ཆོས་ལུགས་མི་འདྲ་བའི་ནང་བདག་ཅེས་པ་དེ་གང་རེད་དམ།

ངོ་སྤྲོད་ཀྱི་བཤད་པ།

སྤྱིར་བཏང་ང་ཚོས་ཆོས་ལུགས་དང་ཆོས་ཕྱོགས་སྐོར་གཏམ་གླེང་བྱེད་སྐབས་ཆོས་ལུགས་མི་འདྲ་བ་རེ་རེར་གུས་བརྩི་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། ཆོས་ལུགས་དེ་དག་གི་རིན་ཐང་ལ་བསྔགས་བརྗོད་བྱེད་པར་ཆོས་ལུགས་དེ་ཚོའི་སྙིང་པོ་ཤེས་པར་བྱ་རྒྱུ་དང་རྗེས་སུ་ཡིི་རངས་བྱ་རྒྱུ་གལ་ཆེན་ཡིན། འདི་ནི་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་བའི་ཆ་ཤས་ཤིག་ཡིན།

ཆོས་ལུགས་ནང་ཁུལ་གྲོས་མོལ་བྱེད་སྐབས་དུས་རྟག་ཏུ་དྲི་བ་གསུམ་ཡོང་གི་ཡོད། དེ་དག་ནི། “ང་སུ་རེད་དམ།” ཞེས་པའམ་ “བདག་ཅེས་པ་དེ་གང་རེད་དམ།” ཞེས་དང། “ངའམ་བདག་ཅེས་པ་གང་ནས་ཡོང་བ་རེད་དམ།” དེ་བཞིན་ “དེ་ལ་ཐོག་མ་ཡོད་དམ་མེད། མཐའ་མ་གང་ཆགས་ཀྱི་རེད། དེ་ལ་མཐའ་མ་ཡོད་དམ་མེད།” ཅེས་པའི་དྲི་བ་གསུམ་ལ་ཆོས་ལུགས་ཕལ་མོ་ཆེས་ལན་འདེབས་བྱ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད།

བདག་ཅེས་པ་དེ་གང་རེད་དམ།

དྲི་བ་དང་པོ་དེ་ལ་ “བདག་གམ་ང་ཟེར་བ་དེ་གང་རེད་དམ།” དད་ལྡན་འགའ་ཞིག་གིས་ཡུལ་ལྷར་མཆོད་འབུལ་བྱེད་ཀྱི་ཡོད་པ་སོང་ཙང་། ཁོང་ཚོར་དྲི་བ་འདི་གསུམ་པོར་དོ་སྣང་དེ་ཙམ་མེད། དཀའ་ངལ་དང་གོད་ཆག་སོགས་དང་འཕྲད་དུས་ཡུལ་ལྷར་གསོལ་བ་འདེབས་ཀྱི་ཡོད། ཡིན་ནའང། ཆོས་ལུགས་གཙོ་བོ་རྣམས་ལས་འགའ་ཞིག་ནི་ནང་ཆོས་ཀྱིས་དྲི་བ་དེ་གསུམ་ལ་དཔྱད་པ་མ་བྱས་གོང་ལོ་གསུམ་སྟོང་ཙམ་ལ་གནས་ཡོད། ཉེ་ཆར་ཨི་ཇིབ་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་པ་ཞིག་ཐུག་སོང། ཁོས་ང་ལ་ལོ་ལྔ་སྟོང་སྔོན་གྱི་སྔ་མོའི་ཨི་ཇིབ་ཀྱི་སྲིད་པའི་དཔལ་ཡོན་སྐབས། ཁོང་ཚོས་ཀྱང་ཆོས་ལུགས་ཀྱི་ལྟ་གྲུབ་དང་སྐྱེ་བ་ཕྱི་མའི་བསམ་ཚུལ་ཐད་གོང་འཕེལ་བྱུང་སྐོར་གསུངས་སོང།  དེར་བརྟེན་དྲི་བ་འདི་ཚོ་ཆེས་སྔ་མོ་ནས་ཡོད་པ་ཞིག་ཡིན།

ད་ལྟ་ “བདག་ཅེས་པ་དེ་གང་རེད་དམ་” ཞེས་པའི་དྲི་བར་ལན་རྒྱག་པར། ང་ཚོས་ལྷ་ཡོད་པར་འདོད་མཁན་དང་ལྷ་མེད་པར་འདོད་མཁན་གང་གི་ཆ་ནས་བཤད་ཀྱང། དེ་གཉིས་ཀས་བདག་ཅེས་བྱ་བ་གཞན་ལ་ལྟོས་མི་དགོས་པའི་རང་དབང་ཅན་ཞིག་ལུས་ལས་ལོགས་སུ་ཡོད་པ་དང་དེ་ཡིས་ལུས་ལ་དབང་བ་ཞིག་དང་། དེ་ནི་གཟུགས་ཀྱི་ཕུང་པོ་དང་སེམས་ལ་ལྟོས་མེད་ཅིག་ཡོད་པར་བརྗོད་ཆོག །ཁོང་ཚོས་ཆ་ཤས་མེད་པ་དང། འདུས་མ་བྱས། རང་རྐྱ་ཐུབ་པའི་བདག་ཞིག་ཡོད་པར་འདོད་ཀྱི་ཡོད། ཕལ་ཆེར་ང་ཚོས་ཆོས་ལུགས་མང་ཆེ་བའི་ནང་རྙེད་པའི་རྟག་པའི་རང་བཞིན་གྱི་རྣམ་ཤེས་ཞེས་པའི་གོ་བ་དེར་རྣམ་པ་འདི་གསུམ་དང་ལྡན་ཡོད།

ནང་པའི་ཆོས་ལུགས་ཁོ་ནས་གཟུགས་ཀྱི་ཕུང་པོ་དང་སེམས་ལས་ལོགས་སུ་ལྟོས་མེད་རང་དབང་ཅན་དུ་གྱུར་བའི་བདག་མེད་ཅེས་ཤོད་ཀྱི་ཡོད། སྤྱིའི་ཆ་ནས་ནང་ཆོས་ཀྱིས་མི་རྟག་པ་དང། སྡུག་བསྔལ་བ། སྟོང་པ། བདག་མེད་པའི་སྐོར་ཤོད་ཀྱི་ཡོད། མི་རྟག་པ་དང། སྡུག་བསྔལ་བ། སྟོང་ཞིང་བདག་མེད་པ་རྣམས་ནི་ཆོས་ཀྱི་སྡོམ་བཞིའམ་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་རྣམས་ཡིན་ཞིང། དེ་རྣམས་སངས་རྒྱས་ཀྱི་བཀའ་ལ་གཞི་བཅོལ་ཏེ། ཕྱི་རོལ་པའི་ལྟ་བར་ལྡོག་ཕྱིར་གསུངས། སྟོང་ཞིང་བདག་མེད་པའི་དོན་ནི་བདག་དེ་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་ཞིག་རྩ་བ་ནས་མེད་ཅེས་ཆོས་ཀྱི་སྡོམ་བཞི་ལས་གསུམ་པ་དེ་ཡིན། ཆོས་ཀྱི་སྡོམ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པའམ་མི་བརྟན་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བའམ་སྡུག་བསྔལ་གྱིས་ཁྱབ་པ། ཆོས་ཐམས་ཅད་སྟོང་ཞིང་ཡིན་པ་མི་སྲིད་པའི་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་སྡུག་བསྔལ་ཐམས་ཅད་ལས་ཞི་བ་ཡིན།

