ལས་ཀྱི་སྐོར་དོན་གནད་གཙོ་བོ་ཁག

ལས་ཞེས་བྱ་བ་ནི་ང་ཚོར་ངང་ངམ་ཤུགས་ཀྱིས་ལུས་ཀྱི་སྒོ་ནས་བྱ་སྤྱོད་སྤེལ་བ་དང་། ངག་གི་སྒོ་ནས་སྐད་ཆ་ཤོད་པ། ཡིད་ཀྱི་སྒོ་ནས་བསམ་བློ་གཏོང་བར་བྱེད་པའི་བསམ་བློའི་སྐུལ་ཤུགས་ཤིག་ལ་གོ་བ་ཡིན། སྐུལ་ཤུགས་དེ་དག་ལས་ལ་འཇུག་པའི་སྐབས། ང་ཚོས་གོམས་གཤིས་རྙིང་པར་ཁ་སྣོན་དང་བཅས་ཤུགས་ཆེ་རུ་གཏོང་གི་ཡོད། དེའི་འབྲས་བུར། ང་ཚོས་སོ་སོའི་སེམས་ཁམས་ཀྱི་ཉམས་འགྱུར་འཕེལ་འགྲིབ་བྱེད་པ་ཉམས་སུ་མྱངས་ནས་དབང་མེད་ཀྱིས་ཡང་ནས་ཡང་དུ་སྤྱོད་ལམ་གྱི་འགྲོས་དེ་འབྱུང་གི་ཡོད། འོན་ཀྱང་ལས་ཀྱི་འབྲས་བུ་དེ་དག་སྔོན་ཚུད་ནས་ཐག་གཅོད་ཟིན་པ་ཞིག་མ་ཡིན། དེ་དག་བརྟན་ཚུགས་པ་ཞིག་མིན། ང་ཚོས་གང་ཉམས་སུ་མྱོང་བ་དེ་ལ་ཤུགས་རྐྱེན་སྤྲོད་ཐུབ། དེ་དག་གི་ངར་ཤུགས་ནི་ང་ཚོའི་དབང་འོག་ཏུ་ཡོད་པའི་རྒྱུ་རྐྱེན་དུ་མར་བརྟེན་ནས་ཡོད་པ་སོང་ཙང་། ང་ཚོས་ལས་ཀྱི་འབྲས་བུ་དེ་དག་ཡང་དུ་གཏོང་ཐུབ།

ལས་དང་འཕགས་པའི་བདེན་པ་བཞི།

ལས་ནི་ནང་ཆོས་ནང་གི་བརྗོད་གཞི་གཙོ་བོ་དེ་རེད། ང་ཚོས་ལས་དེ་འཕགས་པའི་བདེན་པ་བཞིའི་ནང་ཇི་ལྟར་རན་འཚམས་ཆགས་ཀྱི་ཡོད་པར་བལྟས་ནས་དེའི་གལ་གནད་དེ་མཐོང་ཐུབ། བདེན་པ་བཞི་ནི་འཕགས་པའི་གང་ཟག་རྣམས་ཀྱི་ངོར་བདེན་པར་གཟིགས་པའི་བདེན་དོན་བཞི་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་ནི་ཁོང་གི་ཆོས་ཀྱི་གཞི་རྩའི་སྒྲོམ་གཞི་ལྟ་བུར་གསུངས་ཡོད།

དེ་ཡང་ང་ཚོའི་མི་ཚེའི་བདེན་དོན་དང་པོ་དེ་ལ་སྡུག་བསྔལ་བདེན་པའམ་དཀའ་ངལ་གྱིས་ཁེངས་ནས་ཡོད་པ་དེ་རེད། སྡུག་བསྔལ་དེ་དག་གང་དང་གང་རེད་དམ་ཞེ་ན། དེ་དག་ནི་གཞི་རྩའི་ཆ་ནས་ང་ཚོར་ཡོད་པའི་སྐད་ཅིག་རེ་རེའི་བདེ་སྡུག་གི་རིམ་པ་མི་འདྲ་བའི་ཚོར་བ་རྣམས་རེད། དེ་ནི་སྡུག་བསྔལ་གྱི་བདེན་པ་རེད།

ང་ཚོར་སྐབས་རེར་སྡུག་བསྔལ་རགས་པ་ཡོད་པ་རྣམས་ནི་དཀའ་ངལ་ཞིག་ཡིན་པ་གསལ་པོ་རེད། འོན་ཀྱང་ང་ཚོས་སྐབས་རེར་བདེ་བ་མྱོང་གི་ཡོད་ཀྱང་། དེ་ནི་ཡུད་ཙམ་ལས་མི་གནས་པའི་བདེ་བ་གློ་བུར་བ་རེད། ཡུད་ཙམ་ལས་མི་གནས་པའི་བདེ་བ་འདི་ལ་དཀའ་ངལ་མང་དག་ཅིག་ཡོད་པ་རེད། དེ་ལ་ “ཟག་བཅས་ཀྱི་བདེ་བ་” ཟེར་བ་དང་རྨོངས་པའམ་མ་རིག་པའི་དྲི་མས་འགོས་ནས་ཡོད། དེའི་དོན་དག་གང་རེད་ཅེ་ན། བདེ་བ་དེ་ཡུན་དུ་མི་གནས་པ་ཙམ་དུ་མ་ཟད། དེས་ང་ཚོར་འདོད་པ་བསྐོང་ཐུབ་ཀྱི་མེད། ང་ཚོར་ཟས་ཞིམ་པོ་ཞིག་བཟས་ནས་གྲོད་ཁོག་རྒྱགས་པའི་བདེ་བ་མྱོང་གི་ཡོད་ཀྱང་། དེ་ནི་ཡུན་དུ་གནས་ཀྱི་མེད། དེས་ཕྱིན་ཆད་ནས་ནམ་ཡང་མི་ལྟོགས་པའི་དཀའ་ངལ་དེ་སེལ་གྱི་མེད། དེར་མ་ཟད། ང་ཚོས་ཟས་གཅིག་རང་དེ་ག་ཚོད་མང་བ་བཟས་པ་དེ་ཚོད་ཀྱིས་སྐྱིད་པ་ཡོང་དགོས་ཀྱི་ཡོད་ནའང་། དེ་ལྟར་ཡོང་གི་མེད། གལ་ཏེ་ང་ཚོས་བཟའ་རྒྱུ་མང་དྲགས་ན། ན་གི་ཡོད། ད་དུང་ང་ཚོའི་བདེ་བ་དེ་རྫོགས་པའི་སྐབས་དེའི་རྗེས་སུ་གང་འབྱུང་མིན་ངེས་པ་མེད། གནས་དོན་གཞན་ཞིག་གི་ཐོག་ལ་སྐྱིད་པ་ཡོང་སྲིད་པའམ། ཡང་ན་སྐྱིད་པ་ཆགས་པ་དང་བཏང་སྙོམས་སུ་གནས་ཀྱང་སྲིད། ཡུན་དུ་མི་གནས་པའི་བདེ་བ་དེ་དག་ལས་ང་ཚོར་ཉེན་སྲུང་ཡོད་པའི་གནས་སྐབས་ཤིག་རྙེད་མི་ཐུབ། བྱས་ཙང་། དེ་ནི་དཀའ་ངལ་ཞིག་རེད། ང་ཚོས་ཡུན་དུ་མི་གནས་པའི་བདེ་བ་དེ་གང་ཡིན་པར་ལོངས་སུ་སྤྱོད་སྲིད་ཀྱང་། དེས་ང་ཚོའི་དཀའ་ངལ་ལམ་སྡུག་བསྔལ་ཐམས་ཅད་སེལ་ཐུབ་པ་ཞིག་མིན། ང་ཚོར་དུས་རྟག་ཏུ་གང་མང་མང་དགོས་འདོད་ཡོད།

སྡུག་བསྔལ་བདེན་པའི་རིགས་གསུམ་པ་ནི། ང་ཚོར་བཏང་སྙོམས་སམ་ཚོར་བ་བར་མ་ཞིག་ཡོད་པའི་སྒོ་ནས་སྡུག་བསྔལ་ཉམས་སུ་མྱོང་བ་དེ་རེད། ང་ཚོ་གཉིད་ཁུག་པའི་སྐབས་གང་ཡང་མི་འབྱུང་བའི་ཚོར་བ་བར་མའམ་བཏང་སྙོམས་འདྲ་པོ་ཞིག་ཡོང་གི་ཡོད། ཡིན་ནའང་ད་དུང་དེས་ཀྱང་དཀའ་ངལ་དེ་སེལ་གྱི་མེད། གང་ཡིན་ཟེར་ན། ང་ཚོ་དུས་རྟག་ཏུ་གཉིད་ཉལ་ནས་སྡོད་མི་ཐུབ།

ཚོར་བ་བདེ་བ་དང་། སྡུག་བསྔལ། བཏང་སྙོམས་དེ་དག་ལས་གཅིག་གིས་འཁོར་བའི་ནང་སྐད་ཅིག་རེ་རེ་བཞིན་ང་ཚོ་དང་མཉམ་འགྲོགས་བྱེད་ཀྱི་རེད། དེ་ནི་སངས་རྒྱས་ཀྱིས་གང་འགྲེལ་བརྗོད་གནང་བའི་སྡུག་བསྔལ་གྱི་བདེན་པ་ཟེར་བ་དེ་རེད། དེ་ནི་ང་ལ་ལས་ཀ་རག་ཐུབ་ཀྱི་མི་འདུག་ཟེར་བ་ཙམ་དེ་མ་རེད། ང་ཚོས་སྐད་ཅིག་རེ་རེའི་སྐོར་ཤོད་ཀྱི་ཡོད་པ་མ་གཏོགས་སྐབས་རེ་སྐབས་རེ་གང་འབྱུང་གི་ཡོད་ཙམ་གྱི་སྐོར་ཤོད་ཀྱིན་མེད་པ་དེ་རྟོགས་རྒྱུ་ཧ་ཅང་གལ་ཆེ།

དེ་ལྟའི་དཀའ་ངལ་ཅན་གྱི་མི་ཚེའི་མྱོང་བ་ཡོད་དོ་ཅོག་ནི་རྒྱུ་ལ་བརྟེན་ནས་འབྱུང་གི་ཡོད། གཞི་རྩའི་ཆ་ནས་བཤད་ན། དེ་དག་གི་རྒྱུ་ནི་ལས་དང་ཉོན་མོངས་སམ་གནོད་བྱེད་མི་དགེ་བའི་བློའི་ཁྱེར་སོ་ཡིན། ད་ང་ཚོས་དེ་ལ་མཚམས་འཇོག་བྱེད་ཀྱི་ཡིན། སྡུག་བསྔལ་བདེན་པ་ནི་ལས་ཀྱི་རྣམ་པར་སྨིན་པ་དང་དེའི་རྒྱུ་ངོ་མ་ནི་ལས་ཡིན་པ་རེད། བྱས་ཙང་། འགོག་པའི་བདེན་པ་ནི་ལས་དང་ཉོན་མོངས་དངོས་འགོག་པ་དེ་ཡིན། དེ་ནས་ལམ་གྱི་བདེན་པའམ་སེམས་ཀྱི་ལམ་ནི་འགོག་པའི་བདེན་པ་འཐོབ་བྱེད་ཀྱི་རྟོགས་པ་དེ་ཡིན། དེ་འདྲ་སོང་ཙང་། ལས་ནི་ནང་ཆོས་ཀྱི་བརྗོད་གཞི་ལྟེ་བ་དེ་ཡིན་པས། ལས་ཟེར་བ་དེ་གང་ཡིན་པ་རྟོགས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད།

ལས་ཀྱི་མཚན་ཉིད།

ཕལ་ཆེར་གནད་དོན་གཞན་ཚང་མ་ནང་བཞིན་ནང་པའི་ལམ་ལུགས་མི་འདྲ་བའི་ནང་ལས་དེ་འགྲེལ་བརྗོད་མི་འདྲ་བ་རྒྱག་ཡོད། ང་ཚོས་སྐབས་འདིར་འགྲེལ་ཚུལ་སྟབས་བདེ་ཤོས་ཐོག་དོ་སྣང་བྱ་རྒྱུ་ཡིན། དེ་ཡང་ལས་གང་ཞིག་སེམས་ཀྱི་སྐུལ་ཤུགས་ ༼སེམས་པ་༽ ཡིན་ཞེ་ན། དེ་ནི་མྱོང་བ་བྱེ་བྲག་པ་ཞིག་གི་ཕྱོགས་སུ་འཁྲིད་པར་བྱེད་པའི་སེམས་ཀྱི་སྐུལ་ཤུགས་དེ་ཡིན། ལས་ནི་བྱ་བ་དེ་རང་མ་ཡིན། ལས་ནི་བྱ་བ་ལ་གོ་གི་ཡོད་བསམ་པ་དང་། ལྷག་པར་དུ་ཡིག་བསྒྱུར་བ་འགའ་ཞིག་གིས་ལས་སམ་ལེགས་སྦྱར་སྐད་དུ་ཀརྨ་ Karma ཟེར་བ་དེ་Action བྱ་བར་བསྒྱུར་ཡོད་པས། ནམ་རྒྱུན་མི་རྣམས་མགོ་འཐོམ་གྱི་ཡོད། དེ་ནི་བྱ་བ་རྩ་ནས་མ་རེད། ལས་ནི་བྱ་བར་འཇུག་པར་བྱེད་པའི་དབང་མེད་ཀྱི་སྐུལ་ཤུགས་དེ་རེད། གལ་ཏེ་ལས་ནི་བྱ་བ་དེ་རང་ཡིན་ན། ལས་མུ་མཐུད་མི་གསོག་པའི་ཆེད་ང་ཚོས་གང་བྱེད་དགོས་པ་ནི་བྱ་བ་བརྩམ་རྒྱུ་མཚམས་འཇོག་བྱེད་དགོས་པ་དེ་རེད། དེ་ནི་ཁུངས་ལུང་མེད་པ་རེད།

