What is mind

སེམས་ཞེས་པ་ནི། ཡུལ་ཞིག་མྱོང་བཞིན་པའི་ཡུལ་ཅན་བྱེ་བྲག་པཞིག་ཡིན་པ་དང་། དེ་ཡང་རྒྱུན་མི་ཆད་པར་སྐད་ཅིག་སྐད་ཅིག་གིས་འགྱུར་བའི་རང་བཞིན་ཞིག་ཡིན།

སེམས་ཞེས་པའི་གོ་དོན་དེ་ཡིད་ལ་འཇགས་དཀའ་མོ་ཞིག་ཡོད་པ་དང་། སྐད་རིགས་མི་འདྲ་བ་མང་པོས་སེམས་ཀྱི་གོ་དོན་མི་འདྲ་བ་བཟོས་ཡོད། སངས་རྒྱས་པའི་ཆོས་ཀྱི་ནང་། སེམས་ཀྱི་སྐད་དོད་དུ་ལེགས་སྦྱར་སྐད་་ཅིཏྟ་ཞེས་པ་དེ་ཡིན། དེ་ལ་དོན་དག་རྒྱ་ཆེན་པོ་ཡོད་པ་ཡིན། དབང་པོའི་ཤེས་པ་དང་། ངག་ལས་ཐོན་པའི་ཚིག་དང་། དངོས་མེད་ཀྱི་རྟོག་པ་དང་། སེམས་ཚོར་དང་། བདེ་སྡུག་གི་ཚོར་བ་དང་། དམིགས་པ་རྩེ་སྒྲིམ་དང་། བསམ་གཏན་དང་། བློ་གྲོས་ལ་སོགས་པ་ནི་སེམས་ཀྱི་ཁོངས་སུ་གཏོགས་པ་ཡིན། སངས་རྒྱས་པའི་ཆོས་ནས་སེམས་ཀྱི་སྐོར་གསུངས་སྐབས། དེ་ནི་སེམས་སམ་ཡིད་ཀྱི་བྱེད་ལས་ཀྱི་རིགས་ཐམས་ཅད་ལ་གོ་བ་ཡིན།

དམིགས་གཏད་དེ་ཀླད་པ་དང་། དབང་རྩའི་མ་ལག་དང་། ཕོ་མོའི་སྐུལ་རྒྱུ་ལ་སོགས་པ་ཕྱིའི་གཟུགས་ཀྱི་གཞི་རྟེན་ཞིག་མ་ཡིན་ལ། རྫས་སྦྱོར་དང་གློག་འགུལ་གྱི་བྱེད་ལས་ཅན་ཞིག་ཀྱང་མ་ཡིན། སངས་རྒྱས་པའི་ཆོས་ནས་དེ་དག་ལ་རྩིས་མེད་ཀྱིས་འགོག་པ་ནི་མ་ཡིན། དེ་གང་ཡིན་ཞེ་ན། དེ་དག་མངོན་སུམ་གྱིས་གྲུབ་པ་ཞིག་དང་ཆ་ཚང་དེའི་ནང་དུ་འཚུད་བསྡད་ཡོད། སེམས་ཞེས་པ་དེ་ཀླད་པ་བདག་ཏུ་བཟུང་མཁན་དང་། དེ་ལས་བྱ་བྱེད་ཡོང་བསྡད་པའི་གཟུགས་མེད་ཀྱི་དངོས་པོ་ཞིག་ལའང་གོ་རྒྱུ་མེད། དེར་མ་ཟད། སངས་རྒྱས་པའི་ཆོས་ནས་སྤྱི་མཐུན་གྱི་དྲན་ཤེས་མེད་པའམ། སྤྱི་ལ་ཁྱབ་པའི་གཅིག་གྱུར་གྱི་སེམས་ཞིག་བཤད་པ་མིན།

