བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་དབར་ཁྱད་པར་ཇི་ལྟར་ཡོད་དམ།

བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞིའི་དབར་ཐུན་མོང་གི་ཁྱད་ཆོས་སམ་མཚུངས་ཆོས་མང་པོ་ཡོད་ལ་མི་འདྲ་བའི་ཁྱད་པར་ཡང་དགའ་ཞིག་ཡོད། མི་འདྲ་བའི་ཁྱད་པར་དེ་དག་ནི་སྟོང་ཉིད་ཀྱི་དོན་ལ་འགྲེལ་ཚུལ་དང་སེམས་ཀྱི་བྱ་བ་བྱེད་ཚུལ་བཅས་ནས་ཡོང་གི་ཡོད། འདིར་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་ཀྱི་ཁྲོད་མཚུངས་ཆོས་དང་མི་འདྲ་བའི་ཆ་ཁ་ཤས་ཐོག་བལྟ་རྒྱུ་ཡིན།

རབ་བྱུང་གི་སྡེ།

རྒྱ་གར་ནང་ཉན་ཐོས་ཐེག་པའི་ཆོས་བརྒྱུད་ཉན་ཐོས་སྡེ་པ་བཅོ་བརྒྱད་དར་ཡོད་པ་དང་། དེ་དག་ལས་དེང་སང་རབ་བྱུང་འདུལ་བའི་སྡོམ་རྒྱུན་ཡོད་པའི་བརྒྱུད་པ་གཙོ་བོ་གསུམ་གནས་ཡོད། དེ་དག་ནི།
 

༡༽ གནས་བརྟན་སྨྲ་བའི་སྡེ། ལྷོ་ཤར་ཨེ་ཤི་ཡའི་ནང་ཡོད།

༢༽ ཆོས་སྲུང་སྡེ་པ། ཤར་ཨེ་ཤི་ཡའི་ནང་ཡོད།

༣༽ གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ། བོད་དང་དབུས་ཨེ་ཤི་ཡའི་ནང་ཡོད།
 

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེའི་དགེ་ཚུལ་སློང་གི་སྡོམ་རྒྱུན་ཆ་ཚང་གཅིག་མཚུངས་དང་། དེ་བཞིན་ཁྱིམ་པའམ་དགེ་བསྙེན་གྱི་སྡོམ་པའང་རྒྱུན་འཛིན་བྱེད་བཞིན་ཡོད། གང་ལྟར་ཡང་། གནས་བརྟན་སྨྲ་བ་ལྟར་གཞི་ཐམས་ཅད་ཡོད་སྨྲའི་ལུགས་སུའང་དགེ་སློང་མའི་སྡོམ་རྒྱུན་དེ་མེད། དེ་ནི་ཆོས་སྲུང་སྡེ་པའི་ལུགས་ཁོ་ནར་ཡོད། དེའི་རྒྱུན་མཚན་ནི། སྡོམ་རྒྱུན་དེ་བོད་དུ་ནམ་ཡང་དར་སྤེལ་བྱུང་མེད། 

རྙིང་མའི་ལུགས་ལ་སྔགས་པའི་སྡོམ་པ་ཡོད། སྔགས་པ་རྣམས་ཀྱི་སྔགས་སྡོམ་རྒྱ་ཆེན་པོ་ལེན་གྱི་ཡོད་པ་དང་། སྒོམ་དང་ཁྱིམ་པའི་སྤྱི་ཚོགས་ཁྲོད་ཆོ་ག་རིམ་གྲོ་སོགས་སྒྲུབ་པའི་ཆེད་དམིགས་བསལ་སྦྱོང་བརྡར་བྱེད་ཀྱི་ཡོད། སྔགས་པ་ཞིག་ཆགས་རྒྱུ་དེ་དགོན་སྡེ་ཁག་གི་གདམ་ཀ་ཆེ་ཁག་ཅིག་རྩ་ནས་མིན་པ་སོང་ཙང་། ནམ་རྒྱུན་དེའི་རིགས་ཉུང་ཉུང་དང་དཀོན་པོ་རེད།

