ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྐུ་ཚེའི་མཛད་རྣམ།

02:40

བྱིས་པའི་དུས་དང་རྒྱལ་སྲས་ཀྱི་འཚོ་བ་སྤོང་ཚུལ།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་རྒྱ་གར་ཤར་ཕྱོགས་བངྒ་ལ་ཞེས་པའི་གྲོང་ཁྱེར་གྱི་ཡུལ་ཟ་ཧོར་རྒྱལ་པོའི་ཁབ་ཏུ་ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་གྱི་ནང་ཡབ་རྒྱལ་པོ་དགེ་བའི་དཔལ་དང་། ཡུམ་བཙུན་མོ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་པོ་ཕོ་བྲང་དེ་ནི་གསེར་གྱི་ཐོག་ཁེབ་བཅུ་གསུམ་གྱིས་བརྒྱན་ཅིང་། དེ་ཡང་གཅིག་གི་སྟེང་ལ་གཅིག་བརྩིགས་ནས་གསེར་གྱི་རྒྱལ་མཚན་ཉིས་ཁྲི་ལྔ་སྟོང་གིས་བརྒྱན་པས་བརྗིད་ཆགས་མཛེས་སྡུག་ལྡན་པ་དང་། སྐྱེད་མོས་ཚལ་དང་། ཆུ་རྫིང་། ལྡུམ་རྭ་གྲངས་ལས་འདས་པས་མཐའ་ནས་བསྐོར་བ། རྒྱལ་ཁམས་དེ་ནི་གནའ་བོའི་རྒྱ་ནག་གི་འབྱོར་ལྡན་རྒྱལ་རྒྱུད་ནང་བཞིན་ཕྱུག་པ་ཞིག་ཡིན།

ཡབ་ཡུམ་གཉིས་ལ་སྲས་གསུམ་ཡོད་པ་སྟེ། ཆེ་བ་པདྨའི་སྙིང་པོ། འབྲིང་བ་ཟླ་བའི་སྙིང་པོ། ཆུང་བ་དཔལ་གྱི་སྙིང་པོ་གསུམ་ལས། སྲས་འབྲིང་བ་དེ་ནི། སྙན་པའི་གྲགས་པ་ཕྱོགས་ཀུན་དུ་ཁྱབ་པའི་རང་ཅག་གི་སློབ་དཔོན་ཆེན་པོ་ཞིག་ཏུ་སྐུ་ཚེ་ནར་སོན་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ (༩༨༢ ནས་ ༡༠༥༤ བར།) ཡིན།

ཇོ་བོ་རྗེ་འཁྲུངས་ནས་ཟླ་བ་བཅོ་བརྒྱད་ལ་ཕེབས་པའི་སྐབས། ཀ་མ་ལ་པུ་རི་ (Kamalapuri) ཞེས་པའི་ཡུལ་དེའི་ལྷ་ཁང་ཞིག་གི་ནང་ཡབ་ཡུམ་གཉིས་ཀྱིས་མི་མང་ལ་མཇལ་ཁ་ཐོག་མ་དེ་གོ་སྒྲིག་ཞུས། ལྷ་ཁང་ནང་ཕེབས་མ་ཐག་ལམ་སྟོན་གང་ཡང་མེད་པའི་ཐོག་ཁོང་གིས་རྩ་ཆེའི་སྐུ་གསུང་ཐུགས་རྟེན་རྣམས་ལ་ཕྱག་འཚལ་རྗེས། “ཡབ་ཡུམ་གཉིས་ཀྱི་ཐུགས་རྗེ་ལ་བརྟེན་ནས།  བདག་ལ་རྩ་ཆེན་གྱི་སྐུ་རྟེན་འདི་དག་མཇལ་བའི་སྐལ་བ་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་སོང་། ངས་དུས་རྟག་ཏུ་ཁྱེད་རྣམས་ཚེ་འདིའི་ཉེན་མེད་ཀྱི་ཁ་ཕྱོགས་སུ་ ༼སྐྱབས་སུ་འགྲོ་བ་༽ བསྟེན་གྱི་ཡིན།” ཞེས་རང་ཤུགས་ཀྱིས་ཞལ་ནས་འདོན་གནང་བ་རེད། དེ་ནས་ལྷ་ཁང་གི་ཕྱི་རོལ་ཏུ་ཡོད་པའི་རྗེ་འབངས་རྣམས་ལ་ངོ་སྤྲོད་ཞུས་པའི་སྐབས། དེ་དག་གི་དགོས་མཁོ་དང་འདོད་དོན་ཐམས་ཅད་སྒྲུབ་པའི་ཆེད་བདག་གི་རྒྱུད་ཀྱི་ནུས་པ་ཡོངས་རྫོགས་རྟོགས་པར་ཤོག་ཅེས་སྨོན་ལམ་བཏབ། ཁོང་གིས་ད་དུང་ཁྱིམ་སྤངས་ནས་ཆོས་དོན་གཉེར་ཅན་གྱི་ཆོས་གོས་འཛིན་པ་དང་། ཁེངས་དྲེགས་རྩ་བ་ནས་མེད་པར་དུས་རྒྱུན་དུ་སེམས་ཅན་གཞན་ལ་སྙིང་རྗེ་དང་བྱམས་བརྩེ་རྒྱུད་ལ་སྐྱེ་ཐུབ་པར་ཤོག་ཅེས་ཐུགས་སྨོན་མཛད་གནང་བ་རེད། དེ་འདྲ་བའི་བྱིས་པ་ཆུང་ངུའི་སྤྱོད་ཚུལ་ནི་ཧ་ཅང་ངོ་མཚར་ཆེ་བ་ཞིག་རེད།

ཇོ་བོ་རྗེ་དགུང་ལོ་བགྲེས་པ་དང་། བསོད་སྙོམས་ལ་བརྟེན་པའི་རབ་བྱུང་བ་ཞིག་གནང་རྒྱུའི་ཐུགས་དགོངས་ཤུགས་ཇེ་ཆེར་སོང་ཀྱང་། ཡབ་ཡུམ་གཉིས་ཀྱིས་ཁོང་ལ་རེ་བ་གཞན་ཞིག་ཡོད་པ་རེད། སྲས་གསུམ་ལས་རྗེ་འདི་ཉིད་རིག་པ་རྣོ་ཤོས་ཡིན་པ་དང་སྐུ་འཁྲུངས་པའི་སྐབས་བཀྲ་ཤིས་པའི་རྟགས་མཚན་བྱུང་བས། ཁོང་རྒྱལ་རྒྱུད་འཛིན་མཁན་གནང་དགོས་པའི་ངེས་ཤེས་རྙེད་པ་རེད། དེར་བརྟེན་ཁྱེའུ་དེ་དགུང་ལོ་བཅུ་གཅིག་ལ་ཕེབས་སྐབས། ལམ་སྲོལ་ལྟར་གཉེན་སྒྲིག་གི་ན་ཚོད་ཟིན་པ་སོང་ཙང། ཁོང་རྣམས་ཀྱིས་མནའ་མའམ་བཙུན་མོ་ཞིག་ཁབ་ཏུ་བཞེས་རྒྱུའི་གྲ་སྒྲིག་རྒྱས་པོ་གནང་བ་རེད།

གཉེན་སྒྲིག་གི་ཉིན་མོའི་སྔ་ནུབ་ཀྱི་མཚན་མོ་དེར་ཇོ་བོ་རྗེའི་མནལ་ལམ་དུ་ཡི་དམ་གྱི་ལྷ་རྗེ་བཙུན་སྒྲོལ་མ་གསལ་པོར་ཞལ་གཟིགས་ཤིང་། ཁོང་གིས་ཇོ་བོ་རྗེ་ལ། ཁྱོད་སྐྱེ་བ་ལྔ་བརྒྱའི་རིང་བསོད་སྙོམས་ལ་བརྟེན་པའི་རབ་བྱུང་བ་ཞིག་བྱས་འདུག་པས། ད་ལན་རྟག་བརྟན་མེད་པའི་འཁོར་བའི་ཕུན་ཚོགས་ལ་ཞེན་ཆགས་བྱེད་མི་རུང་ཞེས་བཀའ་བསྩལ་བ་རེད། འཕགས་མ་སྒྲོལ་མས། མི་དཀྱུས་མ་ཞིག་འཁོར་བའི་ཕུན་ཚོགས་ལ་ཆགས་ན་ལྟོས་བཅས་ཀྱི་སྒོ་ནས་སྐྱོབ་རྒྱུ་ཏོག་ཙམ་ལས་སླ་པོ་ཡོད། དཔེར་ན། ར་ཞིག་འདམ་དོང་ནང་ཚུད་པ་ལྟ་བུ་རེད། འོན་ཀྱང་རྒྱལ་སྲས་ཤིག་ཡིན་ན། གླང་ཆེན་ཞིག་འདམ་དོང་ནང་ནས་ཕྱིར་འདོན་པ་ནང་བཞིན་ཧ་ཅང་ཁག་པོ་ཡོད་ཅེས་འགྲེལ་བཤད་མཛད་གནང་བ་རེད། ཁྱེའུ་དེས་མནལ་ལམ་དུ་གང་བྱུང་བ་རྣམས་གཞན་སུ་ལའང་གསུངས་མེད། འོན་ཀྱང་རྒྱུ་མཚན་གཞན་ཞིག་ལ་བརྟེན་ནས་ཐབས་མཁས་པོས་གཉེན་སྒྲིག་ལས་གཡོལ་ཐུབ་པ་བྱུང་བ་རེད།

ཇོ་བོ་རྗེས་བླ་མ་ཞིག་འཚོལ་དུ་འགྲོ་རྒྱུར་ཐུགས་ཐག་བཅད་གནང་ནའང། ཁོང་གིས་ཡབ་ཡུམ་གཉིས་ལ་ནགས་ཁྲོད་དུ་རྔོན་པ་རྒྱག་ཏུ་འགྲོ་གི་ཡིན་ཞེས་གསུངས་ནས། རྟ་པ་སུམ་བརྒྱ་སུམ་ཅུ་དང་མཉམ་དུ་ཕོ་བྲང་ནས་ཐོན། ཐོག་མར་ནགས་ཁྲོད་དུ་ནང་པའི་བྱ་བྲལ་པ་ལྟ་བུར་གནས་པའི་བྲམ་ཟེའི་རིགས་ཀྱི་བླ་མ་ (Jetari) ཞིག་དང་མཇལ། ཁོང་བླ་མར་བསྟེན་ནས་ཐོག་མར་འགྲོ་ལུགས་ལྟར་ཉེན་མེད་ཀྱི་ཁ་ཕྱོགས་ ༼སྐྱབས་འགྲོ་༽ ཁས་ལེན་གནང་བ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ཞུས། དེ་ནས་བླ་མ་དེས་ཇོ་བོ་རྗེ་དབེན་པའི་གནས་དཔལ་ནཱ་ལནྜའི་གཙུག་ལག་སློབ་གཉེར་ཁང་དུ་བླ་མ་བྱང་ཆུབ་བཟང་པོའི་སྐུ་མདུན་དུ་བཏང་གནང་བ་རེད།

དེ་མ་ཐག་ཇོ་བོ་རྗེ་རྟ་པ་རྣམས་དང་ལྷན་དུ་དེར་གཤེགས་ཏེ། བླ་མ་བྱང་ཆུབ་བཟང་པོའི་དྲུང་ནས་སླར་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ཆོས་ཀྱི་གདམས་ངག་གསན་བསམ་མཛད། དེ་རྗེས་གདམས་ངག་རྒྱ་ཆེར་གསན་ཆེད་བླ་མ་རིག་པའི་ཁུ་བྱུག་གི་དྲུང་དུ་ཕེབས་པ་དང་། མཐར་སྙན་གྲགས་ཅན་གྱི་གྲུབ་ཐོབ་ཨ་ཝ་དྷཱུ་ཏི་པ་ཞེས་བྱ་བའི་ཞབས་དྲུང་དུ་བཅར་གནང་བ་རེད། ཕྱིས་སུ་སློབ་དཔོན་ཨ་ཝ་དྷཱུ་ཏི་པས་ཇོ་བོ་རྗེ་ཁྱིམ་དུ་ཕྱིར་ལོག་ནས་ཚང་མར་གུས་བཀུར་བྱེད་དགོས། འོན་ཀྱང་རྒྱས་སྤྲོས་ཆེ་བའི་ཕོ་བྲང་གི་མི་ཚེའི་སྐྱོན་ཆ་ཤེས་པ་བྱས་ཏེ་སླར་ཕྱིར་ལན་སྐྱེལ་བར་ཤོག་ཅེས་ལམ་སྟོན་གནང་བ་རེད།

