འཇིག་རྟེན་ཆོས་བརྒྱད་ལ་གདོང་ལེན་བྱེད་པའི་ཐབས་བྱུས་ཁག

འཇིག་རྟེན་ཆོས་བརྒྱད།

འཇིག་རྟེན་ཆོས་བརྒྱད་ནི་འཇིག་རྟེན་ནང་སེམས་འཁུར་བྱེད་སའི་རྟག་བརྟན་མེད་པའི་ཆོས་བརྒྱད་ཀྱི་སྐོར་རེད། དེ་དག་ནི་ཆ་བཞི་རུ་དབྱེ་ཡོད། དེ་དག་ནི།

  • བསྟོད་ར་གཏོང་བའམ་སྨད་ར་གཏོང་བ་སྟེ། བསྟོད་པ་དང་སྨད་པ།
  • གནས་ཚུལ་བཟང་པོ་ཐོས་པ་དང་གནས་ཚུལ་ངན་པ་ཐོས་པ་སྟེ། སྙན་པ་དང་མི་སྙན་པ།
  • ཐོབ་པ་དང་ཤོར་བ་སྟེ། རྙེད་པ་དང་མ་རྙེད་པ།
  • གནས་སྟངས་ཡག་པོ་འགྲོ་བཞིན་པ་དང་གནས་སྟངས་སྡུག་ཅག་འགྲོ་བཞིན་པ་སྟེ།  བདེ་བ་དང་མི་བདེ་བ་བཅས་བརྒྱད་རེད།

དེ་དག་བརྒྱད་པོ་ལ་བསུན་སྣང་སྐྱེས་པ་དང་། བློ་ཕམ་པ། ཡང་ན་མི་བདེ་བ་ཆགས་པ་ནི། ཆ་དེ་དག་རེ་རེའི་དང་པོ་དེ་ཉམས་སུ་མྱོང་བའི་སྐབས། ཚད་བརྒལ་གྱི་སྤྲོ་སེམས་འཁོལ་བ་དང་། ཆ་དེ་དག་རེ་རེའི་གཉིས་པ་དེ་ཉམས་སུ་མྱོང་བའི་སྐབས། ཚད་བརྒལ་གྱི་སེམས་ཞུམ་གྱི་ཡོད། ང་ཚོས་དེ་དག་འཕགས་པའི་བདེན་པ་བཞི་ལ་གཞིགས་ནས་གོ་རྟོགས་རྙེད་ཐུབ།

འཕགས་པའི་བདེན་པ་དང་པོ།

  • སྡུག་བསྔལ་གྱི་སྡུག་བསྔལ། ང་ཚོར་སྐྱོན་བརྗོད་དང་དམའ་འབེབས་ཡོང་གི་ཡོད་ལ། གནས་ཚུལ་སྡུག་ཅག་དང་ཕམ་ཁ་ཤོར་བ། ཡང་ན་གནས་སྟངས་ཧ་ཅང་སྐྱོ་པོ་དེ་འདྲའང་ཡོང་གི་ཡོད། ང་ཚོར་རང་མཐོང་མཐོ་དམའ་གང་ཡོད་མེད་ལ་ལྟོས་པའི་རྣམ་པ་གཞན་ཞིག་ནི། སྡུག་བསྔལ་ལ་བརྟེན་ནས་ང་ཚོས་བསྟོད་པ་སོགས་སྡེ་ཚན་འདིའམ་ཡང་ན་སྡེ་ཚན་དང་པོ་གང་རུང་མྱོང་གི་ཡོད།
  • ཡུད་ཙམ་གྱི་བདེ་བ་ (འགྱུར་བའི་སྡུག་བསྔལ།) ང་ཚོར་བསྟོད་པ་དང་། སྙན་པ། རྙེད་པ། བདེ་བ་བཅས་འཐོབ་ཀྱི་ཡོད། ང་ཚོར་རང་མཐོང་མཐོ་དམའ་གང་ཡོད་མེད་ལ་ལྟོས་པའི་རྣམ་པ་གཞན་ཞིག་ནི། བདེ་བ་ལ་བརྟེན་ནས་ང་ཚོས་སྨད་པ་སོགས་སྡེ་ཚན་འདིའམ་ཡང་ན་གཉིས་པ་གང་རུང་མྱོང་གི་ཡོད། བདེ་བ་དེ་ནི་གང་ལྟར་ཡང་ཡུན་དུ་མི་གནས་ཤིང་། ང་ཚོར་ཡིད་ཚིམས་པ་ཞིག་མེད་ལ། ང་ཚོའི་དཀའ་ངལ་ཚང་མ་སེལ་གྱི་མེད། 
  • དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་ཕུང་པོ་ (ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ།) འཇིག་རྟེན་པའི་ཆོས་བརྒྱད་ནི་ཡང་ནས་ཡང་དུ་འབྱུང་གི་ཡོད་པ་དང་། དེ་དག་ལས་གང་ཞིག་འབྱུང་རྒྱུ་ཡིན་ང་ཚོས་མི་ཤེས་ལ། ང་ཚོར་དེ་དག་ལ་སྟངས་འཛིན་མེད་པ་རེད། ང་ཚོའི་མྱོང་བ་ནི་རྟག་ཏུ་འཕེལ་འགྲིབ་འགྲོ་གི་ཡོད། 