སློབ་གཉེར་དང་། ཆོ་གའི་རིགས། སྒོམ།

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གས་མདོ་སྔགས་ཟུང་འབྲེལ་གྱི་སློབ་གཉེར་གནང་བ་དང་ཆབས་ཅིག །ཆོ་ག་ཕྱག་ལེན་དང་སྒོམ་སྒྲུབ་གནང་སྲོལ་ཡོད། ཆོས་བརྒྱུད་དེ་དག་རེ་རེའི་ནང་གི་ནང་པའི་སློབ་གཉེར་གྱི་ཁོངས་སུ་རྒྱ་གར་གྱི་གྲུབ་མཐའ་བཞིའི་གཞུང་ཆེན་ཁག་བློ་འཛིན་དང་དེ་དག་གི་དོན་ལ་འགྲོ་ལུགས་ལྟར་རྩོད་གླེང་བྱེད་སྲོལ་ཡོད། གནད་དོན་ཕྲ་ཞིང་ཕྲ་བའི་ཐད་འགྲེལ་ཚུལ་མི་འདྲ་བ་ཡོད་པ་ནི་བོད་ཀྱི་ཆོས་བརྒྱུད་ཆེ་ཁག་བཞི་ཙམ་མིན་པར། གྲུབ་མཐའ་རེ་རེའི་ནང་དང་དགོན་སྡེ་སོ་སོའི་གཞུང་ལུགས་སློབ་དེབ་མི་འདྲ་བ་ཡོད།

ཆོས་བརྒྱུད་སོ་སོ་ནས་བསླབ་པ་སློབ་གཉེར་མཐར་ཕྱིན་པའི་རྗེས་དགེ་ལུགས་པ་རྣམས་ལ་དགེ་བཤེས་ཀྱི་མཚན་གནས་དང་། ཆོས་བརྒྱུད་གཞན་གསུམ་ལ་མཁན་པོ་ཞེས་མཚན་གནས་ཐོབ་ཀྱི་ཡོད། མཁན་པོ་ནི་དགེ་འདུན་སྡེའི་འགོ་འཛིན་དུ་གནང་བའི་མཚན་གནས་ཀྱང་ཡིན། ཆོས་བརྒྱུད་བཞི་གའི་ནང་སྤྲུལ་སྐུའི་ལམ་ལུགས་ཡོད། སྤྲུལ་སྐུ་དང་མཁན་པོ་རྣམས་ལ་ཤེས་ཡོན་སློབ་སྦྱོང་གི་གནས་ཚད་ལ་མི་ལྟོས་པར་རིན་པོ་ཆེ་ཞེས་པའི་མཚན་གནས་ཐོབ་ཀྱི་ཡོད།

ཆོས་བརྒྱུད་བཞི་གའི་ནང་ཆོ་ག་ཕྱག་ལེན་བྱེད་སྲོལ་ཡོད་པ་དང་། དེའི་ནང་རོལ་མོ་དང་། ཌ་མ་རུ། དུང་། མཆོད་པའི་རྫས་སུ་གཏོར་མ་སོགས་བཞེངས་ནས་ཁ་འདོན་དགེ་སྦྱོར་གྱི་རིམ་གྲོ་སྒྲུབ་ཀྱི་ཡོད། ཁ་འདོན་བྱེད་ཕྱོགས་དང་རོལ་མོ་བཀྲོལ་ལུགས་སོགས་སྤྱིར་བཏང་གཅིག་མཚུངས་ཡིན་ནའང་། མགྲིན་པ་བརྒྱུད་སྐད་སྦོམ་པོ་ཉིས་ལྡབ་ཀྱི་སྒོ་ནས་རྟ་དབྱངས་འཐེན་སྟངས་དེ་དགེ་ལུགས་པའི་དགེ་འདུན་རྣམས་ཀྱིས་ཡང་སེ་བྱེད་སྲོལ་ཡོད།