བརྙན་པར། མེ་ཐིའུ་རི་ཁརྡ། “སེམས་ལ་ཚན་རིག་གི་ལྟ་ཚུལ།

སེམས་ཀྱི་བྱེད་ལས་ཞེས་པ་དེ་ག་རེ་ཡིན་ནམ། །

གལ་ཏེ་སེམས་དང་སེམས་ཀྱི་བྱེད་ལས་གཉིས་པོ་ཡུལ་གཅིག་མྱོང་བཞིན་པའི་ཡུལ་ཅན་བྱེ་བྲག་པ་ཞིག་ཡིན་པ་ཡིན་ན། དཔེར་ན། ཁོང་ཁྲོ་སྐྱེ་བ་ཞེས་པའི་དོན་དག་ཏག་ཏག་རང་དེ་ག་རེ་ཡིན་ནམ། དེ་ནི་ཡུལ་ཁོང་ཁྲོ་དེ་སྐྱེ་བ་དང་ཡུལ་ཅན་སེམས་ཀྱིས་ཚོར་བ་གཉིས་པོ་དུས་མཉམ་དུ་བྱུང་བ་དེ་ཡིན། དེ་གཉིས་མཉམ་དུ། ཡུལ་གཅིག་མྱོང་དང་མྱོང་བཞིན་པའི་རྒྱུད་རིམ་ནང་གལ་ཆེ་བའི་བྱུང་བའམ་དོན་རྐྱེན་གཅིག་རང་འགྲེལ་བརྗོད་བྱེད་པ་ཡིན། དེ་སུ་ཡི་མྱོང་བ་ཡིན་ནམ། གལ་ཏེ་ང་རང་ཁོང་ཁྲོ་ཟ་ན། དེ་ང་རང་གི་མྱོང་བ་རེད་མ་གཏོགས་ཁྱོད་ཀྱི་མ་རེད། ཡིན་ནའང་ང་རང་ཚོ་མྱོང་བ་དེའི་བྱུང་རྐྱེན་གྱི་ཆ་ཤས་ཙམ་ཞིག་ཡིན་པ་ལས། འཕྲུལ་ཆ་ཟེར་བའི་སེམས་ཀྱི་སྟེང་གི་ཁོང་ཁྲོའི་མཐེབ་ཅུ་ལ་གནོན་མཁན་གྱི་ང་ཞེས་བྱ་བ་ལོགས་སུ་མེད།

དཔེར་བཞག་ན། ང་ཚོས་ཀུ་ཤུ་ལྟ་བུ་ཞིག་མཐོང་བའི་སྐབས་ཀྱི་གནས་སྟངས་དང་འདྲ་པོ་ཡོད། ཚན་རིག་པའི་གོ་བ་ལེན་སྟངས་ལྟར་ན། ཁོས་ཚོས། འོད་ཟེར་དེ་མིག་གི་སྐྱི་ཤུན་ནམ་མིག་སྤྲིན་བརྒྱུད་དེ་ང་རང་ཚོའི་མིག་གི་ནང་དུ་འཛུལ་ཏེ། མིག་གི་དྲ་སྐྱི་ཡི་འོད་ལེན་ཕྲ་ཕུང་གི་སྦུབས་ཕྲན་དང་ཐུག་ཕྲད་ཡོང་བ་ཡིན། དེ་ཡིས་གློག་གི་ངར་ཤུགས་ལ་སྐམ་པ་གནོན་ཏེ། མཐོང་རིག་གི་གནས་ཚུལ་ཀླད་པའི་སྟེང་དུ་སྐྱེལ་བར་བྱེད་པ་དང་། དེ་ནས་བཀོལ་སྤྱོད་ཀྱི་རིམ་པར་འཇུག་པ་ཡིན་ཞེས་དང་། འདི་ཡི་ཡུལ་ཅན་གྱི་མྱོང་བ་ནི། སེམས་ཀྱི་ཆ་ཚད་གསུམ་དང་ལྡན་པའི་གཟུགས་བརྙན་ཧོ་ལོ་གྲམ་ (hologram) ཀུ་ཤུ་དེ་ཤར་བ་དང་། འདི་ནི་ག་རེ་མཐོང་བའི་དོན་དེ་ཡིན། གང་ལྟར་ཡང་། སེམས་ནི་ཀླད་པའི་གནས་ག་གེ་མོ་ཞིག་གི་ནང་ཡོད་པའི་སྟོང་པ་ནམ་མཁའ་འདྲ་པོ་ཞིག་དང་། དེའི་ནང་ནས་ཀུ་ཤུའི་གཟུགས་བརྙན་ཧོ་ལོ་གྲམ་ (hologram) ཞེས་པ་དེ། སེམས་ཀྱི་ནང་གཅིག་ཡོད་པའི་རྣམ་འགྱུར་གྱིས་དྲན་སྐུལ་བྱས་ཏེ་ཤར་བ་ལྟ་བུ་ཞིག་མ་ཡིན།