ཡབ་ཡུམ་གཉིས་ཇོ་བོ་རྗེ་དང་སླར་ཡང་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ཁོང་གཉིས་ཀྱི་དགོངས་པར། མཐར་ཇོ་བོ་ཕོ་བྲང་ནང་བདེ་བར་གཞིས་ཆགས་ཏེ། ཆུང་མ་ཞིག་ཁབ་ཏུ་བཞེས་ནས། མ་འོངས་པར་རྒྱལ་རྒྱུད་འཛིན་རྒྱུའི་གྲ་སྒྲིག་གནང་གི་འདུག་དགོངས་པ་རེད། འོན་ཀྱང་ཁྱེའུ་དེས་ཡབ་ཡུམ་གཉིས་ལ་དོན་དངོས་སུ་ཁོ་རང་ལམ་ཕྱིན་ཅི་མ་ལོག་པར་སྟོན་མཁན་གྱི་བླ་མ་འཚོལ་བར་ཕྱིན་པ་ཡིན་ཞེས་དང། རང་གིས་གང་འདོད་པ་ནི་བླ་མ་ཞིག་བསྟེན་ནས་མི་ཚེའི་ཞི་འཇམ་ངང་སྒོམ་སྒྲུབ་ལ་བརྩོན་ནས་སྐྱེལ་འདོད་ཡོད། དེར་བརྟེན་རྒྱལ་སྲིད་ཀྱི་བྱ་བཞག་རྣམས་རྒྱབ་ཏུ་བསྐྱུར་ཏེ་ཕྱོགས་སུ་ཐོན་ཆེད་བཀའ་འཁྲོལ་ཞུ་བར་བཅར་ཡིན་ཞེས་གསུངས་པ་རེད།

ཡབ་ཡུམ་གཉིས་ཀྱིས་དེ་ཐོས་པ་དང་ཧ་ལས་ཧོན་འཐོར་ནས། ཇོ་བོའི་བློ་ཁ་སྒྱུར་ཐབས་གང་ཡོད་གནང་། ཁོང་ཚོས་ཇོ་བོར། ཕོ་བྲང་གི་ཉེ་འགྲམ་དུ་དབེན་པའི་དགོན་པ་ཞིག་བཞེངས་ནས་ཕོ་བྲང་གི་འཚོ་བ་དང་སྒོམ་སྒྲུབ་ཀྱི་འཚོ་བ་གཉིས་ཀར་རོལ་ནས། སློབ་གཉེར་དང་དབུལ་པོར་སྦྱིན་པ་གཏོང་བ་སོགས་གནང་ནས་བཞུགས་ན་འགྲིག་གི་རེད་ཅེས་ཞུས་ཤིང། གང་ལྟར་ནགས་ཁྲོད་དུ་རྩ་བ་ནས་ཕྱིར་ལོག་མ་གནང་ཞེས་ནན་སྐུལ་གནང་བ་རེད། འོན་ཀྱང་ཇོ་བོ་རྗེས་རྒྱལ་གཞིས་སོགས་ལ་ཞེན་ཆགས་ཅུང་ཟད་ཀྱང་མེད། ཁོ་རང་ལ་མཚོན་ན། “སེར་གྱི་ཕོ་བྲང་འདི་བཙོན་ཁང་དང་ཁྱད་པར་མེད། ཁྱེད་རང་ཚོས་ང་ལ་གནང་བའི་ཆུང་མ་ནི་བདུད་ཀྱི་བུ་མོ་དང་ཁྱད་པར་མེད། ཟས་ཞིམ་པོའི་རིགས་ནི་ཁྱི་ཤ་རུལ་པ་དང་ཁྱད་པར་མེད། གོས་ཆེན་གྱི་གྱོན་གོས་དང་ནོར་བུའི་རིགས་ཀྱི་རྒྱན་ཆ་འདི་དག་ནི་གད་སྙིགས་ཕུང་གསོག་ཁྲོད་ཀྱི་གོས་ཧྲུལ་དང་ཁྱད་པར་མེད། ཉི་མ་དེ་རིང་ནས་བཟུང་ནགས་ཁྲོད་དུ་བླ་མ་ཨ་ཝ་དྷཱུ་ཏི་པའི་ཞབས་ལ་གཏུགས་ཏེ་རྩེ་གཅིག་ཏུ་སློབ་གཉེར་བྱེད་རྒྱུར་ཐག་བཅད་ཚར་བ་ཡིན། ང་རང་ལ་རེ་བ་ཞུ་རྒྱུ་ཡོད་པ་ནི། འོ་མ་དང་། སྦྲང་རྩི། བུ་རམ་ཏོག་ཙམ་གནང་རོགས་གནང་། དེ་རྗེས་ང་རང་འདི་ནས་ཐོན་འགྲོ་གི་ཡིན།” ཞེས་གསུངས་པ་རེད།

ཡབ་ཡུམ་གཉིས་ཀྱིས་གང་ཡང་གནང་མ་ཐུབ་པར་ཇོ་བོའི་དགོངས་པ་སྒྲུབ་དགོས་བྱུང་། དེར་བརྟེན་ཇོ་བོ་རྗེས་ལམ་རྒྱགས་དེ་དག་བསྣམས་ཏེ། ཡབ་ཡུམ་གཉིས་ཀྱིས་ཨུ་ཚུགས་དང་བཅས་མངགས་པའི་ཆིབས་ཞབས་དང་ལྷན་དུ་ནགས་ཁྲོད་དུ་ཕྱིར་ཕེབས། དེ་ནས་བླ་མ་ཨ་ཝ་དྷཱུ་ཏི་པས་རྒྱལ་སྲས་གཞོན་ནུ་ཁོང་གསང་སྔགས་ཀྱི་ཉམས་ལེན་ལ་འཇུག་ཆེད་རི་བོ་ནག་པོའི་སྒང་གི་རྣལ་འབྱོར་པ་ཆེན་པོ་རཱ་ཧུ་ལ་གུཔྟ་བཛྲའི་དྲུང་དུ་བཏང་གནང། དེ་གར་རྟ་པ་སོགས་འཁོར་གཡོག་རྣམས་དང་ལྷན་དུ་འབྱོར་བ་དང་། ཇོ་བོ་རྗེས་བླ་མ་མང་པོའི་ཞབས་ལ་གཏུགས་ནས་སློབ་གཉེར་བྱས་ཀྱང་རྒྱལ་པོའི་ཁབ་ཀྱི་འཚོ་བའི་འཆིང་རྒྱ་ལས་ཐར་མ་ཐུབ་པའི་་སྐོར་རྡོ་རྗེ་སློབ་དཔོན་གྱི་སྙན་དུ་གསོལ་བས། བླ་མ་རཱ་ཧུ་ལ་གུཔྟས་ཇོ་བོར་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར། དེ་རྗེས་གྲུབ་ཐོབ་ཆེན་པོ་རྣམས་ཀྱི་རུས་པའི་རྒྱན་གྱི་གོས་འདང་ཙམ་མནབས་པའི་སློབ་མ་ཕོ་བཞི་དང་མོ་བཞི་བཅས་བརྒྱད་དང་མཉམ་དུ་ཕོ་བྲང་དུ་ཕྱིར་བཏང།

ཟླ་བ་གསུམ་གྱི་རིང་ཇོ་བོ་རྗེ་ཕོ་བྲང་ནང་འཁོར་གསར་པ་ཡ་མཚན་ཅན། མཐའ་གཅིག་ཏུ་ལུགས་སྲོལ་དང་མི་མཐུན་ཞིང་། གཏུམ་དྲག་ཆེ་བའི་སྤྱོད་ཚུལ་སྟོན་མཁན་དེ་དག་དང་མཉམ་དུ་བཞུགས་གནང་བ་རེད། མཐར་ཡབ་ཡུམ་གཉིས་ཀྱི་ཐུགས་ལ་རང་གི་རྩ་ཆེ་བའི་བུ་དེ་སྨྱོན་པ་ཆགས་པ་འདྲ་དགོངས་ནས། བུ་ལ་བཅངས་པའི་རེ་བ་ཡོངས་རྫོགས་ཟད་པ་དང་། སྣང་བར་མི་འགྲོ་བའི་གྲོགས་དེ་དག་དང་མཉམ་དུ་ཐག་རིང་དུ་འགྲོ་རྒྱུར་དགོངས་པ་གནང་ནས་རྦད་དེ་ཕེབས་པ་རེད།

རྒྱ་གར་དང་གསེར་གླིང་ཡུལ་དུ་བསླབ་པ་སློབ་གཉེར་མཛད་པ།

མི་རིང་བར་ཇོ་བོ་རྗེ་བླ་མ་ཨ་ཝ་དྷཱུ་ཏི་པའི་དྲུང་དུ་ཕྱིར་ཕེབས་ཏེ་དགུང་ལོ་ཉི་ཤུ་རྩ་གཅིག་ནས་རྩ་ལྔ་བར་དབུ་མའི་གཞུང་གི་དངོས་པའི་གནས་ལུགས་ལ་ལྟ་ཚུལ་ཐོག་བསླབ་པ་སློབ་གཉེར་གཟབ་ནན་མཛད་གནང་བ་རེད། དུས་ཡུན་དེའི་རིང་ཁོང་གིས་ད་དུང་ཚད་ལྡན་གྱི་བླ་མ་མང་པོའི་ཞབས་ལ་གཏུགས་ཏེ་གསང་སྔགས་ཉམས་ལེན་གྱི་ལུགས་ཡོངས་རྫོགས་ལ་ཤིན་ཏུ་མཁས་པར་གྱུར། དོན་ངོ་མར་ཁོང་སོ་སོའི་སྦྱང་པའི་ཡོན་ཏན་ལ་སྤོབས་པ་ཆེན་པོ་མཛད་ནས་སེམས་སྲུང་བའི་ལྐོག་འགྱུར་གྱི་ཐབས་རྣམས་ཐུགས་སུ་ཆུད་ཅིང་། བློ་གྲོས་དང་ལྡན་པ་ཡིན་པར་དགོངས་ཀྱི་ཡོད། འོན་ཀྱང་དེ་རྗེས་ཁོང་ལ་མཁའ་འགྲོ་མ་ཞིག་གི་དག་སྣང་བྱུང་ནས། དེ་ལྟ་བུའི་ལྷ་ཡུལ་གྱི་མཁའ་འགྲོ་མ་དེའི་ཕྱག་ཏུ་རྒྱུན་ཆད་པ་མེད་པའི་སྔགས་ལུགས་ཀྱི་གཞུང་པོ་ཏི་མང་པོ་བསྣམས་ཤིང་། ལུས་ཀྱི་གཡོ་འགུལ་ལ་མ་རིག་པས་བར་དུ་མ་ཆོད་པ་དེས་ཁོང་ལ། “ཁྱེད་རང་གི་ཡུལ་དུ་གཞུང་འདི་རིགས་ཧ་ཅང་དཀོན་ནའང། ངའི་ཡུལ་ལ་ཤིན་ཏུ་མང་།” ཞེས་གསུངས་པའི་རྗེས་སུ། ཇོ་བོ་རྗེའི་སྤོབས་པ་ཉམ་དམའ་བར་གྱུར་བ་རེད།

ཉིན་གཅིག་ཇོ་བོ་རྗེས་ལས་དོན་གཞན་རྣམས་བསྐྱུར་ནས་རང་གི་ནུས་ཤུགས་ཡོངས་རྫོགས་ཚེ་འདིའི་ནང་སོ་སོའི་ནུས་པ་ཆ་ཚང་རྟོགས་པའི་ཆེད་སྔགས་ཉམས་ལེན་ཐད་གཏོང་རྒྱུར་ཐུགས་ཐག་བཅད་གནང་བ་དང། ཁོང་གི་མནལ་ལམ་དུ་རང་གི་བླ་མ་རཱ་ཧུ་ལ་གུཔྟ་ཕེབས་ནས། དེ་ལྟར་མ་བྱེད་ཅེས་དང་། གཞན་ཐམས་ཅད་དོར་ནས། བསོད་སྙོམས་ལ་བརྟེན་པའི་རབ་བྱུང་བ་ཞིག་བྱེད་དགོས་ཞེས་དང། དེ་ལྟར་མུ་མཐུད་ཉམས་ལེན་བརྟན་པོ་བྱས་ན་ཡང་དག་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་ངེས་ཡིན་ཞེས་བཀའ་སློབ་གནང་བ་རྨིས། དེ་འདྲ་ཡིན་པ་སོང་ཙང། དགུང་ལོ་ཉེར་དགུར་ཕེབས་པ་ན། ཇོ་བོ་རྗེས་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོཊ། མཚན་ལའང་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་ཞེས་གསོལ། དེའི་དོན་ནི་གང་གི་མཁྱེན་པས་མུན་ནག་ཏུ་མར་མེ་ལྟ་བུར་བྱེད་པས་དཔལ་མར་མེ་མཛད་ཡེ་ཤེ་ཞེས་སུ་གྲགས།

