COP26 དང་བསྟུན་ནས་༸གོང་ས་མཆོག་གི་གསུང་འཕྲིན།

Uv hhdl cop message

ད་ལམ་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་ནས་དེང་སྐབས་ང་ཚོར་འཕྲད་བཞིན་པའི་གནམ་གཤིས་ཀྱི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ཚོགས་འདུ་༼ཀོབ་༢༦ COP26 ༽ ཞེས་པ་འདི་བཞིན་སི་ཀོཊ་ལེནཌ་ཡི་ས་གནས་ག་ལཱ་སི་གོར་སྐོང་འཚོག་གནང་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བ་དགའ་པོ་བྱུང་།

གོ་ལའི་ཚ་དྲོད་འཕེལ་བ་འདི་དངོས་གནས་ཛ་དྲག་ཅིག་རེད། ང་ཚོ་སུས་ཀྱང་འདས་པ་ལ་འགྱུར་བ་གཏོང་མི་ཐུབ་ཀྱང་། ང་ཚོ་ཚང་མར་མ་འོངས་པ་སྔར་ལས་བཟང་བ་ཞིག་འབྱུང་བར་ཞབས་འདེགས་ཞུ་ཐུབ་པའི་གོ་སྐབས་ཡོད། ངེད་ཅག་སོ་སོ་དང་ད་ཡོད་འགྲོ་བ་མི་དུང་ཕྱུར་བདུན་ཅུ་བརྒལ་བ་ཚང་མར་ཞི་བདེ་དང་ཉེན་ཁ་མེད་པའི་ཐོག་མུ་མཐུད་གནས་པར་བྱ་རྒྱུའི་འགན་ཏན་ཏན་ཡོད་པས། རེ་བ་དང་ཆོད་སེམས་བརྟན་པོས་རང་རང་སོ་སོ་དང་གྲོང་པ་ཁྱིམ་མཚེས་ཡོངས་ལ་ངེས་པར་དུ་གཅེས་སྐྱོང་བྱེད་དགོས།

ང་ཚོའི་མེས་པོ་རྣམས་ཀྱིས་སའི་གོ་ལ་འདི་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་ཏུ་འདོད་པ་དེ་དེ་བཞིན་རེད། དེ་ལས་ཀྱང་གལ་ཆེ་བ་ནི་འཛམ་གླིང་འདི་ང་ཚོའི་རང་ཁྱིམ་ཁོ་ན་དེ་ཡིན། འདི་ཉིད་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོ་ཁོ་ནའི་ཆེད་དུ་མིན་པར་མི་རབས་རྗེས་མ་རྣམས་དང་། ང་ཚོ་དང་མཉམ་དུ་ལོངས་སྤྱོད་མཁན་གྱི་ས་ཡི་གོ་ལའི་སྐྱེས་ལྡན་རིགས་ཡོད་དོ་ཅོག་གི་ཆེད་དུའང་རེད།

