ཏོག་དབྱིབས་ནད་ཡམས་ཁྱབ་བཞིན་པར་བླང་དོར་ལམ་སྟོན་གནང་བ།

Studybuddhism dalai lama oaa

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་ཧ་ཅང་གྲགས་ཆེ་བའི་དུས་བབ་དུས་དེབ་ (Time Magazine) ཅེས་པའི་ནང་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་འགྲོ་བཞིན་པའི་སྐབས་སུ་དེ་ལ་གདོང་ལེན་བྱེད་ཕྱོགས་ཀྱིས་མཚོན་པའི་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ནས་བསམ་བློ་གཏོང་སྟངས་ཐད་བཀའ་སློབ་ལམ་སྟོན་སྩལ་ཡོད་པ་རེད། 

དེ་ཡང་མགོན་པོ་གང་ཉིད་མཆོག་གིས།  སྐབས་རེར་ངོས་ཀྱི་ངོ་ཤེས་ཚོས་ངོས་ནས་རྫུ་འཕྲུལ་བསྟན་ཏེ། འཛམ་གླིང་གི་དཀའ་ངལ་རྣམས་སེལ་ཐབས་གནང་རོགས་ཞེས་རྗོད་བཞིན་འདུག། ངོས་ཀྱིས་ནམ་རྒྱུན་ཁོང་ཚོར་ང་ཏཱ་ལའི་བླ་མར་རྫུ་འཕྲུལ་མེད། གལ་ཏེ་དེ་ལྟ་བུའི་རྫུ་འཕྲུལ་ཡོད་ཚེ།  ངའི་རྐང་པ་དང་དེ་བཞིན་སྐབས་འགར་མིད་པ་མི་བདེ་བ་ཡོང་གི་མ་རེད་ཅེས་ཞུ་བཞིན་ཡོད། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པས་ཞེད་སྣང་དང་རེ་དོགས། དངངས་འཚབ་སོགས་ཡོད་པ་གཅིག་གྱུར་རེད།

ནང་ཆོས་ཀྱི་ངོས་ནས་བཤད་ན།  སེམས་ཅན་ཐམས་ཅད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་དགོས་པ་གཅིག་མཚུངས་ཡིན། འོན་ཀྱང་མི་རྣམས་ལ་རང་རང་གི་བློ་སྦྱངས་ནས་ཁོང་ཁྲོ་དང་། དངངས་སྐྲག། འདོད་རྔམས་བཅས་འདུལ་བའི་ནུས་པ་ཡོད། ངོས་ནས་རྒྱུན་དུ་སེམས་ཀྱི་གོ་མཚོན་སྤོང་དགོས་པར་འབོད་སྐུལ་ཤུགས་ཆེར་བྱེད་བཞིན་ཡོད། དེ་ཡང་ཁོང་ཁྲོ་དང་འཇིགས་དངངས་ཀྱིས་སེམས་མ་རྨོངས་པར། གནས་ཚུལ་གང་ཡིན་ཀྱང་གསལ་པོ་དང་། གནས་ལུགས་དང་མཐུན་པར་མཐོང་ཐུབ་པ་དགོས། གལ་ཏེ་དཀའ་རྙོག་གང་ཞིག་ལ་སེལ་ཐབས་ཡོད་ཚེ་དེ་བསྟེན་དགོས་ཤིང་། སེལ་ཐབས་མེད་ན་དེའི་ཐད་བསམ་བློ་བཏང་ནས་དུས་ཚོད་ཆུད་ཟོས་གཏོང་དགོས་དོན་མེད།