སེམས་ཀྱི་ཆ་ཚད་གསུམ་ལྡན་གྱི་གཟུགས་བརྙན་ཧོ་ལོ་གྲམ་ (holograms) དེ་དག་ནི། སྒྲ་དང་། དྲི་དང་། རོ་དང་། རེག་ཚོར་དང་། དེ་་བཞིན་ང་ཚོའི་རྟོག་པའི་འཆར་སྣང་དང་རྨི་ལམ་གྱི་མཚོན་དོན་ཡང་བྱེད་ཐུབ་པ་ཡིན། སེམས་ཀྱི་ཧོ་ལོ་གྲམ་བྱུང་བའི་གཟུགས་བརྙན་དེས། ཀླད་པའི་ཆ་ཤས་མི་འདྲ་བ་གཞན་མང་པོས། སྐུལ་རྒྱུ་འཛག་ཐོན་ལ་གཞིར་བཅོལ་ཏེ་སེམས་ལ་དགའ་སྡུག་གི་ཚོར་བ་སྐྱེ་བ་དང་། བདེ་སྐྱིད་དང་སྡུག་བསྔལ་གྱི་གནས་རིམ་འགྲེལ་བརྗོད་བྱེད་ཐུབ་པའང་ཡོང་གི་ཡོད། དུ་ཚོད་ངེས་མེད་ནང་ང་ཚོའི་སེམས་ཀྱི་ཧོ་ལོ་གྲམ་གྱི་རྒྱུ་ཆ་དེ་ཆ་རྐྱེན་དུ་མ་འདུས་པའི་གོང་བུ་ཞིག་ཡིན་ཏེ། སེམས་ཚོར་དང་འདྲེས་པའི་མཐོང་བྱ་དང་བསམ་བྱའི་ཡུལ་ལྟ་བུ་དང་། དེའི་སྒང་ལ་བདེ་སྐྱིད་དང་སྡུག་བསྔལ་གྱི་གནས་རིམ་ལ་སོགས་པའོ།།

༼བདེ་སྐྱིད་ཅེས་པ་དེ་ག་རེ་ཡིན་ནམ་ཞེས་པར་གཟིགས།༽

དབང་རྩ་རིག་པ་དང་སངས་རྒྱས་པའི་ཆོས། །

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཅི་ལྱིན་དབང་རྩ་རིག་པའི་ཆེད་མཁས་ཚན་རིག་པ་ཧྥ་རེན་སྶིཀོ་ཝ་རེ་ལ་ (Francisco Varela) རྣམ་གཉིས་ནས་ཕྱི་ལོ་ ༡༩༨༧ ལོར་སེམས་དང་སྲོག་གི་ཚོགས་སྡེ་དབུ་འབྱེད་གནང་བ་ནས་བཟུང་རྒྱལ་སྤྱིའི་ཚན་རིག་པའི་རུ་ཁག་དང་སངས་རྒྱས་པའི་ཆོས་ལ་མཁས་ཤིང་སྒྲུབ་པའི་བླ་མ་རྣམས་ནས་སེམས་དང་ཀླད་པའི་དབར་གྱི་འབྲེལ་བའི་ཐད་ལ་འཚོལ་ཞིབ་གནང་དང་གནང་མུས་རེད། དབང་རྩ་རིག་པ་ལ་མཁས་པའི་ཚན་རིག་པ་རྣམས་ཀྱིས། སངས་རྒྱས་པའི་དགེ་ཚུལ་དང་ཉམས་མྱོང་ཅན་གྱི་སྒོམ་ཉམས་ལེན་པ་རྣམས་ཀྱི་ཀླད་པའི་བྱེད་ལས་ལ་རྟོག་ཞིབ་བྱས་འབྲས་སུ། སྒོམ་རྒྱུན་སྲིང་པའི་སྒོ་ནས་ཉམས་སུ་ལེན་པ་ལས་ཀླད་པའི་དབང་རྩའི་མཉེན་ཆ་ལ་ཤུགས་རྐྱེན་སྤྲད་ཀྱི་ཡོད་པ་གསལ་སྟོན་བྱེད་པ་དང་། རྩེ་གཅིག་པའི་བསམ་གཏན་དང་སྙིང་རྗེ་ལྟ་བུའི་དགེ་བའི་སེམས་ཚོར་རྣམས་ལས་སླ་པོའི་ངང་ནས་སྐྱེད་པར་བྱེད་པའི་དབང་རྩའི་བགྲོད་ལམ་གསར་པ་ལ་ཚ་རྡུང་གིས་བཟོ་ལྟ་བཟོ་བཞིན་ཡོད།

