དགེ་བའི་བཤེས་གཉེན་དང་གསུང་སྒྱུར་བ་རྣམས་ཀྱིས་སྐམས་རེར་ནོར་འཁྲུལ་བྱེད་ཀྱི་ཡོད།

གསུང་སྒྱུར་བ་ཚོས་ནོར་འཁྲུལ་ཡང་སེ་བྱེད་ཀྱི་ཡོད། གང་གསུངས་པ་དང་། གང་བྲིས་པ། གང་སྒྲ་འཇུག་བྱས་པ་དེ་ག་རང་ལ་མིག་བཙུམས་ནས་ཡིད་རྟོན་བྱ་རྒྱུ་མེད། དེ་ནི་ཐབས་མཁས་པོའི་བྱེད་སྟངས་མིན། དེ་ག་ནང་བཞིན་ངས་ཆོས་བཤད་པའི་སྐབས་ཁ་ནས་ཤོར་སྲིད་ལ་མཚམས་རེར་ནོར་འཁྲུལ་བཟོ་སྲིད་པ་རེད། དེ་འདྲའི་སྐབས་སུ་ཁྱེད་ཀྱིས་རྨོངས་དད་རང་གི་ཐོག་ནས་རྗེས་མ་སྒྲ་སྡུད་འཕྲུལ་ཆས་ནང་གང་ཡོད་པ་ནང་བཞིན་སྒྱུར་མི་རུང་། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། “ངས་བཤད་པ་ཙམ་རྒྱུ་མཚན་དུ་བྱས་ནས་ཁྱེད་ཀྱིས་ངོས་ལེན་བྱ་རྒྱུ་མེད། ཁྱེད་ཀྱིས་གསེར་ལ་བརྟག་དཔྱད་བྱེད་པ་ནང་བཞིན་ངས་གང་བཤད་པ་ལ་བརྟག་དགོས་” ཞེས་གསུངས་ཡོད། དེར་བརྟེན་ཡིད་ཆེས་རྐྱང་པ་དང་སྒྲ་སྡུད་འཕྲུལ་ཆས་ནང་གང་ཡོད་པ་དེ་ག་རང་ལ་ཆ་འཇོག་བྱ་རྒྱུ་མེད། 

ཁྱེད་རང་བྱང་ཆུབ་སེམས་དཔའི་ས་དགུ་པ་མ་ཐོབ་ཀྱི་བར་དུ་ནོར་འཁྲུལ་བྱེད་ཀྱི་རེད། ས་དགུ་པ་དེ་ཐོབ་ན་གཞི་ནས་ཆོས་བཤད་པ་དང་དངོས་དོན་ལ་འགྲེལ་བརྗོད་བྱེད་པའི་སྐབས་ནོར་འཁྲུལ་མེད་པ་ཆགས་ཚར་བ་རེད། དེའི་སྐབས་སུ་སོ་སོ་ཡང་དག་པའི་རིག་པ་བཞི་ཐོབ་ཀྱི་ཡོད། དེ་དག་རང་རྒྱུད་ལ་རྟོགས་ཚར་ན་ནོར་འཁྲུལ་གྱི་རིགས་གང་ཡང་བྱེད་ཀྱི་མ་རེད། 

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་འདིའི་འགོ་ནས་མར་གཟིགས་ན། དཔེར་ན། འདི་གང་འདྲ་ཞིག་བསྒྱུར་ཡོད་མེད་ངས་མི་ཤེས་ཏེ། གང་ལྟར་ཡང་ངས་གང་ཞུས་ཡིན་ཟེར་ན། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེས་ལོ་ངོ་གཉིས་རིང་གནས་མཆོག་རྡོ་རྗེ་གདན་དུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་ལེགས་སྦྱར་སྐད་དུ་བྲིས་པའི་དཔེ་ཆ་ཞིག་བཀླགས་ནས་བཞུགས་གནང་ཡོད། དཔེ་ཆ་དེ་བོད་སྐད་ནང་བསྒྱུར་མེད། དེ་ཁ་ནས་ཤོར་བ་ཞིག་རེད། ངས་ག་རེ་ཞུས་པ་རེད་ཟེར་ན། དཔེ་ཆ་བྲིས་མའམ་པར་མ་བྱེ་བྲག་པ་དེ་བོད་སྐད་ནང་བསྒྱུར་ཡོད་མ་རེད་ཞུས་པ་ཡིན། སྤྱིར་བཏང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དཔེ་ཆ་བོད་སྐད་ནང་བསྒྱུར་མེད་པར་གོ་ན་དེ་ནོར་བ་རེད། ངས་རྗེ་ཙོང་ཁ་པ་ཆེན་པོས་དཔེ་ཆ་ལ་སློབ་གཉེར་གནང་ནས་རྟོགས་པ་བརྙེས་པ་རེད་ཅེས་ཞུས་པ་དེ་ཁྱེད་ཀྱིས་དྲན་གྱི་ཡོད་ཀྱི་རེད། ཁྱེད་ཀྱིས་ང་ལ་བརྟག་དཔྱད་བྱེད་དགོས་ངེས་ཤིག་དང་ང་ལ་དྲི་བ་གཏོང་དགོས་ངེས་ཤིག་རེད། གང་ཡིན་ཞེ་ན། དེ་ནི་འགྲོ་ལུགས་འགྲོ་སྟངས་དེ་ཡིན་པ་རེད། 