འཕགས་པའི་བདེན་པ་གཉིས་པ།

སྡུག་བསྔལ་དང་དཀའ་ངལ་ནི་ལས་དང་ཉོན་མོངས་ལས་འབྱུང་གི་ཡོད། ལས་ཟེར་བ་ནི་བྱ་སྤྱོད་གང་འདྲ་ཞིག་སྤེལ་བར་སྐུལ་ཤུགས་སྦྱིན་མཁན་དེ་ལ་གོ་བ་དང་། དེ་ནི་འདས་པའི་ལས་སླར་ཡང་བསྐྱར་ཟློས་བྱེད་འདོད་ཀྱི་ཚོར་བ་ལ་གཞི་བྱས་ཡོད། འདི་ནི་རྡོག་རྡོག་ཚུགས་ཐུབ་དང་བདེན་པར་གྲུབ་པ་ལ་བརྟེན་ནས་ཉམས་སུ་མྱོང་གི་ཡོད་པ་སྟེ། “ང་” ནི་འདི་བྱེད་འདོད་འདུག་ཅེས་པ་ལྟ་བུ་རེད། ང་ཚོས་སྐུལ་ཤུགས་དེ་ལ་བརྟེན་ནས་བྱ་སྤྱོད་སྤེལ་བའི་སྐབས། ལས་དེ་སྡིག་པ་མི་དགེ་བའམ་དགེ་བའམ་བསོད་ནམས་ཀྱི་ལས་བྱེད་ཀྱི་ཡོད། དེའི་རྗེས་འབྲས་སུ་ང་ཚོའི་སེམས་ཀྱི་རྒྱུད་དེ་ལས་ཀྱི་རྗེས་འབྲས་དང་མཉམ་དུ་འགྲོ་གི་ཡོད་པ་ནི། ལས་ཀྱི་ཚོགས་དང་། ལས་ཀྱི་ས་བོན། ལས་ཀྱི་བག་ཆགས་བཅས་རེད། 

རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པ་དང་ཞེན་པས་ཀུན་ནས་བསླངས་ཏེ། 

  • ལས་ཀྱི་ས་བོན་ནི། ང་ཚོས་འདས་པའི་དུས་སུ་གང་བྱས་པ་དང་གཅིག་མཚུངས་ཤིག་ད་ལྟ་ཉམས་སུ་མྱོང་བའི་ནང་སྨིན་གྱི་ཡོད། དེ་ཡང་བསྟོད་པའམ་སྨད་པ་སོགས་རེད།
  • ལས་ཀྱི་ཚོགས་ནི། སྡུག་བསྔལ་ལམ་བདེ་བ་ལ་བརྟེན་ནས་དེ་དག་མྱོང་བའི་ནང་སྨིན་གྱི་ཡོད། 
  • ལས་ཀྱི་བག་ཆགས་ནི། རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ལ་གཞིགས་ནས་དེ་དག་ལ་འཛིན་པའི་ནང་སྨིན་གྱི་ཡོད། ང་ཚོས་ཡན་ལག་གསུམ་དུ་དབྱེ་བ་ཕྱེས་ནས་དེ་གསུམ་པོ་རེ་རེ་ཧ་ཅང་གལ་ཆེན་ཡིན་པར་སྤྲོས་བཤད་བྱེད་ཀྱི་ཡོད། དེ་ཡང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་དང་། ཁྱོད། མྱོང་བ་བཅས་རེད། དེ་ནས་འདོད་ཆགས་དང་ཞེ་སྡང་། མི་འབྲལ་བ་དང་མང་བ་འདོད་པའི་ཞེན་པ། ཡང་ན་འབྲལ་བར་འདོད་པའི་ཞེན་པ་བཅས་ཀྱི་ཉོན་མོངས་རྣམས་བསླེབ་ཀྱི་ཡོད། འདི་དག་གིས་ལས་ཀྱི་རྗེས་འབྲས་ཀྱི་རྣམ་སྨིན་སྔར་ལས་མང་བ་འབྱུང་བའི་རྒྱུ་བྱེད་ཀྱི་ཡོད། 