ང་ཚོར་བྱ་བ་བྱེད་འཇུག་མཁན་གྱི་སྐུལ་ཤུགས་དེ་ནི་སེམས་བྱུང་ཞིག་ཡིན་པ་དང་དེ་ནི་རྟག་ཏུ་སེམས་བྱུང་གཞན་གསུམ་གྱིས་གྲོགས་བྱེད་ཀྱི་ཡོད། དེ་གསུམ་ལས་དང་པོ་ནི། འདུ་ཤེས་ཟེར་བ་དེ་རེད། འདུ་ཤེས་ནི་དབང་པོའི་ཡུལ་ཞིག་གི་ནང་ནས་ང་ཚོས་ཡུལ་ཞིག་ངོས་འཛིན་པའམ་འདུ་ཤེས་འཇོག་གི་ཡོད། དཔེར་ན། མི་འདི་ནི་མི་དེ་ལས་ལོགས་སུ་མི་འདྲ་བ་ཡིན་པ་དང་། ཡུལ་འདི་ནི་ཡུལ་དེ་ལས་ལོགས་སུ་མི་འདྲ་ཡོད་པའི་ངོས་འཛིན་ལྟ་བུ་རེད། ང་ཚོའི་ལས་དེ་གང་ལ་ཁ་ཕྱོགས་གཏད་རྒྱུ་ཡིན་པ་དེར་ཡུལ་དེ་ངོས་འཛིན་དགོས་ཀྱི་ཡོད། གཉིས་པ་ནི་འདུན་པ་ཟེར་བ་དེ་རེད། འདུན་པ་དེ་ཡང་དམིགས་ཡུལ་དང་འདྲ་པོ་ཡོད། དཔེར་ན། ང་ཚོས་གང་ཞིག་བྱེད་འདོད་ཡོད་དམ། ང་ཚོས་མི་དེ་ལ་གནོད་རྩིས་ཡོད་དམ་ཕན་འདོགས་རྩིས་ཡོད་ཅེས་པ་ལྟ་བུ་རེད། གསུམ་པ་ནི་དེའི་གྲོགས་སུ་འགྲོ་བའི་སེམས་ཚོར་ཞིག་ཡོད། དེ་ཡང་ཁོང་ཁྲོ་ལྟ་བུའི་ཉོན་མོངས་ཅན་གྱི་སེམས་ཚོར་ཡིན་སྲིད་ལ་བྱམས་པ་ལྟ་བུ་དགེ་བའི་སེམས་ཚོར་ཡིན་སྲིད། ང་ཚོས་མི་དེ་ལ་གནོད་སྐྱེལ་འདོད་བྱེད་པ་ནི་ང་ཚོ་ཁོང་ཁྲོ་ལངས་པ་སོང་ཙང་རེད། ཡང་མི་དེ་ལ་ཕན་ཐོགས་བྱེད་འདོད་ཡོད་པ་ནི་ང་ཚོས་མི་དེ་ལ་བྱམས་བརྩེའི་ཚོར་བ་ཞིག་སྐྱེད་ཀྱི་ཡོད་པས་རེད། བྱ་བ་བྱེད་དུ་འཇུག་མཁན་གྱི་སྐུལ་ཤུགས་དེ་ལས་རེད།

ནང་པའི་ “ཀུན་སློང་” གི་གོ་དོན།

འདིར་སྐབས་རེར་ནུབ་ཕྱོགས་པ་ཚོར་མགོ་རྙོག་ཅན་ཆགས་ཀྱི་ཡོད་པའི་ཚིག་གཞན་ཞིག་ནི་ཀུན་སློང་ཟེར་བ་དེ་རེད། ང་ཚོའི་ནུབ་ཕྱོགས་པའི་ཚིག་ Motivation ཟེར་བ་དེ་བེད་སྤྱོད་བྱེད་སྟངས་དེ་ནི་ནམ་རྒྱུན་གནས་དོན་གང་ཞིག་གི་རྒྱབ་ཏུ་ཡོད་པའི་སེམས་ཚོར་ལ་གོ་བ་ཡིན། ང་ཚོས་ཁོང་ཁྲོའམ་ཡང་ན་བྱམས་པས་ཀུན་ནས་བསླངས་སོང་ཟེར་བ་ལྟ་བུ་རེད། འོན་ཀྱང་ནང་ཆོས་ཀྱི་གོ་དོན་ལྟར་ཀུན་སློང་ཞེས་ཐོས་པའི་སྐབས། དེ་ནི་ནུབ་ཕྱོགས་པའི་ཀུན་སློང་ཞེས་པའི་གོ་དོན་མ་ཡིན་པའི་ཚིག་ཅིག་བསྒྱུར་གྱི་ཡོད། ནང་པའི་ལྟ་ཚུལ་ལྟར་བྱས་ན། འདུན་པའམ་དམིགས་བྱ་ནི་ཀུན་སློང་གི་ཁྱད་རྣམ་གཙོ་བོ་དེ་ཡིན་པ་དང་། དེ་ལ་རྒྱབ་རྟེན་བྱེད་པའི་སེམས་ཚོར་དེ་ནི་རིམ་པ་གཉིས་པའམ་ཡན་ལག་ལྟ་བུ་ཡིན། ཀུན་སློང་ལ་ཨིན་སྐད་ནང་ Motivation ཞེས་བསྒྱུར་བ་ལས་ Motivating mental framework ཀུན་ནས་སློང་བའི་སེམས་ཀྱི་ཆ་ཞེས་བརྒྱུར་ན་ཕལ་ཆེར་ཡག་ག་ཡོད།

དཔེ་ཆ་བཞག་ན། ཆོས་ཁྲིད་གང་འདྲ་ཞིག་བྱེད་པའི་ཐོག་མར་ང་ཚོས་ “སོ་སོའི་ཀུན་སློང་བཅོས་པའམ་ཀུན་སློང་སླར་ཡང་ངེས་གཏན་བཟོ་བ་” ཞེས་ཐོས་པའི་སྐབས། དེའི་གོ་དོན་གཙོ་བོ་ནི་རང་གི་དམིགས་ཡུལ་དེ་ངེས་གཏན་བཟོ་བ་སྟེ། ང་ཚོའི་དགོས་དོན་གང་ཡིན་པ་དེ་ངེས་པ་ཞིག་དགོས་པའི་དོན་ཡིན། དཔེར་ན། ང་ཚོ་འདིར་ག་རེ་བྱས་ནས་སླེབས་ཡོད་དམ་ཞེས་པ་ལྟ་བུ་རེད། དགོས་དོན་ནི་ང་ཚོ་ཉེན་མེད་ཀྱི་ཁ་ཕྱོགས་སུ་འགྲོ་བའམ་སྐྱབས་སུ་འགྲོ་བར་ཕན་པའི་གནད་དོན་ཞིག་སྦྱོང་རྒྱུའམ། ཡང་ན་གཞན་སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ཕན་ཐོགས་ཤིག་བསྒྲུབ་ཐུབ་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་རེད། དེ་ནི་ང་ཚོས་གང་ཞིག་སྲ་བརྟན་དང་ངེས་གཏན་བཟོ་དགོས་པ་དེ་ཡིན། དེ་ལ་གྲོགས་སུ་གྱུར་བའི་སེམས་ཚོར་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་བྱམས་པ་སྐྱེད་པ་དེ་ཡིན། འོན་ཀྱང་དེ་ནི་ང་ཚོའི་ཀུན་སློང་སྲ་བརྟན་བཟོ་བའི་ནན་བརྗོད་གཙོ་བོ་དེ་མ་རེད། ང་ཚོས་བྱམས་པ་དང་སྙིང་རྗེ་སླར་ཡང་ངེས་གཏན་བཟོ་དགོས་ངེས་ཡིན་པ་དང་། དེ་ནི་ནུབ་ཕྱོགས་པའི་ལྟ་ཚུལ་ལ་དེ་ནི་ང་ཚོས་ག་རེ་བྱེད་ཀྱི་ཡོད་པ་དེ་ལ་སྐུལ་སློང་བྱེད་པའི་སེམས་ཚོར་དེ་ཡིན། འོན་ཀྱང་ནང་ཆོས་ནང་དེ་ལས་རྒྱ་ཆེ་བའི་སེམས་ཀྱི་ཆ་ཞིག་ལ་འགྲེལ་བརྗོད་བྱེད་ཀྱི་ཡོད།

ང་ཚོས་གྲོས་བསྡུར་བྱས་པའི་སེམས་བྱུང་ཚང་མ་ཁྱད་པར་འབྱེད་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད། གང་ཡིན་ཞེ་ན། དེ་དག་གང་རུང་ལ་མི་འདང་བ་ཞིག་ཡོད་པའི་སྐབས་ང་ཚོས་སྙོམ་སྒྲིག་བྱེད་ཆོག །གལ་ཏེ་ང་ཚོས་ཁྱད་པར་དེ་མ་ཕྱེས་ན། ང་ཚོའི་སེམས་ཀྱི་གནས་བབས་བཟོ་བཅོས་དང་སྙོམ་སྒྲིག་བྱེད་སྟངས་ཤེས་རྒྱུ་ཧ་ཅང་ཁག་པོ་ཡོད།

ལུས་ངག་ཡིད་གསུམ་གྱི་ལས།

དེ་འདྲ་ཡིན་པ་སོང་ཙང་། ང་ཚོ་ཚང་མར་སྐུལ་ཤུགས་ཤིག་གམ་ལས་ཤིག་ཡོད་པ་རེད། ང་ཚོས་ལུས་ངག་ཡིད་གསུམ་གྱི་ལས་ཀྱི་སྐོར་བཤད་པའི་སྐབས། དེ་ནི་བྱ་བ་ཞིག་བྱེད་པ་དང་། སྐད་ཆ་ཤིག་ཤོད་པ། བསམ་བློ་ཞིག་གཏོང་བ་བཅས་ལ་སྐུལ་ཤུགས་སྦྱིན་པ་ཞིག་ཡིན། ཕྱི་མ་ཡིད་ཀྱི་ལས་ནི་ནམ་རྒྱུན་གནད་དོན་ཞིག་གི་ཐོག་ལ་སྐད་ཅིག་ཙམ་ཞིག་བསམ་བློ་གཏོང་དུ་འཇུག་པ་དེ་མིན་པར། དེ་ནི་གཞན་ཞིག་ལ་དགྲ་ཤ་ཇི་ལྟར་ལེན་དགོས་བསམས་ནས་ལོག་བྱུས་སྟོན་པ་ལྟ་བུ་དུས་ཡུན་གང་འཚམས་ཤིག་བསམ་བློ་གཏོང་དགོས་ཀྱི་ཡོད། ང་ཚོས་ལུས་ངག་གི་ལས་ཀྱི་སྐོར་ཤོད་སྐབས། དེ་དག་ཐོག་མར་སེམས་ཀྱི་སྐུལ་ཤུགས་སམ་ལས་ལ་བརྟེན་ནས་འགོ་བཙུག་གི་ཡོད། ལས་སླ་པོའི་སྒོ་ནས་ཞུས་ན། གཅིག་བྱེད་ཡག་གི་སྐུལ་འདེད་དེ་སྔོན་ལ་སླེབས་ཀྱི་ཡོད། དཔེར་ན། “ངའི་བསམ་པར། ང་རང་ཕྱིན་ནས་མི་ཞིག་སྐད་གཏོང་དགོས་ཀྱི་འདུག་” ཅེས་བསམ་པ་ལྟ་བུ་རེད། དེ་ནི་སེམས་ཀྱི་སྐུལ་ཤུགས་ཤིག་རེད། དེ་ལ་གྲོགས་སུ་གྱུར་བའི་དམིགས་ཡུལ་ལ་སོགས་པའི་སེམས་ཚོར་ཡོད་པ་དང་ཡུལ་ལ་ཁྱད་པར་འབྱེད་ཚུལ་ཞིག་ཡོད། ལུས་ངག་གི་ལས་དངོས་ནི་བྱ་བ་ཞིག་བྱེད་པ་དང་བྱ་བ་དེ་མཇུག་མ་རྫོགས་བར་དུ་རྒྱུན་སྲིང་བར་བྱེད་པར་སྐད་ཅིག་རེ་རེའི་ནང་འབྱུང་བའི་སྐུལ་ཤུགས་དེ་རེད། དེ་ནི་ལུས་དང་ངག་གི་ལས་རེད།