དཔེར་ན། ཁ་སེང་ངས་ཐེངས་དང་པོ་དབུ་མ་ཐལ་འགྱུར་བ་དང་སེམས་ཙམ་པའི་ལྟ་གྲུབ་སྐོར་བཤད་པའི་སྐབས། མདོ་སྡེ་པའི་གྲུབ་མཐའི་ནང་དོན་དམ་བདེན་པ་ལ་མིང་གི་རྣམ་གྲངས་ཀྱི་ཚན་པ་གསུམ་ཡོད་ཅེས་ཏག་ཏག་ཞུས་ཡིན། དེ་དག་ནི་འདུས་བྱས་ཀྱི་ཆོས་དང་། རང་མཚན། མི་རྟག་པའི་ཆོས་བཅས་རེད། དེ་ག་ནང་བཞིན་ཀུན་རྫོབ་བདེན་པ་ལའང་མིང་གི་རྣམ་གྲངས་ཀྱི་ཚན་པ་གཞན་ཞིག་ཡོད་ཅེས་ཀྱང་ཞུས་པ་ཡིན། དེ་དག་ནི་འདུས་མ་བྱས་ཀྱི་ཆོས་དང་། སྤྱི་མཚན། རྟག་པའི་ཆོས་བཅས་རེད། དེ་ནས་ངས་མུ་མཐུད་དེ་སེམས་ཙམ་པའི་ལུགས་ལ་ནི་གཞན་དབང་དང་། ཡོངས་གྲུབ། ཀུན་བཏགས་གསུམ་ཡོད་ཅེས་ཞུས་པ་ཡིན། དེའི་ལུགས་ལ་ཀུན་བཏགས་ཀྱི་ཆོས་རྣམས་ནི་བདེན་པར་གྲུབ་པ་མེད་པ་རེད། ཁ་སེང་ངས་དེ་དག་གི་སྐོར་ལ་བསྐྱར་ཞིབ་བྱེད་པའི་སྐབས་སུ་དེ་འདྲ་ཞིག་བསྒྱུར་མི་འདུག ཡིན་ནའང་གསུང་སྒྱུར་བ་རང་གི་ངོས་ནས་དེ་ལ་ནོར་བཅོས་བྱས་འདུག ང་རང་རང་གིས་དེ་ལ་ནོར་བཅོས་བྱས་ཡིན། གང་ཡིན་ཞེ་ན། མདོ་སྡེ་པའི་ལུགས་ལྟར་བདེན་པ་གཉིས་ཀྱི་མིང་གི་རྣམ་གྲངས་ཀྱི་ཚན་པ་དེ་མགོ་འཇུག་རྟིང་སློག་བྱས་འདུག དེ་འདྲ་སོང་ཙང་། ཁ་ནས་ཤོར་ཏེ་ནོར་འཁྲུལ་རིགས་བྱ་རྒྱུ་ཧ་ཅང་ལས་སླ་པོ་ཡོད། 

ཁྱེད་ཀྱིས་གང་མཐོང་བ་དང་། ཐོས་པ། ཀློག་པ། བྱེད་པ་དེ་དག་ཐམས་ཅད་ལ་དུས་རྟག་ཏུ་བརྟག་དཔྱད་ངེས་པར་དུ་བྱ་དགོས། ཐ་ན་ཆོས་གསུང་མཁན་དེ་ཡིན་ནའང་དེ་ག་རང་རེད། དཔེར་ན་ངས་ཆོས་ཁྲིད་གཅིག་བྱས་ཡོད་ན། ངས་ཡང་བསྐྱར་དེ་ལ་བསྐྱར་ཞིབ་བྱས་ནས་ག་རེ་བཤད་འདུག ནོར་བ་དེ་འདྲ་བཤད་ཨེ་འདུག་ལྟ་གི་ཡོད། དེ་ག་ནང་བཞིན་ཆོས་ཉན་མཁན་རྣམས་ལའང་དེ་དང་གཅིག་མཚུངས་སུ་བརྟག་དཔྱད་བྱེད་དགོས།།

Top