ད་བར་ནུབ་ཕྱོགས་པའི་ཚན་རིག་དང་སངས་རྒྱས་པའི་ཆོས་ཀྱི་རྙེད་ཐོབ་བྱུང་བ་རྣམས་ཕན་ཚུན་ཁ་གསབ་དང་ཡར་རྒྱས་གོང་འཕེལ་བཏང་ཡོད་པ་དང་། སངས་རྒྱས་པའི་ཆོས་ཉམས་ལེན་པ་རྣམས་དང་ཚན་རིག་མཁས་པ་རྣམས་མཉམ་མཐུད་ཀྱི་འགྲུལ་བཞུད་ལ་ལྷུར་ལེན་པ་ནི། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ག་རེ་གསུངས་པའི་དུས་རབས་ཉི་ཤུ་རྩ་གཅིག་པའི་སངས་རྒྱས་པའི་ཆོས་ཀྱི་ལྷད་མེད་ཐམ་ཀ་དེ་ཡིན།

མྱོང་བཞིན་པའི་མི་ཚེའི་ཡིད་ཀྱི་བྱེད་ལས་ནི། སངས་རྒྱས་པའི་ཆོས་ནས་གསུངས་པའི་སེམས་ཞེས་པ་དེ་ཡིན། བྱེད་ལས་འདི་ནི་སྐད་ཅིག་གི་འགྱུར་བའི་རང་བཞིན་དང་། དེ་ཡང་དུས་རྟག་ཏུ་སེམས་བྱུང་སྣ་ཚོགས་པ་དང་མཉམ་དུ་འགྲོགས་པ་ཡིན། སངས་རྒྱས་པའི་ཆོས་ནས། མི་ཚེའི་ནང་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་བ་དེ་མྱོང་མཁན་དེ་ང་ཚོ་མ་ཡིན་པའི་སློབ་ཁྲིད་ལམ་སྟོན་གནང་བ་མ་ཟད། ང་ཚོས་མི་ཚེའི་ནང་ཉམས་མྱོང་གང་འདྲ་སེ་མྱོང་བ་དང་། ག་རེ་ཉམས་སུ་མྱོང་གི་ཡོད་པའི་ཐད་ལ་གཞི་རྩའི་ལས་འགན་གལ་ཆེན་ཞིག་བྱེད་ཀྱི་ཡོད། བློ་སྦྱོང་བའི་སྒོ་ནས་ང་རང་ཚོའི་མྱོང་བ་རྣམས་ཡང་དག་མཐར་ཕྱིན་ཏེ། བཟང་ཕྱོགས་སུ་བསྒྱུར་ཐུབ་པ་དང་། རྒྱུན་སྲིང་བའི་འབད་བརྩོན་གྱིས་བཟང་ཕྱོགས་ཀྱི་འགྱུར་བ་འདི་དག་ལ་རྩོལ་བ་མི་དགོས་པ་ཞིག་ཆགས་པ་ཡིན་ནོ།།

Top