རྫོགས་ཨལ་ལཱ་ཡིས་བྱས་པ་ཡིན་པས། གལ་ཏེ་བྱེད་པོ་ཨལ་ལཱ་ལ་བརྩི་བཀུར་བྱེད་ཀྱི་ཡོད་ན། ཁོང་གིས་བསྐྲུན་པའི་ལུས་ཅན་ཀུན་ལ་ངེས་པར་དུ་བརྩེ་སེམས་བཅང་དགོས་ཞེས་འགྲེལ་བརྗོད་བྱས་བྱུང།

ངོས་ཀྱི་གྲོགས་པོ་གསར་འགོད་པ་ཞིག་གིས་ཏེ་ཧེ་རན་ (Tehran) ནང་ལུང་པ་དེའི་ཁ་ཆེའི་བླ་མ་ཆེ་ཤོས་ཁཱོ་མའེ་ནི་ (Ayatollah Khomeini) སྐབས་སུ་དུས་ཚོད་གང་ཙམ་བསྡད་མྱོང་བ་རེད། ཕྱིས་སུ་ཁོས་ང་ལ་དེར་ཡོད་པའི་ཁ་ཆེའི་བླ་ཆེན་ཚོས་ཁྱིམ་ཚང་ཕྱུག་པོ་རྣམས་ལས་དངུལ་བསྡུས་ནས་དཔལ་འབྱོར་ཞན་པ་དག་ལ་བགོ་འགྲེམས་ཀྱིས་ཤེས་ཡོན་དང་དབུལ་འཕོང་ལ་རོགས་སྐྱོར་ཇི་ལྟར་བྱས་བཞིན་པའི་ཚུལ་རྣམས་བརྗོད་བྱུང། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བྱེད་སྟངས་ངོ་མ་དེ་རེད། ཁ་ཆེའི་རྒྱལ་ཁབ་ཚོའི་ནང་དངུལ་ཁང་གི་སྐྱེད་ཀར་བཀག་སྡོམ་བྱེད་ཀྱི་ཡོད། དེར་བརྟེན། གལ་སྲིད་ཁ་ཆེའི་ཆོས་ལུགས་ལ་གོ་རྟོགས་དང་དེའི་རྗེས་འཇུག་པ་ཚོས་ལྷག་བསམ་རྣམ་དག་གིས་དེ་ལག་ལེན་ཇི་ལྟར་བསྟར་ཚུལ་མིག་མཐོང་བྱུང་བ་ཡིན་ན། ཆོས་ལུགས་གཞན་དང་འདྲ་བར་དེ་ནི་དངོས་བདེན་དུ་ངོ་མཚར་ཅན་ཞིག་རེད། སྤྱིར་བཏང་ཆ་ནས་གལ་སྲིད་ང་ཚོས་ཆོས་ལུགས་གཞན་ལ་ཤེས་རྟོགས་བྱུང་བ་ཡིན་ན། ང་ཚོས་ཕན་ཚུན་གུས་བརྩི་དང། ཡིད་སྨོན། ལེགས་བཅོས་བཅས་གོང་སྤེལ་གཏོང་ཐུབ། དེ་འདྲ་སོང་ཙང། ང་ཚོས་ཆོས་ལུགས་ནང་ཕན་ཚུན་དབར་གྱི་གོ་རྟོགས་གོང་སྤེལ་གཏོང་རྒྱུར་འབད་རྩོལ་རྒྱུན་མ་ཆད་པར་བྱེད་དགོས།

ཉེ་ཆར་རང་ལི་ས་བྷོན་ (Lisbon) ནང་དུ་ངོས་ནས་ཁ་ཆེའི་ལྷ་ཁང་ཞིག་ཏུ་ཆོས་ལུགས་ནང་ཕན་ཚུན་གྱི་ཚོགས་འདུར་བཅར་བ་ཡིན། དེ་ནི་ཁ་ཆེའི་ཚོགས་ཁང་ཞིག་གི་ནང་དུ་ཆོས་ལུགས་ནང་ཕན་ཚུན་གྱི་ཚོགས་འདུ་ཚོགས་པ་ཐེངས་དང་པོ་ཆགས་ཡོད། དེ་རྗེས་ང་ཚོ་ཆོས་ལུགས་མི་སྣ་རྣམས་དེ་གའི་ཚོགས་ཁང་ཞིག་གི་ནང་མཉམ་དུ་ངག་བཅད་ཀྱི་སྒོམ་རྒྱག་པ་ཡིན། དེ་ནི་དངོས་གནས་ངོ་མཚར་སྐྱེ་དགོས་པ་ཞིག་རེད། དེ་འདྲ་སོང་ཙང་། ཆོས་ལུགས་ནང་ཕན་ཚུན་ཞི་མཐུན་ཡོང་རྒྱུར་འབད་རྩོལ་བྱེད་དགོས། 