ཆོས་བརྒྱུད་ཆེན་པོ་བཞི་གས་རང་རང་གི་རྗེས་འབྲང་པ་ཚོར་སྔོན་འགྲོའི་ཕྱག་འབུམ་དང་། བསྙེན་པ་དང་བླ་མའི་རྣལ་འབྱོར་འབུམ་གསོག་དགོས་པའི་ལམ་སྟོན་གནང་གི་ཡོད། གང་ལྟར་ཡང་། ཚིགས་བཅད་འདོན་སྟངས་དང་ཉམས་ལེན་བྱེ་བྲག་སྒྲུབ་སྟངས་ཏོག་ཙམ་མི་འདྲ་བ་ཡོད། ཆོས་བརྒྱུད་བཞི་གའི་ནང་སྒོམ་སྒྲུབ་ཉམས་ལེན་ཡོད་པ་དང་། དེའི་ནང་རྒྱུན་ཁྱེར་གྱི་རིགས་ཉིན་རེའི་ཉམས་ལེན་ཁག་དང་། ཟླ་བ་རེ་ཟུང་དང་ལོ་གསུམ་རིང་གི་བསྙེན་མཚམས་ཆེད་འདོན་ཆོག་དང་སྒྲུབ་ཆོག་ཁག་ཡོད། དེ་དག་ལས་ཁྱད་པར་ཕལ་ཆེ་བ་ནི། ཉམས་ལེན་པ་ཞིག་གི་མི་ཚེའི་ནང་བསྙེན་མཚམས་ག་དུས་སྡོད་དགོས་མིན་ཐད་ནས་ཡོང་གི་ཡོད། ས་སྐྱ་དང་། རྙིང་མ། བཀའ་བརྒྱུད་བཅས་ཀྱིས་སྔོན་འགྲོ་དང་དངོས་གཞི་མཚམས་སྒྲུབ་དེ་སྔོན་ཚུད་ནས་བྱེད་སྲོལ་ཡོད་པ་དང་། དགེ་ལུགས་པ་རྣམས་ཀྱིས་རྗེས་ཀྱི་ལམ་བགྲོད་པའི་ནང་འོས་འཚམས་སུ་ཉམས་ལེན་བྱེད་སྲོལ་ཡོད།

འགྲེལ་བརྗོད་དང་ལྟ་ཚུལ།

འགྲེལ་ཚུལ་ཐད་མི་འདྲ་བའི་ཁྱད་པར་གཙོ་བོ་འགའ་ཞིག་ནི། ཆོས་བརྒྱུད་བཞིའི་གཞུང་རྣམས་ཐོག་མར་བྱུང་ཚུལ་དང་། འགྲེལ་ཚུལ། ཐ་སྙད་སྤྱོད་ཚུལ། དེ་བཞིན་ལྟ་ཚུལ་འདྲ་མིན་གྱི་སྒོ་ནས་ཆོས་རྣམས་ངོ་སྤྲོད་གསལ་སྟོན་བྱེད་ཚུལ་བཅས་རེད།

དཔེར་ན། རྟག་པ་དང་མི་རྟག་པའི་ཆ་ལྟ་བུར་མཚོན་ན། དེ་གཉིས་ནི་བརྟན་པ་དང་མི་བརྟན་པ། ཡང་ན་ཡུན་དུ་གནས་པ་དང་གནས་སྐབས་བཅས་ལའང་གོ་ཆོག །དགེ་ལུགས་པས། སེམས་ནི་མི་རྟག་པ་རེད་ཅེས་བརྗོད་པའི་སྐབས། དོན་ངོ་མར་ང་ཚོའི་སེམས་དེས་སྐད་ཅིག་རེ་རེའི་ནང་ཡུལ་སྣ་ཚོགས་པ་རྟོགས་ཀྱི་ཡོད་པ་སོང་ཙང་། དེ་ནི་བརྟན་པོ་ཞིག་མིན་ཞེས་པའི་དོན་ཡིན། དེ་ལ་ཕྱོགས་གཞན་ཞིག་ནས་བཀའ་བརྒྱུད་དང་རྙིང་མ་པ་རྣམས་ཀྱིས། སེམས་ནི་རྟག་པ་ཡིན་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད། དེ་ནི་དོན་ངོ་མར་སེམས་ཀྱི་རང་བཞིན་དེ་ནམ་ཡང་འགྱུར་བ་མེད་པ་དང་ཐོག་མཐའ་མེད་པའི་དོན་ལ་གོ་བ་ཡིན། གང་ལྟར་ཡང་། སེམས་རྟག་དང་མི་རྟག་ཐོག་ནས་ཕྱིའི་སྣང་ཚུལ་ལ་ཕན་ཚུན་འགལ་ནའང་། ཕྱོགས་གཉིས་ཀས་ཕྱོགས་སོ་སོའི་འདོད་ཚུལ་ལ་མོས་མཐུན་ཡོད་པ་རེད།

