གོ་ལ་སྤྱིའི་བཟང་སྤྱོད་ལག་བསྟར་བྱེད་པ།

དེའང་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་སྔ་ནས། “འགྲོ་བ་མིའི་སེམས་ནི་གལ་ཏེ་ཡང་དག་པར་ཁ་ཕྱོགས་བསྒྱུར་ན། ང་ཚོའི་དཀའ་ངལ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ལ་དཀའ་ངལ་དེ་སེལ་བའི་ཐབས་ཀྱང་ཡིན་པ་རེད། ཤེས་བྱ་ཡོན་ཏན་ཆེན་པོ་ཡོད་མཁན་རྣམས་ལ་སེམས་པ་བཟང་པོ་མེད་ན། དེ་དག་སེམས་འཚབ་དང་དགོས་དོན་ལེགས་སྒྲུབ་ལ་འཇོན་ནུས་མེད་པའི་འདོད་ཆགས་ལས་བྱུང་བའི་དལ་ལྷོད་མེད་པའི་ནང་ལྷུང་བའི་འབྱུང་ངེས་ཀྱི་ཉེན་ཚབས་ཀྱི་ནང་དུ་ཡོད་པ་རེད། ཕྱི་དངོས་པོའི་ཤེས་བྱའི་རིགས་རྣམས་ལས་སླ་པོའི་སྒོ་ནས་མི་དགེ་བའི་བསམ་བློ་དང་ཚོར་བའི་འབྱུང་ཁུངས་ཆགས་སྲིད་པ་རེད། དེ་ལས་ལྡོག་སྟེ། སེམས་དོན་གྱི་རིན་ཐང་ལ་བཅོས་མིན་གྱི་གོ་རྟོགས་ཡོད་པ་དེས་ཞི་བདེ་སྐྲུན་གྱི་ཡོད་” ཅེས་གསུངས།  

མེ་སེ་ཆུ་སེའི་འཕྲུལ་ལས་རིག་པའི་སློབ་གཉེར་ཁང་ (Massachusetts Institute of Technology) དུ་ཏཱ་ལའི་བླ་མའི་བཟང་སྤྱོད་དང་འཕོ་འགྱུར་གྱི་རྩ་འཛིན་ལམ་ལུགས་བསྟི་གནས་ཁང་གི་ (Dalai Lama Center for Ethics and Transformative Values) ནང་༧གོང་ས་མཆོག་གིས། ང་ཚོས་གོ་ལ་སྤྱིའི་བཟང་སྤྱོད་ཀྱི་སྐོར་ལ་ཅིའི་ཕྱིར་བཤད་དགོས་པའི་ཐད་འགྲེལ་བརྗོད་གནང་བའི་སྐབས། ཁོང་གིས་གོ་ལ་འདིའི་སྟེང་དུ་ཡོད་པའི་མི་གྲངས་ཐེར་འབུམ་བདུན་གྱི་ནང་ནས་མང་པོ་ཞིག་ནི་ཆོས་ལ་དད་པ་མེད་མཁན་ཡིན་པས། ང་ཚོས་དེ་དག་གི་ཆེད་དུ་ཆོས་ལུགས་བྱེ་བྲག་ཅིག་གཞི་རྩ་བྱས་པའི་བློ་སྦྱོང་ཚུལ་གྱི་ལམ་ལུགས་ཤིག་མཁོ་སྤྲོད་བྱེད་མི་ཐུབ་ཅེས་དང་། དེ་བས་བློ་སྦྱོང་གི་ལམ་ལུགས་འདི་བཞིན་ཆོས་ལུགས་ལ་མ་བརྟེན་པའི་ཤེས་ཡོན་ལ་གཞི་རྩ་བྱས་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་། 