རབ་ཏུ་བྱུང་ནས་ཐོག་མར་ལོ་ངོ་བཅུ་གཉིས་རིང་། ཇོ་བོ་རྗེས་བླ་མ་ངྷརྨ་རཀྵ་ཏའི་དྲུང་ནས་ཨོ་ཏནྟ་པུ་རིའི་ནང་པའི་གཙུག་ལག་སློབ་གཉེར་ཁང་ནང་སློབ་གཉེར་གནང་། བླ་མ་ངྷརྨ་་རཀྵིཏ་ནི་ཡོངས་སུ་གྲགས་པའི་བློ་སྦྱོང་མཚོན་ཆ་འཁོར་ལོ་ཞེས་པའི་གཞུང་མཛད་པ་པོ་ཡིན། དེའི་ནང་ཐར་པར་བགྲོད་པའི་ཐེག་པ་ཆུང་བའམ་ཉན་རང་ཐེག་པའི་ཐབས་ལམ་རྣམས་ལ་དམིགས་ཏེ་བརྩམས་མཛད་པ་སོང་ཙང་། ཇོ་བོ་རྗེ་ག་དུས་ཡིན་ཀྱང་ཐུགས་མ་ཚིམས་པར་བཞུགས་ཏེ། རང་གི་ནུས་པ་ཡོངས་རྫོགས་སྨིན་པའི་ལམ་མགྱོགས་ཤོས་ཤིག་ལ་ཐུགས་འདོད་གནང་གི་ཡོད།

ཁོང་གི་བླ་མ་རཱ་ཧུ་ལ་གུཔྟས། “ཁྱོད་ལ་དག་སྣང་ག་ཚོད་མང་པོ་བྱུང་ཡང་ཁྱད་པར་ཆེན་པོ་གང་ཡང་མེད། དེ་ལས་ཁྱོད་ཀྱིས་ངེས་པར་དུ་མཐའ་གཅིག་ཏུ་གཞན་དོན་ལ་དམིགས་པའི་བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་བཅས་སྦྱོང་དགོས།” ཞེས་གསུངས་པ་དང་། འཕགས་པ་སྤྱན་རས་གཟིགས་དང་ཐུགས་ཐག་ཉེ་པོ་ཡོང་བའི་ཆེད་ཟོལ་མེད་ཀྱིས་འབད་བརྩོན་དང་བཅས་ཏེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་དགོས། དེ་ལྟར་བྱུང་ན་སེམས་ཅན་རྣམས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ལས་ཐར་བར་བྱེད་ཐུབ་པའི་ཐབས་ལམ་ཡག་ཤོས་དེ་ཡིན། ཐོབ་བྱ་དེ་ཁོ་ན་ལ་བརྟེན་ནས་རང་གི་ནུས་པ་ཡོངས་རྫོགས་སྨིན་གྱི་རེད་ཅེས་བཀའ་སློབ་ལམ་སྟོན་བསྩལ་གནང་བ་རེད།

གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་པོར་སྐོར་སྦྱོང་དང་སངས་རྒྱས་བཅོམ་ལྡན་འདས་ལ་ཆེ་བསྟོད་མཛད་པའི་སྐབས། ཇོ་བོ་རྗེས་མཆོད་རྟེན་སྒང་གི་རྩིག་ཁུང་གསེབ་ནས་སྐུ་བརྙན་གཉིས་ཕན་ཚུན་ཤུབ་ཤུབ་ཏུ་བཀའ་མོལ་གསུངས་བཞིན་པ་གསན་པ་རེད། སྐུ་གཅིག་གིས་གཞན་དེར། “གལ་སྲིད་ཁྱེད་རང་སངས་རྒྱས་ཀྱི་གོ་འཕང་གང་མགྱོགས་མགྱོགས་ཐོབ་པར་འདོད་ན། གང་ཞིག་ལ་སྦྱོང་བརྡར་བྱེད་དགོས་སམ།” ཞེས་དྲིས་པའི་ལན་དུ་གཞན་དེས། “དེ་ནི་མཐའ་གཅིག་ཏུ་གཞན་དོན་ལ་དམིགས་པའི་བྱང་ཆུབ་ཀྱི་སེམས་སྦྱོང་དགོས།” ཞེས་ལན་བསྐྱོན་གནང་བ་རེད། དེ་ནས་མཆོད་རྟེན་གྱི་རྒྱ་ཕིབས་ལ་སྐོར་བ་བསྐྱོན་གནང་བའི་སྐབས། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་ལ། “བསོད་སྙོམས་ལ་བརྟེན་པའི་རབ་བྱུང་ཁྱོད་ཀྱི་རང་རྒྱུད་ཡོངས་སུ་སྨིན་པར་འདོད་ན། བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་བཅས་རྒྱུད་ལ་སྦྱོང་དགོས།” ཞེས་བཀའ་གསུངས་པ་རེད།

སྐབས་དེར་བྱང་ཆུབ་ཀྱི་སེམས་སྐྱེད་ཚུལ་གྱི་གདམས་པ་ཡོངས་སུ་རྫོགས་པ་འཛིན་མཁན་སྙན་གྲགས་ཆེ་ཤོས་ནི། གསེར་གླིང་ཡུལ་གྱི་དགེ་བའི་བཤེས་གཉེན་དམ་པ་ཆོས་ཀྱི་གྲགས་པ་ ༼དྷརྨ་་པཱལ་༽ ཡིན་པ་རེད། དེ་འདྲ་སོང་ཙང་། རབ་བྱུང་མཁས་པ་ ༡༢༥ དང་མཉམ་དུ་ཇོ་བོ་རྗེས་ཚོང་པའི་གྲུང་གཟིངས་ཤིག་གི་ནང་གསེར་གླིང་དུ་ཕེབས། དེང་དུས་དེ་ལ་སུ་མ་ཏྲ་ (Sumatra) ཞེས་ཟེར་བ་ཡིན། སྐབས་དེ་དུས་རྒྱ་མཚོའི་ཆེན་པོའི་ནང་མཚོ་འགྲུལ་བྱེད་པ་ནི་ལས་སླ་པོ་ཞིག་མིན་ཅིང་། བགྲོད་ལམ་དུ་དམིགས་བསལ་རླུང་འཚུབ་དང་། ཉ་ཆེན་ཝེལ། གྲུ་ལམ་ནོར་བ་སོགས་མང་པོ་ཡོད་པ་རེད། འགྲུལ་བཞུད་མཐར་ཕྱིན་པར་ཟླ་བ་གསུམ་གྱི་རིང་དཀའ་སྤྱད་མཛད་ནའང་། ཇོ་བོ་རྗེའི་ཐུགས་སུ་འཇིགས་ཞུམ་སྤུ་ཙམ་མེད་པར་བཞུགས་གནང་བ་རེད།

མཐར་མཚོ་ཁར་འབྱོར་བ་དང་། ཇོ་བོ་རྗེས་སློབ་དཔོན་ཆོས་གྲགས་ཀྱི་དྲུང་དུ་ལམ་སེང་མ་བཅར་བར། གཟའ་འཁོར་གཉིས་རིང་སློབ་དཔོན་གྱི་སློབ་མ་ཚོ་དང་མཉམ་དུ་བཞུགས་ཏེ། ཡང་ནས་ཡང་དུ་སློབ་མ་དེ་དག་ལ་སྐད་ཆ་དྲིས་པ་དང་བཙུན་གཙེར་བཟོས་ཏེ་སློབ་དཔོན་གྱི་རྣམ་ཐར་ཆ་ཚང་བ་ཤེས་ཐབས་ཆེད་ཨུ་ཚུགས་གནང་ཡོད། དེས་གང་ཟག་ཅིག་བླ་མར་མ་བསྟེན་གོང་དང་དེའི་མདུན་ནས་སློབ་ཁྲིད་མ་ཞུས་སྔོན་བླ་མར་བརྟག་དཔྱད་དང་། བླ་མར་ཡོན་ཏན་གང་དང་གང་ལྡན་པའི་སྐོར་ཞིབ་འཇུག་མཐིལ་ཕྱིན་པ་བྱ་རྒྱུ་གལ་ཆེན་ཡིན་པ་སྟོན་གྱི་ཡོད།

དེ་དང་ཆབས་ཅིག་གསེར་གླིང་ཡུལ་གྱི་མཚན་སྙན་ཤིན་ཏུ་ཆེ་བའི་བླ་མ་དེས་རྒྱ་གར་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་ཞིག་དང་བསོད་སྙོམས་ལ་བརྟེན་པའི་རོགས་པ་མང་པོ་ཞིག་ཆོས་དོན་གཉེར་ཆེད་དེ་གར་འབྱོར་བ་མཁྱེན་པ་དང་། ཁོང་ཉིད་ཀྱི་དགེ་འདུན་པ་རྣམསབསྡུས་ཏེ་ཇོ་བོ་རྗེར་ཕེབས་བསུ་ཟབ་རྒྱས་ཞུས་རྗེས། མ་འོངས་རྟེན་འབྲེལ་ཆེད་ལུགས་མཐུན་གྱི་མཛད་རིམ་མང་པོ་གྲ་སྒྲིག་ཞུས། དེར་མ་ཟད། ཁོང་གིས་ཇོ་བོ་རྗེར་སྟོན་པའི་སྐུ་བརྙན་ཞིག་གནང་བ་དང་སྦྲགས་མ་འོངས་པར་བྱང་ཕྱོགས་ཁ་བའི་ཡུལ་གྱི་མི་རྣམས་ཀྱི་སེམས་ཁྱེད་ཀྱིས་འདུལ་ངེས་རེད་ཅེས་ལུང་བསྟན་གནང་བ་རེད།

ཇོ་བོ་རྗེ་གསེར་གླིང་ཡུལ་དུ་ལོ་ངོ་བཅུ་གཉིས་བཞུགས་ཏེ་རེ་འདོད་དྲག་པོས་བླ་མ་ཁོང་གི་དྲུང་དུ་སྦྱོང་བརྡར་ཉམས་ལེན་གནང། ཐོག་མར་ཇོ་བོས་མངོན་རྟོགས་རྒྱན་དང་ཤེར་ཕྱིན་གྱི་མདོ་སློབ་གཉེར་མཛད་པ་དང། དེ་ནས་རིམ་གྱིས་རྗེ་བཙུན་བྱམས་པ་མགོན་པོ་དང་འཕགས་པ་ཐོགས་མེད་ལས་བརྒྱུད་པའི་རྒྱ་ཆེན་སྤྱོད་རྒྱུད་ཀྱི་གདམས་པ་ཐམས་ཅད་གསན་པ་ཙམ་དུ་མ་ཟད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་དྲུང་ནས་དངོས་སུ་གསན་པའི་བདག་གཞན་མཉམ་བརྗེའི་སྐོར་གྱི་མན་ངག་ཡོངས་རྫོགས་གསན། ཐབས་ལམ་དེ་དག་ལ་བརྟེན་ནས་ཇོ་བོ་རྗེའི་ཐུགས་རྒྱུད་ལ་བྱང་ཆུབ་སེམས་འཁྲུངས་རྗེས། དགུང་ལོ་ཞི་བཅུ་ཞེ་ལྔར་རྒྱ་གར་དུ་ཕྱིར་ཕེབས་པ་དང་། དུས་ཕྱིས་སུ་ཕལ་ཆེ་བ་དབེན་གནས་བི་ཀྲ་མ་ལ་ཤཱི་ལའམ་རནྨ་གནོན་ངང་ཚུལ་གྱི་གཙུག་ལག་ཁང་དུ་བཞུགས་གནང་བ་རེད།

མདོར་ན་ཇོ་བོ་རྗེས་ཚད་ལྡན་གྱི་བླ་མ་ ༡༥༧ དྲུང་ནས་སློབ་གཉེར་མཛད། འོན་ཀྱང་དམིགས་བསལ་གསེར་གླིང་ཡུལ་གྱི་བླ་མ་དེར་གུས་པ་ཤིན་ཏུ་ཆེ་བ་དང་གདམས་ངག་ཟབ་མོ་རྣམས་ཐོབ་པས། བླ་མ་ཁོང་གི་མཚན་ག་དུས་ཐོས་པ་ཙམ་གྱིས་སྤྱན་ཆབ་བསིལ་གྱི་ཡོད། ཕྱིས་སུ་ཇོ་བོའི་སློབ་མ་བོད་པ་ཞིག་གིས་ཇོ་བོར། ཇོ་བོ་མཆོག་གིས་དེ་ལྟར་མཛད་པས་བླ་མར་ཉེ་རིང་མཛད་པ་མི་འགྱུར་རམ་ཞེས་བཀའ་དྲི་ཞུས་པས། ཇོ་བོས། “ངས་བླ་མར་ཁྱད་པ་རྩ་བ་ནས་འབྱེད་ཀྱི་མེད་མོད། གསེར་གླིང་ཡུལ་གྱི་བླ་མའི་བཀའ་དྲིན་ལ་བརྟེན་ནས་ངའི་སེམས་ནང་ཞི་བདེ་ཐོབ་པ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་ཐུབ་པ་བྱུང་།” ཞེས་ལན་བསྩལ་གནང་བ་རེད།