དེའི་གྲོགས་སུ་གྱུར་བའི་སེམས་བྱུང་དེ་དག་ངོ་མ་གང་ཡིན་པ་ལས་འགྱུར་བ་འགྲོ་སྲིད། དཔེར་ན། ང་ཚོས་སོ་སོའི་གྲོགས་པོ་དང་མཉམ་དུ་སྐད་ཆ་བཤད་ཡིན་བསམས་ཡོད་ནའང་། གྲོགས་པོའི་བུ་མོས་ཁ་པར་ལན་འདེབས་བྱེད་དུས་ང་ཚོའི་བསམ་པར། དེ་ནི་ཁོའི་ཨ་མའི་སྐད་རེད་བསམས་ནས་སྐད་ཆ་ཤོད་རྒྱུ་འགོ་བཙུགས་པ་རེད། ཡང་མིན་ན་ཐོག་མར་སེམས་ཚོར་དེ་བྱམས་པ་ཡིན་ནའང་། ཁ་བརྡ་བྱེད་བཞིན་པའི་དཀྱིལ་ཙམ་ནས་ང་ཚོ་མི་དེ་ལ་ཁོང་ཁྲོ་ཟ་གི་ཡོད། ང་ཚོར་མི་དེ་ལ་སྐད་ཆ་སྙན་པོ་ཞིག་གམ་སྐད་ཆ་རྩུབ་པོ་ཞིག་ཤོད་རྒྱུའི་ཀུན་སློང་དེ་ཡོད་ཀྱང་། ཁ་བརྡ་བྱེད་བཞིན་པའི་སྒང་ལ་ང་ཚོ་སེམས་གཡེངས་ནས་དྲན་པ་བརྗེད་པ་རེད། དེ་དག་ཐམས་ཅད་འགྱུར་ལྡོག་ཅན་ཡིན་པ་དང་ལས་ནི་བྱ་བ་དེ་བྱེད་པར་སྐུལ་ཤུགས་ཙམ་དེ་ཡིན། དཔེར་ན། སྐད་ཆ་ཤོད་པར་སྐུལ་མ་བྱེད་པ་ལྟ་བུ་རེད། སྐུལ་ཤུགས་དེ་རང་ངོས་ནས་འབྱུང་གི་མེད་པ་ཤོད་མི་དགོས་པ་རེད། དེ་ནི་ཆ་རྐྱེན་དེ་དག་ཐམས་ཅད་མཉམ་དུ་འདུས་པ་ལས་འབྱུང་གི་ཡོད། འོན་ཀྱང་ལས་ཁོ་རང་ནི་དེ་དག་ལས་གང་ཡང་མ་ཡིན། ལས་ཁོ་རང་ནི་གཞན་ཞིག་ཡིན།

ལས་ཁོ་རང་ནི་ངས་ “དགེ་བའི་ལས་ཀྱི་ནུས་པའམ་” ༼བསོད་ནམས་༽ ཡང་ན་ “མི་དགེ་བའི་ལས་ཀྱི་ནུས་པ་” ༼སྡིག་པ་༽ ཞེས་ཟེར་གྱི་ཡོད། དེ་གཉིས་ལ་ནམ་རྒྱུན་ཨིན་སྐད་དུ་ merit དང་ sin ཞེས་བསྒྱུར་ཡོད། དེ་ནི་ལས་ཀྱི་ནུས་པའི་ངོར་བྱ་སྤྱོད་སྤེལ་བའི་བྱ་བ་རང་ལ་གོ་གི་ཡོད། བྱ་བ་དེ་མཇུག་རྫོགས་པ་དང་དེའི་ལས་ཀྱི་རྗེས་འབྲས་ཡོང་གི་ཡོད་པ་དང་། དེ་ཡང་ལས་ཀྱི་ནུས་པ་དང་། བག་ཆགས། རྒྱུན་ལྡན་གྱི་གོམས་གཤིས་བཅས་མུ་མཐུད་ང་ཚོའི་སེམས་ཀྱི་རྒྱུན་ལ་བཏགས་ཡོད། དེ་དག་ནི་བརྟན་པོ་མེད་པ་སོང་ཙང་། གནས་སྟངས་ལ་བརྟེན་ནས་འགྱུར་བ་འགྲོ་སྲིད། དེ་དག་ནི་གཟུགས་ཀྱི་རྣམ་པ་མིན་ལ་ཡུལ་ལ་དྲན་རྟོགས་ཡོད་ཚུལ་ཞིག་ཀྱང་མིན། རྗེས་འབྲས་ཀྱི་རིགས་མི་འདྲ་བ་སྣ་ཚོགས་པའི་སྐོར་ངས་འདིར་གོ་བསྡུར་བྱེད་ཀྱི་མིན། གང་ཡིན་ཟེར་ན། དེ་ནི་ཧ་ཅང་མགོ་རྙོག་ཅན་ཞིག་རེད། འོན་ཀྱང་ཉོན་མོངས་ཀྱིས་དེ་དག་ནུས་ལྡན་དུ་བཟོ་བའི་སྐབས། ལས་ཀྱི་རྗེས་འབྲས་འདི་ང་ཚོའི་སྐད་ཅིག་སྐད་ཅིག་གི་མྱོང་བའི་མཇུག་འབྲས་འདྲ་མིན་གྱི་ནང་སྨིན་གྱི་ཡོད།

ལས་ཀྱི་རྗེས་འབྲས་སྨིན་པ།

ལས་ཀྱི་རྗེས་འབྲས་དེ་གང་ལ་སྨིན་གྱི་ཡོད་དམ་ཞེ་ན།

  • ཚོར་བ་བདེ་བ་དང་། སྡུག་བསྔལ། བཏང་སྙོམས་ཏེ། ང་ཚོས་ཁ་སང་དང་དེ་རིང་བྱ་བ་གཅིག་པ་བྱེད་ཀྱི་ཡོད་སྲིད། ཡིན་ནའང་ཁ་སང་བྱ་བ་དེ་བྱེད་དུས་སྐྱིད་པོ་དང་དེ་རིང་སྐྱིད་པོ་མེད་པ་ཡོང་གི་ཡོད། དེ་ནི་ལས་ཀྱི་རྣམ་པར་སྨིན་པ་དེ་རེད། སྐབས་འདིར་ངས་ལས་ཀྱི་རྣམ་པར་སྨིན་པ་ཞེས་གོ་བ་ཡངས་པའི་སྒོ་ནས་བེད་སྤྱོད་བྱེད་ཀྱི་ཡིན།
  • ང་ཚོས་སླར་ཡང་སྐྱེ་བ་ལེན་པའི་ཕུང་པོ་དང་། ང་ཚོ་སྐྱེ་ས་དང་རང་གིས་རང་རྙེད་སའི་འཁོར་ཡུག་ཉམས་སུ་མྱོང་བ་སྟེ། ང་ཚོར་ཡོད་པའི་ལུས་པོ་དང་། སེམས། རྣམ་དཔྱོད་དང་ལྡན་པ་དང་མི་ལྡན་པ་སོགས་སྐྱེ་བ་དེའི་ནང་བདེ་བ་དང་སྡུག་བསྔལ་གྱི་དུས་ཡུན་མི་འདྲ་བ་ཚོར་གྱི་ཡོད།
  • ང་ཚོས་སྔོན་བྱས་པ་ནང་བཞིན་གཅིག་པ་ཞིག་བྱེད་འདོད་སྐྱེ་བ་སྟེ། དཔེར་ན། “མི་ཞིག་ལ་སྐད་གཏོང་འདོད་འདུག །ངས་ཁྱེད་ལ་སྐད་ལོག་རྒྱག་འདོད་འདུག་” ཅེས་ཟེར་བ་ལྟ་བུ། “ཁྱེད་རང་ག་རེ་བྱེད་འདོད་འདུག་གམ།” “ང་རང་མགོ་བོ་སྦར་ཤད་རྒྱག་འདོད་འདུག་” ཅེས་ང་ཚོས་གང་བྱེད་འདོད་ཡོད་པའི་ཚོར་བ་ལྟ་བུ་ནི་ལས་ཀྱི་རྣམ་པར་སྨིན་པ་རེད།  བྱེད་འདོད་ཡོད་པ་དེས་བྱ་བ་དེ་བརྩམ་པའི་སྐུལ་ཤུགས་སླེབས་པར་བྱེད་ཐུབ། བྱེད་འདོད་ཡོད་པ་ ༼འདོད་པ་༽ དང་དེ་བྱེད་པར་སྐུལ་ཤུགས་འབྱུང་བ་གཉིས་མི་འདྲ་བ་ཡིན།
  • ང་ཚོས་གང་བྱས་པ་དང་གཅིག་པ་ཡིན་པའི་གནས་སྟངས་མྱོང་བ་དང་། གང་བྱུང་བ་རྣམས་རང་འཇགས་རང་ལ་འབྱུང་བ་སྟེ། དཔེར་ན། ང་ཚོས་རྟག་ཏུ་གཞན་ལ་སྐད་ལོག་རྒྱག་གི་ཡོད་པ་སོང་ཙང་། ད་ལྟ་ང་ཚོས་གཞན་གྱིས་རང་ལ་སྐད་ལོག་རྒྱག་པ་དེ་མྱོང་གི་ཡོད། ཡང་ང་ཚོས་གཞན་ལ་རྟག་ཏུ་ཡག་པོ་བྱེད་ཀྱི་ཡོད་པ་སོང་ཙང་། ད་ལྟ་ང་ཚོས་མི་རྣམས་ཀྱིས་རང་ལ་ཡག་པོ་བྱེད་པ་དེ་མྱོང་གི་ཡོད།

དེ་དག་ཐམས་ཅད་རེ་རེ་བཞིན་རིམ་པ་མི་འདྲ་བ་ཞིག་གི་ཐོག་ནས་འཕེལ་འགྲིབ་འགྲོ་གི་ཡོད། དེའི་དོན་ནི་དུས་ཚོད་མི་འདྲ་བའི་ནང་ཐབས་ལམ་མི་འདྲ་བ་མཉམ་བསྲེས་ཐོག་གནད་དོན་མི་འདྲ་བ་རྣམ་པར་སྨིན་གྱི་ཡོད་པས། ང་ཚོས་དེའི་རྗེས་གང་ཡོང་རྩ་ནས་ཤེས་ཀྱི་མེད། སྐད་ཅིག་རྗེས་པ་དེའི་ནང་ང་ཚོས་བདེ་བ་མྱོང་དང་སྡུག་བསྔལ་མྱོང་ཤེས་ཚོད་ནམ་ཡང་མི་ཐིག་པ་ཡིན་ལ། ད་ནས་བརྩིས་པའི་སྐར་མ་ལྔའི་ནང་ང་ཚོས་གང་བྱེད་འདོད་ཡོད་མེད་ཤེས་ཀྱི་མེད། དེ་ནི་དུས་རྟག་ཏུ་འགྱུར་བ་འགྲོ་གིན་ཡོད། མི་རྣམས་ཀྱིས་ང་ལ་ཁ་པར་བཏང་ནས་ཅ་དངོས་ཤིག་འཚོང་འདོད་བྱེད་པ་སོགས་ག་རེ་ཡིན་ནའང་ཡོང་སྲིད། སུས་ཀྱང་ཤེས་ཀྱི་མེད། སྐབས་རེར་གནས་སྟངས་དེ་ཚོ་ཡག་པོ་ཡོད་པ་དང་སྐབས་རེར་ཧ་ཅང་མི་སྡུག་པ་དེ་འདྲ་ཡོད། དེ་ནི་རྟག་ཏུ་ཡར་མར་འཕེལ་འགྲིབ་འགྲོ་གི་ཡོད། ང་ཚོས་རྗེས་ལ་གང་ཡོང་བསམ་བློའི་ཡུལ་ལའང་མེད། དེ་ནི་ངེས་པ་མེད་པ་རེད། དེ་ནི་ཡ་ང་པོ་འདུག་གམ་མི་འདུག །དེ་ཙམ་མ་རེད། ད་དུང་རགས་པའི་ཐོག་ནས་བཤད་ན། ང་ཚོའི་སྐྱེ་གནས་ཀྱང་མཐོ་དམའི་འཕེལ་འགྲིབ་འགྲོ་གི་རེད།

ཐེག་པ་ཆེན་པོའི་ལྟ་ཚུལ་ལ་གཞིགས་ན། ལས་ལ་བརྟེན་ནས་གཞན་ཞིག་རྣམ་པར་སྨིན་གྱི་ཡོད་པར་གསུངས། དེ་ཡང་ང་ཚོས་སྐད་ཅིག་རེ་རེ་བཞིན་དུས་རྟག་ཏུ་སྐྲུན་པ་དང་ཉམས་སུ་མྱོང་བཞིན་པ་ལ་ངས་གང་ཟེར་གྱི་ཡོད་ཅེ་ན།