ལས་ཀྱི་བྱེད་ལས།

ལས་ཀྱི་ས་བོན་ནི་ང་ཚོས་འདས་པའི་དུ་སུ་གང་བྱས་པ་དེ་དང་གཅིག་མཚུངས་ཤིག་འབྱུང་བཞིན་པ་མྱོང་བའི་ནང་སྨིན་གྱི་ཡོད། 

  • རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པ་ལ་བརྟེན་ནས་གཞན་དག་ལ་བསྟོད་པའམ་སྨད་པ་ལས། ང་ཚོས་བསྟོད་པ་དང་སྨད་པའམ་སྐྱོན་བརྗོད་འཐོབ་ཀྱི་ཡོད་པ་དེ་མྱོང་གི་ཡོད། སྐབས་འགར་ང་ཚོས་བསྟོད་དགོས་ལ་སྨད་ཀྱང་དགོས་ངེས་རེད། དོན་དག་གཙོ་བོ་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པ་མེད་ (ངའོ་སྙམ་པ་མེད་པ་) པའི་སྒོ་ནས་བྱེད་དགོས་པ་དེ་རེད། 
  • རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པ་ལ་བརྟེན་ནས་གཞན་ལ་སྙན་པའམ་མི་སྙན་པ་སྨྲ་བའམ། ཡང་ན་གཞན་ལ་སྐད་ལོག་རྒྱག་པའམ་སྐད་ཆ་འཇམ་པོ་བཤད་པ། ཡང་ན་གཞན་ལ་སྐད་ཅོར་རྒྱག་ནས་བསུན་པོ་བཟོ་བའམ་སྐད་ཅོར་རྒྱག་ནས་གཞན་ལ་བསུན་པོ་བཟོ་རྒྱུ་སྤོང་བ་ལས་དེ་གཅིག་པ་ཞིག་ང་ཚོར་འབྱུང་བཞིན་པ་དེ་མྱོང་གི་ཡོད། 
  • སོ་སོར་མ་དག་པའི་དངོས་རྫས་རིགས་མ་བྱིན་པར་ལེན་པ་སྤོང་བ་དང་། རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པའི་སྒོ་ནས་གཞན་ལ་སྦྱིན་པ་གཏོང་བའམ། ཡང་ན་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པའི་སྒོ་ནས་རྐུ་མ་རྐུ་བའམ་གཞན་ཞིག་ནས་རྒྱུ་དངོས་ཁྱེར་བ་སྤོང་བ་ལས་ང་ཚོས་རྙེད་པ་དང་མ་རྙེད་པ་མྱོང་གི་ཡོད།
  • རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པའི་སྒོ་ནས་སྤྱིར་བཏང་དགེ་བ་དང་མི་དགེ་བའི་བྱ་སྤྱོད་སྤེལ་བ་ལས་ང་ཚོས་གནས་སྟངས་ཡག་པོའམ་སྡུག་ཅག་དང་། བདེ་བའམ་སྡུག་བསྔལ། དེ་བཞིན་ལམ་ལྷོང་ལྡན་པའམ་ལམ་ལྷོང་དང་མི་ལྡན་པ་ཡོང་བཞིན་པ་མྱོང་གི་ཡོད། 

རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པའི་སྒོ་ནས་དགེ་བའམ་མི་དགེ་བའི་བྱ་སྤྱོད་སྤེལ་བ་ལས། དགེ་མི་དགེའི་ཚོགས་དེ་མྱོང་བ་བརྒྱད་པོ་དེ་དག་གི་སྐབས་སུ་བདེ་བ་དང་སྡུག་བསྔལ་མྱོང་བའི་ནང་སྨིན་གྱི་ཡོད། གཞན་གྱིས་རང་ལ་བསྟོད་པའི་སྐབས། ང་ཚོས་བདེ་བ་དང་སྡུག་བསྔལ་ (མི་བདེ་བ་སྟེ། དཔེར་ན། “ང་ལ་དེ་འོས་འབབ་མེད་” ཅེས་ཟེར་བ་ལྟ་བུ་) ཚོར་སྲིད་པ་དང་། སྐྱོན་བརྗོད་དམ་དམའ་འབེབས་ལའང་དེ་དང་གཅིག་མཚུངས་རེད། 

ལས་ཀྱི་བག་ཆགས་ལས་ “ང་” ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་ཡིད་ཆེས་པ་ལ་གཞིགས་ཏེ་ང་ཚོས་རྣམ་སྨིན་གྱི་འབྲས་བུ་དེ་དག་ཐམས་ཅད་མྱོང་གི་ཡོད། དཔེར་ན། “ང་རང་ཧ་ཅང་རླབས་ཆེན་ཡིན་” ཞེས་དང་། “ང་རང་ལ་འདི་འོས་འབབ་མེད་” ཟེར་བ་ལྟ་བུ་རེད། “ཁྱོད་” ཅེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་ཡིད་ཆེས་པ་ནི། དཔེར་ན། “ཁྱེད་རང་ཧ་ཅང་ཡག་པོ་འདུག་ཅེས་པའམ་ཁྱེད་རང་ཧ་ཅང་སྡུག་ཅག་འདུག་”ཅེས་ཟེར་བ་ལྟ་བུ་རེད། “མྱོང་བ་” ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་ཡིད་ཆེས་པ་ནི། དཔེར་ན། བསྟོད་པ་འདི་ཧ་ཅང་ཡག་པོ་འདུག་ཅེས་ཟེར་བའམ་ཡང་ན་སྨད་ར་འདི་ཧ་ཅང་སྡུག་ཅག་འདུག །འདིས་ “ང་” དང་ “ང་ཡི་” སྙན་གྲགས་ལ་དངོས་གནས་གནོད་སྐྱོན་གཏོང་གི་འདུག་སོགས་ཟེར་བ་ལྟ་བུ་རེད། 

རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པ་འདི་ལ་གཞི་བྱས་ཏེ། ང་ཚོར་འདོད་ཆགས་དང་ཚད་བརྒལ་གྱི་སྤྲོ་སེམས། ཡང་ན་ཁོང་ཁྲོ་དང་སེམས་ཞུམ་པ་བཅས་ཡོད། འདིས་ལས་ཀྱི་རྣམ་པར་སྨིན་པ་མང་བ་རྐྱེན་སློང་བྱེད་པ་དང་། དེ་ལ་བརྟེན་ནས་འཁོར་བའི་ནང་གི་བདེ་སྡུག་འཕེལ་འགྲིབ་ཡོང་གི་ཡོད། 

འཕགས་པའི་བདེན་པ་གསུམ་པ།

འགོག་པ་དངོས་སམ་འགོག་པའི་བདེན་པ་ནི་དོན་ངོ་མར་འཁོར་བ་ལས་ཡོངས་སུ་ཐར་བའི་དོན་རེད། དེ་ནི་ང་ཚོས་ཟག་བཅས་ཀྱི་བདེ་བ་དང་སྡུག་བསྔལ་གྱི་འཕེལ་འགྲིབ་མྱོང་མི་དགོས་པ་ལྟ་བུ་རེད། དེའི་ཚབ་ལ་ང་ཚོས་རྒྱུན་ཆད་མེད་པའི་ཐམས་ཅད་མཁྱེན་པའི་བདེ་བ་མྱོང་གི་ཡོད། དེར་མ་ཟད། ང་ཚོས་དེ་ནས་བཟུང་འདས་པའི་དུས་སུ་བདེ་སྡུག་འཕེལ་འགྲིབ་ཀྱི་ལས་དང་གཅིག་མཚུངས་ཀྱི་གནས་སྟངས་འབྱུང་བཞིན་པ་དེ་ཉམས་སུ་མྱོང་གི་མེད། 