དེ་འདྲ་ཡིན་པ་སོང་ཙང། [དེ་ནི་ཕུང་པོ་དང་སེམས་ལས་ལོགས་སུ་གྲུབ་པའི་བདག་རང་དབང་ཅན་ཞིག་ཡོད་པའམ། ཡང་ན་དེ་འདྲའི་བདག་མེད་པ་གང་ལྟར་ཡང་།] འདི་གཉིས་ནི་བདག་ཅེས་པ་དེ་གང་རེད་དམ་ཞེས་པའི་དྲི་བའི་གཞི་རྩའི་ལན་གཉིས་ཡིན།

བདག་ལ་ཐོག་མ་ཡོད་དམ།

དེ་ནས་ “བདག་ལ་ཐོག་མ་ཡོད་དམ་” ཞེས་པའི་དྲི་བ་ཞིག་ཡོད། འགའ་ཞིག་གིས་བདག་དེ་རྒྱུ་མེད་ལས་གྲུབ་པ་རེད། འཇིག་རྟེན་འདི་ཐོག་མར་གྲུབ་སྟངས་ལ་མཚོན་ནའང། རྒྱུ་མེད་ལས་བྱུང་བ་ཤོད་ཀྱི་ཡོད། ངོ་མ་བྱས་ན་འདི་ནི་ཚན་རིག་གི་ལངས་ཕྱོགས་ཤིག་ཡིན། རྒྱ་གར་ནང་དངོས་པོ་སྨྲ་བའི་ལུགས་འཛིན་མཁན་ཙཱར་ཝཱ་ཀས་ charvaka འདི་ལྟར་བརྗོད་ཀྱི་ཡོད། འོན་ཏེ་རྒྱུ་མེད་ལས་གྲུབ་པར་འདོད་ན་བདེ་པོ་མེད་པ་སོང་ཙང། མང་ཆེ་བས་ངེས་པར་དུ་རྒྱུ་དང་རྐྱེན་ཞིག་དགོས་པ་བཞེད་ཀྱི་ཡོད།

ཕྱི་རོལ་གྱི་གྲུབ་མཐའ་སྨྲ་བ་གྲངས་ཅན་པས་འཇིག་རྟེན་འདི་རྟག་པ་དང་སྤྱི་གཙོ་བོ་ལས་བྱུང་བ་བརྗོད་ཀྱི་ཡོད། ཁོང་ཚོས་པྲ་ཀྲི་ཏིའམ་སྤྱི་གཙོ་བོ་དེར་གུ་ཎའམ་ཡོན་ཏན་གསུམ་ལྡན་གྱི་རང་བཞིན་ཞེས་བཤད་ཅིང། འདི་ནི་རྒྱུ་རྟག་པར་འདོད་པའི་ལངས་ཕྱོགས་ཤིག་ཡིན། ཡིན་ནའང་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་རྗེས་འབྲངས་པ་ཚོས་འཇིག་རྟེན་འདི་ཉིད་འཇིག་རྟེན་ལས་འདས་པའི་གང་ཟག་གི་འདུན་པ་ལས་བྱུང་བ་འདོད་ཀྱི་ཡོད། ལྷ་ཡོད་པར་འདོད་མཁན་གྱི་ཆོས་ལུགས་འཇིའུ་ཆོས་ལུགས་དང། ཡི་ཤུའི་ཆོས་ལུགས་། ཁ་ཆེ་ཆོས་ལུགས་རྣམས་ཀྱི་འགྲེལ་ཚུལ་མཚུངས་པ་ཡིན། ཁོང་ཚོ་ཚང་མས་དཀོན་མཆོག་གིས་བདག་བཟོས་པ་ཤོད་ཀྱི་ཡོད་པས། འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་དེ་བདག་ག་ནས་བྱུང་བ་ཡིན་ནམ་ཞེས་པའི་དྲི་བ་དེའི་ལན་ཡིན།

ལྷ་ཡོད་པར་འདོད་མཁན་གྱི་ཆོས་ལུགས་ནང་ལའང་འདོད་ཚུལ་གཉིས་ཡོད། དེ་ལ་འཛམ་གླིང་འདིར་སྐྱེ་བ་གཅིག་མ་གཏོགས་མེད་པར་བཞེད་མཁན་གཅིག། དེ་ནི་ཡེ་ཤུ་ཚོའི་འདོད་ཚུལ་ཡིན་པར་དཔེ་འཇོག་ཐུབ། གཞན་ཕྱོགས་དེས་སྐྱེ་བ་མང་པོ་ཡོད་པའམ་སྐྱེ་བ་ཡང་བསྐྱར་ལེན་རྒྱུ་ཡོད་པར་འདོད་མཁན་ཡོད། དེ་ནི་ནང་པ་མིན་པའི་རྒྱ་གར་གྱི་ལྟ་གྲུབ་སྨྲ་བ་རྣམས་ཀྱི་འདོད་ཚུལ་ཡིན། རྒྱ་གར་གྱི་ལྟ་གྲུབ་སྨྲ་བའི་ལུགས་ལ་གཞིགས་ན། དཀོན་མཆོག་གམ་ལྷ་ཚངས་པས་སྐྱེ་བ་མང་པོ་ལྡན་པའི་བདག་དེ་བསྐྲུན་པ་དང། དེ་ཡང་སོ་སོའི་ལས་ལ་བརྟེན་ནས་སྐྱེ་བ་སོ་སོར་རྣམ་པ་ཅུང་ཟད་མི་འདྲ་བའི་སྐྱེ་བ་བླངས་པ་འདོད་ཀྱི་ཡོད། དེ་འདྲ་ཡིན་པ་སོང་ཙང། རྒྱ་གར་གྱི་ལྟ་གྲུབ་སྨྲ་བ་འདི་ཚོས་འཇིག་རྟེན་བཀོད་པ་པོ་དང་ལས་འབྲས་གཉིས་ཀར་ཁས་ལེན་གྱི་ཡོད། ཡི་ཤུའི་ཆོས་ལུགས་ཀྱིས་མི་ཚེ་འདི་ཁོ་ན་དང་དེ་ཡང་དཀོན་མཆོག་གིས་བཟོས་པ་བཤད་ཀྱི་ཡོད། ཕྲན་གྱིས་ལྟ་བ་འདི་ནུས་པ་ཅན་དང་ཕན་ཡོན་ཆེན་པོ་ཞིག་ཡོད་པ་ཚོར་གྱི་འདུག །འཇིག་རྟེན་བཀོད་པ་པོར་བཅངས་པའི་ཡིད་ཆེས་དེ་ཡིས་དཀོན་མཆོག་ལ་ཚོར་བ་ཉེ་པོ་ཞིག་སླེབས་ཤིང། དཀོན་མཆོག་གི་འདོད་པ་ལྟར་གྲུབ་ཅིང། དཀོན་མཆོག་ལ་སྙིང་ཉེ་བ་དང། རང་དང་མཚུངས་པའི་འགྲོ་བ་རྣམས་ལ་ཕན་འདོགས་པའི་གོ་སྐབས་མང་བ་ཡོད།