ཇོ་བོ་རྗེ་བོད་དུ་གདན་དྲངས་པ།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྒྱ་གར་དུ་ཕྱིར་ཕེབས་རྗེས། ཁོང་གིས་ཕྱི་རོལ་མུ་སྟེགས་པ་དང་རྩོད་པ་ལན་གསུམ་རྩོད་པས་རྣམ་པར་རྒྱལ་ཏེ་རྒྱལ་བའི་བསྟན་པ་སྲུང་བ་དང་སྤེལ་བར་མཛད། ནང་པའི་ཡུལ་གྲུ་ཁག་གང་དུ་ཕེབས་ཀྱང་ནང་ཆོས་སློབ་གཉེར་ཁང་གསར་འཛུག་གནང་བ་དང་། གང་དུ་ནང་བསྟན་ཉམས་རྒུད་ཕྱིན་པའམ། ཡང་ན་གོ་ནོར་ཐེབས་པའི་ནང་ཆོས་ཀྱི་ཉམས་ལེན་རྣམས་གཟིགས་པ་དེ་མ་ཐག་བཅོས་སྒྱུར་གནང་གི་ཡོད། དེར་བརྟེན་ཁོང་གི་མཚན་སྙན་ནི་རྒྱ་གར་འཕགས་ཡུལ་གྱི་ཕྱོགས་ཀུན་ཏུ་ཁྱབ་པ་རེད། ཁོང་གི་སྙིང་རྗེ་དང་ནང་གི་རྟོགས་པ་ལ་བརྟེན་ནས་སྐྱེ་བོ་ཀུན་གྱིས་ཁོང་ལ་མཁས་གྲུབ་ཐམས་ཅད་ཀྱི་གཙུག་རྒྱན་ཞེས་གུས་བརྩི་ཞུ་གི་ཡོད། གང་ལྟར་ཡང་། ཇོ་བོ་རྗེ་ནི་བོད་གངས་ཅན་ལྗོངས་ཀྱི་མི་རྣམས་ལ་རླབས་ཆེན་གྱི་ཕན་བཏགས་པས་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན།

མ་གཞི་སངས་རྒྱས་ཀྱི་ཆོས་དེ་ཐོག་མར་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་དང་པཎྜི་ཏ་གཞན་འགའ་ཞིག་གི་འབད་བརྩོན་ལ་བརྟེན་ནས་བོད་དུ་དུས་རབས་ཁ་ཤས་སྔོན་ནས་དར་ཟིན་ནའང་། རྒྱལ་པོ་གླང་དར་མའི་ (ཡེ་ཤུའི་དུས་སྐབས། ༨༦༣ ནས་ ༩༠༦ བར།) དབང་གནོན་གྱིས་རྐྱེན་པས་བསྟན་པ་སྔ་དར་ལ་བར་ཆད་དང་ཉམས་རྒུད་ཤུགས་ཆེན་བྱུང་བ་རེད། ཉམས་ལེན་པ་ཁ་ཤས་མ་གཏོགས་ལྷག་མེད་སྟབས་མཐར་ཆོས་ཀྱི་གནད་དོན་མང་པོ་ཞིག་ཚུལ་བཞིན་དུ་མི་ཤེས་པར་ལུས། མང་པོ་ཞིག་གི་སེམས་ནང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དང་སྔགས་ཀྱི་ཉམས་ལེན་གཉིས་ཕན་ཚུན་གཞི་མཐུན་མི་སྲིད་པ་ཡིན་པ་དང་། བཟི་སྨན་དང་ལོག་གཡེམ་རིགས་སྣ་ཚོགས་ཤིག་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པར་བསམས། དེ་མཚུངས་གཞན་རྣམས་ཀྱིས། རིམ་པ་བཞིན་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འཁྲིད་པར་བྱེད་པའི་ཐེག་པ་ཆུང་ངུ་དང་ཐེག་ཆེན་དབར་འགལ་འདུ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།

ནང་པའི་བསྟན་པ་ཉམས་རྒུད་སོང་བའི་གནས་སྟངས་དེ་ལ་གཟིགས་ནས་བོད་རྒྱལ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྨོངས་པའམ་ལོག་རྟོགས་དེ་སེལ་ཆེད་རྒྱ་གར་ནས་ནང་པའི་མཁས་པ་འགའ་ཞིག་བོད་ཡུལ་དུ་གདན་འདྲེན་ཞུ་འདོད་ཧ་ཅང་ཆེན་པོ་བྱུང་། སྐབས་དེར་དམིགས་བསལ་ཇོ་བོ་རྗེའི་མཚན་མི་ཤེས་པར། ཁོང་གིས་གཞོན་ནུ་ཉི་ཤུ་རྩ་གཅིག་ལེགས་སྦྱར་གྱི་སྐད་སྦྱོང་རྒྱུ་དང་རན་ཞིང་འཚམ་པའི་བླ་མ་འཚོལ་ཕྱིར་རྒྱ་གར་འཕགས་པའི་ཡུལ་དུ་བཏང་གནང་བ་རེད། སྟབས་མ་ལེགས་པར་དེ་དག་ལས་གཉིས་མ་གཏོགས་ཚང་མ་ཚ་བའི་རྐྱེན་པས་འདས་གྲོངས་སུ་གྱུར། སུ་གཅིག་ཀྱང་གདན་དྲངས་ཐུབ་མེད་ཀྱང་། ལོ་ཙཱ་བ་རིན་ཆེན་བཟང་པོ་ (༩༥༨ - ༡༠༥༡) དང་ལེགས་བཤད་གཉིས་ཀྱིས་སྐད་སྦྱངས་ཏེ་་ཕྱིར་ལོག་ཕེབས་ནས་རྒྱལ་པོར་ཇོ་བོ་རྗེའི་སྐོར་སྙན་གསན་ཞུས་པ་རེད།

མཚན་དེ་ཐོས་མ་ཐག་བོད་ལ་དགོས་པའི་མཁས་པ་དེ་ནི་ཇོ་བོ་རྗེ་རེད་འདུག་དགོངས་ནས་རྒྱལ་པོས་དུས་ཚོད་འཕྲོ་བརླག་མ་བཏང་བར། རྒྱ་བརྩོན་འགྲུས་སེང་གེས་འགོ་ཁྲིད་པའི་མི་དགུ་ལས་གྲུབ་པའི་རུ་ཁག་གཉིས་པ་དེར་གསེར་མང་བསྐུར་ཏེ་ཇོ་བོ་རྗེ་གདན་འདྲེན་ཞུ་བར་མངགས། འོན་ཀྱང་བསྐྱར་དུ་མི་བརྒྱད་འདས་གྲོངས་སུ་ཕྱིན་པ་དང་ཇོ་བོ་རྗེ་གདན་དྲངས་ཐུབ་མེད། རྒྱ་བརྩོན་སེང་གེ་གཅིག་པུ་རྒྱ་གར་དུ་ལུས། རུ་ཁག་གཉིས་པ་དེའང་ལམ་ལྷོང་མ་བྱུང་བའི་གནས་ཚུལ་ཡེ་ཤེས་འོད་ཀྱིས་གསན་པ་དང་། རྒྱལ་པོ་རང་གིས་འགོ་ཁྲིད་དེ་ཐེངས་གསུམ་པ་དེའི་ཆེད་གསེར་སྒྲུབ་ཏུ་རྟོག་ཞིབ་སྐོར་སྐྱོད་ལ་ཕེབས་རྒྱུ་ཐག་གཅོད་གནང་། འོན་ཀྱང་སྐོར་སྐྱོད་ཕེབས་པ་དེའི་སྐབས་བལ་པོའི་ས་མཚམས་སུ་ཁ་གཏད་གར་ལོག་རྒྱལ་པོས་ཤེས་ཏེ་ལྷ་བླ་མ་ཡེ་ཤེས་འོད་འཛིན་བཟུང་བྱས་པ་རེད། གར་ལོག་རྒྱལ་པོ་ནི་བོད་དུ་ནང་ཆོས་དར་སྤེལ་ལ་བཀག་འགོག་བྱེད་འདོད་མཁན་ཞིག་ཡིན།

ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཚ་བོ་བྱང་ཆུབ་འོད་ལ་གར་ལོག་རྒྱས་པོས་རྒྱ་གར་འགྲོ་རྒྱུའི་དམིགས་ཡུལ་དེ་མཚམས་འཇོག་དགོས་པའམ། ཡང་ན་ཨ་ཞང་བཙོན་ལས་གློད་གྲོལ་ཡོང་བར། ཁོང་གི་ལུས་ཀྱི་བོངས་ཚད་དང་མཉམ་པའི་གསེར་གྲུབ་ན་གཏའ་མི་ལྷ་བླ་མ་ཡེ་ཤེས་འོད་བཙོན་ལས་གཏོང་ཞེས་བཤད་པ་རེད། བྱང་ཆུབ་འོད་ཀྱིས་རྒྱལ་ཁམས་དུ་ཕེབས་ནས་གང་སར་གསེར་སྒྲུབ་ཐབས་གནང་ཡང་ལུས་ཀྱི་བོངས་ཚད་དང་མཉམ་པ་སྒྲུབ་མ་ཐུབ་པར། རྒྱལ་པོའི་བྱང་ཁོག་དང་རྐང་ལག་ཙམ་སྒྲུབ་ཐུབ་པ་བྱུང་ནའང། ཁོང་གི་དབུ་དང་མཉམ་པའི་གསེར་འཕར་མ་སྒྲུབ་མ་ཐུབ་པ་རེད། གར་ལོག་རྒྱལ་པོས་ཡེ་ཤེས་འོད་ཀྱི་བླུ་རིན་དུ་གསེར་ཆ་ཚང་དགོས་ཟེར་སྐབས། ཚ་བོས་ཞང་པོ་ཐུག་ཙམ་བྱེད་འཇུག་རྒྱུའི་འབོད་སྐུལ་ཞུས།

ཁོང་ལྕགས་ཀྱི་རྭ་བས་བསྐོར་བའི་མུན་ནག་གི་བཙོན་ཁང་ཞིག་གི་ནང་ཁྲིད་པ་དང། དེར་ལྕགས་སྒྲོག་གིས་བཅིངས་ཤིང་སྐུ་གཟུགས་ཧ་ཅང་རིད་པོར་གྱུར་བའི་ཨ་ཞང་ལ་གནས་ཚུལ་རྣམས་ཞུས་ཏེ། ཁོང་ནས་ད་དུང་མུ་མཐུད་གསེར་ལྷག་མ་རྣམས་འཚོལ་སྒྲུབ་བྱེད་ཀྱི་ཡིན། “རེ་བ་མ་འདོར་རོགས་གནང་།” ཞེས་དང། “བླུ་རིན་གསོག་སྒྲུབ་བྱེད་པར། ངས་གར་ལོག་རྒྱལ་པོར་དམག་རྒྱག་ཆོག་ཀྱང་། མི་མང་པོའི་ཚེ་སྲོག་ཤོར་ངེས་པས། གསེར་སྤྲད་ནས་ཁྱེད་ཀྱི་རང་དབང་ཉོ་ཐབས་བྱ་རྒྱུ་ལས་ལེགས་པ་མི་འདུག” །ཅེས་ཞུས་པ་རེད།

དེ་ནས་དགུང་ལོ་བགྲེས་པོར་སླེབས་པའི་རྒྱལ་པོ་ཡེ་ཤེས་འོད་ཀྱིས། “ངའི་སྙིང་ནས་བརྩེ་བའི་ཚ་བོ་ལགས། ཁྱོད་ལ་སྙིང་རྗེ་དང་ཤེས་རབ་འདི་འདྲ་བ་ཡོད་ཀྱི་རེད་བསམ་པའི་རེ་བ་ངས་ནམ་ཡང་བྱས་མེད། ཁྱོད་ཀྱིས་འཚེ་བ་དེ་མི་དགེ་བ་ཞིག་ཡིན་པར་རྟོགས་འདུག་པས་ང་རང་ཧ་ཅང་དགའ་པོ་བྱུང་། ཡིན་ནའང་ད་ལྟ་ངའི་ཐད་ལ་སེམས་ཁྲེལ་བྱ་མི་དགོས་པར་དྲན་པ་བརྗེད་དགོས། དེའི་ཚབ་ལ་ཁྱེད་ནས་གསེར་ག་ཚོད་གསོག་སྒྲུབ་བྱས་པ་རྣམས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་འདྲེན་ཞུ་བའི་ཆེད་དུ་བེད་སྤྱོད་གཏོང་དགོས། ང་ལ་མཚོན་ན་སྐྱེ་བ་སྔོན་མ་གྲངས་ལས་འདས་པ་ཤི་ཟིན། འོན་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེའི་དོན་དུ་རང་སྲོག་བློས་གཏོང་བྱས་ཡོད་ཀྱི་མ་རེད། ད་ལྟ་དེའི་ཆེད་དུ་རང་སྲོག་དོར་དགོས་བྱུང་ནའང་ཧ་ཅང་དགའ་འོས་པ་ཆགས་ཀྱི་འདུག །ཁྱེད་ཀྱིས་རྒྱ་གར་དུ་སུ་གཏོང་གནང་བ་ཡིན་ནའང་། ངས་བོད་འབངས་མི་སེར་དང་རྒྱལ་བའི་བསྟན་པའི་ཆེད་དུ་རང་སྲོག་བློས་བཏང་བའི་སྐོར་ཇོ་བོ་རྗེའི་སྙན་དུ་གསོལ་རོགས། དེ་ལྟར་ཞུས་ན་ཇོ་བོ་བོད་དུ་གདན་འདྲེན་ཞུ་ཐུབ། མ་གཞི་ང་ལ་ཚེ་འདིར་ཇོ་བོ་རྗེ་མཇལ་རྒྱུའི་སྐལ་བ་མེད་ཀྱང་། སྐྱེ་བ་ཕྱི་མ་མཇལ་རྒྱུའི་རེ་བ་ཤུགས་ཆེན་པོ་ཡོད།” ཅེས་གསུངས། དེ་ནས་ཚ་བོས་ཨ་ཞང་གི་བཀའ་ལ་གུས་པས་དང་ལེན་ཞུས་ཏེ་སེམས་སྡུག་གིས་ཡོངས་སུ་མནར་ནས་ཞལ་གྱེས་པ་རེད།

