འཇིགས་སྣང་། ཉོན་མོངས་ལ་གདོང་ལེན་བྱེད་ཚུལ།

01:41
འཇིགས་སྣང་ནི་ང་ཚོའི་མི་ཚེའི་ནང་བཟང་ཕྱོགས་དགེ་བའི་དོན་དག་གང་ཞིག་སྒྲུབ་པར་བར་ཆད་ཤུགས་ཆེ་ཤོས་བྱེད་མཁན་ཞིག་ཡིན། སེམས་ཀྱི་གནས་བབས་རྨོངས་པའི་ཆ་ནས། འདི་མ་རིག་པ་ལ་གཞི་རྟེན་བྱས་ཡོད་པ་དང་། དམིགས་བསལ་གྱི་རང་ཉིད་འཇིག་ཉེན་མེད་པ་ཚོར་དགོས་དོན་གང་ཡིན་པའི་སྐོར་བཤད་ཀྱི་ཡོད། གང་ལྟར་ཡང་། ཛ་དྲག་དང་གནས་སྐབས་ཀྱི་ཐབས་ལམ་གྱི་རིམ་པ་རྒྱ་ཆེན་པོ་ཞིག་ལ་བརྟེན་ནས། ང་ཚོ་རང་ཉིད་འཇིགས་སྣང་གི་སྐྱོན་གྱིས་དམ་པོར་འཛིན་པ་ལས་ཐར་བར་བྱེད་ཐུབ།

འཇིགས་སྣང་ལ་གདོང་ལེན་བྱེད་པའི་ཛ་དྲག་གི་ཐབས་ལམ།

བོད་བརྒྱུད་ནང་བསྟན་ཁྲོད་རྗེ་བཙུན་སྒྲོལ་མས་ང་ཚོ་འཇིགས་སྣང་ལས་སྐྱོབ་པར་བྱེད་མཁན་གྱི་སངས་རྒྱས་ཀྱི་རྣམ་པའམ་ཡི་དམ་ཞིག་མཚོན་གྱི་ཡོད། རྗེ་བཙུན་སྒྲོལ་མ་ནི་དོན་དངོས་སུ་གཟུགས་པོའི་ནང་གི་རྩ་རླུང་དང་དབུགས་མཚོན་ཞིང་། ཡོངས་སུ་དག་པ་དང་བྱ་བ་བྱེད་པའི་ནུས་པ་དང་ང་ཚོའི་དམིགས་ཡུལ་ལེགས་གྲུབ་ཐུབ་པ་མཚོན། མཚོན་དོན་དེས་ནི་དབུགས་གཏོང་བ་དང་མཉམ་དུ་ཉམས་ལེན་བྱེད་པའི་ཛ་དྲག་གི་ཐབས་ལམ་འགའ་དང་འཇིགས་སྣང་ལ་གདོང་ལེན་ཆེད་ནུས་པ་ཕྲ་མོ་འགའ་སྟོན་གྱི་ཡོད། 

སྟ་གོན་གྱི་ཉམས་ལེན་ ༼སྔོན་འགྲོ་༽ སྐབས་ནས་བྱུང་བའི་ཛ་དྲག་གི་ཐབས་ལམ་ནི། ང་ཚོས་ཆོས་མ་སྒོམ་པའི་སྔོན་དང་། སློབ་སྦྱོང་མ་བྱས་པའིསྔོན། ཡང་ན་ཆོས་ལ་མ་ཉན་པའི་སྔོན་ནས་ལག་བསྟར་བྱེད་ཀྱི་ཡོད། ང་ཚོར་ཞེད་སྣང་ཧ་ཅང་ཆེན་པོ་བྱུང་བའམ། ཡང་ན་གློ་བུར་དངངས་སྐྲག་སྐྱེ་འགོ་བཙུག་པའི་ཛ་དྲག་གི་གནས་སྐབས་དེ་འདྲའི་ནང། ཉམས་ལེན་དེ་དག་གིས་སེམས་ཞི་འཇམ་ངང་གནས་པར་རོགས་རམ་བྱེད། དེ་དག་གིས་ད་དུང་ཐབས་ལམ་གཏིང་ཟབ་པ་རྣམས་ལག་བསྟར་མ་བྱས་གོང་གི་གོམ་པ་དང་པོ་ལྟ་བུར་རམ་འདེགས་བྱེད་ཀྱི་ཡོད། གཤམ་དུ་གོ་རིམ་ལྟར་བཀོད་པ་བཞིན། ང་ཚོས་དོན་ཚན་ལྔ་ལས་གཅིག་གམ། ཡང་ན་ལྔ་ག་ཉམས་ལེན་བྱེད་ཆོག་པ་ཡིན།

༡༽ མིག་བཙུམས་ནས་དབུགས་ཀྱི་རྒྱུ་བ་གྲངས་ཀ་བརྩི་བ་དང་། དབུགས་ནང་དུ་རྔུབ་པ་དང་ཕྱིར་གཏོང་བ། ཁོག་སྨད་ཡར་འགྲེང་པ་དང་མར་དབབ་པ། དེ་ནས་དབུགས་ཕྱིར་གཏོང་བ་བཅས་ཀྱི་ཐོག་ལ་དམིགས་པ་གཏད་དགོས།  

༢༽ མིག་ཕྱེད་ཙམ་ཕྱེས་ནས་དབུགས་ཀྱི་རྒྱུ་བ་གྲངས་ཀ་བརྩི་བ་དང། དོ་སྣང་ལྷུག་པོ་བྱེད་པ། མིག་ཞ་ལའི་སྟེང་ལྟ་བ། དབུགས་ཕྱིར་བཏང་ནས་མཚམས་འཇོག་པ། དེ་ནས་དབུགས་ནང་དུ་རྔུབ་པའི་ཐོག་དོ་སྣང་གོང་དང་གཅིག་མཚུངས་སྤྲད་དེ། ཏོག་ཙམ་རྗེས་ནས་ང་ཚོས་རྐུབ་སྟེགས་དང་གདན་སོགས་འོག་གི་དངོས་པོར་ཐུག་པའི་མྱོང་ཚོར་གྱི་དྲན་ཤེས་ཁ་སྣོན་བྱེད་པ་བཅས་ཡིན། 

༣༽ ང་ཚོས་གང་འཐོབ་པར་འདོད་པའི་དམིགས་ཡུལ་ལམ་ཀུན་སློང་ཡང་བསྐྱར་ངེས་བརྟན་བཟོ་བ་ ༼སེམས་ཞི་ལྷོད་ཆགས་པ་༽ དང་། དེ་ལྟར་འཐོབ་འདོད་ཀྱི་དམིགས་ཡུལ་ཡོད་པའི་རྒྱུ་མཚན་གང་ཡིན། 