ཐེངས་ཤིག་ང་པཱ་ཀིསྟཱན་ (Pakistan) གྱི་ས་མཚམས་དང་ཧ་ཅང་ཉེ་བའི་ལ་དྭགས་ཀྱི་ས་ཁུལ་ནང་དུ་ཡོད་པའི་ཁ་ཆེའི་ཚོགས་སྡེ་ཞིག་ལ་ཕྱིན་པ་ཡིན། ངའི་ཁ་ཆེའི་གྲོགས་པོ་ཞིག་ཡུལ་དེའི་ཁ་ཆེའི་བླ་མ་རེད། ཁོང་གིས་ཁ་ཆེའི་ཆོས་ལུགས་ལ་དངོས་གནས་དད་པ་བྱེད་མཁན་ཚོས་ཨལ་ལཱར་བརྩེ་བ་སྤྲད་པ་བཞིན་ཨལ་ལཱས་བསྐྲུན་པའི་སེམས་ཅན་ཐམས་ཅད་ལ་བརྩེ་བས་བསྐྱངས་དགོས་ཀྱི་ཡོད་ཚུལ་བརྗོད་སོང། དེ་ནི་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་སྤྲོད་དགོས་ཞེས་ནང་པའི་ལྟ་ཚུལ་དང་གཅིག་པ་རེད། དེར་བརྟེན། ལྷ་ཡོད་པར་འདོད་མཁན་གྱི་ཆོས་ལུགས་འདི་ཚོའི་ནང་ནས་དཀོན་མཆོག་གིས་བདག་བཟོས་པ་སོང་ཙང་། བདག་བཟོ་མཁན་གྱི་དཀོན་མཆོག་ལ་ཚོར་བ་དང་སེམས་ཐག་ཧ་ཅང་ཉེ་པོ་ཡོད། དེ་ལ་བརྟེན་ནས་དཀོན་མཆོག་གི་བསླབ་བྱ་སློབ་སྟོན་རྣམས་ལ་ཉམས་ལེན་བྱེད་པར་དེ་བས་ཀྱང་དང་དོད་དང་འབད་བརྩོན་ཆེ་བ་ཡོང་གི་ཡོད།

འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་མཁན་གྱི་སྡེ་ཚན་ནམ་ཆོས་ལུགས་གཞན་ཞིག་ཡོད། དེའི་ཁོངས་སུ་གཅེར་བུ་པའམ་ཇཻན་དང། ནང་པ། གྲངས་ཅན་པའི་ནང་ནས་སྡེ་ཚན་གཅིག་བཅས་ཚུད་ཡོད། ཁོང་ཚོས་ཐམས་ཅད་རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་གྲུབ་པར་བཞེད།

དེས་ན། བདག་ཅེས་པ་དེ་གང་ནས་ཡོང་བའམ་གང་ལ་བརྟེན་ནས་གྲུབ་པའི་ཐད་ལྷ་ཡོད་པར་འདོད་མཁན་དང་ལྷ་མེད་པར་འདོད་མཁན་གྱི་ལྟ་བ་གཉིས་ཡོད་ཅིང། འདིར་ལྷ་མེད་པར་འདོད་མཁན་གྱི་ལངས་ཕྱོགས་ནི་ནང་པ་དང། གཅེར་བུ་པ། གྲངས་ཅན་པའི་རིགས་གཅིག་བཅས་ཡིན། ཁོང་ཚོའི་འདོད་ཚུལ་ལ་བདག་ལ་ཐོག་མ་མེད་པ་དང། ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཙམ་ཡོད་པར་འདོད།

འདིར་གྲངས་ཅན་པས་ལན་ཏན་ཏན་ཏིག་ཏིག་དེ་ངས་ཤེས་ཀྱི་མེད། གལ་ཏེ་སྤྱི་གཙོ་བོ་དེར་མུ་མཐུད་ནས་འགྱུར་བ་བྱུང་ན། སྤྱི་གཙོ་བོ་དང་བདག་གཉིས་ཀ་དོན་དམ་བདེན་པ་ཡིན་པ་དང། ཁོང་ཚོས་འདོད་པའི་ཤེས་བྱ་ཉི་ཤུ་རྩ་གསུམ་ནི་སྤྱི་གཙོ་བོར་འགྱུར་བ་ཞིག་བྱུང་བལ་བརྟེན་ནས་གྲུབ་པར་ཤོད་ཀྱི་ཡོད་ཅིང། བདག་དེས་སྤྱི་གཙོ་བོ་ཤེས་ཀྱི་ཡོད་པར་འདོད་ཀྱི་ཡོད་སྟབས། འདིར་དྲི་བ་ཞིག་ཡོད་པ་ནི། “བདག་དེ་སྤྱི་གཙོ་བོ་ལས་སྤྲུལ་བ་བཞིན་དུ་བྱུང་བ་རེད་དམ། ཡང་ན་དེ་གཉིས་ཡོངས་སུ་ཁ་བྲལ་ཞིག་རེད།” ཕལ་ཆེར་ངའི་བསམ་ཚུལ་ལ། ཁོང་ཚོས་འདི་གཉིས་ཀ་ཡོངས་སུ་ཁ་བྲལ་བའམ་ལོགས་སུ་ཡིན་པར་བསམ་གྱི་ཡོད། འོན་ཏེ་ཁོང་གཉིས་བར་གྱི་འབྲེལ་བ་གཙོ་བོ་དེ་གང་རེད་དམ།

ཕྱོགས་གཞན་ཞིག་ནས་ནང་པས་རང་དབང་ཅན་གྱི་བདག་སྟེ་འཇིག་རྟེན་ལ་མ་ལྟོས་པར་གནས་པ་མ་ཟད། གཟུགས་ཀྱི་ཕུང་པོ་དང་སེམས་ལའང་མ་ལྟོས་པའི་རང་རྐྱ་ཐུབ་པའི་བདག་གི་ལྟ་ཚུལ་དེ་ལ་དགག་པ་རྒྱག་གི་ཡོད། དེ་བས་ནང་པས་བདག་ [ཐ་སྙད་དུ་ང་ཙམ་གྲུབ་པ་] དེ་ཕུང་པོར་ལྟོས་ཤིང་གཟུགས་དང་སེམས་ལ་ལྟོས་པར་ཤོད་ཀྱི་ཡོད།

བདག་གི་འབྱུང་ཁུངས་ལ་ཆ་བཞག་ན། བདག་དེ་ཕུང་པོ་ལ་འབྲེལ་བའམ་ལྟོས་པ་ཁོ་ནས་གྲུབ་པ་དང་རྟོགས་ཐུབ་ཀྱི་ཡོད་སྟབས། བདག་ལ་ཐོག་མ་ཡོད་དང་མེད་ཀྱི་དྲི་བ་དེ་ཡིས་ཕུང་པའི་རྒྱུན་གྱི་ཐོག་མ་ཡོད་དང་མེད་ཅེས་པའི་དྲི་བ་ཞིག་ཡོང་གི་ཡོད། དེ་ལ་གཞིགས་ནས་རགས་པ་ཙམ་བརྗོད་ན། ང་ཚོ་ཚང་མར་ལུས་དང་སེམས་ཡོད། བདག་ཅེས་བཏགས་པའི་གཞི་རྩ་གཙོ་བོ་ནི་སོ་སོའི་ཤེས་པའི་རྒྱུན་ནམ་རིག་པའི་རྒྱུན་ལ་བརྟེན་ནས་ཡོད་པ་སོང་ཙང་། “སོ་སོའི་ཤེས་པའི་རྒྱུན་ལ་ཐོག་མ་ཡོད་དམ།” ཞེས་པའི་དྲི་བ་དེ་ཡིན།