དེ་ནས་ཚ་བོ་བྱང་ཆུབ་འོད་བོད་ཀྱི་རྒྱལ་པོར་བཀོད། རྒྱ་གར་དུ་བླ་མ་གདན་འདྲེན་ཞུ་བར་འགྲོ་ཐེངས་གསུམ་པ་འདིའི་སྐབས་ཆེད་གཏོང་འོས་པའི་མི་ཡག་ཤོས་དེ་ནག་མཚོ་ལོ་ཙཱ་བ་ཡིན་པར་ཐག་གཅོད་གནང་། དེ་གང་ཡིན་ཞེ་ན། ནག་མཚོ་ལོ་ཙཱ་བ་དེ་སྔོན་རྒྱ་གར་དུ་ཐེངས་འགའ་ཕེབས་མྱོང་ཡོད། དེར་བརྟེན་རྒྱལ་པོ་གསར་པ་ཁོང་གིས་ནག་མཚོ་ལོ་ཙཱ་བ་ཕོ་བྲང་དུ་གདན་དྲངས་ནས་རྒྱལ་པོའི་ཁྲིའི་སྟེང་ཨུ་ཚུགས་ཀྱིས་བཞུགས་བཅུག་གནང་ནས། “ངའི་ཨ་ཞང་ཡེ་ཤེས་འོད་ཇོ་བོ་རྗེ་བོད་དུ་གདན་འདྲེན་ཞུ་བའི་ཆེད་དགོངས་པ་རྫོགས་པ་རེད། གལ་སྲིད་ཁོང་གི་དགོངས་པ་མ་སྒྲུབ་ན། དཀའ་སྡུག་གིས་མནར་བའི་རང་རེ་བོད་འབངས་རྣམས་ངན་སོང་དུ་ལྷུང་རྒྱུ་ཡིན་པ་ཁོ་ཐག་ཆོད། དེར་བརྟེན་སྐལ་བ་དམན་པའི་འགྲོ་བ་འདི་དག་སྐྱོབ་རོགས་གནང་ཞེས་ངས་ཁྱེད་ལ་རེ་བ་ཞུ་གི་ཡོད།” ཅེས་གསུངས་ཏེ། སྐུ་ན་གཞོན་པའི་རྒྱལ་པོ་དེ་སེམས་སྡུག་གིས་མནར་ནས་སྤྱན་ཆབ་ཤོར། ནག་མཚོས་ངོས་བཞེས་མི་གནང་ཀ་མེད་དུ་གྱུར་ཏེ་སླར་ཡང་རྒྱ་གར་དུ་བསྐྱོད་རྒྱུའི་དཀའ་སྡུག་ལ་གདོང་ལེན་གནང་བ་རེད།

དེ་རྗེས་ལོ་ཙཱ་བ་མཆོག་གིས་གསེར་ཊམ་བདུན་བརྒྱ་དང་རོགས་པ་མི་དྲུག་ཁྲིད་དེ་རྒྱ་གར་དུ་ཐོན་གནང་བ་དང། རྒྱལ་པོ་སྐུ་ཉིད་ཀྱིས་ཉིན་ཤས་ཁོང་ཚོ་སྐྱེལ་མར་བཅར་ཏེ་མཐར་ཞལ་བྲལ་ཁར། “འདི་ནི་བོད་ནང་གི་གསེར་མཐའ་མ་དེ་དང་ངའི་ཨ་ཞང་ནི་བོད་ཀྱི་རླབས་ཆེན་གྱི་མི་མཐའ་མ་དེ་རེད། གལ་སྲིད་གཞན་དོན་ཆེད་ཇོ་བོར་སྙིང་རྗེ་ཡོད་ན། བོད་དུ་ངེས་པར་ཕེབས་དགོས། གལ་ཏེ་བོད་ཀྱི་ཀླ་ཀློ་རྣམས་ལ་ནང་བསྟན་ཐད་སེམས་ཁུར་འདི་འདྲ་ཡོད་ཅིང་ཇོ་བོ་རྗེར་མེད་ན། ནང་ཆོས་རྦད་དེ་ཉམས་རྒུད་འགྲོ་རྒྱུ་ལས་གཞན་རེ་བ་མེད།” ཅེས་ཇོ་བོ་རྗེའི་སྙན་དུ་གསོལ་རོགས་ཞེས་ནག་མཚོར་དྲན་སྐུལ་གནང་བ་རེད། དེ་ནས་རྒྱལ་པོ་ཕོ་བྲང་དུ་ཕྱིར་ཕེབས།

རྒྱ་གར་དུ་འགྲོ་བའི་ལམ་བར་དུ་ཁོང་ཚོར་བུ་ཞིག་ཐུག་པ་དང་། བུ་དེས་ཁོང་ཚོའི་འགྲུལ་བཞུད་ཀྱི་དམིགས་དོན་གང་ཡིན་ཞེས་སྐད་ཆ་དྲིས་པར་ལན་བཏབ་སྐབས། བུ་དེ་དགའ་ཚོར་ཆེན་པོ་བྱུང་སྟེ། “ཁྱེད་རང་ཚོས་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང། བོད་དུ་རྒྱལ་བའི་བསྟན་པ་དར་བ་ཤོག་ཅེས་རྟག་ཏུ་སྨོན་ལམ་འདི་བཏོན་ན། ཁྱེད་རང་ཚོའི་དམིགས་ཡུལ་ལམ་ལྷོང་ཡོང་ཐུབ།” ཅེས་བཤད་པ་རེད། བུ་དེ་སུ་ཡིན་མིན་སྐད་ཆ་དྲིས་པ་དང་། བུ་དེས་དུས་ལ་རན་འཚམ་སླེབས་སྐབས་ཁྱེད་ཚོས་ཤེས་ཡོང་ཞེས་བཤད།

མཐར་ནག་མཚོ་གཙོས་མི་དྲུག་པོ་མཚན་མོ་ཞིག་ལ་ཕྱི་པོར་དབེན་གནས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་འབྱོར་བ་དང་རྒྱལ་སྒོའི་འགྲམ་དུ་སྒར་བརྒྱབ་ནས་བཞུགས། ཁོང་ཚོའི་སྒར་གྱི་སྟེང་ཁང་ཞིག་ནང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཆེད་དུ་མངགས་པའི་འགྲུལ་བཞུད་ཐེངས་གཉིས་པ་སྣེ་ཁྲིད་མཁན་རྒྱ་བརྩོན་འགྲུས་སེང་གེ་བཞུགས་ཡོད། ཁོང་གིས་གཤམ་འོག་ནས་རང་སྐད་ནང་སྐད་ཆ་ཤོད་པ་གོ་ཐོས་བྱུང་འཕྲལ་ཧང་སངས་ཏེ་མར་བལྟས་པས། མི་ཚོགས་ཤིག་སྒར་བརྒྱབ་ནས་བསྡད་ཡོད་པ་གཟིགས་པ་དང་། ཁོང་ཚོ་སླེབས་དགོས་དོན་གང་ཡིན་སྐད་ཆ་དྲིས་པ་རེད། བོད་མི་དེ་དག་གིས་སྤྲོ་སེམས་ཆེན་པོས་སྒྲུང་ཚང་མ་བཤད་པ་དང་། ཡོང་དགོས་དོན་ནི་ཇོ་བོ་རྗེ་བོད་དུ་གདན་འདྲེན་ཞུ་བར་ཡོང་བ་ཡིན་ཞེས་གསལ་པོར་བཤད། དེ་ནས་རྒྱ་བརྩོན་འགྲུས་སེང་གེས་དམིགས་ཡུལ་དེ་བརྒྱ་གྲགས་འབོད་སྒྲོག་མ་བྱེད་ཅེས་ཉེན་བརྡ་བཏང་བ་དང་། གསེར་རྣམས་རྒྱལ་སྒོ་སྲུང་མཁན་གྱི་བུ་དེར་བཞག་ནས་སང་ཉིན་ཞོགས་པ་ང་ཐུག་པར་ཤོག་ཅེས་བཤད། འགྲུལ་མི་ཚོས་དེ་ལྟར་བྱས་པས་བུ་དེས་ཁྱེད་ཚོ་ངལ་གསོ་བྱོས། སེམས་ཁྲལ་མ་བྱེད། ང་ལ་ཡིད་ཆེས་བྱོས་ཞེས་བཤད་པ་རེད།

སང་ཉིན་ཞོགས་པ་དེར་བུ་དེས་ཁོང་ཚོ་གཉིད་སད་དེ་ཡོང་དོན་གང་ཡིན་སྐད་ཆ་དྲིས་པར། ཁོང་ཚོས་ལན་གསལ་པོ་བརྒྱབ་པས། བུ་དེས་སྤྲོ་ཐུང་ངང་ནས་བརྗོད་དོན།  “ཁྱེད་ཚོ་བོད་པ་ཚོས་སྐད་ཆ་མང་དྲགས་སོང་། དེ་གཞན་ལ་མ་ཤོད། དེ་མིན་བར་ཆད་ཡོང་ངེས་རེད། ལས་དོན་གལ་ཆེན་རྣམས་འཚབ་འཚུབ་ངང་ནམ་ཡང་བྱ་རྒྱུ་མེད་པར། ངང་རྒྱུད་རིང་པོས་ག་ལེར་གསང་པོའི་སྒོ་ནས་སྒྲུབ་དགོས།” ཞེས་བཤད། དེ་ནས་བུ་དེས་གསེར་ཊམ་རྣམས་ཕྱིར་སྤྲད་ནས་གཙུག་ལག་ཁང་གི་ཐང་ཆེན་ཞིག་གི་ནང་ཁྲིད་པ་རེད།

དེ་རྗེས་ནག་མཚོ་ལོ་ཙཱ་བ་དང་མི་དྲུག་པོར་རྒས་པོ་ཞིག་ཐུག་པ་དང་རྒས་པོ་དེས་འཚམས་འདྲི་ཞུ་ཞིང་། ག་ནས་ཡོང་བ་ཡིན་ནམ། དོན་དག་གང་གི་ཆེད་དུ་ཡོང་བ་ཡིན་ནམ་ཞེས་དྲིས་པར། ཁོང་ཚོས་གསང་ཐབས་མ་བྱས་པར་དྲང་པོར་ལན་བཏབ་པས། རྒས་པོས་གཤེ་གཤེ་བཏང་ནས། “གལ་ཏེ་ཁྱེད་ཚོས་མུ་མཐུད་བག་མེད་ཀྱི་སྤྱོད་ཚུལ་འདི་འདྲ་བྱས་པ་ཡིན་ན། ཁྱེད་རང་ཚོའི་དམིགས་ཡུལ་ནམ་ཡང་སྒྲུབ་ཀྱི་མ་རེད། ཁྱེད་ཚོའི་དམིགས་ཡུལ་དེ་ཇོ་བོ་རྗེ་ཁོ་ནར་ཞུ་དགོས།” ཞེས་བཤད། དེས་ནས་རྒས་པོ་དེས་ཁོང་ཚོར་རྒྱ་བརྩོན་འགྲུས་སེང་གེའི་གཟིམ་ཤག་དུ་ཁྲིད། མ་གཞི་རྒས་པོ་དེས་འཁར་རྒྱུག་ཅིག་ལ་བརྟེན་ནས་གོམ་པ་དལ་པོར་བསྐྱོད་ནའང་། ཁོང་ཚོ་སུ་གཅིག་གིས་ཀྱང་རྒས་པོའི་རྗེས་ཟིན་ཐུབ་ཀྱི་མེད། སྔོན་གྱི་བུ་དེ་དང་འདྲ་བར་རྒས་པོ་དེའང་ཁོང་ཚོའི་བསྒྲུབ་བྱའི་དོན་ལ་གཟིགས་ཞིབ་གནང་བའི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཞིག་ཡིན་པ་རེད།

དེ་ལྟར་བོད་མི་ཚོས་འཆར་གཞི་ཞིག་བཏིངས་བ་རེད། རྒྱ་བརྩོན་འགྲུས་སེང་གེས། ཁྱེད་རང་ཚོ་འདིར་ལེགས་སྦྱར་གྱི་སྐད་སྦྱང་དུ་ཡོང་བ་ཡིན་ཞེས་ཞུ་དགོས་ཞེས་བཤད། “ང་ཚོའི་མཁན་པོ་གཙོ་བོ་རཏྣཱ་ཀར་རམ་རིན་ཆེན་འབྱུང་གནས་ནི་ཇོ་བོ་རྗེ་ལས་མཐོ་བ་ཡིན་པ་དང་ཇོ་བོར་གཙིགས་ཧ་ཅང་ཆེན་པོ་གནང་གི་ཡོད། གལ་ཏེ་མཁན་པོས་ཁྱེད་ཚོའི་དམིགས་ཡུལ་ངོ་མ་མཁྱེན་ན། ཇོ་བོ་རྗེ་ནམ་ཡང་མཇལ་འཇུག་ངེས་མ་རེད།” ཅེས་བཤད་པ་རེད།