༤༽ པར་ཆས་ལ་ཡོད་པའི་དྭངས་ཤེལ་དང་འདྲ་བར་སེམས་དང་ནུས་པ་གཉིས་དམིགས་པ་གཅིག་ཏུ་གཏད་དགོས་པ།

༥༽ དབུགས་གྲངས་ཀ་མ་བརྩིས་པར། ཁོག་སྨད་ཡར་འགྲེང་པ་དང་མར་གཅོག་པའི་སྟེང་དམིགས་པ་གཏད་པ་དང་ཆབས་ཅིག་དབུགས་གཏོང་ལེན་དང་བཅས་གཟུགས་པོའི་ནང་གི་ནུས་པ་ཆ་ཚང་ཞི་མཐུན་པའི་སྒོ་ནས་རྒྱུ་གི་ཡོད་པར་ཚོར་དགོས།

འཇིགས་སྣང་གང་རེད་དམ།

འཇིགས་སྣང་ནི་སོ་སོས་རྒྱུས་མངའ་ཡོད་མེད་གང་ལྟར་ཡང་། ཡུལ་ཞིག་ལ་ལུས་དང་སེམས་ཚོར་གྱི་ཐོག་ནས་བག་མི་ཕེབས་པ་ཚོར་བ་ཞིག་ཡིན། ཚོར་བ་དེ་ལ་བརྟེན་ནས་ང་ཚོར་སྟངས་འཛིན་བྱེད་པ་དང་། གདོང་ལེན་བྱེད་པ། འདོད་པའི་འབྲས་བུ་བཅས་འཐོབ་པའི་ནུས་པ་མེད་པར་ཚོར་གྱི་ཡོད། ང་ཚོས་སོ་སོའི་འཇིགས་སྣང་དེ་མེད་པ་བཟོ་འདོད་པ་དང་། དེར་བརྟེན་ཞེན་ལོག་ཤུགས་ཆེན་པོ་ཡོང་གི་ཡོད། འཇིགས་སྣང་དེ་སྤྱིར་བཏང་གི་སེམས་འཚབ་ཅིག་ཡིན་ཀྱང་། འཇིགས་སའི་ཡུལ་བྱེ་བྲག་པ་ཞིག་མེད་ནའང། ད་དུང་གསལ་ཁ་མེད་པའི་གནད་དོན་གང་རུང་ཞིག་ཚོད་ཚོད་ངང་མེད་པར་བཟོ་འདོད་དྲག་པོ་ཡོང་གི་ཡོད། 

འཇིགས་སྣང་ནི་ཁོང་ཁྲོ་ཙམ་མ་ཡིན། ཡིན་ནའང་ཁོང་ཁྲོ་དང་འདྲ་བར། ང་ཚོས་འཇིགས་སྣང་གང་དུ་བྱེད་སའི་ཡུལ་དེར་མི་དགེ་བའི་ཁྱད་ཆོས་དང་ངར་འཛིན་འཕེལ་བ་གཏོགས་ཡོད། འཇིགས་སྣང་དེ་ཁོང་ཁྲོ་དང་བཅས་འདུ་ཤེས་ཀྱི་ངོ་བོར་གྱུར་ན། ང་ཚོས་གནས་སྟངས་གང་ཡིན་རུང་སྟངས་འཛིན་དང་གདོང་ལེན་བྱེད་མི་ཐུབ། འདུ་ཤེས་འཛིན་ཚུལ་དེའི་ཐོག་ནས་འཇིགས་སྣང་སྐྱེ་ཡུལ་དང་རང་ཉིད་ལ་དོ་སྣང་བྱེད་པའི་སྐབས་སུ། འདུ་ཤེས་འཛིན་ཚུལ་དང་དོ་སྣང་བྱེད་ཚུལ་དེ་འགྲིག་པའམ་ནོར་བ་གང་རུང་ཡིན་སྲིད་པ་རེད།

འཇིགས་སྣང་ལ་མ་རིག་པས་གྲོགས་བྱེད་ཀྱི་ཡོད།

འཇིགས་སྣང་ནི་རྟག་ཏུ་དངོས་པོའི་གནས་ལུགས་མ་རྟོགས་པའམ་མ་ཤེས་པས་ ༼མ་རིག་པ་དང་རྨོངས་པ༽ གྲོགས་བྱས་པ་ཞིག་ཡིན། དེ་ཡང་དངོས་པོའི་གནས་ལུགས་མ་རྟོགས་པའམ། རྟོགས་ཀྱང་དངོས་པོའི་གནས་ལུགས་དང་འགལ་བར་རྟོགས་པ་དེ་ཡིན། ད་ང་ཚོས་ཡོང་སྲིད་པའི་ཁྱད་པར་ཁག་དྲུག་ལ་བསམ་ཞིབ་བྱས་ན། 

༡༽ གནས་སྟངས་གང་ཞིག་ལ་སྟངས་འཛིན་ནམ་གདོང་ལེན་མི་ཐུབ་པའི་འཇིགས་སྣང་སྐྱེས་སྐབས། འཇིགས་སྣང་དེ་ཧ་ལམ་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་དང་དངོས་པོའི་གནས་ཚུལ་ལ་རྨོངས་པའི་མ་རིག་པས་རྐྱེན་བྱས་ཡོད། ང་ཚོའི་འཇིགས་སྣང་གི་སྒོ་ནས་སོ་སོ་རང་ཉིད་དང་འཇིགས་སྣང་སྐྱེ་ཡུལ་ལ་དོ་སྣང་བྱེད་པའི་ཞེན་ཡུལ་ནི།

  • “ང་” ཞེས་ཚུགས་ཐུབ་ཏུ་རྡོ་རྡོག་གནས་པར་འཛིན་པ་སྟེ། དེ་ཡང་གང་ཟག་གང་ཞིག་རང་གི་དབང་གིས་གཞན་ལ་མ་བརྟེན་པར་ཐམས་ཅད་སྟངས་འཛིན་ཐུབ་པ། དཔེར་ན། ང་ཚོའི་ཕྲུ་གུར་རྨས་སྐྱོན་མ་ཕོག་པ་བྱེད་པ་ལྟ་བུ་རེད།
  • “ཆོས་” རྣམས་ཚུགས་ཐུབ་ཏུ་རྡོག་རྡོག་གནས་པར་འཛིན་པ་སྟེ། ཆོས་གང་ཞིག་གཞན་ལ་མ་བརྟེན་པར་ཡུལ་རང་ངོས་ནས་གྲུབ་པ། དེ་ང་ཚོའི་འབད་བརྩོན་ཁོ་ན་ལ་བརྟེན་ནས་སྟངས་འཛིན་ཐུབ་པ་དགོས་ཀྱང་། རང་སོ་སོའི་ནུས་པས་འདང་གི་མེད་པ་ཟོང་ཙང། ང་ཚོས་ཐུབ་ཀྱི་མེད།