  • ཁོར་མྱུལ་རྒྱང་ཤེལ་ལྟ་བུ་ཚད་བཀག་ཅན་གྱི་ཤེས་པ་་ཞེས་ཟེར་གྱི་ཡོད། དེ་ནི་ང་ཚོས་གང་འབྱུང་བཞིན་པ་དང་དེའི་རྒྱུ་གང་ཡིན་པའི་ཐོག་ལ་ཅུང་ཟད་ཙམ་ལས་མཐོང་གི་མེད། གནས་སྟངས་དེའི་རིགས་འབྱུང་དགོས་པའི་རྒྱུ་མཚན་དང་ང་ཚོའི་ལས་ཀྱི་འབྲས་བུ་ཅི་འདྲ་ཞིག་སྨིན་ཡོང་ཤེས་ཀྱི་མེད། བྱས་ཙང་། ང་ཚོར་ཧ་ཅང་ཚད་བཀག་ཅན་གྱི་སྦུབས་ལམ་གྱི་མཐོང་སྣང་གསལ་ལ་མ་གསལ་ཞིག་ལས་མེད། དེ་ཡང་ལས་ཀྱི་འབྲས་བུ་ཡིན། དེས་ཀུན་མཁྱེན་སངས་རྒྱས་ཀྱི་ཐུགས་ལས་མི་འདྲ་བའི་ཁྱད་པར་འབྱེད་པའི་སེམས་ཅན་རྣམས་སྐྲུན་གྱི་ཡོད།

ལས་ཀྱི་འབྲས་བུ་སྨིན་པ་འདི་དག་ཐམས་ཅད་ནི་འཕགས་པའི་བདེན་པ་བཞིའི་ནང་གི་དང་པོ་སྡུག་བསྔལ་གྱི་བདེན་པ་ཡིན། ད་ཚོད་ང་ཚོས་སངས་རྒྱས་ཀྱིས་བདེན་དོན་དང་པོ་སྡུག་བསྔལ་གྱི་བདེན་པ་དེ་གསུངས་པའི་གོ་དོན་ལ་ཡི་རངས་ཏོག་ཙམ་མང་བ་བྱེད་ཐུབ་བསམ་གྱི་འདུག །དེ་ནི་ལས་ཀྱི་རྣམ་པར་སྨིན་པ་ཡིན། འཇིགས་སུ་རུང་བ་ཞིག་ནི། ང་ཚོ་ནི་རྨོངས་པས་ཁེངས་ནས་ཡོད་པས་ལས་ཀྱི་འབྲས་བུ་སྨིན་པའི་རྒྱུ་བྱེད་ཀྱི་ཡོད་པ་དང་། དེ་ལྟ་བུའི་རྒྱུན་གྱི་འཁོར་མོ་དེ་རྒྱུན་སྲིང་བར་སྐུལ་ཤུགས་མང་བ་འབྱུང་བར་བྱེད་ཀྱི་ཡོད། དེ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་འགྲེལ་བརྗོད་བྱས་ཡོད།

ལས་ཀྱི་སྐོར་གོ་བསྡུར་བྱེད་པའི་ནང་གནོད་བྱེད་མི་དགེ་བའི་སྤྱོད་ལམ་བྱ་རྒྱུའི་སྐུལ་ཤུགས་ཡོད་པ་མ་ཟད། དེའི་ནང་ད་དུང་རྨོངས་པ་དང་འདྲེས་པའི་ཕན་བྱེད་དགེ་བའི་སྤྱོད་ལམ་དང་ལུང་མ་བསྟན་གྱི་སྤྱོད་ལམ་ཡང་ཚུད་ཡོད་པ་དྲན་རྒྱུ་གལ་ཆེན་པོ་ཡིན། རྨོངས་པ་དང་འདྲེས་པའི་དགེ་བའི་ལས་ནི། “ཁྱེད་ཀྱིས་ང་ལ་དགའ་པོ་དང་ཡག་པོ་བྱེད་དགོས་ཀྱི་ཡོད་ཙང་། ངས་ཁྱེད་ལ་རོགས་བྱེད་འདོད་འདུག་” ཅེས་པའམ། ཡང་མིན་ན་ “ངས་ཁྱེད་ལ་རོགས་བྱེད་འདོད་འདུག །གང་ཡིན་ཟེར་ན། དེས་ང་རང་གལ་ཆེན་པོ་དང་ཕན་ཐོགས་ཆེན་པོ་བཟོ་གི་འདུག་” ཅེས་པ་ལྟ་བུ་དང་། ཡང་ན་དགེ་མི་དགེ་གང་ཡང་མ་ཡིན་པའི་ལུང་མ་བསྟན་ཞིག་བྱེད་དགོས་པའི་སྐུལ་ཤུགས་སྦྱིན་པ་ཡིན་སྲིད། དཔེར་ན། རྟག་ཏུ་མཛུབ་མོ་འཕུར་མཉེད་གཏོང་བ་དང་། ཅོག་ཙེའི་སྒང་ལ་ཐུག་ཐུག་གཞུ་བ། པུས་མོ་ཡར་མར་འཇོག་པ་སོགས་བྱེད་པ་ལྟ་བུ་རེད། དེ་ནི་རྨོངས་པ་དང་འདྲེས་ནས་ཡོད། ང་ཚོ་བྱིས་བློ་ནང་བཞིན་གཡོ་ལྷད་མེད་པ་ཡིན། གང་ཡིན་ཞེ་ན། འདི་མི་གཞན་དག་ལ་དངོས་གནས་བསུན་གཙེར་ཅན་ཞིག་དང་སོ་སོ་རང་ཉིད་ཀྱང་ཆོ་མེད་པ་བཟོ་བ་དེ་ང་ཚོས་ཤེས་ཀྱི་མེད།

ལས་ཀྱི་སྤྱོད་ལམ་གྱི་རིགས་དེ་དག་ཚང་མའི་སྐོར་ཤོད་ཀྱི་ཡོད། དེ་དག་བྱ་བར་འཇུག་པའི་སྐུལ་ཤུགས་སྦྱིན་གྱི་ཡོད།

སྤྱིར་བཏང་ལས་འབྲས་ཀྱི་རྣམ་གཞག་བཞི།

ལས་འབྲས་སྤྱིར་བསམ་ཚུལ་བཞི་ཡོད། དེ་དག་ནི།

༡། ལས་ངེས་པའི་ཚུལ།

འདི་ནི་ཐབས་ཚུལ་དམིགས་བསལ་ཞིག་གི་སྒོ་ནས་འགྲེལ་བརྗོད་བྱས་ཡོད། གལ་ཏེ་ང་ཚོས་སྡུག་བསྔལ་མྱོང་གི་ཡོད་ན། དེ་ནི་ང་ཚོས་སྔོན་བྱས་པའི་མི་དགེ་བའི་སྤྱོད་ལམ་གྱི་རྣམ་སྨིན་འབྲས་བུ་ཡིན་པ་ངེས་པ་རེད། གལ་ཏེ་ང་ཚོས་མི་དགེ་བའི་ལས་བྱས་ན། དེའི་རྣམ་སྨིན་གྱི་འབྲས་བུ་ནི་སྡུག་བསྔལ་ཡིན་ངེས་ཞེས་ཟེར་གྱི་མེད། གང་ཡིན་ཞེ་ན། ང་ཚོས་མི་དགེ་བའི་ལས་དག་སྦྱོང་བྱེད་ཐུབ་པ་ཡིན། གལ་ཏེ་དེ་ནི་ཤོད་ཚུལ་གཉིས་པའི་ཐོག་ནས་བཤད་ཡོད་ན། དེས་ལས་ངན་པ་དང་སྡིག་པ་དག་སྦྱོང་བྱ་རུང་ཡིན་པ་དྲན་སྐུལ་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་སྡུག་བསྔལ་མྱོང་གི་ཡོད་ན། དེ་ནི་མི་དགེ་བའི་སྤྱོད་ལམ་ལས་བྱུང་བ་ཡིན་པ་ཐག་གཅོད་བྱེད་ཐུབ་པ་དང་། གལ་ཏེ་ང་ཚོས་བདེ་བ་མྱོང་གི་ཡོད་ན། དེ་ནི་དགེ་བའི་སྤྱོད་ལམ་གྱི་རྣམ་སྨིན་འབྲས་བུ་ཡིན་པ་ངེས་ཐུབ། སྤྱོད་ལམ་དང་བདེ་བ་དང་སྡུག་བསྔལ་གྱི་རིམ་པ་ཞིག་ཚོར་བ་གཉིས་དབར་གྱི་འབྲེལ་ལམ་དེ་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེ། གལ་ཏེ་ཁྱེད་ཀྱིས་མི་དགེ་བའི་ལས་བྱས་ན། དེས་སྡུག་བསྔལ་སྐྲུན་གྱི་ཡོད་ཅེས་ང་ཚོས་ཤོད་ཀྱིན་མེད།

ད་ང་ཚོས་ཚོར་བ་དང་ལས་གཉིས་དབར་གྱི་འབྲེལ་ལམ་མི་འདྲ་བ་སྣ་ཚོགས་པའི་ཐོག་ལ་བལྟ་རྒྱུ་ཡིན། ང་ཚོའི་ལས་ལ་བརྟེན་ནས་གཞན་རྣམས་བདེ་བ་དང་ལྡན་པའམ་སྡུག་བསྔལ་དང་ལྡན་པར་བྱེད་པའི་སྐོར་ཤོད་ཀྱི་མེད། དེ་ནི་ངེས་པ་མེད་པ་ཞིག་རེད། དཔེར་ན། ཉེ་ཆར་ངས་ངའི་གློག་ཀླད་བཟོ་བཅོས་ཆེད་ཚོང་ཁང་དུ་སྤྲད་པ་ཡིན། དེ་ཚོང་ཁང་ནས་རྐུ་ཤོར་འདུག །ང་རང་དཔེ་དགའ་པོ་བྱུང་སོང་། གང་ཡིན་ཟེར་ན། གློག་ཀླད་དེ་ནི་རྟག་པར་འཕྲོ་བརླག་འགྲོ་གི་འདུག །ད་ངས་དེའི་ཉེན་སྲུང་མ་འཇོག་གི་དངུལ་འབབ་དེ་བླངས་ནས་གསར་པ་ཞིག་ཉོ་ཆོག །རྐུ་མ་དེས་ང་ལ་སྡུག་བསྔལ་གྱི་རྒྱུ་བྱས་མེད། ལས་ཀྱི་རྣམ་གཞག་འདིས་བྱ་བ་བྱེད་མཁན་གྱི་གང་ཟག་དེའི་བདེ་བ་དང་སྡུག་བསྔལ་གྱི་མྱོང་བའི་སྐོར་ཤོད་ཀྱི་ཡོད།

བྱ་བ་ངེས་ཅན་ཞིག་བྱེད་བཞིན་པའི་སྐབས་ང་ཚོས་ག་རེ་ཚོར་རྒྱུ་ཡིན་པ་དེ་ཡང་ངེས་མེད་རེད། དེ་ཡང་བྱ་བ་དེ་དང་ཡིན་གཅིག་མིན་གཅིག་འབྲེལ་བ་ཡོད་མི་དགོས། དཔེར་ན། ང་ཚོས་མི་གཞན་ཞིག་གི་ཟླ་རོགས་དང་མཉམ་དུ་འཁྲིག་སྦྱོར་བྱེད་པ་ལྟ་བུ་ལོག་གཡེམ་གྱི་བྱ་བ་སྤོང་ཆོག་པ་དང་། དེ་ལྟར་འཁྲིག་སྤྱོད་བྱེད་པའི་སྐབས་ཧ་ཅང་མི་སྐྱིད་པ་ཆགས་ཀྱི་ཡོད། ཡང་བྱ་བ་དེ་བརྩམས་པའི་རྗེས་ཐོག་དེ་མ་ཐག་ལ་ང་ཚོས་ག་རེ་ཚོར་གྱི་ཡོད་མེད་དེ་ཡང་རྩ་ནས་ངེས་པ་མེད། དཔེ་ཆ་བཞག་ན། “ངས་མི་ཞིག་ལ་རོགས་པ་བྱེད་བཞིན་ཡོད་པ་དང་། དེ་ནས་མི་དེ་ནང་དུ་ལོག་ཕྱིན་པ་ན། ང་རང་ཧ་ཅང་སེམས་ཞུམ་པ་” ལྟ་བུ་རེད། ང་ཚོས་གོང་དུ་ཞུས་པ་ལྟར། ཚོར་བ་དེ་དག་རྗེས་སུ་འབྲས་བུ་སྨིན་གྱི་ཡོད་པའི་ཐོག་ལའང་ངེས་པ་མེད། གང་ཡིན་ཟེར་ན། ང་ཚོས་སོ་སོའི་ལས་གང་ཞིག་བྱས་པ་དེའི་རྗེས་འབྲས་དག་སྦྱོང་བྱེད་ཐུབ། འོ་ན་གང་ངེས་པ་ཡིན་ཞེ་ན། གལ་ཏེ་ང་ཚོས་ཚོར་བ་དེ་དག་མྱོང་གི་ཡོད་ན། དེ་ག་དུས་བྱུང་བ་ཡིན་ནའང་འདྲ་སྟེ། དེ་དག་ནི་སྔོན་བྱས་དགེ་བའམ་མི་དགེ་བའི་ལས་ཀྱི་འབྲས་བུ་ཡིན་པ་དེ་གཅིག་པུ་ངེས་པ་རེད། གལ་ཏེ་ང་ཚོས་ལོག་གཡེམ་བྱ་རྒྱུ་སྤོང་བའི་སྐབས་སྡུག་བསྔལ་ཚོར་གྱི་ཡོད་ན། དེ་ནི་སྔོན་བྱས་ཀྱི་ལས་འགའ་ཞིག་གི་རྣམ་སྨིན་གྱི་འབྲས་བུ་དེ་ཡིན་པ་རེད།