ཕྱིའི་དངོས་པོ་ལ་ཆ་བཞག་ན། དེར་ཉེར་ལེན་གྱི་རྒྱུ་དང་ལྷན་ཅིག་བྱེད་རྐྱེན་བཅས་ཡོད། ཉེར་ལེན་གྱི་རྒྱུ་ནི་རྒྱུ་དེ་ལས་འབྲས་བུ་བྱུང་བ་དེ་ཡང་རང་གི་རྒྱུན་ཕྱི་མའི་ངོ་བོར་གནས་པ་དང་རྒྱུ་དེ་ཡང་རང་གི་རྒྱུན་ཕྱི་མ་གྲུབ་པའི་ཚེ་དགག་གི་ཡོད། དཔེར་ན། ས་བོན་དེ་མྱུ་གུའི་ཉེར་ལེན་གྱི་རྒྱུ་བྱེད་པ་ལྟ་བུ་ཡིན། དེ་ནས་ལྷན་ཅིག་བྱེད་རྐྱེན་གྱིས་ཉེར་ལེན་གྱི་རྒྱུ་དེར་འབྲས་བུ་བྱུང་བར་རོགས་པ་བྱེད་ཀྱི་ཡོད། དཔེར་ན། མྱུ་གུ་སྐྱེ་བའི་ཕྱིར་ས་དང། ཆུ། ཉི་འོད་རྣམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱེད་པ་ལྟ་བུ་ཡིན།

མིག་གི་རྣམ་པར་ཤེས་པ་ལ་མཚོན་ན། [རྐྱེན་དེ་གཉིས་ཀྱི་སྟེང་།] དེ་སྐྱེད་བྱེད་ཀྱི་དམིགས་རྐྱེན་ཕྱི་རོལ་གྱི་ཡུལ་ཞིག་དགོས།  དེ་དང་ཆབས་ཅིག་མིག་གི་དབང་པོ་[དབང་པོའི་རྡུལ་ཕྲན་]རྣམས་ལ་བདག་རྐྱེན་ཞེས་བྱ་ཞིང་། རྣམ་ཤེས་དེ་རྣམ་པར་ཤེས་པའི་ངོ་བོར་སྐྱེད་བྱེད་རང་གི་རིགས་རྒྱུན་གྱི་སྐད་ཅིག་སྔ་མ་སྟེ་དེ་མ་ཐག་རྐྱེན་དགོས་ཀྱི་ཡོད། དེར་བརྟེན། མིག་གི་རྣམ་ཤེས་ཀྱི་དེ་མ་ཐག་རྐྱེན་ནི་དེའི་ཤེས་པ་སྐད་ཅིག་སྔ་མ་དེ་རང་ཡིན། [ཡིད་ཀྱི་མངོན་སུམ་གྱིས་དབང་པོ་མངོན་སུམ་སྔ་ལོགས་སུ་གྱུར་བའི་གཟུགས་དེ་ཡུལ་དུ་བྱས་ནས་དེ་མ་ཐག་རྐྱེན་བྱེད་ཀྱི་ཡོད།] གཟུགས་དེ་རྟོགས་པའི་རྟོག་པ་ལ་མཚོན་ན་ [དེ་ནི་གཟུགས་དེ་རྟོགས་པའི་ཡིད་ཀྱི་རྣམ་ཤེས་ཡིན།] དེ་མ་ཐག་རྐྱེན་ནི་དེའི་སྔ་ལོགས་སུ་བྱུང་བའི་ཤེས་པ་སྐད་ཅིག་མ་དེ་ཡིན། [དེ་ནི་གཟུགས་དེ་རྟོགས་པའི་ཡིད་ཀྱི་རྣམ་ཤེས་དེ་ཡིན།] དེ་མ་ཐག་རྐྱེན་དེ་དེའི་ཉེར་ལེན་གྱི་རྒྱུ་ཡིན་ནམ། ངས་དེ་ལྟར་བསམ་གྱི་འདུག །འོན་ཏེ་གསལ་ཁ་དེ་ཙམ་མི་འདུག

དབང་མངོན་ [དང་ཡིད་མངོན་] གྱིས་ཆོས་ཅན་ཞིག་གི་ངོ་བོ་རྟོགས་ཀྱང་། [གཟུགས་ལྟ་བུའི་སྤྱི་བཏང་གི་རིགས།] དེ་དག་གིས་ཆོས་ཅན་ཞིག་གི་རང་བཞིན་མི་རྟོགས། [ཆོས་ཅན་ཞིག་གིས་བྱ་བ་བྱེད་ཚུལ།] [གཟུགས་དེ་རྟོགས་པའི་] མངོན་སུམ་ [དབང་མངོན་དང་ཡིད་མངོན་] དེའི་རྗེས་སུ་རྟོག་པ་ཞིག་སྐྱེས་ཤིང་དོན་སྤྱི་བརྒྱུད་ནས་ཡུལ་དེ་མཇལ་བར་བྱེད། [གོ་རིམ་] འདིས་ “ང་” དང་ “ང་ཡི་” ཞེས་པའི་ཐོག་ནས་རྟོག་པ་འདྲེན་པར་བྱེད་ཀྱི་ཡོད། དེར་བརྟེན་རྟོག་པ་དེ་དག་ལ་སོ་སོའི་ཉེར་ལེན་གྱི་རྒྱུ་ཡོད།

དབང་ཤེས་ནི་ང་ཚོའི་གཡས་གཡོན་གྱི་རྐྱེན་ལ་ལྟོས་ནས་འཕྲལ་འཕྲལ་དུ་མངོན་དུ་འགྱུར་ནའང་། རྨི་ལམ་མེད་པའི་གཉིད་མཐུག་པོ་ཁུག་པའི་སྐབས་དབང་ཤེས་རྣམས་མངོན་དུ་འགྱུར་མེད། འོན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ནི་དེར་རང་སོར་གནས་ཀྱི་ཡོད།

དེ་དག་ནི་རྣལ་འབྱོར་བླ་མེད་ནང་། ང་ཚོས་ཤེས་པ་ཕྲ་མོའི་རིམ་པ་སྣ་ཚོགས་ཤིག་གི་སྐོར་ཤོད་ཀྱི་ཡོད་ཅིང་། གཉིད་ཁུག་པའི་རིམ་པ་གསལ་པོ་ཞིག་དང་དེ་རྟོགས་བྱེད་ཀྱི་ཉམས་ལེན་དེ་འདྲ་ཡོད། དེས་གཉིད་མཐུག་ཁུག་པའི་སྐབས་ང་ཚོའི་སེམས་ཀྱིས་བྱ་བ་བྱེད་པ་མཚོན། རིམ་ལྔའི་ནང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་བ་འདུས་པའི་གཞུང་དང་། སློབ་དཔོན་ཀླུ་བྱང་ཆུབ་ཀྱིས་མཛད་པའི་དེའི་འགྲེལ་པ་དང་གཞུང་གི་ནང་། སྣང་གསུམ་སྟེ། [སྣང་བ་དང་། མཆེད་པ། ཉེར་ཐོབ་] དང་། དེ་བཞིན་སྟོང་པ་བཞི་སྟེ། [སྟོང་པ་དང་། ཤིན་ཏུ་སྟོང་པ། སྟོང་པ་ཆེན་པོ། ཐམས་ཅད་སྟོང་པ་] བཅས་གསུངས་ཡོད། སྟོང་པ་དང་པོ་གསུམ་ནི་སྣང་གསུམ་དང་འབྲེལ་བའི་ཡིད་ཀྱི་བྱེད་ལས་ལྡན་པའི་རིམ་པ་ཡིན་ཅིང་། དུས་མཚུངས་ཐམས་ཅད་སྟོང་པས་ཡིད་ཀྱི་བྱེད་ལས་ཕྲ་མོ་སྟེ་སེམས་ཀྱི་རང་བཞིན་འོད་གསལ་བའི་རིམ་པ་དང་འབྲེལ་བ་ཡིན།