ཁ་ཤས་ཀྱིས་འཇིག་རྟེན་བཀོད་པ་པོ་ཁས་ལེན་པ་དང་ཡང་ཁ་ཤས་ཀྱིས་ཁས་ལེན་གྱི་མེད། དེ་གལ་ཆེན་པོ་མ་རེད། གལ་ཆེན་པོ་གང་རེད་ཟེར་ན། རྒྱུ་འབྲས་ཀྱི་རྣམ་གཞག་དེ་རེད། དེ་ནི་ཆོས་ལུགས་ཚང་མའི་ནང་གཅིག་མཚུངས་ཏེ། སྲོག་གཅོད་པ་དང། མ་བྱིན་པར་ལེན་པ། ལོག་གཡེམ། རྫུན་སྨྲ་བ་བཅས་བྱ་མི་ཉན་པ་ཚང་མའི་ནང་གཅིག་པ་རེད། ཆོས་ལུགས་འདྲ་མིན་གྱིས་ཐབས་ལམ་མི་འདྲ་བ་ལག་བསྟར་བྱེད་སྲིད་ནའང། དེ་དག་ཚང་མར་དམིགས་ཡུལ་གཅིག་མཚུངས་སུ་ཡོད་པ་རེད། རྒྱུ་རྐྱེན་ལ་མ་བལྟས་པར་འབྲས་བུར་ལྟོས་དང། ཁྱེད་རང་གིས་ཟ་ཁང་ཞིག་ལ་འགྲོ་བའི་སྐབས་ཁ་ལག་དེའི་རྫས་ཆ་གང་དང་གང་ལས་བྱུང་མིན་ཐོག་རྩོད་པ་མ་བྱེད་པར། ཁ་ལག་ཚང་མའི་རོ་བཅུད་སྣ་ཚོགས་ལ་སྐྱིད་པོའི་ངང་ལོངས་སུ་སྤྱོད་དགོས། ཁ་ལག་ཟས་ནས་དེའི་རོ་བཅུད་ལ་ལོངས་སྤྱོད་བྱེད་པ་དེ་ནི་ཡག་ག་ཡོད།

བྱས་ཙང་། ཆོས་ལུགས་འདྲ་མིན་ཚང་མས་སོ་སོའི་གྲུབ་མཐའ་བཟང་ངན་གྱི་ཐོག་རྩོད་གླེང་མ་བྱས་པར། ཆོས་ལུགས་དེ་དག་ཚང་མས་སྙིང་རྗེ་ནི་སོ་སོའི་དམིགས་ཡུལ་དང་བསྒྲུབ་བྱ་ལྟ་བུར་བསྟན་གྱི་ཡོད་པ་དང་། དེ་དག་ཡག་པོ་ཡིན་པར་ལྟ་དགོས། གང་ཟག་འདྲ་མིན་གྱི་ཆེད་དུ་ཐབས་ལམ་འདྲ་མིན་སྤྱོད་དགོས་པ་ནི་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་རེད། ང་ཚོས་ངེས་པར་དུ་དངོས་ཡོད་དང་འཚམ་པའི་ཐབས་ལམ་དང་ལྟ་ཚུལ་དང་དུ་ལེན་དགོས། 

ནང་སེམས་ཀྱི་ཞི་བདེ་ནི་སྙིང་རྗེ་དང་འབྲེལ་བ་ཡོད་པ་རེད། ཆོས་ལུགས་ཆེ་ཁག་ཚང་མས་བརྩེ་བ་དང། སྙིང་རྗེ། བཟོད་སྒོམ་གྱི་བསླབ་བྱ་གཅིག་མཚུངས་སྤེལ་གྱི་ཡོད། སྙིང་རྗེ་གོང་སྤེལ་གཏོང་བ་ལ་ང་ཚོར་ཆོས་ལུགས་རིས་མེད་ཀྱི་ཐབས་ལམ་ཞིག་དགོས་པ་ཡིན། ཆོས་ལུགས་ཡོད་མཁན་དང་དེ་ལ་ལྷག་བསམ་རྣམ་དག་དང་བློ་གཅིག་སེམས་གཅིག་བྱེད་མཁན་རྣམས་ལ་མཚོན་ན། སོ་སོའི་ཆོས་ལུགས་ལ་རང་རྒྱུད་ཀྱི་སྙིང་རྗེ་གོང་སྤེལ་གཏོང་རྒྱུར་ནུས་པ་ཤུགས་ཆེ་ལྡན་ཡོད། ཆོས་དད་མེད་མཁན་ཏེ། ཆོས་ལུགས་བྱེ་བྲག་པ་ཞིག་ལ་དད་མོས་མེད་པའམ། ད་དུང་འགའ་ཞིག་ཆོས་ལ་མི་དགའ་མཁན་ཚོ་ལ་མཚོན་ན། སྐབས་རེ་ཁོང་ཚོར་ཡང་སྙིང་རྗེར་དོ་དབྱིངས་ཡོང་གི་མེད། རྒྱུ་མཚན་ནི་ཁོང་ཚོས་སྙིང་རྗེ་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་ཏུ་བསམ་གྱི་ཡོད། དེ་ནི་རྦད་དེ་ནོར་བ་ཞིག་རེད། གལ་ཏེ་ཁྱེད་རང་ཆོས་ལུགས་ལ་ངན་ཕྱོགས་ནས་བལྟ་འདོད་ན། དེ་ནི་ཁྱེད་རང་གི་འདོད་མོས་དང་ཐོབ་ཐང་རེད། འོན་ཀྱང་སྙིང་རྗེར་ངན་ཕྱོགས་ཀྱི་ལྟ་སྟངས་ཡོད་པ་དེར་རྒྱུ་མཚན་གང་ཡང་མེད་པ་རེད།།

Top