དེར་མ་ཟད། མི་ཁ་ཤས་འདིའི་ཐད་མགོ་རྨོངས་ཀྱི་ཡོད་པ་སོང་ཙང་། དགེ་བའི་ལས་གང་རེད་དམ་ཞེས་པའི་སྐོར་ངས་ངེས་པར་དུ་འཆད་དགོས་ཀྱི་འདུག །སྲོག་གཅོད་སྤོང་བ་ནི་དགེ་བའི་ལས་བཅུའི་ནང་ནས་གཅིག་རེད། ངས་ཕྱི་ལ་ཐོན་ནས་མི་གསོད་རྒྱུ་དྲན་གྱི་མི་འདུག །བྱས་ཙང་། དོན་ངོ་མར་ངས་མི་གསོད་ཀྱི་མེད་པ་དེ་ནི་སྲོག་གཅོད་སྤོང་བའི་དགེ་བའི་ལས་ཆགས་ཀྱི་མེད། དགེ་བའི་ལས་དེ་གང་འདྲ་ཞིག་རེད་ཅེ་ན། གལ་ཏེ་དུག་སྦྲང་ཞིག་ངའི་མགོའི་གཡས་གཡོན་དུ་ཟིར་སྒྲ་སྒྲོག་བཞིན་པ་དང་། ང་ལ་དུག་སྦྲང་དེ་གསོད་འདོད་སྐྱེས་ནའང་། ངས་དེ་བསད་པའི་རྗེས་འབྲས་ལ་བསམ་བློ་བཏང་ནས་མི་གསོད་པ་ལྟ་བུ་རེད། དེའི་སྐབས་སུ་རང་གིས་སྲོག་གཅོད་སྤོང་བ་ནི་སྲོག་མི་གཅོད་པའི་དགེ་བའི་ལས་ཡིན་པ་རེད། ང་ཚོས་མི་དགེ་བའི་ལས་སྤོང་དགོས་པའི་དགེ་བའི་སྤྱོད་ལམ་གྱི་རིགས་སྐོར་ཤོད་སྐབས། དེ་ནི་ཧ་ཅང་ཧུར་བརྩོན་དང་ལྡན་པ་ཞིག་ཡིན་པ་ལས། “ངས་སྲོག་རྩ་བ་ནས་གཅོད་ཀྱི་མེད། བྱས་ཙང་། ངས་སྲོག་མི་གཅོད་པའི་སྡོམ་པ་ཞིག་ཀྱང་ལེན་སྲིད་” ཅེས་ཟེར་བ་ཙམ་མིན། དེ་ནི་བརྟན་པོ་དེ་ཙམ་མེད། སྡོམ་པ་ལེན་རྒྱུ་དེ་ནི་རྟག་ཏུ་ཕན་ཐོགས་ཆེན་པོ་ཡོད་པ་ཨ་ཅང་ཅང་། འོན་ཀྱང་དགེ་བའི་ལས་ངོ་མ་ནི། ང་ཚོར་བྱེད་འདོད་ཡོད་པའི་སྐབས། རང་ཉིད་ནས་མི་དགེ་བའི་ལས་ཤིག་བཀག་འགོག་བྱེད་པ་དེ་ཡིན། རང་ཉིད་ནས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་ནི། ང་ཚོས་ལས་དེའི་རྗེས་འབྲས་ཤེས་ཀྱི་ཡོད། ཡང་གཞན་ལ་དངོས་སུ་ཕན་ཐོགས་བྱེད་པའམ་གཞན་ཞིག་ལ་སྦྱིན་པ་གཏོང་བ་སོགས་ཀྱི་དགེ་བའི་ལས་ཀྱང་ཡོད་ངེས་པ་རེད། དེ་ནི་ལས་ཀྱི་རིགས་གཞན་ཞིག་རེད།

༢། ལས་འཕེལ་ཆེ་བ།

ལས་ཆུང་ངུ་ཞིག་ལས་འབྲས་བུ་ཧ་ཅང་ཆེན་པོ་འབྱུང་སྲིད་པ་ཡིན། ང་ཚོས་སོ་སོའི་ཟླ་རོགས་ལ་ཚིག་ངན་བཤད་པ་དང་དཀའ་ངལ་དེ་སེལ་ཐབས་མ་བྱས་པར་ག་ཚོད་རྒྱུན་རིང་བ་བཞག་པ་དེ་ཚོད་ཀྱིས་སྡང་འཛིན་སྐྱེད་ཀྱི་ཡོད། ང་ཚོས་སོ་སོའི་ཉམས་མྱོང་ཐོག་ནས་དེ་ལྟར་ཤེས་གསལ་རེད།

༣། གལ་ཏེ་ང་ཚོས་ལས་ངེས་ཅན་ཞིག་བྱས་མེད་ན། དེའི་འབྲས་བུ་མྱོང་གི་མེད། ༼ལས་མ་བྱས་པ་དང་མི་འཕྲད་པ།༽

མི་མང་པོ་ཞིག་ནི་གནམ་གྲུ་བརྡབ་ལྷུང་ཤོར་ནས་ཤི་གི་ཡོད། ཡིན་ནའང་མི་ཉུང་ཤས་ཤིག་འཚོ་ཐུབ་ཀྱི་ཡོད། དེའི་རྒྱུ་མཚན་གང་རེད་དམ། ཁོང་ཚོས་བརྡབ་ལྷུང་དེའི་ནང་འཆི་རྒྱུ་ཡིན་པའི་ལས་དེ་བསགས་མེད། བྱས་ཙང་། ཁོང་ཚོས་འབྲས་བུ་མྱོང་གི་མེད། གལ་ཏེ་ང་ཚོས་སོ་སོའི་ལས་ཡོངས་སུ་རྫོགས་པ་རྦད་དེ་དག་སྦྱོང་བྱས་ཡོད་ན། དེ་ནས་ཞེད་སྣང་སྐྱེ་དགོས་ཡག་གང་ཡང་མེད། ཐ་ན་ང་ཚོ་ས་ཆ་ཧ་ཅང་ཉེན་ཚབས་ཅན་ཇག་རྐུན་སོགས་ཡོད་སར་ཕྱིན་ནའང་། ང་ཚོར་འཕྲོག་བཅོམ་བྱེད་ཀྱི་མ་རེད། གང་ཡིན་ཟེར་ན། ཇག་རྐུན་གྱིས་འཕྲོག་བཅོམ་བྱེད་པའི་ལས་ཀྱི་རྒྱུ་དེ་ང་ཚོས་དག་སྦྱོང་བྱས་ཟིན་པ་རེད། དཔེར་ན། སངས་རྒྱས་ལ་སུས་ཀྱང་གནོད་མི་ཐུབ་པ་ལྟ་བུ་རེད།

༤། གལ་ཏེ་ང་ཚོས་ལས་ཤིག་བྱས་ཡོད་ན། ང་ཚོའི་སེམས་རྒྱུན་ལ་ལས་ཀྱི་རྗེས་འབྲས་དེ་ཆུད་མི་ཟ་བ་ཡིན། ༼ལས་བྱས་པ་ཆུད་མི་ཟ་བ།༽

ལས་ཀྱི་རྗེས་འབྲས་དེ་ཧ་ཅང་རྙིང་པ་ཆགས་ནས་འབྲས་བུ་མི་སྨིན་པ་དེ་འདྲ་མ་ཡིན། མཐར་གནས་སྐབས་ཤིག་ལ་ང་ཚོས་དག་སྦྱོང་མ་བྱས་ན། དེའི་འབྲས་བུ་སྨིན་ངེས་རེད། དེ་སྨིན་པར་ལོ་ཡ་ས་འགོར་སྲིད་ཀྱང་། ང་ཚོས་དག་སྦྱོང་གཙང་མ་ཞིག་མ་བྱས་ན། དེ་སྨིན་ངེས་རེད།

དེ་དག་ནི་སྤྱིར་བཏང་ལས་འབྲས་ཀྱི་རྣམ་གཞག་རེད། གཞན་ཡང་ལས་གཅིག་གིས་ཚེ་རབས་མང་པོའི་ནང་འབྲས་བུ་མང་པོ་སྦྱིན་ཐུབ། གཞུང་ལུགས་ནང་དཔེ་མཚོན་བཞག་ཡོད་པ་ནི། མི་ཞིག་གིས་བྱང་ཆུབ་སེམས་དཔའ་ཞིག་ལ་སྤྲེའུ་འདྲ་པོ་འདུག་ཅེས་འབོད་པ་སོང་ཙང་། དེའི་འབྲས་བུར་མི་དེ་སྤྲེའུའི་སྐྱེ་བ་ཐེངས་མ་ལྔ་བརྒྱ་ལེན་དགོས་བྱུང་བ་ལྟ་བུ་རེད། ང་ཚོས་དཔེ་མཚོན་དེ་འདྲ་ལ་བསྟུན་བདེ་ཡོད་མེད་ནི་གནད་དོན་ཐ་དད་རེད། དོན་དག་གཙོ་བོ་ནི་ལས་ཀྱི་རྣམ་གཞག་ཡོངས་སུ་རྫོགས་པ་དེ་ལ་གོ་རིམ་ངེས་པ་ཞིག་མེད་པ་རེད། ལས་གཅིག་ལ་ཚེ་རབས་མང་པོའི་ནང་འབྲས་བུ་མང་པོ་མྱོང་ཆོག་པ་དང་། ལས་མང་པོ་གཅིག་ཏུ་བསྡུས་ནས་འབྲས་བུ་གཅིག་འབྱུང་སྲིད་པ་ཡིན། གལ་ཏེ་ང་ཚོས་ཉེན་རྟོག་པ་ལ་ཕག་པ་ཞེས་འབོད་པ་དེའི་ཐོག་ང་ཚོས་བསམ་བློ་གཉིས་པ་ཞིག་གཏོང་འཇུག་གི་ཡོད་ན། དེ་ནས་དཔེ་མཚོན་འདི་ཕན་ཐོགས་ཆེན་པོ་ཡོད།

ལས་ཀྱི་འབྲས་བུ་ཡོངས་སུ་སྨིན་པར་རྐྱེན་བཞི་ཚང་དགོས་པ།

ང་ཚོས་ལས་ཀྱི་སྐོར་ཤོད་སྐབས། ལས་དེའི་འབྲས་བུ་ཡོངས་སུ་སྨིན་པར་རྐྱེན་བཞི་ཚང་དགོས་ཀྱི་ཡོད། རྐྱེན་དེ་དག་ལས་གང་རུང་ཞིག་མ་ཚང་ན། འབྲས་བུ་དེ་བརྟན་པོ་མི་ཡོང་། འོན་ཀྱང་འབྲས་བུ་མི་འབྱུང་བའི་དོན་མ་ཡིན།