སྟོང་པ་བཞི་པ་སྟེ་ཐམས་ཅད་སྟོང་པ་ཉིད་ཀྱི་ [དེ་མ་ཐག་] སྟོང་པ་སྔ་མ་གསུམ་སྔ་རོལ་དུ་འབྱུང་ཞིང་། འདི་གསུམ་པོ་ [སྣང་བ་སྟེ། སྟོང་པ་དང་པོ་གསུམ་] གོ་རིམ་བཞིན་ལུགས་འབྱུང་ [འཆི་བའི་ཚེ་ཤེས་པ་རག་པ་རྣམས་རིམ་བཞིན་ཤིན་ཏུ་ཕྲ་བའི་ཤེས་པའི་ངོ་བོར་འཐིམ་འགྲོ་གི་ཡོད་] གི་སྒོ་ནས་འབྱུང་། དེའི་རྗེས་སུ་ [རིམ་བཞིན་ཤིན་ཏུ་ཕྲ་བ་སྟེ་སེམས་འོད་གསལ་བའི་རྗེས་] ལུགས་ལྡོག་གི་སྒོ་ནས་ཡོང་གི་ཡོད། གཉིད་ཁུག་པའི་སྐབས་དེ་དང་འདྲ་བའི་ལུགས་འབྱུང་ལུགས་ལྡོག་གི་རིམ་པ་འབྱུང་གི་ཡོད་པ་དང་དེ་དག་ངོས་འཛིན་བྱ་ཐུབ་པ་ཞིག་ཡིན། དེ་བཞིན་འཆི་བ་དང་སྐྱེ་བའི་དབར་གྱི་བར་དོའི་གནས་སྐབས་སུའང་གནད་དོན་གཅིག་པ་ཡིན། ལུགས་འབྱུང་གི་རིམ་པ་འབྱུང་གི་ཡོད། [མཐར་འཐིམ་འགྲོ་བ་ཡིན།] བར་དོའི་གནས་སྐབས་ཀྱི་སེམས་འོད་གསལ་བ་དེ་འགག་པའི་ཚེ། [སྐད་ཅིག་ཕྱི་མ་དེར་ལུགས་ལྡོག་གི་སྒོ་ནས་] སྐྱེ་བའི་རྣམ་ཤེས་ [མངལ་ཆགས་པའི་གནས་སྐབས་སུ།] འབྱུང་གི་ཡོད།

གནད་དོན་གཙོ་བོ་ནི་ཤེས་པའམ་སེམས་ཀྱི་རིམ་པ་མི་འདྲ་བ་རང་རང་སོ་སོར་ཉེར་ལེན་གྱི་རྒྱུ་ཡོད་པ་དང་དེ་ལས་ཕྱི་མ་བྱུང་གི་ཡོད། དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མ་རྣམ་འགྲེལ་ནང་། “ཤེས་པའི་ཉེར་ལེན་དུ་ཤེས་པ་ཞིག་ངེས་པར་དུ་དགོས་” ཞེས་གསུངས་ཡོད། ང་ཚོས་བཤད་པ་འདི་གསང་བ་འདུས་པའི་དཔྱད་ཞིབ་ལས་གསལ་པོར་རྟོགས་ཐུབ། དེར་བརྟེན་སྐྱེ་མ་ཐག་པའི་ཤེས་པ་ [ཉིང་མཚམས་སྦྱོར་བའི་སྐད་ཅིག་] དེར་རང་གི་ཉེར་ལེན་གྱི་རྒྱུ་ནི་བར་དོའི་གནས་སྐབས་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཡིན།

ཕྱི་རོལ་པའི་ལྟ་གྲུབ་ལ་མཚོན་ན། དེས་སྐྱེ་བ་སྔ་མ་དང་བདག་འདོད་པ་དང་ཁོང་ཚོས་བདག་ནི་འགྱུུར་མེད་རྟག་པར་འཛིན་ཏེ་དེ་དག་སྐྱེ་བ་གསར་པ་བླངས་ཤིང། རྙིང་པ་དོར་བར་བཞེད་ཀྱི་ཡོད། ཁོང་ཚོས་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དུ་བདག་ནི་སྐྱེ་བ་ཞིག་ལེན་པར་བྱེད་པ་པོའི་ཚུལ་དུ་གཏན་འབེབས་བྱེད་པར་བེད་སྤྱོད་བྱེད་ཀྱི་ཡོད། ཡིན་ནའང་ནང་ཆོས་ཀྱིས་རྟག་པ་དང་འགྱུར་བ་མེད་པའི་བདག་དེ་དགག་གི་ཡོད། ནང་ཆོས་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་དུ་སོ་སོའི་ཤེས་པའི་རྒྱུན་ལ་འཇོག་གི་ཡོད། [ཤེས་པའི་ཉེར་ལེན་ནི་ཤེས་པ་དེའི་སྐད་ཅིག་སྔ་མའི་ཤེས་པ་དེ་ཡིན་ཞིང། ཤེས་པ་སྐད་ཅིག་ཕྱི་མ་སྐྱེ་བའི་ཚེ་ཤེས་པ་སྐད་ཅིག་སྔ་མ་དེ་འགག་གི་ཡོད། སྐྱེ་བོ་སོ་སོའི་ཤེས་པའི་རྒྱུན་དེ་མི་རྟག་པ་དང་སྐད་ཅིག་སྐད་ཅིག་ལ་འགྱུར་གྱི་ཡོད་པ་སོང་ཙང་། ཤེས་པ་དེར་བཏགས་པའི་བདག་དེའང་མི་རྟག་པ་ཞིག་ངེས་པར་དུ་དགོས།]    