དེ་དག་ནི་ཡིན་པ་མི་སྲིད་པའི་གྲུབ་ཚུལ་དང་རྒྱུ་འབྲས་ཀྱི་བྱ་བ་མི་སྲིད་པ་ཞིག་ཡིན། 

༢༽ ང་ཚོར་འཇིགས་སྣང་སྐྱེས་ནས་གནས་སྟངས་ལ་གདོང་ལེན་བྱེད་མི་ཐུབ་པའི་སྐབས་སུ། འཇིགས་སྣང་དེ་དང་མཉམ་དུ་ཡོད་པའི་མ་རིག་པ་དེ་གཅིག་བྱས་ན་སེམས་ཀྱི་རང་བཞིན་མ་རྟོགས་པ་དང་མི་རྟག་པ་མ་རྟོགས་པ་ཡིན་རྒྱུ་རེད། ང་ཚོས་སོ་སོའི་སེམས་ཚོར་ལ་སྟངས་འཛིན་བྱེད་མ་ཐུབ་པའམ། ཡང་ན་སོ་སོའི་དགའ་ཉེ་ཞིག་འདས་གྲོངས་སུ་གྱུར་ན། དེར་གདོང་ལེན་བྱེད་ཐུབ་ཀྱི་མེད། ང་ཚོས་སོ་སོའི་སེམས་སྐྱོ་པོ་དང་སྡུག་བསྔལ་གྱི་མྱོང་བ་རྣམས་སྣང་ཚུལ་ཙམ་ལ་བརྟེན་ནས་བྱུང་བ་ཤེས་ཀྱི་མེད། དེ་དག་ནི་སོའི་སྨན་པས་སོ་འབིགས་པ་དང་འགོག་པའི་སྐབས་ཀྱི་ན་ཟུག་ལྟར་འཁྱུག་ཙམ་ཡིན་ཞིང་། མི་རྟག་པ་ཡིན་པས་འགྱུར་འགྲོ་བ་ཡིན། 

༣༽ གནས་སྟངས་ཤིག་ལ་གདོང་ལེན་བྱེད་མི་ཐུབ་པར་བྱུང་བའི་འཇིགས་སྣང་དེ་ནི་ང་ཚོ་རང་གིས་ཚོད་འཛིན་མི་ཐུབ་པའི་འཇིགས་སྣང་ཞིག་ཡིན་སྲིད། དེའི་ནང་ད་དུང་ཁེར་རྐྱང་དང་གཅིག་པུར་གནས་པའི་ཚོར་བའི་འཇིགས་སྣང་ཡང་ཡོད་སྲིད་པ་རེད། ང་ཚོའི་བསམ་པར། སོ་སོའི་གནས་སྟངས་དེ་ཚབས་ཆུང་དུ་གཏོང་མཁན་མི་གཞན་ཞིག་རྙེད་ཐུབ་བསམ་གྱི་ཡོད། འདིར་ཞེན་ཡུལ་ནི།

  • “ང་” ཞེས་ཚུགས་ཐུབ་ཏུ་རྡོག་རྡོག་གྲུབ་པ་དེ་འཇོན་ཐང་མེད་པ་དང་། ཚད་མ་ལོངས་པ། འགྲིག་ངེས་ཀྱི་ཡག་པོ་མེད་པ། ནམ་ཡང་སྦྱོང་མི་ཐུབ་མཁན་ཞིག་ཡིན། 
  • “གཞན་ཞིག་” ཚུགས་ཐུབ་ཏུ་རྡོག་རྡོག་གྲུབ་པར་འཛིན་པ་དེ་རང་ལས་ཡག་ག་ཡོ་པ་དང་། དེས་རང་ཉིད་སྐྱོབ་ཐུབ་མཁན་ཞིག །

འདི་ནི་གཞན་དང་ང་ཚོའི་གནས་ལུགས་ལ་རྨོངས་པའི་མ་རིག་པ་དང་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པའི་རྣམ་པ་གཞན་ཞིག་རེད། དཔེར་ན། སོ་སོའི་མོ་ཊའམ་སྣུམ་འཁོར་སྐྱོན་ཤོར་བ་ལྟ་བུའི་སྐབས་དེར་བཟོ་བཅོས་བྱ་རྒྱུའི་འཇོན་ཐང་རང་ལ་མེད་པར་གཞན་ཞིག་ལ་ཡོད་སྲིད་ཅིང་། གཞན་གྱིས་ང་ཚོར་རོགས་པ་བྱེད་ཐུབ་པ་ཡོང་སྲིད། འོན་ཀྱང་རྒྱུ་འབྲས་ཀྱི་བྱ་བ་བྱེད་སྟངས་ཐོག་ནས་ང་ཚོས་སྦྱོང་མི་ཐུབ་ཅེས་པའི་དོན་མིན། 

༤༽ དཔེར་ན། ང་ཚོ་ལས་མི་ལྟ་བུའི་མི་གཞན་ཞིག་ལ་འཇིགས་སྣང་བྱུང་ན། ང་ཚོས་མི་དེའི་ཀུན་རྫོབ་ཀྱི་རང་བཞིན་ཤེས་ཀྱི་མེད། ང་ཚོའི་ལས་མི་ཡང་འགྲོ་བ་མི་རེད། ང་ཚོ་ལྟར་ཚོར་བ་གཅིག་པ་ཡོད། མི་དེའང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་དང་། དགའ་པོ་འདོད་ཅིང་མི་དགའ་བ་མི་འདོད་པ་ཡིན། ཁོང་ཚོར་ལས་ཁུངས་ཀྱི་ཕྱི་ལོགས་སུ་སོ་སོ་སྒེར་གྱི་མི་ཚེ་ཡོད་ཅིང་། དེ་དག་གིས་སོ་སོའི་སེམས་ཁམས་ཀྱི་ཉམས་འགྱུར་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། གལ་སྲིད་ང་ཚོས་སོ་སོའི་ལས་རོགས་ཚོ་དང་མཉམ་དུ་མི་ཡིན་པའི་ཐོག་ནས་འབྲེལ་གཏུགས་བྱེད་པ་དང་ཆབས་ཅིག་སོ་སོའི་གནས་རིམ་མ་བརྗེད་པར་བྱས་ན། འཇིགས་སྣང་ཆུང་བ་ཡོད། 