  • གཞི། གཞིའི་རྐྱེན་ཞིག་དགོས་པ་ནི། ལས་གང་རུང་ཞིག་བྱེད་པ་དེ་དམིགས་སའི་སེམས་ཅན་ནམ་ཡང་ན་ཡུལ་ཞིག་དགོས་ཀྱི་ཡོད། ང་ཚོས་མི་ཞིག་ཁྲུས་ཁང་ནང་ཡུན་རིང་པོ་ཡོད་རེད་བསམས་ནས་སྐད་ལོག་རྒྱག་འགོ་བཙུག་གི་ཡོད། འོན་ཀྱང་ཁྲུས་ཁང་ནང་སུ་གཅིག་མེད་པ་ཤེས་པ་རེད། དེ་ནི་ཁྲུས་ཁང་ནང་དངོས་གནས་མི་ཞིག་ཡོད་པ་ནང་བཞིན་ཤུགས་ཆེན་པོ་མ་རེད། ང་ཚོའི་སྐད་ལོག་གོ་མཁན་དང་། ཤེས་མཁན། ང་ཚོས་དངོས་གནས་ལབ་ཀྱི་ཡོད་པར་ཡིད་ཆེས་བྱེད་མཁན་ཞིག་དགོས་ཀྱི་ཡོད། གལ་ཏེ་མི་དེ་འོན་པ་ཡིན་པའམ་རྣ་མཆོག་ནང་རླུང་འཕྲིན་ཉན་བཞིན་ཡོད་པས་གོ་ཐུབ་མེད་ན། དེ་ནི་དེ་ཙམ་གྱི་ཤུགས་ཆེན་པོ་མིན།
  • བསམ་པ། དེ་ནི་ཀུན་སློང་གི་བསམ་པའམ་སྐུལ་ཤུགས་དེ་ལ་གྲོགས་བྱེད་མཁན་གྱི་རྐྱེན་གཞན་དག་ལ་གོ་བ་ཡིན། བྱས་ཙང་། དང་པོ་ནི་འཁྲུལ་མེད་འདུ་ཤེས་སམ་ཡུལ་ལ་ཡང་དག་པའི་རྣམ་པར་འབྱེད་དགོས་ཀྱི་ཡོད། དཔེར་ན། ངས་ཁྱེར་ནས་ཕྱིན་པའི་ཆར་གདུགས་དེ་ངའི་རེད་བསམས་པ་རེད། ཡིན་ནའང་ངས་ནོར་ནས་ཁྱེད་ཀྱི་ཆར་གདུགས་ཁྱེར་འདུག །གལ་ཏེ་ང་ཚོས་ནོར་ནས་དེ་ལྟར་བྱས་ན། དེ་ལ་ཆར་གདུགས་ཡག་ཤོས་དེ་འདེམས་སྒྲུག་བྱས་ཏེ་ཁྱེར་བ་ལས་འབྲས་བུ་ཞན་པའམ་སྐྱོ་བ་ཡོང་གི་ཡོད། འོན་ཀྱང་ང་ཚོས་ནོར་ནས་ཁྱེར་བ་ཡིན་ནའང་དེ་ནི་མི་དགེ་བའི་ལས་རེད། དེ་ནི་མི་དགེ་བའི་ལས་ཤུགས་ཆེན་པོ་མིན་པར་ཞན་པོ་ཙམ་ཞིག་རེད། དེའི་གྲོགས་སུ་གྱུར་བའི་གྲུབ་ཆ་གཉིས་པ་ནི་འདུན་པ་རེད། གལ་ཏེ་འདུན་པ་མེད་ན། དེ་ནི་ང་ཚོས་མི་ཞིག་དང་མཉམ་དུ་གཞས་འཁྲབ་བཞིན་པའི་སྐབས། ང་ཚོས་མི་གཞན་དེའི་རྐང་པ་རྡོག་རྫིས་གཏོང་བའི་འདུན་པ་མེད་ནའང་། ང་ཚོས་རྡོག་རྫིས་བཏང་བ་ལྟ་བུ་རེད། དེ་ནི་ང་ཚོས་བསམ་བཞིན་དུ་བྱས་པ་ལས་སྡིག་པ་ཡང་བ་ཡོད། གྲུབ་ཆ་གསུམ་པ་ནི། གལ་ཏེ་ང་ཚོས་མི་དགེ་བའི་ལས་ཤིག་གི་སྐོར་ཤོད་ཀྱི་ཡོད་ན། ཉོན་མོངས་ཤིག་ཀྱང་ཡོད་དགོས། གལ་ཏེ་ང་ཚོའི་ཕྲུ་གུ་མ་འབྱར་དེའི་མགོའི་སྟེང་ལ་དུག་སྦྲང་ཟིར་སྒྲ་སྒྲོག་བཞིན་འཕུར་ཡོད་པ་མཐོང་བ་དང་བསད་པ་རེད། དེ་ནི་དུག་སྦྲང་ལ་སྡང་བ་དང་མི་དགའ་བ་སོང་ཙང་བསད་པ་ཞིག་མ་རེད། ང་ཚོས་སོ་སོའི་ཕྲུ་གུར་བརྩེ་བ་ཡོད་པ་དང་སྐྱོབ་འདོད་ཡོད་པས་བསད་པ་རེད། དེ་ནི་ང་ཚོས་དུག་སྦྲང་ལ་སེམས་ནང་སྡང་པོ་དང་མི་དགའ་བ་བྱས་ནས་བསད་པ་དང་རྦད་དེ་མི་འདྲ་བ་ཡིན། དེ་དག་ཐམས་ཅད་ནི་རྐྱེན་གཉིས་པ་བསམ་པའམ་སྐུལ་ཤུགས་ཡིན།
  • སྦྱོར་བ། ང་ཚོས་དངོས་སུ་སྦྱོར་བ་བརྩམ་དགོས་ཀྱི་ཡོད། གལ་ཏེ་ངས་ཁྱེད་རང་ལ་སྐད་ལོག་རྒྱག་རྩིས་བྱས་ནའང་། མི་ག་གེ་མོ་ཞིག་སྒོའི་འགྲམ་དུ་སླེབས་པའམ་ཁ་པར་སྐད་རྒྱག་ནས་ངས་དངོས་སུ་ལས་དེ་བྱས་མེད་ན། ལས་དངོས་སུ་བྱེད་པ་ནང་བཞིན་སྡིག་པ་ལྕི་བ་མ་ཡིན། གལ་ཏེ་ངས་ཁྱེད་རང་བསད་པའི་རྨི་ལམ་བཏང་ན། ངས་མི་ཚེ་དངོས་ཀྱི་ནང་སྦྱོར་བ་དེ་བརྩམས་མེད། སྲོག་གཅོད་པའི་རྨི་ལམ་བཏང་བ་དེ་མི་དགེ་བའི་ལས་ཡིན་ཞིང་། དེའི་གྲོགས་སུ་ཁོང་ཁྲོ་སོགས་ཉོན་མོངས་ཤུགས་དྲག་ཡོད་པ་དང་ང་ཚོས་རྨི་ལམ་ནང་མི་དེ་བསམ་བཞིན་དུ་བསད་སྲིད་ཀྱང་། དེ་ནི་མི་དེ་དངོས་སུ་གསོད་པ་ནང་བཞིན་ལས་ལྕི་བ་མ་ཡིན། གང་ཡིན་ཟེར་ན། ལས་གང་ཡང་བྱས་མེད།
  • མཐར་ཐུག །གལ་ཏེ་ང་ཚོས་མི་ཞིག་གསོད་འདོད་ཀྱིས་མེ་མདའ་གཞུས་པ་དང་། དེ་འཕོག་ས་ལ་ཏག་ཏག་མ་འཕོག་པར་ལག་པ་ལ་འཕོག་པ་ཡིན་ན། ང་ཚོའི་ལས་ཀྱི་མཇུག་སྡོམ་མམ་མཐར་ཐུག་དེ་འདུན་པ་ཡོད་པ་ནང་བཞིན་བྱུང་མེད། བྱས་ཙང་། དེ་ནི་དེ་ཙམ་གྱིས་ལས་ལྕི་པོ་མ་ཡིན། ང་ཚོས་གང་བརྗོད་པ་དེས་གཞན་ལ་དངོས་གནས་གནོད་འདོད་ཡོད་པ་དང་། དེས་གཞན་ལ་རྩ་ནས་གནོད་མེད་ན། ཁོང་ཚོས་ང་ཚོར་ཡིད་ཆེས་མ་བྱས་པའམ་གང་ཡང་ཡིན་སྲིད་པས། དེ་ནི་མི་དེ་ལ་དངོས་སུ་གནོད་པ་ནང་བཞིན་ལས་ལྕི་པོ་མ་ཡིན། གལ་ཏེ་ང་ཚོས་རྫུན་བཤད་ནས་ཁོང་ཚོས་ཡིད་ཆེས་མ་བྱས་ན། དེ་ལའང་གཅིག་པ་རེད། ང་ཚོའི་ལས་ཀྱི་འབྲས་བུ་ནི་དངོས་གནས་གང་འཚམས་ཀྱི་མགོ་རྙོག་ཅན་ཞིག་ཡིན་པ་ང་ཚོས་ཤེས་ཐུབ། དེའི་ནང་རྐྱེན་མི་འདྲ་བ་མང་པོ་ཚུད་ཡོད་པ་རེད།

དགེ་བའི་ལས་རྣམས་ལའང་དེ་དང་གཅིག་པ་རེད། དཔེར་ན། ངས་ཁྱེད་ལ་རོགས་བྱེད་རྩིས་ཡོད་ནའང་། དེའི་ཚབ་ལ་མི་གཞན་ཞིག་ལ་རོགས་བྱེད་པ་ལྟ་བུ་རེད། ངས་ཁྱེད་ལ་རོགས་བྱ་རྒྱུའི་ཀུན་སློང་ངམ་འདུན་པ་དེ་མེད་ཀྱང་། ངས་གང་བྱས་པ་དེས་ཁྱེད་ལ་གང་ལྟར་ཡང་ཕན་ཡོད། ཡང་མིན་ན་ངས་ཁྱེད་ལ་ཕན་ཕྱིར་གཅིག་བྱས་ནའང་། དེས་ཁྱེད་ལ་ཕན་ཐོགས་ཤིག་རྩ་ནས་བྱུང་མེད། དེ་འདྲ་ཡང་སེ་ཡོང་གི་ཡོད། ང་ཚོས་མི་གཞན་དག་སྤྲོ་པོ་ཡོང་ཆེད་ཞལ་ལག་ཞིམ་པོ་ཞིག་བཟོས་ནའང་། ཁོང་ཚོས་ཁ་ལག་གིས་བརྣངས་ནས་སྨན་ཁང་དུ་འགྲོ་དགོས་ཐུག་པའམ། ཡང་ན་ཁོང་ཚོ་ཟས་དེ་ལ་རྩ་ནས་མི་དགའ་བ་དང་ཞིམ་པོ་རྩ་ནས་བྱུང་མེད་པ་ལྟ་བུ་རེད། བྱས་ཙང་། དེ་དག་ཐམས་ཅད་དགེ་བའི་ལས་དང་མཉམ་དུའང་ཡོང་གི་ཡོད།

འཕེན་བྱེད་ཀྱི་ལས་དང་རྫོགས་བྱེད་ཀྱི་ལས།

ལས་ཀྱི་དབྱེ་བ་གཞན་ཞིག་ནི། འཕེན་བྱེད་ཀྱི་ལས་དང་རྫོགས་བྱེད་ཀྱི་ལས་ཞེས་ཟེར་བ་དེ་ཡིན།
 

  • འཕེན་བྱེད་ཀྱི་ལས་ཞེས་བྱ་ནི། ང་ཚོ་སྐྱེ་བ་ཕྱི་མར་འཕེན་པར་བྱེད་པའི་བསམ་པའམ་སྐུལ་ཤུགས་ཤིག་ཡིན། དེ་ལས་གསལ་དུ་བཏང་ན། བྱ་བ་གང་ཞིག་བརྩམ་པར་སྐུལ་ཤུགས་སྦྱིན་པ་དང་། དེ་ཧ་ཅང་ཤུགས་ཆེ་བའི་རྐྱེན་གྱིས་དེའི་ལས་ཀྱི་རྗེས་འབྲས་སུ་ང་ཚོ་སྐྱེ་བ་ཕྱི་མར་འཕེན་སྲིད་པ་ཡིན། དེས་སླར་ཡང་ལུས་རྟེན་གང་འདྲ་ཞིག་བླང་བའམ་གནས་རིས་གང་དུ་སྐྱེ་བར་བཟོ་ལྟ་བཟོ་ཐུབ་ཀྱི་ཡོད། དཔེར་ན། ཁྱིའི་ལུས་རྟེན་ལྟ་བུའམ་མིའི་ལུས་རྟེན་ལྟ་བུ། དེ་ནི་སྐུལ་ཤུགས་དེ་འདུན་པའམ་ཀུན་སློང་ཤུགས་དྲག་ཅིག་དང་སེམས་ཚོར་ཤུགས་དྲག་གིས་གྲོགས་བྱེད་པའི་སྐབས་ཡོང་གི་ཡོད། གལ་ཏེ་ང་ཚོས་སྐུལ་ཤུགས་དེ་ལ་བརྟེན་ནས་དངོས་སུ་ལས་བརྩམས་ཏེ་གང་འདུན་པ་ཡོད་པའི་མཐར་ཐུག་དེ་ལ་བསྙེགས་ན། དེས་ང་ཚོ་གནས་རིས་གང་དུ་སྐྱེ་བའམ་སྐྱེ་བར་འགྱུར་བའི་ལུས་རྟེན་ལ་བཟོ་ལྟ་བཟོ་ཐུབ། དེ་ལ་འཕེན་བྱེད་ཀྱི་ལས་ཟེར།
  • རྫོགས་བྱེད་ཀྱི་ལས་ཞེས་བྱ་བ་ནི། འདུན་པའམ་སྐུལ་སློང་དང་དེའི་གྲོགས་སུ་གྱུར་བའི་སེམས་ཚོར་དེ་ཙམ་ཤུགས་ཆེན་པོ་མེད་པའི་སྐབས་རྫོགས་བྱེད་ཀྱི་ལས་ཟེར། འདི་ལ་བརྟེན་ནས་སྐྱེ་གནས་བྱེ་བྲག་པ་ཞིག་གི་ནང་སྐྱེ་བའི་འབྲས་བུའི་རྐྱེན་བྱེད་པ་དང་དེར་སྐྱེ་བའི་ལས་རྫོགས་པར་བྱེད་ཀྱི་ཡོད། དཔེར་ན། ང་ཚོ་རྒྱ་གར་གྱི་སྲང་ལམ་དུ་ཡོད་པའི་རྔོ་ནད་ཅན་གྱི་ཁྱི་འཁྱམ་ཞིག་ཡིན་པའམ། ཡང་ན་ནུབ་ཕྱོགས་སུ་མི་ཕྱུག་པོ་ཞིག་ནང་གི་ཁྱི་ཨབ་ཟོག་གི་རིགས་ཤིག་ཡིན་པ་ལྟ་བུ་རེད། དེ་ལ་འབྱུང་སྲིད་པའི་མུ་བཞི་ཡོད་པ་ནི། འཕེན་བྱེད་དགེ་བས་འཕངས་པ་དང་རྫོགས་བྱེད་ཀྱང་དགེ་བ་ཡིན་པ་དང་། ཕན་བྱེད་སྡིག་པས་འཕངས་པ་དང་རྫོགས་བྱེད་ཀྱང་སྡིག་པའམ་མི་དགེ་བ་ཡིན་པ། འཕེན་བྱེད་དགེ་བ་དང་རྫོགས་བྱེད་སྡིག་པ། འཕེན་བྱེད་སྡིག་པ་ཡིན་པ་དང་་རྫོགས་བྱེད་དགེ་བ་ཡིན་པ་བཅས་སོ།།