བདག་ལ་མཐའ་མ་ཡོད་དམ།

བདག་ལ་མཐའ་མ་ཡོད་དམ་མེད་ཀྱི་དྲི་བ་འདིར་ [དཀོན་མཆོག་ཁས་ལེན་མཁན་གྱི་ཆོས་ལུགས་འགའ་ཞིག་གིས་] འཆི་བའི་རྗེས་སུ་ང་ཚོ་ཐག་བཅོད་མཐའ་མ་ཞིག་ལ་སྒུག་དགོས་པ་དང་། དེ་ནས་ལྷ་ཡུལ་དང་མི་ཡུལ་དུ་བསྐྱོད་པར་བརྗོད་ཀྱི་ཡོད། གལ་ཏེ་ལྷ་ཡུལ་ལ་སླེབས་ན་ལྷའི་མདུན་དུ་རོལ་དབྱངས་དཀྲོལ་ནས་སྡོད་ཀྱི་ཡོད། འདི་ཧ་ཅང་སྣང་བ་འགྲོ་པོ་འདུག །ནང་ཆོས་ཀྱིས་ཀྱང་དེ་དང་ཕྱོགས་མཚུངས་པ་བརྗོད་ཀྱི་ཡོད་ཅིང། དམྱལ་བའི་སྐོར་ཡང་ཤོད་ཀྱི་ཡོད། [འོན་ཏེ་གཉིས་ཀར་སྐྱེ་བ་ཞིག་ལེན་པར་ངོས་འཛིན་བྱས་ཏེ་དེའི་རྗེས་སུ་སྐྱེ་བ་མང་པོས་མཇུག་མཐུད་པ་ཞིག་འདོད་ཀྱི་ཡོད།] གལ་ཏེ་ལྷ་ཡོད་པར་འདོད་མཁན་ཚོའི་འགྲེལ་བརྗོད་ནང་ལ་ལྷ་ཡུལ་ལམ་དམྱལ་བར་སྐྱེས་ཚེ་བདག་ལ་མཐའ་མ་ངོ་མ་ཞིག་ཡོད་དམ་ཞེ་ན། དེ་ངས་ཤེས་ཀྱི་མེད། ཚངས་པའི་རྗེས་འབྲངས་པ་འགས་བདག་དེ་ཚངས་པ་ཆེན་པོ་དང་ཟླ་སྒྲིལ་དུ་གྱུར་གྱི་ཡོད་ཚུལ་བརྗོད་ཀྱི་ཡོད། དེས་ན་འདི་མཐའ་མ་དངོས་ཡིན་ནམ་མིན། དེ་ཡང་ངས་ཤེས་ཀྱི་མེད། ལྷ་མེད་པར་འདོད་མཁན་གྱི་ཆོས་ལུགས་གཅེར་བུ་པ་ལྟ་བུས་ཐར་པ་ཁས་ལེན་པ་དང་ཁོང་ཚོའི་དཔེ་ཆ་འགའ་ཞིག་ནང་དུ་ཐར་པ་ནི་ལྷ་ཡུལ་ལྟ་བུ་ཡིན་པ་དང་དེར་རྟག་ཏུ་གནས་པར་གསལ་ཡོད།

ངས་གཅེར་བུ་པའི་ཆོས་ལུགས་ཀྱི་ལངས་ཕྱོགས་ཇི་མ་ཇི་བཞིན་ཤེས་ཀྱི་མེད། འོན་ཏེ་ནང་ཆོས་ནང་འདོད་ཚུལ་གཉིས་ཡོད། འདོད་ཚུལ་གཅིག་ནི་ཁྱེད་རང་ཐར་པ་ཐོབ་པའི་ཚེ་མི་ཚེ་དེའི་ལྷག་མ་དག་ལ་གཟུགས་དེ་མུ་མཐུད་ནས་སེམས་དང་བདག་གི་རྒྱུན་ལ་བཏགས་པ་བཞིན་གནས་ཀྱི་ཡོད། དེ་ལ་ལྷག་བཅས་ཀྱི་མྱང་འདས་ཟེར་གྱི་ཡོད། ཡིན་ནའང་སྔ་མའི་ལས་ལ་བརྟེན་ནས་བྱུང་བའི་སེམས་དང་གཟུགས་ཀྱི་ཕུང་པོ་དེ་འཆི་བའི་ཚེ་དགག་ན་གཟུགས་དགག་པ་དང་ལྷན་དུ་ཤེས་པའི་རྒྱུན་དང་བདག་ཡང་དགག་གི་ཡོད། དེ་ནི་ལྷག་མེད་ཀྱི་མྱང་འདས་ཡིན། དེ་འདྲ་ཡིན་པ་སོང་ཙང་། གནས་སྐབས་དེར་བདག་གནས་མེད། བདག་དེ་དགག་པའི་གནས་ལ་སླེབས་ཡོད།

འདོད་ཚུལ་གཞན་ཕྱོགས་དེར་སྤྱིར་ཐེག་པ་ཆེན་པོའི་ནང་ཆོས་ལ་མཚོན་ན། ཤེས་པ་གཙོ་བོ་དེར་དགག་པའི་རྒྱུ་མཚན་གང་ཡང་མི་ལྡན་པ་བརྗོད་ཀྱི་ཡོད། འཁྲུལ་ཤེས་དང་ལོག་ཤེས་ལ་བརྟེན་པའི་རྟོག་པ་རྣམས་དགག་གི་ཡོད། གང་ཡིན་ཟེར་ན། གཞི་རྩ་དེ་རྣམས་ལྡོག་པའི་གཉེན་པོའི་རྟོག་པ་ཞིག་ཡོད། ཡང་དག་པའི་རྟོག་པ་དང་ལོག་ཤེས་གཉིས་ནི་ཕན་ཚུན་སྤངས་འགལ་གྱི་གཞི་མཐུན་མི་སྲིདཔ་ཡིན་པས་སེམས་ཀྱི་སྐད་ཅིག་གཅིག་ཏུ་དུས་གཅིག་ལ་གནས་མི་ཐུབ། ཡིན་ནའང་འདིར་སེམས་ཀྱི་རང་བཞིན་འོད་གསལ་བ་དེར་གཅིག་མཚུངས་ཀྱི་དགག་པ་མེད། དེར་བརྟེན། སོ་སོའི་སེམས་ཀྱི་རང་བཞིན་འོད་གསལ་བ་དེར་མཐའ་མ་མེད་པ་དང་བདག་ཅེས་པ་སེམས་ཀྱི་རང་བཞིན་འོད་གསལ་བར་བརྟེན་ནས་བཏགས་པ་དེ་ལའང་མཐའ་མ་མེད། འཁྲུལ་ཤེས་ཀྱི་གོམས་པ་དེ་དགག་ཐུབ་ཀྱི་ཡོད་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་དགག་དགོས་པའི་རྒྱུ་མཚན་གང་ཡང་མེད། རྒྱུ་མཚན་དེ་ལ་བརྟེན་ནས་ནང་ཆོས་ནང་ལངས་ཕྱོགས་གཉིས་ཡོད་དེ། བདག་ལ་མཐའ་མ་ཡོད་པར་འཛིན་མཁན་གཅིག་དང་གཅིག་ནི་བདག་ལ་མཐའ་མ་མེད་པར་འཛིན་གྱི་ཡོད།