ནང་པ་སངས་རྒྱས་པས་འཛམ་བུ་གླིང་འདི་རྟེན་ཅིང་འབྲེལ་འབྱུང་དུ་འདོད་པར་བརྟེན། ངོས་ནས་སྤྱི་སེམས་བཅང་དགོས་པ་ཡང་ཡང་རྗོད་བཞིན་ཡོད། ད་ལམ་ཁྱབ་གདལ་དུ་སོང་བའི་ཡ་ང་བའི་ཏོག་དབྱིབས་ནད་ཡམས་འདིས་མི་གཅིག་ནས་མི་གཞན་ཐམས་ཅད་ལ་དོ་ཕོག་འགྲོ་བཞིན་ཡོད་པ་གསལ་པོ་ཡིན། འོན་ཀྱང་ཉམས་མྱོང་འདིས་སྨན་ཁང་དུ་ནད་པའི་ཞབས་ཞུ་དང་། སྤྱི་ཚོགས་ལས་རྒྱང་བཀྱེད་ཀྱི་ལག་ལེན་སོགས། མདོར་ན།  གཞན་ཕན་གྱི་ལས་དང་བྱམས་བརྩེ་ལ་བརྟེན་ནས་རང་རེར་གཞན་མང་དག་ལ་ཕན་པ་བསྒྲུབ་རྒྱུའི་ནུས་པ་ཡོད་པའི་དྲན་སྐུལ་ཡང་བཏང་ཡོད།

ཐོག་མར་ཝུ་ཧན་གྲོང་ཁྱེར་ནང་ཏོག་དབྱིབས་ནད་ཡམས་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པ་ནས་བཟུང་། ངོས་ཀྱིས་འཛམ་གླིང་སྤྱི་དང་རྒྱ་རིགས་མཆེད་གྲོགས་ཕོ་མོ་ཀུན་གྱི་ཆེད་དུ་སྨོན་ལམ་འདོན་བཞིན་ཡོད། ད་ཆ་ནད་འབུ་འདིའི་ཉེན་ཁ་ལས་གྲོལ་བ་སུ་ཡང་མེད་པ་གཅིག་མཚུངས་རེད། ཚང་མས་རང་གི་དགའ་ཉེའི་རིགས་ལ་སེམས་ཁྲལ་དང་། དེ་བཞིན་ཁྱིམ་ཚང་སྒེར་དང་། གོ་ལ་ཧྲིལ་པོའི་མ་འོངས་དཔལ་འབྱོར་མདུན་ལམ་ལའང་བློ་འཚབ་བྱེད་བཞིན་ཡོད། འོན་ཀྱང་དེ་ལ་སྨོན་ལམ་རྐྱང་པས་འགྲིག་ཐབས་མེད། རང་རེ་ཚང་མས་རང་ནུས་གང་ལྕོགས་ཀྱིས་སེམས་ཁུར་ལེན་དགོས་པ་དཀའ་ངལ་འདིས་གསལ་སྟོན་བྱས་ཡོད། སྨན་པ་དང་སྨན་ཞབས་པ་རྣམ་པའི་སྙིང་སྟོབས་དང་། མཐོང་ཆོས་ཀྱི་ཚད་མ་དང་ལྡན་པའི་ཚན་རིག་གི་ཉམས་མྱོང་གཉིས་ཟུང་འབྲེལ་གྱིས་ད་ལྟའི་གནས་སྟངས་འདིའི་ཁ་ཕྱོགས་བཟང་ཕྱོགས་སུ་བསྒྱུར་ཏེ། མ་འོངས་པར་ཡང་འཛམ་གླིང་འདིར་འཇིགས་པ་འདི་ལྟ་བུ་མ་ཡོང་བའི་སྔོན་འགོག་བྱ་རྒྱུར་འབད་དགོས།

ད་ལྟའི་འཇིགས་དངངས་ཀྱི་དུས་སྐབས་འདིར།  འཛམ་གླིང་ཁྱོན་ཡོངས་ཀྱི་དོན་དུ་ཕུགས་རྒྱང་རིང་པོའི་གདོང་ལེན་བྱེད་ཕྱོགས་དང་། རེ་བའི་ལམ་བུ་ཅི་ཡོད་ལ་བསམ་བློ་གཏོང་གལ་ཆེ། བར་སྣང་ནས་བླངས་པའི་འཛམ་གླིང་གི་པར་རིས་ལས་སྔོ་ལྗང་གི་གོ་ལ་འདིར་རྒྱལ་མཚམས་ཀྱི་དབྱེ་བ་མེད་པ་གསལ་པོར་མཐོང་ཐུབ་པས། གནམ་གཤིས་འགྱུར་ལྡོག་དང་རྐྱེན་གཞན་གྱི་གོད་ཆག་ལས་སྲུང་སྐྱོབ་བྱས་ཏེ།  རང་རེའི་འཛམ་གླིང་འདིར་བདག་གཅེས་ལེགས་པར་བྱ་དགོས།