བྱས་པའི་ལས་དང་བསགས་པའི་ལས།

ཡང་དབྱེ་བ་གཞན་ཞིག་ཡོད་པ་ནི་གང་ལ་གང་འཚམས་ཀྱི་ཡིད་ལ་འཐད་པོ་ཞིག་ཡོད། དེ་ནི་བྱས་པའི་ལས་དང་བསགས་པའི་ལས་ཟེར་བ་དེ་གཉིས་རེད།

  • བྱས་པའི་ལས་ནི། བསམ་བཞིན་དུ་སྔ་ས་ནས་ལས་བྱས་དང་བྱེད་མིན་ལ་མ་ལྟོས་པར། ལུས་སམ་ངག་གི་ལས་དངོས་སུ་བྱེད་དུ་འཇུག་པའི་ལུས་ངག་ལས་ཀྱི་སྐུལ་ཤུགས་དེ་ལ་གོ་བ་ཡིན།
  • བསགས་པའི་ལས་ནི། ལས་ཀྱི་སྐུལ་ཤུགས་གང་རུང་ཞིག་གིས་ང་ཚོའི་སེམས་ཀྱི་རྒྱུན་ལ་བཞག་པའི་ལས་ཀྱི་ནུས་པ་དང་བག་ཆགས་ཤུགས་ཆེ་རུ་གཏོང་བའམ་ནུས་ཤུགས་གོང་དུ་སྤེལ་བར་གོ་བ་ཡིན། འདི་དག་ནི་སྔ་ས་ནས་བསམ་བཞིན་དུ་བྱེད་མིན་ལ་མ་ལྟོས་པ་ལས་བྱུང་བའི་ལས་ཀྱི་སྐུལ་ཤུགས་ཡིན།

ཁྱད་པར་འདི་ལས་ང་ཚོས་མུ་བཞི་ཡོད་པ་ཤེས་ཐུབ། དཔེར་ན། ངས་ཁྱེད་ལ་རོགས་བྱ་རྒྱུའམ་གནོད་འཚེ་བྱ་རྒྱུའི་འཆར་གཞི་བཏིངས་ཡོད་ནའང་། ངས་དངོས་སུ་ལས་དེ་བྱས་མེད། ངས་ཁྱེད་ལ་རོགས་བྱ་རྒྱུའི་འཆར་གཞི་བཏིངས་མེད་ནའང་། ངས་ཁྱེད་ལ་རོགས་པ་བྱས་ཡོད། ངས་འཆར་གཞི་བཏིངས་པ་ནང་བཞིན་དངོས་སུ་བྱས་ཡོད། ཡང་ངས་བྱ་རྒྱུའི་འཆར་གཞི་བཏིངས་མེད་པ་དང་ངས་བྱས་ཀྱང་མེད་པ་ལྟ་བུ་རེད།

ང་ཚོས་བྱ་རྒྱུའི་འཆར་གཞི་བཏིངས་བ་དང་། དེ་ནས་སྦྱོར་བ་དངོས་སུ་བརྩམ་པ་ཁོ་ན་ལ་བརྟེན་ནས་འབྲས་བུ་མྱོང་རྒྱུ་ངེས་པ་ཡིན།

ནམ་རྒྱུན་མི་རྣམས་ཀྱིས་གོ་བ་ལོག་སྒྲུབ་བྱས་ཏེ། འབྲས་བུ་སྦྱིན་ངེས་པ་མིན་པའི་ལས་དང་ཡང་འབྲས་བུ་སྦྱིན་ངེས་པའི་ལས་དེ་འདྲ་ཡོད་བསམ་གྱི་ཡོད། དེ་ནི་སྐབས་འདིར་ཁྱད་པར་ཕྱེས་པ་དེ་མ་རེད། གལ་ཏེ་ང་ཚོས་མི་དགེ་བའི་ལས་ལ་བརྟེན་ནས་དེའི་རྗེས་འབྲས་སེམས་རྒྱུན་ལ་དག་སྦྱོང་བྱས་ན། ང་ཚོས་དེ་དག་གི་འབྲས་བུ་མྱོང་དགོས་ཀྱི་མེད། འོན་ཀྱང་ང་ཚོས་སྐབས་འདིར་འབྲས་བུ་ངེས་པའི་སྐོར་བཤད་པའི་སྐབས། འབྲས་བུ་དེ་དག་ག་དུས་སྨིན་ངེས་ཡིན་པའི་སྐོར་ལ་གཙོ་བོ་ཤོད་ཀྱི་ཡོད། ང་ཚོས་འཆར་གཞི་བཏིངས་ནས་མི་བྱེད་པའི་ལས་རྣམས་ཀྱི་འབྲས་བུ་ག་དུས་སྨིན་གྱི་ཡོད་མེད་ངེས་པ་མེད། དེ་དག་ནི་ཚེ་འདི་དང་། ཚེ་ཕྱི་མ། ཚེ་རབས་ཕྱི་མའི་ཕྱི་མ་གང་རུང་ནང་སྨིན་སྲིད་པ་ཡིན། ནུབ་ཕྱོགས་པ་མང་པོས་ཡིད་ཆེས་མི་བྱེད་པ་ནང་བཞིན་ང་ཚོས་སྐྱེ་བ་ཕྱི་མར་ཡིད་ཆེས་བྱེད་ཀྱི་མེད་ན། ཚེ་འདི་ལ་ལས་གང་གི་འབྲས་བུ་སྨིན་གྱི་ཡོད་ཤེས་རྒྱུ་གལ་ཆེན་པོ་ཡིན། གཟབ་ནན་བྱེད་དགོས་པ་ཞིག་ལ། ལས་དེ་དག་ཀྱང་འཆར་གཞི་བཏིངས་ཟིན་པ་དང་དངོས་སུ་བྱས་པ་ཞིག་དགོས་ཀྱི་ཡོད།

ལས་ཀྱི་འབྲས་བུ་ཚེ་འདི་ལ་སྨིན་རྒྱུ་ཡིན་པ། ༼མཐོང་ཆོས་མྱོང་འགྱུར་གྱི་འབྲས་བུ།༽

སྤྱིར་བཏང་བྱས་ན། ལས་ལ་རིགས་མི་འདྲ་བ་བཞི་ཡོད། དེ་ཡང་དགེ་བ་དང་མི་དགེ་བ་གང་རུང་ཡིན་ཆོག །དེ་དག་ལ་བརྟེན་ནས་ཚེ་འདི་རང་ལ་འབྲས་བུ་སྨིན་འགོ་བཙུག་པའི་མཐོང་ཆོས་མྱོང་འགྱུར་གྱི་འབྲས་བུ་ཡོད། ཡིན་ནའང་དེ་དག་གི་འབྲས་བུ་སྨིན་པ་དེ་སྐྱེ་བ་ཕྱི་མའི་ནང་མུ་མཐུད་འགྲོ་སྲིད་པ་ཡིན།

  • ང་ཚོའི་ལུས་པོ་དང་། ལོངས་སྤྱོད། མི་ཚེ་བཅས་ལ་འདོད་ཆགས་ཤུགས་དྲག་ཡོད་པའི་རྒྱུ་མཚན་གྱིས་མི་དགེ་བའི་ལས་བརྩམ་པ་དང་། ལུས་ལོངས་སྤྱོད་སོགས་གང་རུང་ལ་རྦད་དེ་སྣང་མེད་བཏང་བ་ལས་དགེ་བའི་ལས་འབྱུང་གི་ཡོད། དཔེར་ན། ངའི་མོ་ཊ་ལ་ང་རང་ཧ་ཅང་ཆགས་ཞེན་ཡོད་པ་དང་ཁྱེད་ཀྱིས་དེ་ལ་བརྡབ་སྐྱོན་བཏང་ན། ངས་ཀྱང་ཁྱེད་ཀྱི་མོ་ཊ་དེ་དབྱུག་རིལ་ཞིག་གཞུས་ནས་གཏོར་གཤིག་གཏོང་བ་ལྟ་བུ་རེད། ཡང་ན་ང་རང་ལ་ནད་ན་གི་མེད་ཅེས་དེ་ལ་ཧ་ཅང་ཆགས་ནས་མི་གཞན་འགོས་ནད་ཡོད་མཁན་ཞིག་ལ་རོགས་པ་མི་བྱེད་པ་ལྟ་བུ་རེད། ཕྱོགས་གཞན་ཞིག་ནས་ང་རང་ངའི་ལུས་པོར་ཆགས་པ་དང་བྲལ་བའམ་ཆགས་ཞེན་རྩ་ནས་མེད་པར་བྲེལ་འཚུབ་ངང་མེས་འཚིག་བཞིན་པའི་ཁང་པའི་ནང་ཚུད་པའི་བྱིས་པ་ཞིག་ཉེན་ཁ་ལས་སྐྱོབ་པ་ལྟ་བུའང་ཡིན་སྲིད།
  • གཞན་ཞིག་ལ་ཧ་ཅང་སྡང་སེམས་དང་བཅས་མི་དགེ་བའི་ལས་བརྩམ་པ་སྟེ། དཔེར་ན། དགྲ་བོ་བཙོན་པ་ཞིག་ལ་མནར་གཅོད་གཏོང་བ་ལྟ་བུའམ། ཡང་ན་གཞན་ལ་ཧ་ཅང་ཕན་སེམས་དང་བྱམས་པའི་སྒོ་ནས་དགེ་བའི་ལས་བརྩམ་པ་སྟེ། དཔེར་ན། དགྲ་བོ་དམག་མི་རྨས་སྐྱོན་བྱུང་བ་ཞིག་ལ་སྨན་བཅོས་དང་གཅེས་སྐྱོང་བྱེད་པ་ལྟ་བུ་རེད།
  • སངས་རྒྱས་དང་། ཆོས། དགེ་འདུན། དགེ་བའི་བཤེས་གཉེན་སོགས་ལ་གནོད་འདོད་ཤུགས་དྲག་དང་བཅས་ཏེ་མི་དགེ་བའི་ལས་བརྩམ་པ་སྟེ། དཔེར་ན། དགོན་པའམ་ལྷ་ཁང་ཞིག་གཏོར་གཤིག་གཏོང་བ་དང་དགེ་འདུན་པ་རྣམས་ལ་སྡུག་སྦྱོང་གཏོང་བ་ལྟ་བུ་རེད། ཡང་དཀོན་མཆོག་གསུམ་དང་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་ལ་ཡིད་ཆེས་པའི་དད་པ་ཤུགས་དྲག་དང་བཅས་ཏེ། མཆོད་རྟེན་བཞེངས་པ་དང་། ཆོས་ཀྱི་དཔེ་སྐྲུན་ཆེད་ཞལ་འདེབས་འབུལ་བའམ། ཡང་ན་ཆོས་ཚོགས་ཤིག་གསར་འཛུགས་ཆེད་ཞལ་འདེབས་འབུལ་བ་ལྟ་བུ་དགེ་བའི་ལས་བརྩམ་པའང་ཚུད་ཡོད།
  • བཀའ་དྲིན་བསམ་ཤེས་དང་གུས་ཞབས་རྩ་ནས་མེད་པའི་ཐོག་ལ་གཞི་བཅོལ་བའི་མི་དགེ་སྡིག་པའི་ལས་ཏེ། དེ་ཡང་རང་ཉིད་ལ་ཧ་ཅང་ཕན་ཐོགས་བྱས་པའི་མི་དེ་ལ་དམིགས་ཀྱི་ཡོད། དཔེར་ན། རང་གི་ཕ་མ་དང་དགེ་བའི་བཤེས་གཉེན་ལྟ་བུ་རེད། དེ་དག་གི་ཕྱོགས་སུ་དམིགས་ནས་བཀའ་དྲིན་བསམ་ཤེས་དང་དྲིན་ལན་འཇལ་འདོད་ཀྱིས་དགེ་བའི་ལས་བརྩམ་པ་སྟེ། དཔེར་ན། རང་གི་ཕ་མ་རྒས་འཁོགས་དང་ནད་པ་ཆགས་དུས་ལྟ་རྟོག་བྱེད་པའམ། ཡང་ན་རང་གི་དགེ་བའི་བཤེས་གཉེན་ལ་ལས་འཆར་འདྲ་མིན་ཐོག་རོགས་རམ་བྱེད་པ་ལྟ་བུ་རེད། འོན་ཀྱང་ང་ཚོས་ལས་དོན་དེའི་རིགས་ལ་འཇུག་རྒྱུ་དངོས་གནས་དྲང་གནས་བསམ་བློ་གཏོང་དགོས་པ་དང་། དེ་དག་རྩོལ་མེད་ངང་ནས་དང་བཙན་དབང་གིས་བྱ་རྒྱུ་མེད་པ་དེ་དྲན་དགོས།