ཕྱོགས་བསྡོམས།

འདས་པའི་ལོ་གསུམ་སྟོང་བརྒལ་བའི་རིང་ཆོས་ལུགས་སྣ་ཚོགས་བྱུང་བ་དང་དེ་རྣམས་ཀྱིས་དྲི་བ་འདི་གསུམ་ལ་ལན་འདེབས་པར་འབད་བརྩོན་བྱས་ཡོད། ཆོས་ལུགས་ཆེ་ཁག་དེ་དག་ཕལ་མོ་ཆེར་རྣམ་པ་གཉིས་ཡོད་དེ། ཆོས་ཕྱོགས་ཀྱི་རྣམ་པ་དང་ལྟ་གྲུབ་ཀྱི་རྣམ་པ་བཅས་གཉིས་ཡིན། ཕྱོགས་གཞན་ཞིག་ནས་སེམས་འདུལ་བར་སྤྱོད་པའི་ཉམས་ལེན་གྱི་ཆོས་དང། དེ་བདེན་པ་ར་སྤྲོད་བྱེད་པར་རྒྱབ་རྟེན་གྱི་ཚུལ་དུ་ལྟ་གྲུབ་ཀྱི་རྣམ་པ་ཞིག་ཡོད། ཆོས་ལུགས་ཚང་མར་དད་པ་དང་རྒྱུ་མཚན་གཉིས་ཟུང་དུ་འབྲེལ་ནས་འགྲོ་དགོས་ཀྱི་ཡོད། ནང་ཆོས་ཀྱིས་ཉམས་ལེན་དང་འབྲེལ་བའི་ཆོས་རྣམས་ཐབས་ཀྱི་ཆ་དང་། ཉམས་ལེན་གྱི་ཆོས་དེར་རྒྱབ་རྟེན་བྱེད་པའི་ལྟ་གྲུབ་དང་འབྲེལ་བའི་ཆོས་ནི་ཤེས་རབ་ཀྱི་ཆ་ཡིན་པར་བརྗོད། ཉམས་ལེན་གྱི་ཆ་དེ་བཞིན་ཐབས་ཀྱི་ངོ་བོར་འཛིན་པ་དེ་དག་གཙོ་བོ་འདོད་པའམ་འདུན་པ་གོང་འཕེལ་གཏོང་བ་ཚུད་ཡོད། [དཔེར་ན། སེམས་ཅན་ཐམས་ཅད་རང་གི་སྡུག་བསྔལ་ལས་ཐར་བའི་ཆེད་རོགས་བྱེད་ཐུབ་པར་ཤོག་ཅེས་པའི་འདོད་འདུན་གྱི་ཡིད་སྨོན་ལྟ་བུ་ཡིན།]

སྐབས་རེ་ངས་ཆོས་ལུགས་ལ་དབྱེ་བ་གཉིས་ཡོད་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། དེ་ནི་དཀོན་མཆོག་ཡོད་པ་དང་མེད་པའི་ཆོས་ལུགས་ཡིན། ནང་ཆོས་ནི་དཀོན་མཆོག་མེད་པའི་ཆོས་ལུགས་ཤིག་ཡིན། དཀོན་མཆོག་ཡོད་པར་འདོད་མཁན་གྱི་ཆོས་ལུགས་ལྟར་བྱས་ན། ནང་ཆོས་ནི་ཆོས་ལུགས་ངོ་མ་མིན། དེ་ནི་ཆད་ལྟ་ལྟ་བུ་ཆགས་ཀྱི་ཡོད། ངའི་གྲོགས་པོ་འགའ་ཞིག་གིས་ནང་ཆོས་ནི་དཀོན་མཆོག་གི་གནས་སུ་འཁྲིད་པའི་ལམ་ཞིག་ཡིན་པས་དཀོན་མཆོག་དང་འགལ་ཟླ་མ་ཡིན་ཞེས་དེ་ལྟར་ང་ལ་ལེགས་བཅོས་གནང་གི་འདུག

ངས་དཀོན་མཆོག་ཁས་བླངས་པའི་ཆོས་ལུགས་ནང་དུ་ཆོས་ཀྱི་ལྟ་གྲུབ་གཙོ་བོ་ནི་དཀོན་མཆོག་ཡིན་པ་ཚོར་གྱི་འདུག །ནང་པ་འགའ་ཞིག་གིས་ནང་ཆོས་དེ་སངས་རྒྱས་ལས་བྱུང་བ་ཡིན་ནའང་སངས་རྒྱས་ནི་ང་ཚོ་ལྟ་བུའི་སེམས་ཅན་ཞིག་ལས་བྱུང་བར་བརྗོད། ཐུན་མོང་བའི་འདོད་ལུགས་ལ་མཚོན་ན་རྡོ་རྗེ་གདན་གྱི་བར་དུ་ཁོང་སོ་སྐྱེ་སེམས་ཅན་ཞིག་ཡིན། ལེགས་སྦྱར་གྱི་སྲོལ་ལྟར་བྱས་ན། སངས་རྒྱས་ཀྱི་སྐུ་བཞི་ཤོད་ཀྱི་ཡོད་པ་དེ་ཏོག་ཙམ་མི་འདྲ་བ་ཞིག་རེད། འོན་ཏེ་སྔོན་གྱི་པཱ་ལིའི་སྲོལ་རྒྱུན་ལྟར་བྱས་ན། ཤ་ཀྱཱ་ཐུབ་པའི་སྐུ་ཚེ་སྟོད་ལ་སོ་སོ་སྐྱེ་བོ་ཡིན་པ་དང་ཕྱིས་སུ་སངས་རྒྱས་པར་ཤོད་ཀྱི་ཡོད། དེ་འདྲ་ཡིན་པ་སོང་ཙང་། སངས་རྒྱས་ཀྱི་ཆོས་དེ་ཁོང་སངས་རྒྱས་ཡིན་པའི་སྐབས་སུ་བྱུང་ཡང་སངས་རྒྱས་ཉིད་སོ་སོ་སྐྱེ་བོའམ་ང་ཚོར་དང་འདྲ་བའི་སེམས་ཅན་ལས་བྱུང་ཡོད། དེར་བརྟེན་ནང་ཆོས་དེ་འགྲོ་བ་མི་ཕལ་པ་ཞིག་གི་རིམ་པ་ལས་བྱུང་བ་ཡིན་པ་ལས་དཀོན་མཆོག་ལས་བྱུང་བ་ཞིག་མ་ཡིན། གལ་ཏེ་ང་ཚོས་དཀོན་མཆོག་དེ་ཡོངས་སུ་སངས་རྒྱས་པ་ཞིག་ཡིན་ཞེས་ང་ཚོས་བདེན་པ་དག་སྐྱེལ་བྱས་ན། སངས་རྒྱས་ཀྱང་དཀོན་མཆོག་ལྟ་བུ་ཡིན། འོན་ཏེ་ཁོང་ད་དུང་སེམས་ཅན་ཕལ་པ་ཞིག་ལས་བྱུང་བ་ཡིན།

ནང་པའི་ལྟ་བ་དང་རྣམ་གཞག་ནི་གཞི་གྲུབ་དངོས་པོའི་གནས་ལུགས་ལ་གཞི་རྟེན་བྱས་ཡོད། དཔེར་ན། བདེན་པ་བཞི་ལ་ཆ་བཞག་ན། སྡུག་བསྔལ་དང་དེའི་རྒྱུ་ནི་དངོས་པོའི་གནས་ལུགས་ཐོག་ནས་བདེན་པར་གྲུབ་ཡོད། བདག་མེད་ཀྱི་བཤད་པ་དེ་ནི་དངོས་པོའི་གནས་ལུགས་སྐོར་ཤོད་ཀྱི་ཡོད། ཐར་པ་ཞེས་པའི་ལྟ་གྲུབ་དེ་ཡང་གནས་ལུགས་དེ་ལ་གཞི་རྟེན་བྱས་ཡོད། ནང་པའི་གཞུང་ལུགས་འགའ་ཤས་ནང་། “དངོས་པོའི་གནས་ལུགས་ཀྱི་མེད་དུ་མི་རུང་བའི་རང་བཞིན་དེ་གཞི་རུ་འཛིན་པ་དང་། དེ་ལ་གཞི་རྟེན་བྱས་པའི་ཐབས་གོང་འཕེལ་དུ་གཏོང་བ་ནི་ལམ། ལམ་དེ་ལ་བརྟེན་ནས་འབྲས་བུ་མངོན་དུ་བྱེད་ཚུལ་” བཅས་འགྲེལ་བརྗོད་བྱེད་ཀྱི་ཡོད།