༥༽ དེ་ག་ནང་བཞིན། སྦྲུལ་དང་འབུ་སྲིན་སོགས་ལ་འཇིགས་སྣང་བྱུང་བའི་སྐབས། དེ་དག་ཀྱང་ང་ཚོ་ནང་བཞིན་བདེ་བ་འདོད་ཅིང་། སྡུག་བསྔལ་མི་འདོད་པའི་སེམས་ཅན་ཞིག་ཡིན་པ་ང་ཚོས་ཤེས་ཀྱི་མེད། ནང་པའི་ལྟ་ཚུལ་ཐོག་ནས་སེམས་ཅན་གྱི་རིགས་འདིའམ་གཞན་རྣམས་རང་བཞིན་གྱིས་གྲུབ་པའི་ངོ་བོས་སྟོང་བས། ང་ཚོས་ཕལ་ཆེར་དེ་དག་ཤེས་ཀྱི་མེད། དེ་བཞིན་སེམས་ཅན་དེ་དག་སྐྱེ་བ་སྔོན་མ་ང་ཚོའི་ཨ་མ་བྱས་མྱོང་ཡོད་མེད་ཀྱང་ཤེས་ཀྱི་མེད། 

༦༽ ལམ་ལྷོང་མ་བྱུང་བའམ། ཡང་ན་ནད་གཞི་བྱུང་བའི་སྐབས་ཞེད་སྣང་བྱེད་ཅིང་། འཁོར་བའི་སེམས་ཅན་ཞིག་ཡིན་པའི་ཆ་ནས་ཀུན་རྫོབ་ཀྱི་རང་བཞིན་ཡང་ང་ཚོས་ཤེས་ཀྱི་མེད། ང་ཚོ་ནི་སྐྱོན་མེད་ཡང་དག་པ་ཞིག་མ་ཡིན་པར་ནོར་འཁྲུལ་ཤོར་སྲིད་ལ། སྐབས་རེ་ལས་དོན་ཏག་ཏག་སྒྲུབ་མི་ཐུབ་པ་དང་། སྐབས་རེ་ནད་ན་ཚ་ཡོང་གི་ཡོད། ཁྱེད་ཀྱིས་འཁོར་བ་ལས་རེ་བ་ག་རེ་བྱེད་ཀྱི་ཡོད་དམ།

ཉེན་ཁ་མེད་པ་ཚོར་བ།

ནང་པའི་ལྟ་ཚུལ་གྱི་ཐོག་ནས་ཉེན་ཁ་མེད་པ་ཚོར་བ་ལ།

  • ང་ཚོར་སྲུང་སྐྱོབ་བྱེད་མཁན་གྱི་ནུས་མཐུ་ཀུན་ལྡན་གྱི་གང་ཟག་ཅིག་ལ་འགྱུར་འགྲོ་ཡག་མེད། གང་ཡིན་ཟེར་ན། ནུས་མཐུ་ཀུན་ལྡན་ནི་མི་སྲིད་པ་ཡིན། 
  • ཐ་ན་ནུས་མཐུ་ཆེ་བའི་མི་ཞིག་གིས་ང་ཚོར་ཕྱོགས་འགའ་ཞིག་ནས་རོགས་རམ་བྱེད་ཐུབ་ཀྱང་། མི་དེ་སྐྱིད་པོ་བཟོ་བའམ་མཆོད་པ་འབུལ་བ། ཡང་ན་སྲུང་སྐྱོབ་དང་རོགས་རམ་སླད་བློས་གཏོང་མི་བྱེད།
  • ང་ཚོ་རང་ཉིད་ནུས་མཐུ་ཀུན་ལྡན་ཆགས་ཀྱི་མེད་པ་བཅས་ཡིན། 

ཉེན་ཁ་མེད་པ་ཚོར་བ་ལ། ང་ཚོར་གཤམ་གསལ་གྱི་གོ་རིམ་དེ་དགོས། 

༡༽ འཇིགས་སྣང་གང་ཡིན་པར་ཤེས་དགོས་པ་དང་། དེའི་གཞི་རྩར་གྱུར་བའི་མ་རིག་པ་དང་རྨོངས་པ་ངོས་འཛིན་བྱ་རྒྱུ། 

༢༽ ང་ཚོར་འཇིགས་སྣང་གང་ཞིག་སྐྱེ་བ་དེ་ལ་སྟངས་འཛིན་བྱེད་དགོས་པའི་དོན་གང་ཡིན་ཐད་ལ་དོན་དངོས་དང་མཐུན་པའི་བསམ་ཚུལ་དགོས་པ་དང་། ལྷག་པར་དུ་གཞི་རྩར་གྱུར་བའམ་བག་ཏུ་ཉལ་བའི་རྨོངས་པ་མེད་པ་བཟོ་རྒྱུའི་ཐད་ལ་དོན་དངོས་ཀྱི་བསམ་བློ་གཏོང་རྒྱུ། 

༣༽ འཕྲལ་ཕུགས་གཉིས་ཀའི་ཐོག་ནས་ང་ཚོས་རང་ཉིད་ལ་ཚོད་དཔག་མཐོ་དྲགས་པའམ། ཡང་ན་དམའ་དྲགས་པ་མ་ཡིན་པར། འཇིགས་སྣང་གང་བྱུང་བ་ལ་གདོང་ལེན་བྱེད་པའི་སོ་སོའི་ནུས་པར་བརྟག་དགོས་པ་དང་། ད་ལྟའི་ང་ཚོའི་ཡར་རྒྱས་ཀྱི་རིམ་པ་ཁས་ལེན་བྱ་རྒྱུ། 

༤༽ ང་ཚོས་ད་ལྟ་གང་བྱེད་ཐུབ་པ་དེ་དངོས་སུ་ལག་བསྟར་བྱེད་དགོས། གལ་སྲིད་ང་ཚོས་བྱེད་ཀྱི་ཡོད་ན། དེ་ལ་དགའ་བ་སྒོམ་དགོས། གལ་སྲིད་བྱེད་ཀྱི་མེད་ན། སོ་སོའི་ནུས་པ་གང་ཡོད་བཏོན་ནས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་བྱེད་རྒྱུའི་ཆོད་སེམས་བཞག་སྟེ། དངོས་སུ་ལག་ལེན་བསྟར་ཐབས་བྱ་རྒྱུ། 