བོད་མཐོ་སྒང་ནི་འཛམ་གླིང་གི་བྱང་སྣེ་དང་ལྷོ་སྣེ་གཉིས་ཕུད་པའི་གངས་དང་འཁྱགས་པའི་གན་མཛོད་ཆེ་ཤོས་ཡིན་པའི་དབང་གིས་ “འཛམ་གླིང་གི་སྣེ་གསུམ་པ་” ཞེས་ཡང་ཡང་འབོད་བཞིན་ཡོད། བོད་ནི་འཛམ་གླིང་གི་རྒྱུགས་ཆུ་ཆེ་གྲས་ཡར་ཀླུང་གཙང་པོ་དང་། གངྒཱ། སེངྒེ་གཙང་པོ། རྫ་ཆུ། རྒྱ་མོ་རྔུལ་ཆུ་དང་རྨ་ཆུ། འབྲི་ཆུ་བཅས་ཐེ་བས་ཆུ་བོ་ཆེ་ཁག་འགའི་འབྱུང་ཁུངས་ཡིན། གཙང་པོ་དེ་དག་ནི་འཚོ་རྟེན་གྱི་རྩ་བ་ཡིན་ཏེ། ཨེ་ཤ་ཡའི་མི་འབོར་དུང་ཕྱུར་ཉི་ཤུ་མ་ཟིན་ཙམ་གྱི་འཐུང་ཆུ་དང་ཞིང་འདྲེན་ཡུར་ཆུ། དེ་བཞིན་གློག་བཟོ་སྐྲུན་བཅས་ལ་ཉེ་བར་མཁོ་བར་གྱུར་ཡོད། བོད་ཀྱི་ཁ་བའི་འཁྱགས་རོམ་མང་དག་ཅིག་བཞུ་བ་དང་།  གཙང་པོར་ཆུ་མཛོད་ཀྱི་རགས་བརྒྱག་པ། ཆུ་ཁ་བསྒྱུར་བ། གཞི་རྒྱ་ཆེ་བའི་ཤིང་ནགས་གཅོད་བྲེགས་སོགས་ས་རྒྱུད་གཅིག་ཏུ་ཁོར་ཡུག་ལ་སྣང་ཆུང་བྱས་རྐྱེན་གྱིས་ས་ཕྱོགས་གང་སར་དེའི་ངན་འབྲས་འབྱུང་བ་གསལ་པོར་མཚོན་ཡོད།

ད་ཆ་ང་ཚོས་མ་འོངས་པར་བསམ་གཞིགས་དང་གདོང་ལེན་བྱེད་སྟངས་དེ་ཞེད་སྣང་གིས་སྨོན་ལམ་བཏབ་ནས་བྱེད་པ་མ་ཡིན་པར། ཚན་རིག་གི་ཤེས་ཚད་ལ་གཞི་བཅོལ་བའི་དངོས་དོན་དང་མཐུན་པའི་ལག་ལེན་གྱི་སྒོ་ནས་བྱེད་དགོས་པ་ཡིན། རང་རེའི་འཛམ་གླིང་འདིར་གནས་པའི་སེམས་ཅན་རྣམས་སྔར་དང་མི་འདྲ་བར་ཕན་ཚུན་ལྟོས་ཚབས་ཆེ་བས། སོ་སོས་གང་བྱེད་ཀྱང་རོགས་པ་མི་གཞན་རྣམས་མ་ཟད། རྩི་ཤིང་དང་སེམས་ཅན་གྲངས་ལས་འདས་པ་ལའང་ཕན་གནོད་འདྲེན་པ་རེད།

ངེད་ཅག་འགྲོ་བ་མི་རྣམས་ནི་འཇིག་རྟེན་འདི་གཏོར་གཤིགས་གཏོང་བའི་ནུས་པ་ཆེ་ཤོས་ཡོད་པའི་སྲོག་ཆགས་གཅིག་པོ་དེ་ཡིན་པ་མ་ཟད། འཇིག་རྟེན་འདི་སྲུང་བའི་ནུས་པ་ཆེ་ཤོས་ལྡན་པའི་སྲོག་ཆགས་ཀྱི་རིགས་དེ་ཡང་ཡིན་པས། གནམ་གཤིས་འགྱུར་ལྡོག་གི་གནས་དོན་འདིའི་ཐད་ངེས་པར་དུ་ཀུན་ལ་ཕན་ཆེད་གོ་ལའི་ཁྱོན་ཡོངས་ནས་འཕྱར་བ་གྲུ་འདེགས་གྱིས་གདོང་ལེན་བྱེད་དགོས།  འོན་ཀྱང་མི་སྒེར་གྱི་ངོས་ནས་ཀྱང་སོ་སོའི་ནུས་པ་གང་ཡོད་ངེས་པར་འདོན་དགོས་ལ། ང་ཚོའི་བྱེད་སྒོ་ཆུང་ཚགས་རིགས་དཔེར་ན། ཆུ་བེད་སྤྱོད་བྱེད་སྟངས་དང་དགོས་མཁོ་མེད་པའི་ཅ་ལག་འདོར་བ་སོགས་ལ་འབྲས་བུ་ཡོད་ཐག་ཆོད་རེད། རང་རེའི་རང་བྱུང་ཁམས་དེ་སོ་སོའི་ཉིན་རེའི་འཚོ་བའི་ཆ་ཤས་སུ་བརྩིས་ཏེ་བདག་གཅེས་བྱེད་དགོས་ལ། ཚན་རིག་གིས་སློབ་སྟོན་གང་བྱེད་རྒྱུ་ཡོད་པ་དེ་དག་ཏན་ཏན་སྦྱོང་དགོས།