འོན་ཀྱང་ཐ་ན་འགོག་བདེན་མ་ཐོབ་སྔོན་ལ་ང་ཚོས་ད་དུང་ཡང་བསྟོད་པ་དང་སྨད་པ་སོགས་མྱོང་བ་དང་། གནས་སྟངས་ཡག་པོ་དང་སྐྱོ་པོ་འགྲོ་བཞིན་པའི་སྐབས་དང་། ང་ཚོས་ད་དུང་ཡང་མྱོང་བ་དེ་དག་ལ་བརྟེན་ནས་རང་བཞིན་གྱིས་བདེ་བའམ་སྡུག་བསྔལ་ཚོར་བའི་སྐབས། མ་མཐར་ཡང་གནས་སྐབས་ཀྱི་འདོད་ཆགས་དང་ཚད་བརྒལ་གྱི་སྤྲོ་སེམས་ཀྱི་ཚོར་བ་འགོག་པའི་འགོག་པ་འཐོབ་ཐུབ་པའམ་ཡང་ན་མཐའ་གཅིག་ཏུ་ཡིད་ཞུམ་པ་དང་སྡུག་བསྔལ་བ་ཡང་ན་ཁོང་ཁྲོ་བའི་འགོག་པ་དེ་འཐོབ་ཐུབ། དེར་བརྟེན་ང་ཚོས་བཏང་སྙོམ་དང་བསམ་གཏན་གྱི་རིགས་འགའ་ཞིག་འཐོབ་ཐུབ། 

མྱོང་བ་འདི་དག་གི་སྐབས་ཀྱི་བཏང་སྙོམ་ནི་གང་ཡང་མི་ཚོར་བའི་དོན་མིན། དཔེར་ན། གླ་ཆ་སྤར་བ་ལས་བདེ་བ་མི་འབྱུང་བའམ་ཡང་ན་རང་གི་བརྩེ་ས་དང་ཉེ་ས་ཞིག་གྲོངས་བའི་སྐབས་སེམས་སྡུག་མེད་པ་ལྟ་བུ་མ་རེད། ཚོར་བ་རྣམས་གང་ལ་གང་འཚམ་གྱི་ཤིན་ཏུ་ཕྲ་བ་ཆགས་ཀྱི་ཡོད་ནའང་། འདི་ནི་བཙན་གནོན་གྱི་ཚོར་བ་ལ་གོ་བ་མིན། བཙན་གནོན་དང་གང་ཡང་མི་ཚོར་བ་ནི་ཡག་པོ་ཞིག་མིན། འདིའི་དོན་ནི་ཚོར་བ་ལ་བརྟེན་ནས་བསུན་གཙེར་མེད་པའམ་བློ་ཕམ་མེད་པ་དང་། མ་ཆགས་པའམ་ཞེ་སྡང་མེད་པ། ཚད་བརྒལ་གྱི་སྤྲོ་སེམས་མེད་པའམ་ཡིད་ཞུམ་མེད་པ། ཡང་ན་ཁོང་ཁྲོ་མེད་པའི་དོན་རེད། དེ་ཡང་མྱོང་བ་དང་མཉམ་དུ་མི་བདེ་བ་མེད་པའམ་ཡང་ན་དེ་དག་ལ་གྲོགས་བྱེད་པའི་ཚོར་བ་དང་མཉམ་དུ་མི་བདེ་བ་མེད་པ་དེ་རེད། 

འདིས་ང་ཚོས་རན་ཞིང་འཚམ་པའི་སྒོ་ནས་ཡ་ལན་སྤྲོད་དུ་འཇུག་གི་ཡོད། དཔེ་ཆ་བཞག་ན། བསྟོད་པ་དང་སྨད་པ་ལ་ཞི་འཇམ་ཐོག་ཡང་དག་ཡིན་མིན་དང་དེ་ལས་གནད་དོན་སྦྱོང་ཆོག་པ་ཞིག་ཡོད་དང་མེད་ལྟ་བའི་ཕྱིར། ང་ཚོས་དཔྱད་ཞིབ་བྱེད་ཆོག་པ་ལྟ་བུ་རེད། 

བརྙན་པར། བྱ་རོག་བླ་མ། “སོ་སོའི་ཉིན་རེའི་མི་ཚེ་ཡར་རྒྱས་གཏོང་དགོས།” 