འཛམ་གླིང་ཁྱོན་ཡོངས་ནས་མཉམ་རུབ་ཀྱིས་ནུས་པ་གཅིག་ཏུ་སྤུངས་ཏེ།  འདི་ཉིད་ལ་གདོང་ལེན་བྱས་ན་མ་གཏོགས་སྔོན་ཆད་བྱུང་མྱོང་མེད་པའི་དཀའ་ངལ་ཚབས་ཆེན་འདི་ལྟ་བུ་སེལ་བའི་ཐབས་ལམ་གཞན་མེད་པའི་སྔོན་བརྡ་ཡང་ནམ་ཡམས་འདིས་གཏོང་གི་ཡོད།

ང་ཚོས་རང་གཞན་ཀུན་སྡུག་བསྔལ་གྱི་གཞན་དབང་ཅན་ཡིན་པ་བློ་ལ་བཅངས་ཏེ།  ནད་ཡམས་ཀྱི་རྐྱེན་པས་ད་ལྟ་སྡོད་ཁང་དང་མཐུན་རྐྱེན་མེད་པ། དེ་བཞིན་ནང་མིའི་ལྟ་སྐྱོང་མེད་པ་རྣམས་ལ་ངེས་པར་དུ་རོགས་རམ་བྱ་དགོས། རིམས་ནད་འདིས་རང་གཞན་ཀུན་ས་ཐག་གིས་ཆོད་ཀྱང་འབྲེལ་མེད་ཐ་དད་མིན་པ་གསལ་སྟོན་བྱས་ཡོད། དེར་བརྟེན། འགྲོ་བ་མི་ཡོངས་ལ་བྱམས་བརྩེའི་ཉམས་ལེན་བྱ་རྒྱུ་དང་གཞན་ཕན་བསྒྲུབ་རྒྱུའི་འོས་འགན་ཡང་རང་རེ་ཀུན་ལ་ཡོད།

ངོས་རང་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ངོས་ནས་བཤད་ན།   འདུས་བྱས་སོ་ན་མི་གནས་ཤིང་མི་རྟག་པའི་རང་བཞིན་ཅན་ཡིན་པའི་ལྟ་གྲུབ་ལ་ཡིད་ཆེས་བྱེད་ཀྱི་ཡོད། དེས་ན་ནད་ཡམས་འདི་ཡང་མཐར་ཞི་བར་ངེས། ངོས་ཀྱི་མི་ཚེ་འདིའི་རིང་དམག་འཁྲུག་དང་ཉེན་ཚབས་ཅན་གྱི་གནས་ཚུལ་ཐབས་རྡུགས་གཞན་མང་དག་བྱུང་ནས་མཐར་འདས་པ་དངོས་མཐོང་ཉམས་མྱོང་བཞིན། གོ་ལའི་སྤྱི་ཚོགས་འདི་ཡང་སྔར་ལན་མང་ཉམས་ནས་སོས་པ་ལྟར་སླར་ཡང་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་འཆར་ངེས།

དེས་ན་ཚང་མས་ཉེན་གཡོལ་བྱས་ཏེ་ཞི་བདེ་བག་ཕེབས་ངང་གནས་ཐུབ་པ་དགོས། དེ་བཞིན་གནས་སྟངས་དཀའ་ཚེགས་ཅན་འདིའི་སྐབས་མི་མང་པོས་དཀའ་བ་སྤྱད་དང་སྤྱོད་བཞིན་པར་གདེང་འཇོག་བྱས་ཏེ།   རེ་ཐག་ནམ་ཡང་མ་ཆད་པ་དགོས་གལ་ཆེ། གཏན་དུ་དགེ་བའི་སྨོན་ལམ་དང་བཅས། ཞེས་བཀའ་སྩལ་ཡོད་པ་རེད། 

Top