ཨ་རིའི་ནང་དཔལ་འབྱོར་དངུལ་གྱི་དཀའ་ཉེན་དེ་ཉེ་ཆར་གློ་བུར་དུ་བྱུང་ཡོད་པ་དང་། དུས་སྐབས་དེ་རང་གི་ནང་༧གོང་ས་མཆོག་གིས། མ་ཤེར་ཚོང་སྒྱུར་བྱེད་སའི་བསྟི་གནས་ཡིན་པའི་ཝཽལ་སྲང་ལམ་ (Wall Street) གྱི་འགོ་དཔོན་མང་ཆེ་བ་ནི་ཨ་ཡེ་ཝི་ ལཱིག་སློབ་ཆེན་ (Ivy League Universities) ནས་ཡིན་པ་རེད་ཅེས་གསུངས། གཉན་འཕྲང་གི་དུས་ཡུན་ནང་འདོད་རྔམ་དང་མགོ་སྐོར་སླུ་ཁྲིད་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་དང་ཁོང་ཚོའི་ཤེས་ཡོན་གྱི་དུས་སྐབས་སུ་དེ་དག་འགོག་ཐབས་མ་བྱས་པ་དེ་ཇི་ལྟར་སྲིད་དམ། ད་ལྟ་མེ་སེ་ཆུ་སིའི་འཕྲུལ་ལས་རིག་པའི་སློབ་གཉེར་ཁང་གི་ནང་དུ་ཡོད་པའི་བསྟི་གནས་ཁང་འདིས་སེམས་ཚོར་གྱིས་ང་ཚོའི་ཐག་གཅོད་བྱེད་ཕྱོགས་དང་ང་ཚོས་ཐག་གཅོད་བྱེད་པའི་ཕུགས་རྒྱང་རིང་པོའི་ཕན་འབྲས་རྟོགས་པར་བཟོ་ལྟ་ཇི་ལྟར་བཟོ་བ་རྟོགས་པ་ལ་བརྟེན་ནས་འདོད་རྔམ་དང་། མགོ་སྐོར་སླུ་ཁྲིད། བསམ་བློ་ངན་ཕྱོགས་ཀྱི་རིགས་རྣམས་ཕྱིར་འདོན་ཇི་ལྟར་བྱེད་པའི་སྐོར་སྦྱོང་རྒྱུ་འབད་བརྩོན་བྱེད་བཞིན་ཡོད། 

དེར་མ་ཟད། ༧གོང་ས་མཆོག་ནས་གོ་ལ་སྤྱིའི་བཟང་སྤྱོད་དེ་ལག་ལེན་དངོས་སུ་ཇི་ལྟར་བསྟར་བའི་ཚུལ་ལ་གནད་དོན་གསུམ་གྱི་སྒོ་ནས་གསུང་བཤད་གནང་བ་སྟེ། 

  • སྡོམ་པའི་བཟང་སྤྱོད། (ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས།)
  • དགེ་བའི་བཟང་སྤྱོད། (དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས།)
  • གཞན་ཕན་གྱི་སྙིང་རྗེའི་བཟང་སྤྱོད། (སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས།)

སྡོམ་པའི་ཚུལ་ཁྲིམས་ནི་ང་ཚོའི་ལུས་ངག་གི་མི་དགེ་བའི་སྤྱོད་ཚུལ་རྣམས་ཇི་ལྟར་སྤོང་བའི་ཚུལ་དེ་རེད། ༧གོང་ས་མཆོག་གིས། ལུས་ནི་རགས་པ་དང་སེམས་ནི་ཤིན་ཏུ་ཕྲ་བ་རེད་ཅེས་གསུངས་སོང་། གལ་ཏེ་ང་ཚོས་སོ་སོའི་ལུས་པོ་འདི་སྟངས་འཛིན་བྱེད་མ་ཐུབ་པ་ཡིན་ན། སེམས་སྟངས་འཛིན་བྱེད་པའི་རེ་བ་གང་ཡོད་དེ་མེད་པའི་ཕྱིར། ཐོག་མར་ང་ཚོས་ལུས་ངག་གི་མི་དགེ་བའི་སྤྱོད་ཚུལ་ལ་བརྟག་ཞིབ་བྱེད་དགོས་པ་དང་དེ་ནས་ཡིད་ལ་བརྟག་ཞིབ་བྱེད་དགོས་ཤིང་། ང་ཚོས་བཟང་སྤྱོད་ཀྱི་སྡོམ་པ་ལག་བསྟར་བྱེད་ཀྱི་ཡོད་པ་དང་དེས་བཟང་སྤྱོད་ཀྱི་དགེ་བའི་ལས་ལ་འཇུག་པར་བྱེད་ཀྱི་ཡོད། དེའི་དོན་ནི་ང་ཚོའི་རྒྱུད་ལ་ཡོད་པའི་སྙིང་རྗེ་དང་། བྱམས་སེམས། བཟོད་གསོལ། བློ་གྲོས་ལྟ་བུ་དགེ་བའི་སྤྱོ་ལམ་གོང་འཕེལ་གཏོང་རྒྱུ་དེ་རེད། འདི་ལ་བརྟེན་ནས་མཐར་ང་ཚོ་གཞན་ཕན་གྱི་ལྟ་བ་སྙིང་རྗེའི་བཟང་སྤྱོད་ལ་འཇུག་པར་བྱེད་ཀྱི་ཡོད། དེའི་སྐབས་སུ་ང་ཚོས་སོ་སོའི་མི་ཚེ་དེ་གཞན་དོན་དུ་དམིགས་ནས་གཞན་ལ་ཕན་འདོགས་པའམ་སེམས་ཅན་གྱི་དོན་བྱེད་ཀྱི་ཡོད།།

Top