འཕགས་པའི་བདེན་པ་བཞི་པ།

འགོག་པའི་བདེན་པ་མངོན་དུ་བྱེད་པའི་ལམ་གྱི་བདེན་པ་ནི་སྟོང་པ་ཉིད་ཀྱི་དོན་རྟོགས་པ་དེ་ཡིན། དེ་ལ་བརྟེན་ནས་ང་ཚོས་མྱོང་བ་རྣམ་གསུམ་གྱི་ཡན་ལག་གསུམ་དུ་དབྱེ་བ་དང་སྤྲོས་བཤད་བྱེད་པ་དེ་མཚམས་འཇོག་བྱེད་ཀྱི་ཡོད། འོན་ཀྱང་གནས་སྐབས་ཀྱི་ལམ་མང་པོ་ཡོད་པ་དང་དེ་དག་གིས་གནས་སྐབས་ཀྱི་འགོག་པ་འཐོབ་པར་བྱེད་ཀྱི་ཡོད། དེ་དག་ལས་མང་པོ་ཞིག་ནི་སློབ་དཔོན་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་ནས་གསུངས་པ་ཁག་རེད། 

གནས་སྐབས་ཀྱི་འགོག་པ་ཞིག་ཇི་ལྟར་འཐོབ་པའི་ཚུལ། ལྟ་ཚུལ། 

རང་གི་མྱོང་བའི་ཐོག་ལྟ་ཚུལ་འཛིན་པ། 

  • ང་ཚོས་བསྟོད་པ་དང་སྨད་པ་ཐོས་པའི་སྐབས། སོ་སོ་རང་ཉིད་ལ་བསྟོད་འོས་པ་དང་སྨད་འོས་པའི་ཆ་གཉིས་ཀ་ཡོད་པ་དྲན་ཆོག །དེ་ལྟ་ནའང་། གཅིག་དེ་གཞན་ལས་གལ་ཆེ་བ་ཅིའི་ཕྱིར་ཡིན་ནམ། ང་ཚོས་གཅིག་ལ་ངོས་འཛིན་བྱེད་པ་དང་གཞན་དེ་ངོས་འཛིན་མི་བྱེད་པའི་རྒྱུ་མཚན་གང་ཡིན་ནམ། སྐྱོ་ཤས་དང་ངེས་འབྱུང་ཚོར་དགོས། 
  • སྙན་པ་དང་མི་སྙན་པ། རྙེད་པ་དང་མ་རྙེད་པ། བདེ་བ་དང་མི་བདེ་བ་བཅས་ལ་གཅིག་མཚུངས་བྱེད་དགོས།

ང་ཚོས་ད་ལྟའི་དུས་སྐབས་ཀྱི་ཚད་བཀག་ཅན་གྱི་ལྟ་ཚུལ་ཙམ་ལ་དེ་མིན་པར། རང་གི་མི་ཚེ་གང་པོའི་མྱོང་བ་ལ་ལྟ་ཚུལ་འཛིན་དགོས། 

  • རང་ཉིད་ལ་བསྟོད་པའི་སྐབས། རང་ཉིད་ལ་སྨད་མཁན་རྟག་ཏུ་ཡོད་པར་དྲན་དགོས། 
  • བསྟོད་པ་དེ་དྲན་དགོས་པ་དང་འདས་པའི་དུས་སུ་སྨད་པ་དེའང་དྲན་དགོས། དེ་ནས་མ་འོངས་པར་རང་ཉིད་ལ་སྐྱོན་བརྗོད་བྱེད་མཁན་ཡོང་གི་རེད་ཅེས་བསམ་དགོས། མྱོང་བ་ནི་དམིགས་བསལ་གང་ཡང་མིན་པའི་རྟོགས་པ་དེ་ལ་དམིགས་པ་གཏད་དགོས།
  • སྐྱོན་བརྗོད་བྱས་པ་ལའང་གཅིག་པ་བྱེད་དགོས།
  • ངེས་འབྱུང་ལ་ཁ་བསྒྱུར་དགོས་ཤིང་། སེམས་ཚོར་གྱི་འཕེལ་འགྲིབ་དེ་དག་ལ་ཞེན་པ་ལོག་དགོས་པ་དང་དེ་དག་ལས་ཐར་བའི་ལྷག་བསམ་རྣམ་དག་གི་ཡིད་སྨོན་བྱེད་དགོས།
  • སྙན་པའམ་མི་སྙན་པ་ (མི་ཞིག་གིས་ང་ཚོ་དང་མཉམ་དུ་འབྲེལ་བ་བྱེད་པའམ་ཡང་ན་མི་བྱེད་པ། ང་ཚོ་དང་མཉམ་དུ་སྤྱོད་ཚུལ་ཡག་པོ་སྟོན་པའམ་མི་སྟོན་པ་སོགས་རེད་) དང་། རྙེད་པ་དང་མ་རྙེད་པ། བདེ་བ་དང་མི་བདེ་བ་བཅས་ལ་བརྟེན་ནས་ཐབས་ལམ་དེ་དག་བསྐྱར་ཟློས་བྱེད་དགོས།