༥༽ གལ་ཏེ་ང་ཚོས་ད་ལྟ་ཆ་ཚང་གདོང་ལེན་མི་ཐུབ་ན། གདོང་ལེན་ཆ་ཚང་བ་ཞིག་བྱེད་ཐུབ་མཚམས་ཀྱི་བར་དུ་གོང་འཕེལ་ཇི་ལྟར་གཏོང་དགོས་པ་ཤེས་པར་བྱ་རྒྱུ། 

༦༽ ཡར་རྒྱས་ཀྱི་རིམ་པ་དེར་སླེབ་ཕྱིར་དམིགས་ཡུལ་བཟུང་ནས་དེའི་ཆེད་དཀའ་ལས་རྒྱག་རྒྱུ། 

༧༽ ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་ཞིག་ཏུ་འགྲོ་གི་ཡོད་པ་ཚོར་རྒྱུ་དང་བཅས་ཡིན།

གོང་གི་དོན་ཚན་བདུན་པོས་ནང་ཆོས་ནང་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་སུ་འགྲོ་བ་ཞེས་པའི་དོན་ལ་འགྲེལ་བཤད་རྒྱག་གི་ཡོད། སྐྱབས་སུ་འགྲོ་བ་ནི་ཁ་ཙམ་མམ་ཧུར་བརྩོན་དང་མི་ལྡན་པའི་གནས་བབས་ཤིག་མིན་པར། མི་ཚེའི་ནང་ཧུར་བརྩོན་དང་ལྡན་པའི་སྒོ་ནས་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་སྐྲུན་པ་སྟེ། ང་ཚོས་འཇིགས་སྣང་དེ་དག་མེད་པ་བཟོ་ཆེད། དངོས་སུ་སོ་སོའི་མི་ཚེའི་ནང་ལག་བསྟར་བྱེད་དགོས་པ་དེ་ཡིན། དེའི་མཇུག་འབྲས་སུ་ང་ཚོ་ཉེན་ཁ་མེད་པ་དང་སྲུང་སྐྱོབ་ཡོད་པ་ཚོར་གྱི་ཡོད། གང་ཡིན་ཟེར་ན། ང་ཚོ་མི་ཚེའི་ནང་ཁ་ཕྱོགས་མ་ནོར་བ་དང་བཟང་པོ་ཞིག་ཏུ་བསྐྱོད་བཞིན་ཡོད་པ་དང། དེས་མཐར་སོ་སོའི་སྡུག་བསྔལ་དང་དཀའ་ངལ་སོགས་མེད་པ་བཟོ་ཐུབ་པ་ང་ཚོས་ཤེས་ཀྱི་ཡོད།

འཇིགས་སྐྲག་ཆེ་བའི་གནས་སྟངས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་དངོས་ཡོད་ཀྱི་ལྟ་ཚུལ་ཞིག

ང་ཚོ་དྲན་དགོས་པ་ནི། 

༡༽ སོ་སོ་དང་སོ་སོའི་གཉེན་ཉེ་སུ་ལའང་གང་བྱུང་བ་ཡིན་ནའང། དེ་ནི་སོ་སོ་སྒེར་གྱིས་བསགས་པའི་ལས་ཀྱི་ནུས་པ་རྒྱ་ཆེན་པོ་དེ་དག་གི་རྣམ་སྨིན་འབྲས་བུ་ཡིན་པ་དང་། དེ་ག་ནང་བཞིན་ལོ་རྒྱུས། སྤྱི་ཚོགས། དཔལ་འབྱོར་གྱི་ནུས་ཤུགས་བཅས་ལས་བྱུང་བ་ཡིན། འཕྲལ་གྱི་རྐྱེན་དང་འདོད་པ་མེད་བཞིན་དུ་བྱུས་ཉེས་བྱུང་དུས་ང་ཚོས་སོ་སོའི་དགའ་ཉེ་སྤུན་མཆེད་རྣམས་དེ་ལས་སྐྱོབ་ཐུབ་ཀྱི་མེད། ང་ཚོས་གཟབ་གཟབ་ག་ཚོད་བྱས་པ་དང་། གཟབ་གཟབ་བྱེད་དགོས་པའི་བསླབ་བྱ་ག་ཚོད་བརྒྱབ་ཀྱང་ཅི་ཡང་ཕན་གྱི་མེད། ང་ཚོས་གང་བྱེད་ཐུབ་པ་ནི། ཁོང་ཚོར་ལམ་སྟོན་ཡག་པོ་ཞིག་བྱ་རྒྱུ་དང་། ཁོང་ཚོ་བདེ་བའི་སྨོན་ལམ་འདེབས་རྒྱུ་ཙམ་ཡིན། 

༢༽ འཕྲལ་གྱི་ཆག་སྒོ་བྱུང་རྐྱེན་དང་འཇིགས་སྣང་ལས་ཐར་བ་ལ། ང་ཚོས་སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་དགོས། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ་སྡོད་པ་ནི། སའི་སྟེང་དུ་ཁུང་བུ་ཞིག་གི་ནང་མགོ་བོ་བཅུག་སྟེ་འདུག་པ་དང་མི་འདྲ་ཞིང་། དེ་ནི་འཇིགས་སྣང་ལས་གཡོལ་ནས་བྲོས་འགྲོ་གི་མེད། འོན་ཀྱང་དེ་ནི་ང་ཚོའི་ལས་ཀྱི་འབྲས་བུ་མི་འདོད་པའི་སྡུག་བསྔལ་དང་འཇིགས་སྣང་འབྱུང་བའི་རྒྱུ་བྱེད་མཁན་གྱི་མ་རིག་པ་དང་རྨོངས་པ་སྤོང་བའི་ཐབས་ལམ་ཞིག་ཡིན།

༣༽ ང་ཚོའི་རྒྱུད་ཀྱི་ལས་དག་སྦྱོང་བྱེད་པའི་ཆེད་དུ་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་པ་དང་བཅས་ལམ་དུ་ཞུགས་པའི་སྐབས། འཁོར་བ་ལས་གྲོལ་ནས་ཐར་པ་ ༼དགྲ་བཅོམ་པའི་གོ་འཕང་༽ མ་ཐོབ་བར་གྱི་རྒྱུད་རིམ་ཆ་ཚང་གི་ནང་ང་ཚོས་ད་དུང་འཕྲལ་གྱི་ཆག་སྒོ་བྱུང་རྐྱེན་དང་འཇིགས་སྣང་མྱོང་རྒྱུ་རེད། གང་ཡིན་ཟེར་ན། འཁོར་བའི་རང་བཞིན་ནི་སྐྱིད་སྡུག་འདྲེས་མ་ཞིག་རེད། ཡར་རྒྱས་ནི་གོ་རིམ་ངེས་ཅན་ཞིག་མ་རེད། སྐབས་རེ་ཁ་ཕྱོགས་ཏག་ཏག་འགྲོ་བ་དང་སྐབས་རེ་འགྲོ་གི་མེད།