ཕྱི་ཉིན་ཞོགས་པ་དེར་ཁོང་ཚོས་མཁན་པོའི་དྲུང་དུ་བཅར་ནས་གསེར་ཊམ་ཕྱེད་ཙམ་ཕུལ་རྗེས། སྔོན་མ་བོད་མི་མི་ཉུང་བ་ཞིག་རྒྱ་གར་དུ་ཡོང་ནས་ཇོ་བོ་རྗེ་ལྟ་བུའི་མཁས་གྲུབ་བོད་དུ་གདན་འདྲེན་ཞུ་བར་ཡོང་ཡོད། འོན་ཀྱང་ད་ལྟ་ངེད་ཚོ་འདིར་ལེགས་སྦྱར་གྱི་སྐད་སློབ་གཉེར་ཆེད་དུ་ཡོང་བ་ཡིན་ཞེས་ཞུས། མཁན་པོ་ཐུགས་ལྷོད་པོར་གྱུར་ཏེ། “སྔོན་ཆད་གང་བྱུང་བར་གོ་ནོར་མ་ཐེབས་པ་མཛོད། ངས་བོད་ལ་སྙིང་རྗེ་མེད་པ་མ་ཡིན། འོན་ཀྱང་ཇོ་བོ་རྗེ་ནི་ང་ཚོའི་བླ་མ་རྟོགས་པ་དང་ལྡན་ཞིང་གལ་ཆེ་བ་ཞིག་དང་། ལྷག་པར་དུ་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཐད་ནས་འདིར་མེད་དུ་མི་རུང་བ་ཞིག་ཡིན། གལ་ཏེ་ཁོང་རྒྱ་གར་ནང་མ་བཞུགས་ན། སངས་རྒྱས་ཀྱི་བསྟན་པ་དར་སའི་ཡུལ་འདིར་ནང་བསྟན་མུ་མཐུད་འཕེལ་བའི་རེ་བ་མེད།” ཅེས་གསུངས། འོན་ཀྱང་མཁན་པོ་མཆོག་ད་དུང་ཕྱི་མི་བོད་པ་དེ་དག་ལ་དྭོགས་པ་ཆེན་པོ་བཟའ་བས་ཇོ་བོ་རྗེ་མཇལ་བ་ལ་བཀག་འགོག་གནང་གི་ཡོད་པ་རེད།

བོད་མི་དེ་དག་གིས་རང་གི་ལས་དོན་དེར་གྲུབ་འབྲས་ཐོན་པ་ངེས་ཤེས་བྱུང་ནས་འཛིན་གྲྭར་འགྲོ་འགོ་བཙུགས་པ་དང་དུས་ཚོད་སྒུག་ནས་བསྡད་པ་རེད། ཟླ་ཤས་རྗེས་གཙུག་ལག་ཁང་གི་མཛད་སྒོ་གལ་ཆེན་ཞིག་འཚོགས་པ་དང། དེར་དགེ་འདུན་པ་ཐམས་ཅད་བཅར་དགོས་སྟབས། སྐབས་དེར་བོད་མི་ཚོས་ཇོ་བོ་རྗེའི་ཞལ་ཡུད་ཙམ་ཞིག་མཇལ་རྒྱུའི་རེ་བ་བྱས་པ་རེད། ཁོང་ཚོས་ཕེབས་ལམ་གྱི་ཉེ་འགྲམ་ནས་སྙན་གྲགས་ཆེ་བའི་བླ་མ་དང་སློབ་དཔོན་མང་པོ་ཕེབས་སར་བལྟས་ནས་བསྒུགས། དེ་ནས་ནཱ་རོ་པ་འདྲ་བའི་བླ་མ་ཞིག་འཁོར་མང་པོས་བསྐོར་བ་དང་། གཞན་དག་ནི་ཞབས་ཕྱིས་རྣམས་ཀྱིས་མེ་ཏོག་དང་བདུག་སྤོས་ཀྱིས་ཕེབས་སྣ་བསུས། མཐར་ཇོ་བོ་རྗེ་ཕེབས། ཇོ་བོ་རྗེ་ནི་བཟའ་རྙིང་པ་རྩབ་རལ་ཐེབས་པ་ཞིག་མནབས་པ་དང་ལྷ་ཁང་དང་མཛོད་ཁང་གི་ལྡེ་མིག་རྐེད་པར་བཏགས་གནང་བ་ཞིག་ཡོད། བོད་མི་ཚོའི་མིག་སྔར་ཇོ་བོ་རྗེའི་ཕྱིའི་སྣང་ཚུལ་ཡིད་དུ་མི་འོང་བར་མཐོང་ནས་བློ་ཕམ་ཧ་ཅང་ཆེན་པོ་བྱུང་སྟེ། ཇོ་བོའི་ཚབ་ཏུ་ཡིད་དབང་འཕྲོག་པའི་བླ་མ་གཞན་ཞིག་གདན་འདྲེན་ཞུ་ཐུབ་ན་ཞེས་རྒྱ་བརྩོན་འགྲུས་སེང་་གེ་ལ་ཞུས་པ་དང་། རྒྱ་བརྩོན་སེང་གེས། “འགྲིགས་ཀྱི་མ་རེད། ཇོ་བོ་རྗེ་དང་བོད་དབར་དམིགས་བསལ་གྱི་འབྲེལ་ཐག་ཉེ་པོ་ཞིག་ཡོད། ཁོང་གི་ཕྱིའི་སྣང་ཚུལ་ལ་མ་ལྟོས་པར། ཁྱེད་ཚོས་ངེས་པར་དུ་གདན་འདྲེན་ཞུ་དགོས་པ་ནི་ཁོང་རེད།” ཅེས་བཤད།

མཐར་གསང་བའི་མཇལ་ཁ་ཞིག་གོ་སྒྲིག་བྱུང་བ་དང་། ནག་མཚོ་ལོ་ཙཱ་བས་ཇོ་བོར་གསེར་ཊམ་རྣམས་མཎྜལ་ཚུལ་དུ་ཕུལ་ནས་བོད་ནང་དམ་པའི་ཆོས་ཉམ་ཆག་འགྲོ་ཚུལ་དང་བོད་རིགས་རྣམས་ཀྱིས་དེ་ལ་དད་གུས་ཡོད་ཚུལ་སོགས་ཀྱི་ལོ་རྒྱུས་དང་། ལྷག་པར་དུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རང་སྲོག་བློས་གཏོང་མཛད་ཅིང་། བྱང་ཆུབ་འོད་ཀྱིས་དེའི་སླད་དཀའ་ལས་བརྒྱབ་པའི་ལོ་རྒྱུས་ཞིབ་ཕྲ་ཇོ་བོའི་སྙན་ལམ་དུ་ཡང་ནས་ཡང་དུ་ཞུས་ཏེ། བོད་དུ་ཕེབས་རོགས་ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པ་རེད།

ཇོ་བོ་རྗེས་ཁོང་ཚོར། བོད་ཀྱི་རྒྱལ་པོ་དེ་གཉིས་སྙིེང་རྗེ་ཆེ་ཞིང་དོན་དངོས་སུ་ཁོང་རྣམས་བྱང་ཆུབ་སེམས་དཔའ་ཡིན་པར་ཐེ་ཚོམ་མེད། ངས་དཀའ་ངལ་ཤེས་ཀྱི་འདུག་ལ་རྒྱལ་པོ་ཁོང་གིས་རང་སྲོག་བཏང་བར་གུས་བརྩི་ཆེན་པོ་ཡོད། འོན་ཀྱང་ཁྱེད་རང་ཚོས་མཁྱེན་དགོས་པ་ཞིག་ལ་ད་ཆ་ང་ལོ་ན་མཐོ་བ་དང་། ལྷག་པར་གཙུག་ལག་ཁང་འདིའི་མཛོད་ཁང་ལ་ལྟ་སྲུང་བྱ་རྒྱུའི་ལས་འགན་ཡོད། ཁྱེད་རང་ཚོས་གསེར་ཊམ་རྣམས་ཕར་བླངས་ནས་ཕ་ཡུལ་ལོག་རྒྱུའི་རེ་བ་ཡོད། “དེ་དང་ཆབས་ཅིག་ངས་རང་གི་ཡི་དམ་ལ་དགོངས་སྐོར་ཞུ་གི་ཡིན།” ཞེས་གསུངས།

དགོང་མོ་དེར་ཇོ་བོ་རྗེར་རྗེ་བཙུན་སྒྲོལ་མ་དག་སྣང་དུ་གཟིགས་ནས་བོད་ལ་ཕེབས་ན་འགྲོ་དོན་རྒྱ་ཆེན་པོ་ལེགས་གྲུབ་འོང་བ་འདུག །བོད་མི་ཚོར་ཕན་པ་རྒྱ་ཆེར་སྒྲུབ་ཐུབ་ཅིང་། དེའི་ཁྲོད་རང་དང་ལས་འབྲེལ་ཡོད་པའི་སློབ་མ་ཞིག་ཀྱང་རྙེད་ངེས་འདུག །སློབ་མ་དེ་ནི་ཨུ་པཱ་ས་ཀ་སྟེ། དགེ་བསྙེན་གྱི་སྡོམ་པ་ཡོད་མཁན་ཁོང་གིས་ད་དུང་སངས་རྒྱས་ཀྱི་བསྟན་པ་གོང་ནས་གོང་དུ་སྤེལ་ངེས་རེད་འདུག་ཅེས་གསུངས། འོན་ཀྱང་སྒྲོལ་མས། “གལ་ཏེ་ཇོ་བོ་ཁྱེད་རྒྱ་གར་ནང་བཞུགས་ན་དགུང་ལོ་དགུ་བཅུ་གོ་གཉིས་བར་བཞུགས་ཐུབ་པ་དང་། བོད་དུ་ཕེབས་ན་བདུན་བཅུ་དོན་གཉིས་ལས་བཞུགས་པ་མི་འདུག” །ཅེས་གསུངས། དེར་བརྟེན་ཇོ་བོ་རྗེའི་ཐུགས་ལ་གལ་སྲིད་དེ་ལྟར་དངོས་གནས་ཕན་པ་སྒྲུབ་ཐུབ་ན་རང་གི་ལོ་ཉི་ཤུ་བློས་གཏོང་བྱེད་རན་འདུག་ཅེས་བོད་མི་དེ་དག་དང་ལྷན་དུ་ཕེབས་རྒྱུའི་ཐུགས་འདོད་བྱུང་། དེ་ནས་ཁོང་གི་རྣམ་དཔྱོད་ཀྱི་རྩལ་ཞིག་སྟོན་པའི་ཐོག་སྤྱང་གྲུང་ལྡན་པའི་རང་གི་མཁན་པོའི་དྲུང་ནས་བོད་དུ་འགྲོ་རྒྱུའི་ཞལ་བཞེས་འཐོབ་ཐབས་འཚོལ་དགོས་ཀྱི་ཡོད།

ཐོག་མར་བིཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་ཤར་དང་། ལྷོ། ནུབ་བཅས་སུ་གནས་སྐོར་དུ་འགྲོ་རྒྱུའི་ཆོག་མཆན་ཞུས་པ་བཞིན་གནང་བ་ཐོབ་སྟེ། གནས་མཆོག་མང་པོ་ཞིག་ལ་གནས་གཟིགས་ཏུ་ཕེབས། དེ་རྗེས་བྱང་ཕྱོགས་སུ་གནས་སྐོར་ལ་འགྲོ་བའི་ཆོག་མཆན་ཞུས་སྐབས། གནས་བརྟན་གྱི་དགོངས་པར་ཇོ་བོ་རྗེར་དགོངས་པ་གཞན་ཞིག་འདུག་དགོངས་ནས་ཞལ་བཞེས་མ་གནང་་བ་རེད།  

བོད་རིགས་དེ་དག་རེ་བ་ཟད་དེ་མཁན་པོར་དྲང་པོ་ཞུ་རྒྱུ་ལེགས་ཤོས་སུ་མཐོང་ནས་དྲང་པོར་ཞུས་པས། གནས་བརྟན་རཏྣཱ་ཀར་སྐུ་རླུང་བཞེངས་ཡོད་ཁུལ་གནང་བ་དང་། བོད་མི་དེ་དག་གིས་ལམ་སེང་པུས་མོ་ས་ལ་བཙུགས་ཏེ་དགོངས་སེལ་ཞུས། གནས་བརྟན་མཁན་པོས། “ཇོ་བོ་རྗེ་བོད་དུ་མ་བཏང་བའི་རྒྱུ་མཚན་ནི་སྔོན་མ་ནང་བཞིན་གཅིག་པ་ཡིན། འོན་ཀྱང་བོད་ལ་ཇོ་བོ་རྗེ་དགོས་མཁོ་ཤིན་ཏུ་ཆེ་སྟབས། བོད་དུ་ཕེབས་ནས་ལོ་གསུམ་བཞུགས་ན་འགྲིགས།” ཞེས་བཀའ་བསྩལ། འོན་ཀྱང་ལོ་གསུམ་གྱི་རྗེས་ཇོ་བོ་རྗེ་རྒྱ་གར་དུ་ཕྱིར་སློག་གི་དམ་བཅའ་འཇོག་དགོས་གསུངས་པས། དེ་ཐོས་མ་ཐག་བོད་མི་དེ་དག་ཤིན་ཏུ་དགའ་ནས་མཁན་པོའི་བཀའ་ལ་ཁས་ལེན་དམ་བཅའ་བྱས་པ་རེད།