ད་ལྟའི་མྱོང་བ་འདི་བདེན་པ་ཆེ་བ་རེད་དམ།

  • ང་ཚོར་བསྟོད་པའམ་སྨད་པ་བྱེད་པའི་སྐབས། མི་འདིའི་བསྟོད་པའི་ཚིག་འདི་གཞན་གྱིས་བསྟོད་པའི་ཚིག་ལས་བདེན་པ་ཆེ་བ་གང་གིས་བཟོ་གི་ཡོད་པའི་ཐད་བསམ་ཞིབ་བྱེད་ཆོག །ཁོང་ཚོར་དངོས་དོན་ཆེ་བ་དང་གལ་གནད་ཆེ་བ་གང་གིས་སྦྱིན་གྱི་ཡོད་དམ། མི་འདི་འགྲིག་པ་དང་གཞན་རྣམས་མི་འགྲིག་པ་ཅིའི་ཕྱིར་ཡིན་ནམ།
  • ཐ་ན་མི་གཅིག་པ་ཞིག་ལའང་། མི་འདིའི་ད་ལྟའི་ཚིག་རྣམས་ཀྱིས་ང་ཚོའི་ཕྱོགས་ལ་ཚོར་བ་ངོ་མ་དེ་སྟོན་པ་ལྟ་བུ་སྣང་གི་ཡོད། གང་ཟག་དེས་ང་ཚོར་འདས་པའི་དུས་སུ་བསྟོད་པའི་སྐབས། མི་དེ་གལ་གནད་ཆེ་བ་དང་། བདེན་པ། ངོ་མ་ཡིན་པ་གང་གིས་བཟོ་གི་ཡོད་དམ། ཡང་ན་གང་ཟག་དེས་ང་ཚོར་འདས་པའི་དུས་སུ་བསྟོད་པ་སོང་ཙང་། ང་ཚོས་མི་དེ་ལ་སྣང་མེད་གཏོང་བའི་སྐབས། མི་དེ་གལ་གནད་ཆུང་བ་དང་། བདེན་པ་ཆུང་བ། ངོ་མ་མིན་པ་གང་གིས་བཟོ་གི་ཡོད་དམ། སྐྱོ་ཤས་དང་ངེས་འབྱུང་ལ་དམིགས་པ་གཏད་དགོས། 
  • བསྟོད་པ་དང་། སྙན་པ་དང་མི་སྙན་པ། རྙེད་པ་དང་མ་རྙེད་པ། བདེ་བ་དང་མི་བདེ་བ་བཅས་ལ་གཅིག་མཚུངས་བྱེད་དགོས། 

ངས་འཁོར་བ་ལས་རེ་འདུན་གང་བྱེད་དམ།

  • ཐ་ན་སངས་རྒྱས་ཉིད་ནས་ཀྱང་སེམས་ཅན་ཐམས་ཅད་མགུ་བར་གནང་ཐུབ་མེད་ལ། གཞན་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ལ་བསྟོད་པ་དང་དགའ་པོ་བྱས་མེད་པས། སོ་སོ་རང་ཉིད་ཀྱི་ཆེད་དུ་ངས་ག་རེ་རེ་འདུན་བྱེད་དམ། 
  • ངས་འཁོར་བ་ལས་རེ་འདུན་གང་བྱེད་དམ། ངས་སོ་སོའི་ལས་ཀྱི་སྒྲིབ་པ་ཡོངས་སུ་རྫོགས་པ་དག་པར་མ་བྱས་ཀྱི་བར་དུ་སྙན་མི་སྙན་དང་རྙེད་མ་རྙེད་རྣམས་ཡོང་གི་རེད། གནས་སྟངས་བདེ་སྡུག་སྣ་ཚོགས་ཡོང་ངེས་རེད། གལ་ཏེ་ང་ཚོ་དེ་ལ་བརྟེན་ནས་བློ་ཕམ་དུ་འཇུག་གི་འདུག་ན། ཚོར་བ་དེ་སྐྱོ་ཤས་དང་ངེས་འབྱུང་ལ་བསྒྱུར་དགོས།