༤༽ ཐ་ན་ང་ཚོར་དགྲ་བཅོམ་པའི་གོ་འཕང་ཐོབ་ནའང་། མི་འདོད་པའི་གློ་བུར་གྱི་ཆག་སྒོ་དང་འཇིགས་སྣང་ད་དུང་འཕྲད་ཀྱི་ཡོད། འོན་ཀྱང་ང་ཚོར་དེ་དག་སྡུག་བསྔལ་མེད་པར་མྱོང་གི་རེད། དེ་གང་ཡིན་ཟེར་ན། ང་ཚོས་འཇིགས་སྣང་མེད་པར་ཉོན་མོངས་པའི་བློ་དང་བསམ་ཕྱོགས་ངན་པ་ཐམས་ཅད་ལས་ཐར་བ་ཡིན། དགྲ་བཅོམ་པའི་གོ་འཕང་གཅིག་པུ་ཐོབ་པའི་སྐབས་སུ། ང་ཚོས་སོ་སོའི་རྒྱུད་ཀྱི་འཇིགས་སྣང་ལ་གཏིང་ཟབ་པོའི་སྒོ་ནས་གདོང་ལེན་གནད་ལ་སྨིན་པ་བྱེད་ཐུབ།

༥༽ སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐབས། ང་ཚོས་འཕྲལ་གྱི་ཆག་སྒོ་སོགས་ཅི་ཡང་མྱོང་གི་མེད་ལ་མི་འདོད་པའི་སྡུག་བསྔལ་ཅི་ཡང་མི་འབྱུང་། སངས་རྒྱས་ཁོ་ན་འཇིགས་སྣང་མེད་པའི་སྒོ་ནས།

  • ཁོང་གི་རྟོགས་པ་དང་ཡོན་ཏན་ཁྱད་པར་དུ་འཕགས་པ་རྣམས་དང།
  • ཐར་པ་དང་ཐམས་ཅད་མཁྱེན་པ་ལ་འགོག་རྐྱེན་བྱེད་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་འགོག་བདེན།
  • གཞན་རྣམས་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པ་ལ་སྒྲིབ་པ་དེ་དག་སྤོང་དགོས་པ།
  • གཞན་གྱིས་སྒྲིབ་གཉིས་སྤོང་བའི་གཉེན་པོར་བརྟེན་དགོས་པ་བཅས་ཀུན་ལ་འཇིགས་པ་མེད་པའི་སྒོ་ནས་ཡོངས་སུ་སྒྲོག་གནང་གི་ཡོད།

འཇིགས་སྣང་ལ་གདོང་ལེན་ཆེད་གནས་སྐབས་ཀྱི་ཐབས་ལམ།

༡༽ གོང་དུ་རོབ་ཙམ་བཀོད་པའི་གོམ་པའམ་རིམ་པ་བདུན་གྱི་ཐོག་ནས་མི་ཚེའི་ཉེན་མེད་ཀྱི་ཁ་ཕྱོགས་ལ་ཡང་བསྐྱར་ངེས་བརྟན་བཟོ་དགོས། 

༢༽ གནས་སྟངས་འཇིགས་སྐྲག་ཅན་ཞིག་འཕྲད་པའི་སྐབས། དཔེར་ན། འབྲས་ནད་ཡོད་མེད་བརྟག་དཔྱད་བྱེད་པ་ལྟ་བུ། གནས་སྟངས་སྡུག་ཤོས་དེ་འབྱུང་བཞིན་ཡོད་པར་བསམ་དགོས་ཤིང་། དེ་ནས་གང་འབྱུང་ངེས་པ་དང་དེ་ལ་ང་ཚོས་གདོང་ལེན་ཇི་ལྟར་བྱེད་ངེས་ཡིན་པར་བསམ་དགོས། དེས་མི་ཤེས་པའམ་ཆ་རྒྱུས་མེད་པའི་འཇིགས་སྣང་དེ་མེད་པ་བཟོ་བར་ཕན་གྱི་ཡོད།  

༣༽ གནམ་གྲུ་རྗེས་ཟིན་པའི་ཆེད་དུ་གནམ་ཐང་ལ་དུས་ཐོག་ཏུ་འབྱོར་དགོས་པ་ལྟ་བུའི་བྱ་བ་ཞིག་མ་བྱས་སྔོན་ལ། དཀའ་ངལ་སེལ་ཐབས་འགའ་སྔོན་ནས་གྲ་སྒྲིག་བྱེད་དགོས། དེ་ལྟར་བྱས་ན། ལམ་ལྷོང་མ་བྱུང་བའི་སྐབས་སུ། སོ་སོའི་ངོས་ནས་གང་ཐུབ་ཅི་ཐུབ་བྱས་ཀྱང། དམིགས་ཡུལ་དེ་བསྒྲུབ་པའི་ཐབས་ལམ་གཞན་གང་ཡང་མེད་པའི་འཇིགས་སྐྲག་ཅན་གྱི་གནས་སྟངས་ནང་ལྷག་གི་མ་རེད།

༤༽ རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་ཞིག་བྱ། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས་ཡོད། 

༥༽ ང་རང་ཚོ་ཐར་པ་མ་ཐོབ་བར་གྱི་རྒྱུད་རིམ་ནང་འཇིགས་སྣང་དང་མི་བདེ་བ་མྱོང་རྒྱུ་ཡིན་སྟབས། ང་ཚོས་སོ་སོའི་སེམས་དེ་རྒྱ་ཆེ་ལ་གཏིང་ཟབ་པའི་རྒྱ་མཚོ་ལྟ་བུར་དམིགས་པ་གཏད་དགོས་པ་དང། འཇིགས་སྣང་དང་མི་བདེ་བ་ཡོང་བའི་སྐབས་སུ། དེ་དག་རྒྱ་མཚོའི་སྟེང་གི་འཕྱུར་རླབས་ནང་བཞིན་རང་སོར་འགྲོ་འཇུག་དགོས། རྒྱ་མཚོའི་སྟེང་དུ་འཕུར་བའི་རླབས་དེས་རྒྱ་མཚོའི་གཏིང་གི་ཆུ་ལ་གནོད་སྐྱོན་གང་ཡང་བྱེད་ཀྱི་མེད། 