དེར་བརྟེན་ངས་ནང་པའི་ཚན་རིག་གམ་ལྟ་གྲུབ་དེ་ནང་པའི་ཆོས་ལུགས་ལས་དབྱེ་བ་འབྱེད་ཀྱི་ཡོད། ནང་པའི་ཚན་རིག་ནང་བཟང་སྤྱོད་ཐོག་ཞིབ་དཔྱོད་ཀྱི་གྲོས་མོལ་གང་ཡང་མེད་དེ། དངོས་པོའི་གནས་ལུགས་གང་ཡིན་སྐོར་དཔྱད་ཞིབ་བྱེད་པ་ཁོ་ན་ཡིན། དེ་ལྟ་བུའི་དཔྱད་ཞིབ་བྱེད་པའི་ཚེ། དཔྱད་ལུགས་དཔྱད་སྟངས་དེ་དྲང་པོ་དྲང་གཞག་དང་ཕྱོགས་ལྷུང་མེད་པ་ཞིག་དགོས། ང་ཚོར་དོགས་འཆར་དང་ཐེ་ཚོམ་དེ་འདྲ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། ཐེ་ཚོམ་ལ་བརྟེན་ནས་དྲི་བ་འབྱུང་བ་དང་དྲི་བ་ལས་དཔྱད་ཞིབ་ཡོང་གི་ཡོད། དེ་ཡིས་དོན་དངོས་དང་མཐུན་པའི་ལན་ཞིག་རྙེད་པར་འགྱུར། དེ་འདྲ་ཡིན་པ་སོང་ཙང་། དམིགས་བསལ་རྒྱ་གར་དུ་ཡོད་པའི་ནཱ་ལེནྜའི་གཙུག་ལག་སློབ་གཉེར་ཁང་གི་ལེགས་སྦྱར་གྱི་སྲོལ་རྒྱུན་ [བོད་ཀྱི་ནང་ཆོས་དེའི་རྗེས་སུ་འབྲང་གི་ཡོད།] ནང་རྒྱུ་མཚན་ནམ་གཏན་ཚིགས་རིག་པར་ནན་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཉམས་ལེན་བྱེད་པར་དྲི་བ་འདོན་རྒྱུ་ཅིའི་ཕྱིར་གལ་ཆེན་པོ་ཡིན་ནམ་ཞེ་ན། ང་ཚོར་དངོས་པོའི་གནས་ལུགས་དེ་ཤེས་དགོས་ཀྱི་ཡོད་པ་དང་། ཉམས་ལེན་དེ་དག་དངོས་པོའི་གནས་ལུགས་ལ་བརྟེན་དགོས་ཀྱི་ཡོད། དེར་བརྟེན་དཔྱད་ཞིབ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན།

གལ་ཏེ་ཆོས་ལུགས་དེ་དཔེ་ཆེའི་ལུང་ཙམ་ལ་བརྟེན་ཡོད་ན། དེ་དག་རྒྱུ་མཚན་རིག་པ་ལ་དངོས་གནས་བརྟེན་མེད། ང་ཚོས་ལུང་འདྲེན་ཆོག་གི་ཡོད་ཀྱང་ལུང་དེ་དག་ཚད་མ་ཡིན་མིན་དེ་གཏན་ཚིགས་རིག་པའི་སྒོ་ནས་གཏན་འབེབས་བྱེད་དགོས་ཀྱི་ཡོད། ནང་ཆོས་ནང་དུ་ཆོས་ལ་རིགས་གསུམ་དུ་ཤོད་ཀྱི་ཡོད། དེ་དག་ནི་མངོན་གྱུར་དང། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་བཅས་ཡིན།    མཐའ་མ་དེ་དག་མངོན་སུམ་ཚད་མས་རྟོགས་མི་ཐུབ་ལ་རྗེས་དཔག་ཚད་མས་ཀྱང་དཔོག་མི་ཐུབ། དེ་ནི་ཁུངས་ལྡན་གྱི་གནས་ཚུལ་ལམ་ཚད་ལྡན་གྱི་ཤེས་བྱ་ཁོང་དུ་ཆུབ་པའི་གང་ཟག་ཞིག་ལ་བརྟེན་དགོས། [གནས་ཚུལ་དེ་དག་གི་ཁུངས་རྣམས་ཚད་ལྡན་ཡིན་མིན་རྒྱུ་མཚན་རིག་པས་གཏན་ལ་འབེབས་དགོས་ཀྱི་ཡོད།]

དེ་ནས་ནང་པའི་ཚན་རིག་གིས་གང་ཞིག་གཞི་གྲུབ་པའི་རང་བཞིན་ནམ་ངོ་བོར་ཞིབ་དཔྱོད་བྱེད་ཀྱི་ཡོད། གང་ཞིག་གཞི་གྲུབ་ལ་རྣམ་པ་གཉིས་ཡོད་དེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཡིན། དེང་དུས་ཀྱི་ཚན་རིག་ནི་ཕྱི་དངོས་པོའི་གནས་དོན་ཐད་ནང་ཆོས་ཀྱི་གོ་རྟོགས་དང་བསྡུར་ན་ཧ་ཅང་ཚད་མཐོའི་གོང་འཕེལ་ཕྱིན་ཡོད། དེར་བརྟེན་ནང་པ་ཚོས་དེང་དུས་ཚན་རིག་ནས་སློབ་སྦྱོང་དང་ལེགས་ཆ་བླངས་ན་ཕན་ཐོགས་ཆེན་པོ་ཡོད། ཡིན་ནའང་སེམས་ཀྱི་གནས་ལུགས་དང་ཤེས་པར་མཚོན་ན། དེང་དུས་ཀྱི་ཚན་རིག་དེ་མགོ་བཙུགས་ཙམ་གྱི་རིམ་པ་ལ་སླེབས་ཡོད། དེ་ལ་ “སྤྱོད་ལམ་དང་འབྲེལ་བའི་ཚན་རིག་” Soft Science ཅེས་ཟེར། གནའ་བོའི་རྒྱ་གར་གྱི་སེམས་དང་འབྲེལ་བའི་ཤེས་བྱ་དཔེར་ན། ནང་པ་དང། གཅེར་བུ་པ། ཧིན་རྡུ་སོགས་ནས་ང་ཚོར་གནས་ཚུལ་དང་གོ་རྟོགས་མང་དག་རྙེད་ཐུབ། ཚན་རིག་པ་འགའ་ཞིག་གིས་ཤེས་བྱ་དེ་དག་ཟུང་དུ་འབྲེལ་བའི་འདུན་པ་ཤུགས་དྲག་སྟོན་གྱི་ཡོད་པ་འདི་ནི་ཧ་ཅང་གི་ཕན་ཐོགས་ཆེའོ།།

Top