ཁྱད་པར་གཞན་ཞིག་ནི། དགེ་ལུགས་པའི་ལུགས་སུ་ཆོས་རྣམས་སོ་སྐྱེ་ཕལ་པའི་ལྟ་ཚུལ་གྱི་ཐོག་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། ས་སྐྱའི་ལུགས་སུ་ཆོས་རྣམས་འཕགས་པའི་གང་ཟག་རྣམས་ཀྱི་གཟིགས་ཚུལ་གྱི་ཐོག་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། བཀའ་བརྒྱུད་དང་རྙིང་མའི་ལུགས་སུ་ཆོས་རྣམས་སངས་རྒྱས་ཀྱི་གཟིགས་ཚུལ་ཐོག་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། བྱས་ཙང་། དཔེར་ན། དགེ་ལུགས་པའི་ལུགས་ལ་སེམས་ཕྲ་ཤོས་དེ་འགྲེལ་བརྗོད་བྱེད་སྐབས། འཆི་བའི་སྐབས་དང་འདྲ་བར་ད་དུང་ཡང་མ་རིག་པའི་གོམས་པ་ཡོད་པར་འདོད། ས་སྐྱ་པའི་ལུགས་ལ་ལམ་གྱི་གནས་སྐབས་སུ་བསྐྱེད་པ་ལྟར་བདེ་བ་ཅན་ཡིན་པར་འདོད། བཀའ་བརྒྱུད་དང་རྙིང་མའི་ལུགས་ལ་ནི་དེ་ལྟ་བུའི་སེམས་ཕྲ་ཤོས་དེ་ནི་ཁྱད་ཆོས་ཡོངས་རྫོགས་ཚང་ཞིང་ཡང་དག་པ་སངས་རྒྱས་དང་འདྲ་བར་འདོད་པ་ཡིན། ད་དུང་དགེ་ལུགས་དང་ས་སྐྱའི་ལུགས་ལ་ཉམས་ལེན་པ་རྣམས་དལ་པོའི་ངང་རིམ་གྱིས་བའི་ལམ་འགྲིམ་ཚུལ་གྱི་ལྟ་ཚུལ་ཐོག་ནས་འགྲེལ་བ་དང་། བཀའ་བརྒྱུད་དང་རྙིང་མའི་ལུགས་ལ་ལམ་དེ་ནམ་རྒྱུན་རྟོགས་པ་ཅིག་ཅར་དུ་བྱུང་བའི་ཉམས་ལེན་པ་དཀོན་པོ་དེ་དག་ལ་ཡོང་གི་ཡོད་ཅེས་ངོ་སྤྲོད་བྱེད་ཀྱི་ཡོད།