༦༽ ང་ཚོས་དགེ་བའི་ལས་བྱས་པ་ལ་བརྟེན་ནས་དགེ་བའི་ལས་དེའི་ནུས་པ་ ༼ཚོགས་༽ འདང་ངེས་བཞིན་པ་བསགས་ཡོད་ན། སྐྱེ་བ་ཕྱི་མར་དལ་འབྱོར་གྱི་མི་ལུས་རིན་ཆེན་འདི་མུ་མཐུད་ལེན་རྒྱུ་ཡིན་པར་རང་ལ་གདེང་ཚོད་ཡོང་གི་ཡོད། མ་གཞི་འཁོར་བའི་རང་བཞིན་ནི་ཀྱག་ཀྱོག་སྟེ། སྐྱིད་སྡུག་འདྲེས་མ་ཡིན་པ་ང་ཚོའི་སེམས་ནང་འཇོག་དགོས་ནའང་། འཇིགས་སྣང་ལས་སྐྱོབ་མཁན་ཡག་ཤོས་ནི་རང་ཉིད་ཀྱི་དགེ་བའི་ལས་དེ་ཡིན། 

༧༽ གནས་སྟངས་འཇིགས་སྣང་ཅན་ཞིག་འཕྲད་པའི་སྐབས། ང་ཚོས་ལྷ་དང་སྲུང་མ་གསོལ་ཏེ་རོགས་མགོན་འཚོལ་བའམ་རྗེ་བཙུན་སྒྲོལ་མ་དང་སངས་རྒྱས་སྨན་ལྷ། ཡང་ན་ཡི་དམ་གང་རུང་ཞིག་ལ་གསོལ་འདེབས་ཀྱི་ཆོ་ག་བསྒྲུབ་སྲིད། དེ་ལྟ་བུའི་ལྷ་དང་སྲུང་མ་ནི་ང་ཚོ་སྐྱོབ་ཐུབ་མཁན་གྱི་ནུས་པ་ཀུན་ལྡན་ཞིག་མ་ཡིན། ང་ཚོས་གསོལ་བ་འདེབས་ཤིང་། དེ་དག་གི་འཕྲིན་ལས་འཐོབ་ཐབས་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་སྔོན་བསགས་ཟིན་པའི་དགེ་བའི་ལས་ཀྱི་འབྲས་བུ་སྨིན་མེད་པ་ཡིན་ན། དེ་དག་སྨིན་པར་རྐྱེན་བྱེད་སྲིད་པ་ཡིན། དེ་ལས་ཀྱང་ཉེན་ཁ་ཆུང་བའི་འབྲས་བུ་ནི། རང་གིས་མི་དགེ་བའི་ལས་སྟོབས་ཆེན་ཞིག་བསགས་ཡོད་པ་དང། རང་ལ་འཕྲིན་ལས་ཐོབ་ཡོད་ན། ལས་ཀྱི་འབྲས་བུ་སྨིན་པའི་ནུས་པ་ཅུང་ཤུགས་ཆུང་དུ་སོང་ནས། སྡུག་བསྔལ་དེ་ཙམ་ཆེན་པོ་ཡོང་གི་མེད། གལ་སྲིད་དེ་ལྟ་བུའི་འཕྲིན་ལས་མེད་ན། རང་ཉིད་ཀྱི་ལམ་ལྷོང་ལ་བར་ཆད་ཚབས་ཆེན་དང་འབྲས་བུ་སྡུག་བསྔལ་མི་ཟད་པ་བྱུང་བ་ཡིན། དེར་བརྟེན་དཀའ་ངལ་ལ་འཇིགས་སྣང་བྱེད་རྒྱུའི་ཚབ་ལ་མི་དགེ་བའི་ལས་སྤོང་བའི་ཆེད་དེ་དག་ལ་དང་ལེན་བྱེད་དགོས། 

༨༽ སངས་རྒྱས་ཀྱི་རིགས་སམ་རྒྱུ་བདེ་གཤེགས་སྙིང་པོ་ལ་བསྐྱར་དུ་ངེས་བརྟན་བཟོ་བ། གནས་སྟངས་ཁག་པོ་དང་འཇིགས་སྣང་ཅན་ཞིག་ཤེས་རྟོགས་ཐུབ་རྒྱུ་ (མེ་ལོང་ལྟ་བུའི་ཡེ་ཤེས།) དང་། དེའི་བཟོ་བཀོད་རྣམས་རྟོགས་པར་བྱ་རྒྱུ། (མཉམ་ཉིད་ཡེ་ཤེས།) གནས་སྟངས་སོ་སོར་ཡི་རང་བྱ་རྒྱུ། (སོར་རྟོག་ཡེ་ཤེས།) ཇི་ལྟར་བྱ་དགོས་པ་ཤེས་པ་ (བྱ་སྒྲུབ་ཡེ་ཤེས།) བཅས་ཀྱི་ཐད་ང་ཚོར་གཞི་རྩའི་ཤེས་རབ་ཧ་ཅང་གཏིང་ཟབ་པོ་ཡོད། དེ་བཞིན་ང་ཚོར་བྱ་བ་དངོས་སུ་སྒྲུབ་པའི་གཞི་རྩའི་ནུས་པ་ཡོད། 