མི་རབས་གཞོན་པ་རྣམས་ཀྱིས་གནམ་གཤིས་འགྱུར་ལྡོག་ཐད་ཁ་ཞེ་གཉིས་མེད་ཀྱིས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཐོས་སྐབས་ངོས་རང་སེམས་ཤུགས་སྐྱེད་བཞིན་འདུག དེས་མ་འོངས་པའི་རེ་བ་གང་ལ་གང་འཚམ་སྤྲོད་ཀྱིན་འདུག གཞོན་སྐྱེས་ལས་འགུལ་བ་གརི་ཊ་ཐུའུན་བརྒ་ (Greta Thunberg) སོགས་ཀྱིས་ཚན་རིག་གི་གྲུབ་དོན་ལ་ཉན་འཇོག་དང་། དེ་དང་འབྲེལ་བའི་ལག་བསྟར་དགོས་པའི་སྐོར་གོ་རྟོགས་སྤེལ་བ་དེ་ནི་གནད་དོན་འགངས་ཆེན་རེད། ཁོང་ཚོའི་ལང་ཕྱོགས་དེ་དངོས་པའི་གནས་ཚུལ་དང་མཐུན་པ་ཡིན་པས་ཁོང་ཚོར་སེམས་ཤུགས་ངེས་པར་སྤེལ་དགོས།

 ངོས་ནས་རྒྱུན་དུ་མི་ཡོད་དོ་ཅོག་ང་ཚོ་ཞེས་པའི་ཚིག་གིས་བསྡུས་པའི་བསམ་པ་སྟེ། མི་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་གལ་ཆེ་བ་ནན་ཏན་དུ་རྗོད་བཞིན་ཡོད། གོ་ལའི་ཚ་དྲོད་དང་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་ལ་རྒྱལ་ཁབ་ཀྱི་ས་མཚམས་ཀྱིས་ཚད་བཀག་མེད། དེས་ང་ཚོ་ཚང་མ་ལ་ཕོག་ཐུགས་གཏོང་གིན་ཡོད།

ངེད་ཅག་གིས་ད་ལྟའི་དཀའ་རྙོག་འདི་ཐུན་མོང་དུ་མྱོང་བས་དེའི་བྱུང་འབྲས་ཇེ་ཉུང་དུ་གཏོང་ཕྱིར་རྡོག་རྩ་གཅིག་སྒྲིལ་དང་། ལག་རྡང་སྦྲེལ་ནས་ལས་ལ་མི་འཇུག་ཐབས་མེད་ཡིན། རང་རེའི་དབུ་ཁྲིད་རྣམ་པས་ཐུགས་ཁུར་ཆེར་བསྐྱེད་ཀྱིས་མཉམ་རུབ་ངང་འབད་འབུང་གིས་ད་ལྟའི་ཛ་དྲག་གི་གནས་སྟངས་འདི་སེལ་ཐབས་གནང་བ་དང་། ལས་འགུལ་གྱི་དུས་བཅད་ཀྱི་རེའུ་མིག་ཞིག་འཆར་འགོད་གནང་བའི་རེ་བ་དང་སྨོན་ལམ་ཡང་ཞུ་རྒྱུ་ཡིན། ང་ཚོའི་འཛམ་གླིང་འདི་སྔར་ལས་ཀྱང་སྡོད་བློས་བཟོད་པ་དང། དེ་བཞིན་སྔོ་ལྗང་ཅན་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུར་འབད་བརྩོན་གནང་དགོས།

ཀུན་དགེའི་སྨོན་ལམ་བཅས།

ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མས།

ཕྱི་ལོ་༢༠༢༡ ཟླ་བ་༡༠ ཚེས་༣༡ ལ།

Top