བོད་དུ་དམ་པའི་ཆོས་ལེགས་བཅོས་དང་བསྐྱར་གསོ་མཛད་ཚུལ།

དགུང་ལོ་ལྔ་བཅུ་ང་གསུམ་ལ་ཇོ་བོ་རྗེས་བོད་དུ་ཞལ་ཕྱོགས་ནས་འགྲུལ་བཞུད་རིང་པོ་གནང་། ཕེབས་ལམ་དུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་བསྙུངས་ནས་དགོངས་པ་གཤེགས་པ་དང་། ཇོ་བོ་རྗེ་ཐུགས་སྐྱོ་ནས། “ད་ངའི་ལྕེ་བཅད་སོང་།” ཞེས་གསུང་ཤོར་བ་དང། ནག་མཚོ་ལོ་ཙཱ་བས་ཇོ་བོའི་མདུན་དུ་གུས་འདུད་དང་བཅས་ཏེ། “ཐུགས་ཁྲེལ་མཛད་མི་དགོས། མ་གཞི་ང་རང་ལེགས་སྦྱར་གྱི་སྐད་ལ་བྱང་ཆུབ་པ་མེད་ཀྱང་། གཏན་གཏན་ཡར་རྒྱས་འགྲོ་ངེས་ཡིན། དེར་མ་ཟད། ཇོ་བོ་མཆོག་གི་གསུང་སྒྱུར་ཞུ་ཐུབ་མཁན་གྱི་ལོ་ཙཱ་བ་གཞན་ཡང་ཡོང་སྲིད།” ཅེས་ཞུས་པ་རེད།

བལ་ཡུལ་དུ་ཁོང་ཚོར་སྒྲ་སྒྱུར་གྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ (༡༠༡༢ - ༡༠༩༩) དང་མཇལ་འཕྲད་བྱུང་། མར་པ་ལོ་ཙཱ་བ་ནི་སྐབས་དེར་རྒྱ་གར་དུ་ཐེངས་གསུམ་པ་དེ་ཕེབས་བཞིན་པའི་སྐབས་ཡིན། ཇོ་བོ་རྗེས་མར་པ་གསུང་སྒྱུར་དུ་བོས་གནང་ནའང་། མར་པས། “བླ་མའི་བཀའ་བཞིན་རང་ཉིད་རྒྱ་གར་དུ་ཐེངས་གསུམ་འགྲོ་དགོས། ད་ལྟ་ཐེངས་གསུམ་པ་འདི་ཡིན་པས་ངེས་པར་དུ་འགྲོ་དགོས།” ཞེས་གསུངས་ནས་དགོངས་སེལ་ཞུས་ཏེ་རྒྱ་གར་དུ་གཤེགས། དེ་ནས་ཁོང་ཚོར་སྐུ་ན་ཧ་ཅང་བགྲེས་པའི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་མཇལ་འཕྲད་བྱུང་ནའང་། ཁོང་གིས་ཀྱང་ཕྱག་རོགས་གནང་ཐུབ་མེད། ཁོང་གིས། “ཁྱེད་ཚོས་མཐོང་བ་བཞིན་ང་ད་ཆ་ལོ་ན་བརྒས་ཏེ་མགོ་བོའི་སྐྲའང་དཀར་པོར་གྱུར། རང་གི་མི་ཚེའི་ནང་སྒོམ་སྒྲུབ་ཉམས་ལེན་གཟབ་ནན་བྱ་རྒྱུ་མ་བྱུང་ལས་དོན་རྐྱང་བསྒྲུབས་ནས་བསྡད་པ་ཡིན།” ཞེས་གསུངས་པ་རེད། དེ་ནས་ཇོ་བོ་རྗེ་མུ་མཐུད་ཕེབས་ནས་ནག་མཚོ་ལོ་ཙཱ་བའི་ཚད་བཀག་གི་མཁས་རྩལ་ལ་མ་བརྟེན་ཀ་མེད་བྱུང་བ་རེད།

མཐར་ལོ་གཉིས་ཙམ་རིང་འགྲུལ་བཞུད་གནང་རྗེས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྒྱལ་གཞིས་སྟོད་མངའ་རིས་སུ་འབྱོར་བ་དང་། དེར་དགེ་འདུན་དང་ཁྱིམ་པ་རྣམས་ཀྱིས་སེར་སྦྲེངས་རྒྱ་ཆེར་བསྒྲིགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ནས་ཉེ་འགྲམ་གྱི་དབེན་པའི་དགོན་པ་ཞིག་ཏུ་བཞུགས་སུ་གསོལ། བོད་མིས་རྒྱལ་བའི་བསྟན་པ་རིན་པོ་ཆེར་དད་གུས་ཆེན་པོས་དོན་གཉེར་དེ་འདྲ་ཡོད་པ་དང་རབ་བྱུང་གི་ངུར་སྨྲིག་འཛིན་པ་མང་པོ་གཟིགས་པས་རྒྱ་གར་གྱི་སློབ་དཔོན་ཁོང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་། བོད་ས་ཁྱོན་ཡོངས་ནས་མཁས་པ་མང་པོ་དེར་ཕེབས། སངས་རྒྱས་ཀྱི་གསུང་མདོ་སྔགས་ཀྱི་ཐོག་ལ་བོད་མི་ཚོས་དྲི་བ་གཏིང་ཟབ་པོ་ཕུལ་བས། ཇོ་བོ་རྗེ་ཐུགས་རབ་ཏུ་མགུ་བ་དང་། བོད་ནང་སྔོན་ཚུད་ནས་མཁས་གྲུབ་ཀྱི་སྐྱེ་བོ་མང་པོ་ཡོད་པ་གཟིགས་པས་རྒྱ་གར་ནས་གང་ཉིད་གདན་འདྲེན་ཞུ་བར་དཀའ་ངལ་ཁྱད་གསོད་བྱས་པར་ཡ་མཚན་ཆེན་པོ་བྱུང་། འོན་ཀྱང་ཇོ་བོ་རྗེས་བོད་མིར་སྔོན་འགོག་གི་ཐབས་ལམ་གཉིས་ ༼མདོ་སྔགས་གཉིས་༽ ཕྱོགས་ཡོངས་ནས་ཟུང་དུ་འཇུག་ཚུལ་བཀའ་འདྲི་གནང་བས། ལན་ཕུལ་མ་ཐུབ་སྟབས། ད་གཟོད་ཇོ་བོས་གང་ཉིད་གདན་འདྲེན་ཞུ་དགོས་པའི་དགོས་དོན་མཁྱེན་རྟོགས་བྱུང་བ་རེད།

ཉིན་གཅིག་རྒྱལ་པོ་བྱང་ཆུབ་འོད་ཀྱིས་བོད་མིར་གསུང་ཆོས་ཤིག་གནང་རོགས་ཞེས་གསོལ་བ་བཏབ་ཅིང་། “ང་ཚོས་ཤེས་རྟོགས་གསལ་པོ་མི་ཐུབ་པའི་རྒྱ་ཆེ་བ་དང་གཏིང་ཟབ་པའི་ཆོས་མི་དགོས། དེ་ལས་ང་ཚོའི་སེམས་འདུལ་ཐུབ་པ་དང་ཉིན་རེའི་མི་ཚེའི་ནང་རང་ཤུགས་ཀྱི་སྤྱོད་ལམ་ ༼ལས་༽ དང་དེའི་འབྲས་བུ་ལ་གདོང་ལེན་ཐུབ་པ་དང་། ཇོ་བོ་གང་ཉིད་ཀྱིས་ཉམས་བཞེས་མཛད་པའི་ཆོས་ཤིག་གནང་རོགས།” ཞེས་ཞུས་པ་རེད།

རྒྱལ་པོའི་ཉམ་ཆུང་གི་རང་བཞིན་དང་ལྷག་བསམ་རྣམ་པར་དག་པའི་གསོལ་འདེབས་ལ་ཇོ་བོ་རྗེ་ཐུགས་ཤིན་ཏུ་མཉེས་པས། ཕྱིས་སུ་ཇོ་བོ་རྗེའི་སྲས་ཀྱི་ཐུ་བོར་བཀུར་བ་རེད། གལ་ཏེ་རྒྱལ་པོས་ཚད་མཐོ་བའི་སྔགས་ལུགས་ཀྱི་ཡི་དམ་གྱི་དབང་ངམ་ཉམས་ལེན་ཆེད་དམིགས་བསལ་དབང་དེ་འདྲ་གནང་རོགས་ཞེས་ཞུས་ན། ཇོ་བོའི་ཐུགས་སུ་དགྱེས་ཚོར་ཆེན་པོ་དེ་འདྲ་བྱུང་ཡོད་ཀྱི་མ་རེད། དེར་བརྟེན་ཇོ་བོ་རྗེ་མངའ་རིས་སུ་ཆོས་གསུང་སྟེ་ལོ་གསུམ་བཞུགས་ནས་ཕྱིས་སུ་བྱང་ཆུབ་ལམ་གྱི་སྒྲོན་མེ་ཞེས་ཁྱད་པར་དུ་འཕགས་པའི་གཞུང་དེ་ཕྱོགས་སྒྲིག་ཞུས་ཤིང་། གཞུང་དེ་ནི་དུས་ཕྱིས་ཀྱི་དཔེ་གཞུང་ཀུན་གྱི་མ་ཕྱི་ལྟ་བུར་གྱུར་བ་རེད།

ཇོ་བོ་རྗེའི་གསུང་གི་ནང་མི་རྣམས་ལ་དུས་རྟག་ཏུ་ཐུགས་ནན་མཛད་པའི་གནད་དོན་གྱིས་རྐྱེན་པས། མི་རྣམས་ཀྱིས་ཇོ་བོར་སྐྱབས་འགྲོའི་བླ་མ་དང་། ལས་འབྲས་ཀྱི་བླ་མ་ཞེས་སུ་གྲགས་པ་རེད། མཚན་དེ་ཐོས་པས་བོད་མིར་ཕན་ཐོགས་སྲིད་དགོངས་ནས་ཇོ་བོ་རྗེའི་ཐུགས་ཤིན་ཏུ་མཉེས་ཀྱི་ཡོད།

ཐོག་མཐའ་བར་གསུམ་དུ་ཇོ་བོ་རྗེས་རྗེ་བཙུན་སྒྲོལ་མས་ལུང་བསྟན་པའི་རང་གི་འབྱུང་འགྱུར་གྱི་ཁྱིམ་པའི་རྟེན་ཅན་གྱི་སློབ་མ་དེ་བསྒུགས་ནས་བཞུགས་ཀྱང་། སློབ་མ་དེ་ད་བར་མ་གཟིགས། ཉིན་གཅིག་ཇོ་བོ་རྗེ་སྦྱིན་བདག་ཅིག་གི་ཁྱིམ་དུ་གུང་ཚིགས་ལ་གདན་དྲངས། ཇོ་བོ་མཆོག་མཐའ་གཅིག་ཏུ་དཀར་སྐྱོང་གནང་མཁན་ཞིག་ཡིན་པས། སྦྱིན་བདག་གིས་ཞལ་ཟས་སུ་རྩམ་པ་ཕུལ། གུང་ཚིགས་གྲུབ་ནས་ཕྱིར་ཕེབས་ཁར། སྦྱིན་བདག་ལ་རྩམ་པ་དང་མར་ཅུང་ཟད་གནང་རོགས་ཞེས་ཞུས། སྐབས་དེ་ག་རང་ལ་ཡུན་རིང་བསྒུགས་པའི་ཁྱིམ་པའི་རྟེན་ཅན་གྱི་སློབ་མ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ (༡༠༠༤ - ༡༠༦༤།) ཇོ་བོ་རྗེའི་གཟིམ་ཁང་གི་སྒོ་འགྲམ་དུ་བཅར། འབྲོམ་སྟོན་པས་སྐུ་བཅར་བ་རྣམས་ལ། “བདག་གི་ཐེག་པ་ཆེན་པོའི་བླ་ན་མེད་པའི་བླ་མ་གང་དུ་བཞུགས་འདུག་གམ།” ཞེས་དྲིས་གནང་བས། ཁོང་ཚོས། “ཇོ་བོ་རྗེ་སྦྱིན་བདག་གི་ཁྱིམ་དུ་གུང་ཚིགས་ལ་གདན་དྲངས་སོང་། ཁྱོད་འདི་རུ་བསྒུགས་ན། མི་རིང་བར་ཇོ་བོ་ཕྱིར་ཕེབས་ངེས་ཡིན།” ཞེས་ལན་བཏབ།