༩༽ སངས་རྒྱས་ཀྱི་རིགས་དེ་ཡོད་ཅེས་བསྐྱར་དུ་ངེས་བརྟན་བྱེད་པའི་དོན་ནི། ང་ཚོ་ཚང་མའི་རྒྱུད་ལ་ཡོན་ཏན་ཚང་མ་སྐྱེ་བའི་གཞི་རྟེན་ཡོད་ཟེར་བ་ཡིན། ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པའི་ཐ་སྙད་ནང་། ཡོན་ཏན་དེ་དག་དོ་སྣང་བྱས་ཡོད་སྲིད་ལ་མེད་ཀྱང་སྲིད། (ང་ཚོས་དེ་དག་ལ་དོ་སྣང་ཡོད་སྲིད་ལ་མེད་ཀྱང་སྲིད། དེ་དག་ཕལ་ཆེར་རིམ་པ་མི་འདྲ་བ་ཞིག་ལ་ཡར་རྒྱས་ཕྱིན་ཡོད་སྲིད།) ང་ཚོས་ནམ་རྒྱུན་དོ་སྣང་མེད་པའི་ཡོན་ཏན་རྣམས་གྲིབ་གཟུགས་ལྟར་འཆར་བར་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། དོ་སྣང་མེད་པ་དེ་མི་ཤེས་པ་དང་། མི་ཤེས་པའི་འཇིགས་སྣང་ལྟ་བུར་གསལ་བ་དེ་མི་ཤེས་པའི་དངངས་འཚབ་ཡོང་བ་ལ་བརྟེན་ནས་ང་ཚོའི་དོ་སྣང་མེད་པའི་ཡོན་ཏན་རྣམས་མི་ཤེས་པའི་འཇིགས་སྣང་ཡོང་གི་ཡོད། དེ་འདྲ་སོང་ཙང་། ང་ཚོས་དོ་སྣང་ཅན་གྱི་བློ་གྲོས་ཕྱོགས་ནས་ངོ་རྟགས་ཆོད་པ་དང་། མི་ཤེས་པ་དང་། དོ་སྣང་མེད་པ། སེམས་ཚོར་གྱི་མྱོང་བའི་ཕྱོགས་དེ་སྣང་མེད་དང་ཁས་ལེན་མི་བྱེད་པ་ཡིན། ང་ཚོས་སེམས་ཚོར་གྱི་མྱོང་བའི་ཕྱོགས་དེར་གྲིབ་གཟུགས་ལྟ་བུར་འཆར་བ་བྱས་ནས། གཞན་སེམས་ཚོར་དྲག་པོ་ཡོད་པ་རྣམས་ལ་འཇིགས་སྐྲག་སྐྱེ་གི་ཡོད། ང་རང་ཚོ་སོ་སོའི་སེམས་ཚོར་གྱི་མྱོང་བའི་ཕྱོགས་ལའང་ཞེད་སྣང་སྐྱེ་སྲིད་པ་དང། སོ་སོའི་ཚོར་བ་ལ་རེག་པ་མ་བྱུང་ནས་སེམས་འཚབ་ཡོང་གི་ཡོད། གལ་སྲིད་ང་ཚོས་དོ་སྣང་ཅན་གྱི་སེམས་ཚོར་གྱི་མྱོང་བའི་ཕྱོགས་ནས་ངོ་རྟགས་ཆོད་པ་དང་། དོ་སྣང་མེད་པའི་བློ་གྲོས་ཀྱི་ཕྱོགས་དེ་ངོས་ལེན་མ་བྱས་ན། ང་ཚོས་བློ་གྲོས་ཀྱི་ཕྱོགས་དེ་གྲིབ་གཟུགས་ལྟ་བུར་ཡིད་ལ་བྱས་ནས་བློ་གྲོས་ཅན་གྱི་མིས་ཞེད་སྣང་སྐུལ་སྲིད་པ་རེད། ང་ཚོས་གནད་དོན་གང་འདྲ་ཞིག་ཡིན་རུང་། རྟོག་ཐབས་བྱེད་པར་ཞེད་སྣང་སྐྱེ་སྲིད་ལ། བློ་གྲོས་ལྡན་པའི་གླེན་པ་ཡིན་པའི་ཐད་ལ་སེམས་འཚབ་ཡོང་གི་ཡོད། བྱས་ཙང་། ཕྱོགས་གཉིས་ཀ་ང་ཚོའི་རྒྱུད་ལ་ཆ་ཚང་བ་ཞིག་དང་། དེ་ཡང་རྒྱུ་བདེ་གཤེགས་སྙིང་པོའི་རྣམ་པ་འདྲ་བ་ཡོད་པའི་ཡང་བསྐྱར་ངེས་བརྟན་བཟོ་དགོས། ང་ཚོས་སྔགས་ཀྱི་དམིགས་རྣམ་བྱེད་ཚུལ་ལྟར། ཕྱོགས་གཉིས་ཀ་ཕན་ཚུན་གཅིག་ལ་གཅིག་འཁྱུད་པའི་ཡབ་ཡུམ་གྱི་རྣམ་པའི་སྒོ་ནས་དམིགས་རྣམ་དུ་བྱས་ནས་ང་རང་ཚོ་སོ་སོ་རང་ཉིད་ཕྱོགས་གཉིས་ལས་གཅིག་ཙམ་མིན་པར། ཡབ་ཡུམ་གཉིས་ཀའི་ངོ་བོར་ཚོར་དགོས།

༡༠༽ སངས་རྒྱས་ཀྱི་རིགས་ཀྱི་རྣམ་པ་གཞན་ཞིག་ཡང་བསྐྱར་ངེས་བརྟན་བཟོ་བ་ནི། སེམས་ཀྱི་རང་བཞིན་ནི་གདོད་མ་ནས་འཇིགས་པ་ཐམས་ཅད་ལས་ཐར་བ་ཡིན་པས། འཇིགས་སྣང་སོགས་མྱོང་བ་ནི་ཡུད་ཙམ་ལས་མི་གནས་པའི་ཕྱིའི་སྣང་ཚུལ་ཙམ་དེ་ཡིན།

༡༡༽ ད་དུང་ཡང་སངས་རྒྱས་ཀྱི་རིགས་ཀྱི་རྣམ་པ་གཞན་ཞིག་སླར་ཡང་ངེས་བརྟན་བཟོ་བ་ནི། གནས་སྟངས་ཐབས་སྐྱོ་པོའམ་འཇིགས་སྐྲག་ཅན་ལ་གདོང་ལེན་བྱེད་ཐུབ་པའི་སྙིང་སྟོབས་ཡོད་པའི་ཐད་ལ་གཞན་གྱིས་ང་ཚོར་སེམས་སྐུལ་ཐུབ་པ་དེ་ཡིན།

བརྙན་པར། རྨི་ལམ་གྱི་རྣལ་འབྱོར་ཟེར་ན་གང་རེད་དམ། “ནང་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡིན་ནམ།” 

ཕྱོགས་བསྡོམས།

ང་ཚོ་འཇིགས་སྣང་གིས་དབང་དུ་སྡུད་པའི་སྐབས་སུ། དེ་ལ་གདོང་ལེན་བྱེད་པའི་ཐབས་ལམ་འདི་དག་དྲན་པ་ཡིན་ན། ང་ཚོའི་སེམས་ཞི་ལྷོད་ཆགས་ཐུབ་པ་དང་། གནས་སྟངས་གང་འདྲ་ཞིག་འཇིགས་སྐྲག་ཅན་ཞིག་མཐོང་ནའང་། དེ་ལ་དངོས་ཡོད་དང་མཐུན་པའི་ལམ་ནས་གདོང་ལེན་བྱེད་ཐུབ་ཀྱི་རེད།།

Top