སྟོང་ཉིད་ཀྱི་ཐོག་འགྲེལ་ཚུལ་དང་སྒོམ་ཚུལ།

སྟོང་པ་ཉིད་ཀྱི་འགྲེལ་བའམ་བདེན་པར་གྲུབ་པས་སྟོང་པའི་སྟོང་ཉིད་ཀྱི་འགྲེལ་ཚུལ་དབུ་མའི་གཞུང་ནས་གསུངས་པ་དེ་ཟབ་ཤོས་ཡིན་པ་ཆོས་བརྒྱུད་ཆེན་པོ་བཞི་གས་མོས་མཐུན་བྱེད། ཡིན་ནའང་དབུ་མའི་གྲུབ་མཐའ་དེ་ནང་གསེས་སུ་དབྱེ་ཚུལ་དང་། ནང་གསེས་དེ་དག་ནང་ཕན་ཚུན་ཁྱད་པར་ཡོད་ཚུལ་ཐོག་ནས་ཁྱད་པར་འབྱུང་བ་ཡིན། གནད་དོན་མཐར་ཐུག་ལ་རྟོག་མེད་མངོན་སུམ་གྱི་སྟོང་ཉིད་རྟོགས་པའི་ཤེས་པ་རྒྱུད་ལ་སྐྱེ་དགོས་ཀྱི་ཡོད། དེ་ཡང་མདོ་ལུགས་ལྟར་སེམས་རགས་པའི་རིམ་པ་དང་གསང་སྔགས་ལྟར་སེམས་ཕྲ་ཤོས་འོད་གསལ་ལམ་རིག་པ་ཞེས་སྔགས་བླ་མེད་ཀྱི་རྒྱུད་ལྟར་རྟོགས་དགོས། འདིའི་དོན་ནི་སེམས་ཀྱི་གནས་བབས་ངེས་ཅན་ཞིག་དང་ཡུལ་ངེས་ཅན་ནམ་སྟོང་ཉིད་བཅས་གཉིས་ཀ་ཡུལ་གྱི་ངོ་བོར་རྟོགས་དགོས། དགེ་ལུགས་པའི་ལུགས་ལ་ཡུལ་གྱི་ཕྱོགས་སུ་སྒོམ་རྒྱག་དགོས་པའི་ནན་བརྗོད་བྱེད་པ་དང་ཆོས་བརྒྱུད་གཞན་གསུམ་པོས་སེམས་ཀྱི་ཕྱོགས་སུ་སྒོམ་དགོས་པའི་ནན་བརྗོད་བྱེད་ཀྱི་ཡོད།

ཆོས་བརྒྱུད་རེ་རེས་ཀྱང་རྟོག་མེད་ཀྱི་གོ་རྟོགས་དང་སེམས་ཕྲ་ཤོས་ཐད་སྙོབ་པ་དང་ནུས་ལྡན་བཟོ་ཕྱིར་རང་སོ་སོའི་ཐབས་ལམ་ཁག་སློབ་སྟོན་བྱེད་ཀྱི་ཡོད། དགེ་ལུགས་པའི་ལུགས་ལ་རྟོག་མེད་ཅེས་བརྗོད་པ་དེར་ས་སྐྱ་དང་། བཀའ་བརྒྱུད། རྙིང་མ་བཅས་ཀྱིས་ཚིག་དང་དོན་ལས་འདས་པ་ཞེས་བརྗོད་པ་ཡིན།

དེ་ནས་སེམས་དང་ཡུལ་ལམ། ཡང་ན་ཡུལ་དང་ཡུལ་ཅན་དབར་གྱི་འབྲེལ་བའི་ཐད་དགེ་ལུགས་པའི་ལུགས་ལ། ཡུལ་གང་ཞིག་ཡོད་པར་ཚིག་དོན་གཉིས་ཀྱི་གང་གོ་བ་ཙམ་ལས་ཁུངས་སྐྱེལ་མི་ཐུབ་ཀྱང་། རྣམ་རྟོག་དང་མིང་། ཚིག་ལ་བརྟེན་ནས་བློས་བཏགས་པ་ཙམ་གྱིས་རྙེད་དུ་རུང་བའི་ཡུལ་སྐྲུན་གྱི་མེད། ས་སྐྱ་དང་། བཀའ་བརྒྱུད། རྙིང་མ་བཅས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པ་ཞེས་པར་ནན་བརྗོད་བྱེད་ཀྱི་ཡོད། འོན་ཀྱང་དེ་གཉིས་གཅིག་པ་ཡིན་པའི་དོན་མ་ཡིན། དེ་ལས་ལྡོག་སྟེ། དེ་གཉིས་གཅིག་ལ་གཅིག་མ་བརྟེན་པར་རང་ཚུགས་སུ་གནས་མི་ཐུབ། དེ་ནི་སེམས་དང་སྣང་ཚུལ་གཉིས་དབྱེར་མེད་ལྟ་བུར་གོ་བ་ཡིན། དེ་ལྟར་བོད་ཀྱི་ཆོས་བརྒྱུད་ཁག་གི་འདོད་ཚུལ་གཉིས་པོ་ཕན་ཚུན་འགལ་འདུ་ཡང་མ་ཡིན།