འབྲོམ་སྟོན་པས་ཡུན་ཙམ་ཡང་སྒུག་མ་ཐུབ་པར། ཤར་རེར་སྦྱིན་བདག་དེའི་ཁྱིམ་ཕྱོགས་སུ་བརྒྱུགས་གནང་བ་རེད། ཇོ་བོ་དང་འབྲོམ་སྟོན་གཉིས་སྲང་ལམ་ཞིག་ཏུ་མཇལ་འཕྲད་བྱུང་ཞིང། ཁོང་རྣམ་གཉིས་ཕན་ཚུལ་ཞལ་མཇལ་ནམ་ཡང་གནང་མྱོང་མེད་ཀྱང་། སྐྱེ་བ་སྔོན་མའི་ལས་འབྲེལ་གྱི་དབང་གིས་ལམ་སེང་ཕན་ཚུན་ཞལ་ངོ་མཁྱེན་པ་བྱུང་བ་དང་། འབྲོམ་སྟོན་པས་དེ་མ་ཐག་ཇོ་བོར་ཕྱག་ཕུལ་བ་དང་། ཇོ་བོས་འབྲོམ་སྟོན་པར་བཞེས་པག་གནང་སྟེ། “ཁྱོད་གྲོད་ཁོག་ལྟོགས་ཡོད་ཀྱི་རེད། འདི་གུང་ཚིགས་ཡིན།” ཞེས་གསུངས། ཁྱིམ་པ་དེས་པག་ཟས་པ་དང་། མར་དེ་རང་ལ་གསར་དུ་རྙེད་པའི་བླ་མར་མཆོད་པ་ཕུལ། དུས་དེ་ནས་བཟུང་འབྲོམ་སྟོན་པས་མཚན་མོ་རྟག་ཏུ་ཆད་མེད་ཇོ་བོ་རྗེ་ལ་མཆོད་མེ་འབུལ་གྱི་ཡོད།

ཇོ་བོ་རྗེ་མངའ་རིས་སུ་ལོ་གསུམ་བཞུགས་རྗེས་ནག་མཚོ་ལོ་ཙཱ་བ་དང་མཉམ་དུ་རྒྱ་གར་ལ་ཕྱིར་ཕེབས། འོན་ཀྱང་སྐབས་དེ་དུས་བལ་ཡུལ་གྱི་ས་མཚམས་སུ་དམག་འཁྲུག་ལ་བརྟེན་ནས་ཕེབས་ལམ་ལ་འགོག་རྐྱེན་བཟོས་པ་རེད། དེར་བརྟེན་ནག་མཚོའི་ཐུགས་ལ་དངངས་འཚབ་ཆེན་པོ་བྱུང་། གང་ཡིན་ཞེ་ན། བིཀྲམ་ཤཱི་ལའི་གཙུག་ལག་ཁང་གི་གནས་བརྟན་མཁན་པོའི་དྲུང་དུ་ནག་མཚོས་ལོ་གསུམ་གྱི་རྗེས་སུ་ཇོ་བོ་རྗེ་ཕྱིར་རྒྱ་གར་དུ་ཕེབས་སྐྱེལ་ཞུ་གི་ཡིན་ཞེས་དམ་བཅའ་བཞག་པ་བཞིན་སྒྲུབ་ཐབས་མེད་པ་གཟིགས། ཇོ་བོས་དེ་མ་ཐག་ཞལ་ནས། “ང་ཚོའི་ཚོད་འཛིན་གྱི་ཡུལ་ལས་འདས་པའི་གནས་སྟངས་འདི་འདྲར་སེམས་ཁྲལ་བྱས་ན་མི་ཕན། སྒྲུབ་པར་མི་ནུས་པ་ལ་ཉེས་པ་མེད།” ཅེས་གསུངས་ཏེ་དངངས་སྐྲག་ཞི་བར་མཛད།

ནག་མཚོ་ལོ་ཙཱ་བ་ཐུགས་ཧ་ཅང་ལྷོད་ཡངས་ངང་གནས་བརྟན་མཁན་པོ་མཆོག་ལ་ཡི་གེ་ཞིག་བྲིས་གནང་བ་དང། དེའི་ནང་དམ་བཅའ་བཞག་པ་བཞིན་ཀུན་སློང་ལ་དྲི་མ་མེད་ཀྱང་། ཕེབས་ལམ་དུ་འགོག་རྐྱེན་ཕྲད་ཚུལ་འགྲེལ་བཤད་ཕུལ། ཕྱིར་ལོག་མ་ཐུབ་པའི་ཉེས་ཆད་གསབ་རྒྱུའི་ཆ་ཙམ་དུ་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་སྒྲོན་གྱི་ངོ་བཤུས་ཤིག་བསྐུར་ནས། ཇོ་བོའི་སྐུ་ཚེ་ལྷག་མ་རྣམས་བོད་རང་དུ་བཞུགས་ཆོག་པའི་གསོལ་བ་སྙིང་ནས་བཏབ་པ་རེད། དེ་ནས་ཁོང་རྣམ་པ་མངའ་རིས་ཕྱོགས་སུ་ཕྱིར་ཕེབས།

དེང་སང་གི་དུས་སུ་དཔེ་དེབ་དཔར་སྐྲུན་བྱ་རྒྱུ་ནི་ཚོང་ལས་ཀྱི་ལས་དོན་སྟབས་བདེ་པོ་ཞིག་ཡིན། འོན་ཀྱང་ཇོ་བོ་རྗེའི་སྐུ་དུས་སུ་ལག་བྲིས་རྩོམ་ཡིག་དཔར་སྐྲུན་བྱེད་པའི་སྔོན་དུ་ཡུལ་དེ་གའི་རྒྱལ་པོས་གཙོ་སྐྱོང་གནང་སྟེ། མཁས་པའི་ལྷན་ཚོགས་ཀྱིས་སྒྱུར་བཅོས་དང་ཞུ་དག་ནན་པོ་བྱེད་དགོས་ཀྱི་ཡོད། གལ་སྲིད་རྩོམ་ཤོག་གང་ཞིག་ལ་དགོས་ངེས་ཀྱི་ཁྱད་ཆོས་ཚང་མེད་ན། ཁྱིའི་མཇུག་མར་བཏགས་ནས་ས་སྟེང་ཐལ་རྡུལ་སྒང་ལ་དྲུད་བཅུག་གི་ཡོད། དེ་ལ་བརྟེན་ནས་རྩོམ་པ་པོར་བསྟོད་བསྔགས་དང་སྙན་གྲགས་ཐོབ་རྒྱུའི་ཚབ་ལ་ངོ་ཚ་ཁ་སྐྱེངས་ཀྱི་གྲགས་པ་ཉམས་པའི་གྱོང་ཕོག་གི་ཡོད།

ཇོ་བོ་རྗེའི་གསུང་ལའང་ཞུ་དག་དང་ཞིབ་འཇུག་གཅིག་མཚུངས་གནང་བ་དང་ལྷན་ཚོགས་ཀྱིས་མགྲིན་དབྱངས་གཅིག་ཏུ་དེའི་དགེ་མཚན་ཁྱད་པར་དུ་འཕགས་པ་ལ་བསྔགས་བརྗོད་ཀྱིས་སྤྱི་མོས་ཐོག་ངོས་ལེན་ཞུས་པ་རེད། གཙོ་སྐྱོང་རྒྱལ་པོའང་སེམས་འགུལ་ཚད་མེད་ཐེབས་ནས་དེས་བོད་རིགས་རྨོངས་པ་ཙམ་ལ་མ་ཟད་བློ་གྲོས་རྣོ་བའི་རྒྱ་གར་བ་ཚོར་ཡང་ཕན་ཐོགས་པ་འདུག་ཅེས་གསུངས། དེ་ལྟར་བི་ཀྲམ་ཤཱི་ལའི་གཙུག་ལག་ཁང་གི་མཁན་པོས་གཞུང་དེ་བཀླགས་པའི་རྗེས། ཁོང་གིས། “ཇོ་བོ་རྗེ་བོད་དུ་མུ་མཐུད་བཞུགས་རྒྱུར་ང་ལ་དགག་པ་གང་ཡང་མེད། ཁོང་གིས་གང་བརྩམས་གནང་པ་དེ་ང་ཚོ་ཚང་མར་ཕན་ཐོགས་ཆེན་པོ་བྱུང། ངའི་རེ་བར་ཇོ་བོས་གཞུང་དེའི་རང་འགྲེལ་ཞིག་མཛད་དེ་སྐུར་རོགས་གནང་།” ཞེས་ཕྱག་བྲིས་ཤིག་བྲིས་ནས་ནག་མཚོ་ལོ་ཙཱ་བར་བསྐུར་བ་རེད། དེར་བརྟེན་བྱང་ཆུབ་ལམ་གྱི་སྒྲོན་མེའི་དཀའ་འགྲེལ་ཞེས་བྱ་བ་དེ་ཇོ་བོ་རྗེ་རང་ཉིད་ཀྱིས་མཛད་པའི་འགྲེལ་བ་གྲགས་ཅན་ཞིག་ཡིན།

མི་རིང་བར་འབྲོམ་སྟོན་པས་ཇོ་བོ་རྗེ་བོད་བྱང་གི་ཕྱོགས་དབུས་སུ་གདན་འདྲེན་ཞུས་ཏེ་ལྷ་སར་ཕེབས། ཕེབས་ལམ་དུ་བོད་ནང་གི་དགོན་སྡེའི་ཐོག་མ་བསམ་ཡས་སུ་ཕེབས་བཞུགས་མཛད། བསམ་ཡས་ཀྱི་དཔེ་མཛོད་ནང་ལེགས་སྦྱར་དང་བོད་ཡིག་གི་གཞུང་ཧ་ཅང་མང་པོ་ཕྱོགས་བསྡུས་མཛད་པ་བཞུགས་ཡོད་པས། ཇོ་བོ་ཐུགས་ཤིན་ཏུ་མཉེས་ཏེ། སྐབས་དེ་དུས་རྒྱ་གར་ནང་དུའང་ལེགས་སྦྱར་སྐད་དུ་ནང་པའི་གཞུང་མང་པོ་དེ་འདྲ་ཡོད་ཀྱི་མ་རེད་ཅེས་གསུངས།

རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་བཞིན། ཇོ་བོ་རྗེ་དགུང་ལོ་བདུན་བཅུ་དོན་གཉིས་ལོར་སྐུ་མྱ་ངན་ལས་མ་འདས་པའི་ (༡༠༥༤) སྔོན་མངའ་རིས་སུ་ལོ་གསུམ་དང་། ལྷ་སའི་ཉེ་འགྲམ་སྙེ་ཐང་དུ་ལོ་དགུ །དེ་མིན་ས་ཁུལ་ཁག་ནང་ལོ་ལྔ་བཅས་ཁྱོན་བསྡོམས་བོད་ནང་ལོ་ངོ་བཅུ་བདུན་བཞུགས། དེ་ནས་ཇོ་བོ་རྗེའི་སྐུ་གདུང་ལ་དྲི་བཟང་བྱུགས་ཏེ་སྙེ་ཐང་དུ་མཆོད་ཁང་ནང་གདན་ཞུ་གནང་། ལོ་ངོ་གཉིས་ཀྱི་རྗེས་ (༡༠༥༦) འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་པའི་དགོན་པ་ཕྱག་བཏབ། དགོན་པ་དེ་ནི་ཁོང་གི་བླ་མའི་ཆོས་སྲོལ་བརྒྱུད་པའི་བཀའ་གདམས་ལུགས་ཀྱི་གདན་ས་གལ་ཆེ་ཤོས་དེ་ཡིན།

སྔོན་མ་ཇོ་བོ་རྗེ་དང་མཉམ་དུ་ཡོད་པའི་སྐབས་ཇོ་བོའི་ཞལ་ནས་མི་བདེ་བའི་ཚིག་གཅིག་ཀྱང་གསུངས་མྱོང་མེད་པའམ། བྱ་བ་ངན་པ་གཅིག་ཀྱང་མཛད་མྱོང་མེད་ཅེས་ནག་མཚོ་ལོ་ཙཱ་བས་དྲན་གསོ་མཛད་གནང་ཡོད་པ་དང། མདོ་སྔགས་ཀྱི་ལམ་ཟུང་དུ་སྦྲེལ་ནས་ཉམས་སུ་ལེན་ཚུལ་འགྲེལ་བཤད་སྐྱོན་གནང་སྟེ། བོད་དུ་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ལ་ལེགས་བཅོས་དང་བསྐྱར་གསོ་མཛད་ནས་ཕྱོགས་ཀུན་ཏུ་ཁྱབ་པའི་མཛད་པ་རྒྱ་ཆེར་བསྐྱངས་ཞིང་། མདོར་ན། དེ་དག་ཐམས་ཅད་ཇོ་བོ་དཀའ་དྲིན་ཡིན་ཞིང་དུས་ད་ལྟ་བར་དུ་རྒྱལ་བའི་བསྟན་པ་དྲི་མ་མེད་པར་ཡང་དག་པར་གནས་ཐུབ་པ་བྱུང་ཡོད་པ་རེད།།

Top