རྟོག་འཆར་གྱི་སྒང་བུ་བརྟོལ་བ།

  • བསྟོད་པ་དང་སྨད་པ། སྙན་པ་དང་མི་སྙན་པ། རྙེད་པ་དང་མ་རྙེད་པ། བདེ་བ་དང་མི་བདེ་བ་བཅས་པ་ནི་རླུང་གི་གཡོ་འགུལ་ཙམ་རེད། དེ་དག་ནི་སྣང་བ་ཙམ་དེ་རེད། “ང་” ཟེར་བ་འདི་དོན་ངོ་མར་མི་ཡག་པོ་ཞིག་དང་དོན་ངོ་མའི་མི་ངན་པ་ཞིག་ཡིན་པ་བཟོ་བར་དེ་དག་ལ་ནུས་སྟོབས་དེ་ཇི་ལྟར་ཡོད་སྲིད་དམ། 
  • ད་དུང་ཡང་ལྟར་སྣང་གི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” ཟེར་བ་འདི་དོན་ངོ་མའི་མི་ཡག་པོ་དང་སྡུག་ཅག་ཅིག་ཡིན་པ་བཟོ་བར་དེ་དག་ལ་ནུས་སྟོབས་དེ་ཇི་ལྟར་ཡོད་སྲིད་དམ། དཔེར་ན། “ང་” ལ་འདི་འོས་འབབ་ཡོད་ཟེར་བ་ལྟ་བུ་རེད། གང་ལྟར་ཡང་། ཀུན་རྫོབ་ཀྱི་ “ང་” དེ་ནི་རྟག་ཏུ་འགྱུར་བ་འགྲོ་བཞིན་པའི་ཕུང་པོའི་རྒྱུན་གྱི་སྟེང་ལ་མིང་དུ་བཏགས་པ་ཙམ་དེ་ཡིན་པ་དང་། ཀུན་རྫོབ་ཀྱི་ “ཁྱོད་” ཅེས་པ་དེ་ལའང་གཅིག་པ་རེད། 
  • མི་ཞིག་ནས་བྱ་དགའ་ཞིག་རག་པ་དེས་ “ང་’’ ཟེར་བའི་ལྟོས་མེད་རང་དབང་བ་དེ་ལ་ཇི་ལྟར་གནོད་ཐུབ་བམ། གནས་སྟངས་སྐྱོ་པོའི་ངང་འགྲོ་བཞིན་པའམ་མ་རྙེད་པ་བྱུང་བ་དེས་ “ང་” ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ལྟར་སྣང་བ་ཞིག་ནག་ཉེས་ཅན་དང་སྡུག་བསྔལ་དང་ཉེས་ཆད་འོས་འབབ་ཡོད་པ་ཇི་ལྟར་སྒྲུབ་ཐུབ་བམ། 
  • གནས་སྟངས་ཡག་པོ་དང་བདེ་སྐྱིད་ལྡན་པ་འགྲོ་བཞིན་པའི་སྐབས་དང་མི་ཞིག་གིས་རང་ཉིད་ལ་བརྩེ་བ་སྤྲོད་པའི་སྐབས། ཕྱིན་ཅི་ལོག་པའི་བསམ་བློ་དང་དད་པ་དེ་འདྲ་བས་ང་ཚོར་དྲན་མེད་ཀྱི་སྒོ་ནས་དགའ་བདེ་ལ་ལོངས་སུ་སྤྱོད་པ་ལས་འགོག་རྐྱེན་ཇི་ལྟར་བྱེད་ཀྱི་ཡོད་པར་བསམ་བློ་གཏོང་དགོས། ནང་གི་རྟོགས་པ་འདི་དག་གིས་རྟོག་པའི་འཆར་སྒོའི་སྒང་བུ་དེ་བརྟོལ་གྱི་ཡོད་པ་དང་བདེ་སྐྱིད་ལ་རོལ་གྱི་ཡོད་པར་བསམ་དགོས།།

བརྙན་པར། དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས། “གྲུབ་འབྲས་ལམ་ལྷོང་མི་འབྱུང་བའི་ཞེད་སྣང་ལས་ཐར་བ།” 
Top