གཞན་ཡང་བརྟག་ཅིང་དཔྱད་པའི་སྐབས་རང་ངོས་ནས་གྲུབ་པ་དང་། གཞན་ལ་བརྟེན་མི་དགོས་པར་གྲུབ་པ། རང་དབང་དུ་གྲུབ་པ་སོགས་ནི་གང་དུ་ཡང་རྙེད་རྒྱུ་མེད། འོན་ཀྱང་ད་དུང་ཡང་རྒྱུ་འབྲས་བྱ་བ་བྱེད་ཀྱི་ཡོད་པར་ཕྱོགས་གཉིས་ཀས་མོས་མཐུན་བྱེད། དགེ་ལུགས་པའི་ལུགས་ལ་བདེན་པར་གྲུབ་པའི་སྣང་ཚུལ་དེ་དངོས་པོའི་གནས་ལུགས་དངམཐུན་གྱི་མེད་པ་སོང་ཙང་། དེ་འཁྲུལ་སྣང་ལྟ་བུར་འགྲེལ་བརྗོད་བྱེད། ཆོས་བརྒྱུད་གཞན་གསུམ་པོས་བདེན་པར་གྲུབ་པའི་ཆོས་ནི་དོན་ངོ་མར་འཁྲུལ་སྣང་རང་ཡིན་པའི་ནན་བརྗོད་བྱེད།

ཤེས་པའི་རྣམ་གཞག

དགེ་ལུགས་པ་མ་ཡིན་པའི་ཆོས་བརྒྱུད་ཁག་གིས། ང་ཚོས་རྟོག་མེད་ཀྱི་སྒོ་ནས་གང་རྟོགས་པ་ནི་དབང་པོའི་ཤེས་པ་ཙམ་དུ་ཟད། དཔེར་ན། ང་ཚོའི་མཐོང་བའི་ཚོན་དོག་ཅན་གྱི་དབྱིབས་ལྟ་བུ་ཞེས་བརྗོད། དེར་མ་ཟད། ང་ཚོས་ཆོས་རྣམས་དུས་གཅིག་ལ་སྐད་ཅིག་གཅིག་རྟོགས་ཀྱི་ཡོད། ད་དུང་ཀུན་རྫོབ་ཀྱི་ཆོས་རྣམས་དབང་ཤེས་སྣ་ཚོགས་ཀྱི་སྒོ་ནས་རྟོགས་ཐུབ། དེ་ཡང་ང་ཚོས་གཟུགས་དང་། སྒྲ། དྲི། རོ། རེག་བྱ་ལ་བརྟེན་ནས་ཀུ་ཤུ་རྟོགས་ཐུབ་པ་དང་། དེ་ཡང་ཤེས་པའི་སྐད་ཅིག་རིམ་པ་རྒྱུད་ནས་རྟོགས་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་བཀའ་བརྒྱུད་དང་། རྙིང་མ། ས་སྐྱ་བཅས་ཀྱིས། ང་ཚོས་རྟོག་པ་དང་བཅས་ཏེ་ཀུན་རྫོབ་སྤྱིར་བཏང་གི་བསམ་ཤེས་དང་འབྲེལ་བའི་ཀུ་ཤུ་ལྟ་བུ་ཡུལ་ཁོ་ན་རྟོགས་ཐུབ་པར་འདོད། དེ་ནི་ཀུ་ཤུ་ང་ཚོའི་རྟོག་བཅས་ཀྱི་བློ་ཁོ་ནའི་ནང་གྲུབ་ཡོད་པཔའི་དོན་ག་ལ་ཡིན། འོན་ཀྱང་ང་ཚོས་དེ་རྟོག་བཅས་སེམས་ཀྱི་སྤྲོས་པ་ཁོ་ན་ལ་བརྟེན་ནས་རྟོགས་ཐུབ།

དགེ་ལུགས་པའི་ལུགས་ལ་རྟོག་མེད་ཀྱི་སྒོ་ནས་ཀྱང་ང་ཚོས་ཁ་དོག་ཅན་གྱི་དབྱིབས་སྐད་ཅིག་གཅིག་མཐོང་བ་མ་ཟད། སྐད་ཅིག་རེ་རེའི་ནང་ཀུ་ཤུ་ལྟ་བུ་ཀུན་རྫོབ་ཀྱི་ཡུལ་རྣམས་ཀྱང་མཐོང་། དེ་དག་ཀྱང་དབང་ཤེས་སྣ་ཚོགས་བརྒྱུད་རྟོགས་ཐུབ་པ་དང་རིམ་གྱིས་གནས་ཀྱི་ཡོད་པར་བརྗོད། རྟོག་བཅས་ཀྱི་བསམ་བློ་དང་ཀུན་རྫོབ་ཀྱི་ཡུལ་གཉིས་དབར་གྱི་འབྲེལ་བ་ནི། ཡུལ་རྣམས་རྟོག་པ་དང་བཅས་རྟོགས་ཐུབ་པ་གཅིག་པུ་ཙམ་མ་ཡིན་ལ་དེ་དག་རྟོག་པས་བསྐྲུན་པ་ཙམ་ཞིག་ཀྱང་མིན། དེ་ལས་ལྡོག་སྟེ། ཇི་ལྟར་གོང་དུ་སྨྲོས་ཟིན་ལྟར། ང་ཚོས་གྲུབ་ཡོད་པ་ནི་རྟོག་པ་དང་བཅས་པའི་བློའི་འདོགས་ཚུལ་ཁོ་ནའི་ཐོག་རྒྱུ་མཚན་འགྲེལ་བརྗོད་བྱེད་ཐུབ། དེར་བརྟེན་ཕྱོགས་གཉིས་ཀས་ང་ཚོའི་འཇིག་རྟེན་དང་ཆོས་རྣམས་རྟོགས་ཚུལ་ཐད་རྟོག་པའི་འགན་དེ་གང་ཡིན་གོ་ཚོད་པར་བྱ་རྒྱུ་དེ་ནི་དངོས་པོའི་གནས་ལུགས་ལ་རྨོངས་པའི་མ་རིག་པ་སྟེ། སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ངོ་མ་དེ་ཡིན་པས། དེ་རྩད་ནས་གཅོད་དགོས་པ་ནི་མེད་དུ་མི་རུང་བ་ཞིག་ཡིན།

ཕྱོགས་བསྡོམས།

ཇི་ལྟར་༧གོང་ས་མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་ནན་བརྗོད་གནང་གསལ་ལྟར། རིས་མེད་ཀྱི་ལངས་ཕྱོགས་ཤིག་འཛིན་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན། ཆོད་བརྒྱུད་སོ་སོའི་དབར་རྐང་རྩེད་སྤོ་ལོའི་རུ་ཁག་ལྟ་བུའི་འགྲན་བསྡུར་གྱི་བློའི་ཁྱེར་ཕྱོཌ་ཤིག་བཟུང་ནས་གཅིག་ཡག་ག་དང་གཞན་དེ་སྡུག་ག་ཡིན་བསམ་དགོས་དོན་མེད། ཕྱོགས་རིས་ཀྱི་གཉེན་པོ་ཡག་ཤོས་ནི་ཤེས་ཡོན་དང་ཕན་ཚུན་རྒྱུས་མངའ་ལྡན་པར་བཟོ་རྒྱུ་དེ་ཡིན། ང་ཚོས་ཆོས་སྲོལ་འདྲ་མིན་ནས་སློབ་སྦྱོང་ཇི་ཙམ་མང་བ་སྦྱངས་པ་དེའི་ཚོད་ཀྱིས་ཚང་མ་ཐུག་ས་གཅིག་ལ་ཐུག་ཚུལ་དེ་ཤེས་ཀྱི་རེད། ཆོས་རྣམས་ཀྱི་སྐོར་ལ་འགྲེལ་བརྗོད་བྱེད་སྟངས་མི་འདྲ་བ་ཡོད་ནའང་། ད་དུང་ཚང་མ་གཅིག་ཏུ་བསྡུ་བའི་ཚུལ་དེ་ཤེས་ཀྱི་རེད། དེ་ལྟར་ང་ཚོས་ཆོས་བརྒྱུད་ཡོད་དོ་ཅོག་གི་ཆོས་སྲོལ་ལ་གུས་ཞབས་བྱེད་ཐུབ་པ་ཞིག་ཡོང་གི་རེད།།

Top