ལས་ཀྱི་རྣམ་སྨིན་གྱི་ནུས་པར་ཤུགས་རྐྱེན་སྦྱིན་པའི་རྐྱེན།

ང་ཚོའི་ལས་ཀྱི་རྗེས་འབྲས་ནི་ལྕི་པོའམ་སྟོབས་ཆེན་པོའམ། ཡང་ན་ཆུང་ངུའམ་ཡང་བ་ཡོང་སྲིད། བྱས་ཙང་། མཐའ་དོན་ང་རང་ལ་གོ་བསྡུར་བྱེད་འདོད་བྱུང་བ་ནི། ལས་དགེ་བ་དང་མི་དགེ་བ་གང་རུང་གི་འབྲས་བུ་སྨིན་པར་བྱེད་པའི་ནུས་པ་ལ་ཤུགས་རྐྱེན་སྦྱིན་པའི་རྐྱེན་མི་འདྲ་བ་འགའ་ཞིག་གི་ཐོག་ལ་ཡིན། དེའི་ཐོ་གཞུང་ནི་རིང་པོ་ཡོད།

  • ལས་ཀྱི་ངོ་བོ། འདི་ནི་ལས་གང་ཡང་རུང་བ་ཞིག་གིས་སྤྱིར་བཏང་མི་གཞན་ལ་སྡུག་བསྔལ་དང་བདེ་བ་སྦྱིན་པའི་ཐོག་ནས་བཤད་ཀྱི་ཡོད། དཔེར་ན། མི་ཞིག་གསོད་པ་ནི་མི་དེའི་མོ་ཊ་རྐུ་བ་ལས་ལྕི་བ་ལྟ་བུ་དང་། གཞན་གྱི་སྲོག་བསྐྱབ་པ་ནི་གཞན་ལ་དངུལ་མི་ཉུང་བ་ཞིག་སྤྲོད་པ་ལས་སྟོབས་ཆེ་བ་ཡིན།
  • ལས་ཀྱི་བསམ་པའམ་སྐུལ་ཤུགས་ལ་གྲོགས་བྱེད་པའི་སེམས་ཚོར་གྱི་ནུས་པ་དགེ་བ་ཡིན་པའམ་ཡང་ན་མི་དགེ་བ་ཡིན་པ་སྟེ། མི་ཞིག་ལ་སྡང་བ་ཤུགས་དྲག་དང་བཅས་ཏེ་གནོད་སྐྱེལ་བ་ནི་ཁོང་ཁྲོ་ཅུང་ཟད་ཙམ་ལངས་ནས་གནོད་སྐྱེལ་བ་ལས་སྟོབས་ཆེ་བ་ཡོད། ངས་འདིར་དུས་ཚོད་བསྲི་ཚགས་ཆེད་ཐོ་གཞུང་ལྷག་མ་རྣམས་ལས་མང་ཆེ་བ་མི་དགེ་བའམ་སྡིག་པའི་ལས་ཀྱི་དཔེ་མཚོན་རྣམས་ཞུ་གི་ཡིན། འོན་ཀྱང་ཁྱེད་ཀྱིས་དེ་དག་དགེ་བའི་ལས་ལའང་རྗེས་སུ་དཔག་པའི་སྒོ་ནས་གོ་བ་ལེན་ཆོག
  • ལོག་པར་མངོན་པར་ཞེན་པའམ་ལོག་ལྟའི་སྒོ་ནས་འཕངས་པའི་ལས། ཕྱོགས་གཞན་ཞིག་ནས་ལས་གང་ཞིག་ལ་ལོག་ལྟའམ་རྒྱབ་འགལ་གྱི་བསམ་བློས་གྲོགས་བྱེད་མིན་ལ་མ་ལྟོས་པར། ང་ཚོས་ལས་དེ་བྱེད་པར་ནོར་འཁྲུལ་གང་ཡང་མེད། བྱས་ན་ཡག་པོ་ཡོད་ཅེས་བསམ་གྱི་ཡོད། དཔེར་ན། ང་ཚོས་དམག་འཁྲུག་ནང་ཞུགས་ཏེ། མི་རིགས་བྱེ་བྲག་པའི་སྡེ་ཁག་གི་མི་ཚང་མ་གསོད་རྒྱུ་ཡིན་པ་དང་། ང་ཚོས་དེ་ནི་དངོས་གནས་ཏག་ཏག་འགྲིག་པ་ཞིག་ཡིན་པ་དང་། སུས་ཀྱང་དེ་མི་འགྲིག་པར་བསམ་མཁན་ནི་གླེན་པ་རེད་བསམ་པ་ལྟ་བུ་རེད། དེ་ནི་རྒྱབ་འགལ་དང་ལོག་ལྟའི་བློའི་ཁྱེར་སོ་ཞིག་རེད། ཡང་མིན་ན་དུད་འགྲོ་རྣམས་བསད་ན་ཏག་ཏག་འགྲིག་པ་རེད། གང་ཡིན་ཟེར་ན། དུད་འགྲོ་དེ་དག་ནི་ང་ཚོའི་ལོངས་སུ་སྤྱོད་ཕྱིར་བཟོས་བཞག་པ་རེད་ཅེས་བསམ་གྱི་ཡོད། གལ་ཏེ་བསམ་བློ་གཏོང་སྟངས་དེ་འདྲ་ཞིག་ཡོད་ན། དེ་ནི་ལས་ལྕི་པོ་ཡིན།
  • སྦྱོར་བ། འདི་ནི་ལས་རྫོགས་པའི་སྐབས་གནོད་འཚེ་ཕོག་མཁན་དེ་ལ་སྡུག་བསྔལ་གྱི་ཤུགས་ཆེ་ཆུང་ག་ཚོད་མྱོང་གི་ཡོད་པ་དེ་ཡིན། སྦྲང་བུ་ཞིག་གི་གཤོག་པ་བཀོག་པ་ནི་སྦྲང་བུ་ལ་ལེབ་ལྕག་གཞུས་པ་ལས་ཚབས་ཆེ་བ་དང་ལས་ལྕི་བ་ཡིན།
  • ཞིང་སྟེ། ལས་གང་དུ་དམིགས་པའི་གཞི། འདི་ནི་ང་ཚོའམ་གཞན་ལ་འདས་པའི་དུས་སུ་ཕན་ཡོན་འཐོབ་པའི་ཚད་དམ། ད་ལྟ་བའམ་མ་འོངས་པར་འཐོབ་པར་འགྱུར་བའི་ཕན་ཡོན་དང་བསྟུན་ནས་མི་འདྲ་བ་ཡོད་པ་དང་། གང་ཟག་དེའི་ཡོན་ཏན་དང་བསྟུན་ནས་མི་འདྲ་བ་ཡོང་གི་ཡོད། ཡོན་ཏན་དེ་དག་གི་ནང་གང་ཟག་དེས་ཐོབ་ཟིན་པའི་དམིགས་ཡུལ་ཡང་ན་ཁོང་ཚོས་དམིགས་སའི་ཕྱོགས་དེ་ཚུད་ཡོད། དཔེར་ན། དགེ་འདུན་པའམ་བཙུན་མ་ཞིག་གི་སྲོག་གཅོད་པ་ནི་མི་སྐྱ་ཞིག་གི་སྲོག་གཅོད་པ་ལས་ལྕི་བ་ཡོད། དེ་ནི་ཁོང་ཚོའི་དམིགས་ཡུལ་དང་ཡོན་ཏན་རྒྱུ་མཚན་དུ་བྱས་ནས་སྡིག་པའི་ལས་ལྕི་བ་ཡིན། ཡང་བདག་ཉིད་ཆེན་པོ་གན་དྷི་ལྐོག་གསོད་བྱེད་པ་ནི་ནག་ཉེས་ཅན་ཞིག་ལ་སྡུག་སྦྱོང་གཏོང་བའམ་བྱ་དེ་ཞིག་གསོད་པ་ལས་ལྕི་བ་ཡིན།
  • གཞི་སྟེ། ལས་དམིགས་སའི་གང་ཟག་དེའི་གོ་གནས་དང་གྲུབ་འབྲས། འདི་ནི་གལ་ཏེ་གནོད་འཚེ་ཕོག་ཡུལ་དེ་མཚམས་བསྙེན་སྒྲུབ་ལས་གྲོལ་ཙམ་ཡིན་ན། ལས་དེ་ལྕི་བ་ཡོད། གལ་ཏེ་ང་ཚོས་མི་བདེ་པོ་ཐང་པོ་ཞིག་གི་ཚབ་ལ་མི་ནད་པ་ཞིག་ལ་གནོད་འཚེ་བྱས་ན། དེ་ནི་ལས་ལྕི་བ་ཡོད།
  • ཡིད་ལ་བྱེད་པ་སྟེ། གང་ཟག་དེའི་ཕྱོགས་སུ་ཡོད་པའི་ང་ཚོའི་བསམ་ཤེས་དང་གུས་ཞབས་ཀྱི་རིམ་པ། དེ་ཡང་ང་ཚོས་གུས་ཞབས་བྱེད་སའི་མི་ཞིག་ལ་གནོད་འཚེ་བྱེད་པ་ནི་ང་ཚོར་ཆ་རྒྱུས་མེད་པའམ་ངོ་མི་ཤེས་པའི་མི་ཞིག་ལ་གནོད་འཚེ་བྱེད་པ་དང་མི་འདྲ་བ་ཡིན། ངའི་དགེ་བའི་བཤེས་གཉེན་ལ་ང་རང་ཧ་ཅང་གུས་ཞབས་ཡོད། བྱས་ཙང་། ཁོང་ལ་རྫུན་བཤད་པ་ནི་ཆ་རྒྱུས་མེད་པ་དང་དམིགས་བསལ་གུས་ཞབས་མེད་པའི་མི་ཞིག་ལ་རྫུན་བཤད་པ་ལས་ལྕི་བ་ཡོད།
  • གྲོགས་ཀྱི་ཆ་ནས། ང་ཚོས་སྲོག་གཅོད་སྤོང་བའི་སྡོམ་པ་ཞིག་བླངས་ནས་སྲོག་གཅོད་བྱེད་པ་ནི་སྲོག་གཅོད་སྤོང་བའི་སྡོམ་པ་མ་བླངས་པར་སྲོག་གཅོད་པ་ལས་ལྕི་བ་ཡོད།
  • དུས་རྟག་ཏུ་བྱེད་པ་སྟེ། ༼གོམས་པ་༽ ཡང་ནས་ཡང་དུ་བྱེད་པའི་རྒྱུན་གཤིསགལ་ཏེ་ང་ཚོས་འདས་པའི་དུས་སུ་ལས་ངེས་ཅན་ཞིག་ཐེངས་མང་བྱས་ཡོད་ན། དེ་ནི་ལྕི་བ་ཡོད། གལ་ཏེ་ང་ཚོས་མི་ཚེ་གང་པོར་རྔོན་པ་རྒྱག་པ་ནི་ཤ་བ་ཞིག་ལ་མེ་མདའ་ཐེངས་གཅིག་རྒྱག་པ་ལས་ལྕི་བ་ཡོད།
  • སྐྱེ་བོ་མང་པོ་སྟེ། ལས་བྱེད་པའི་སྐབས་ཀྱི་མི་གྲངས། གལ་ཏེ་ང་ཚོ་མི་ཞིག་ལ་བརྡུང་རྡེག་བྱེད་མཁན་གྱི་ཤོག་ཁག་དེའི་ཆ་ཤས་ཡིན་ན། དེ་ནི་ང་ཚོ་རང་ངོས་ནས་མི་ཞིག་ལ་བརྡུང་པ་ལས་ལྕི་བ་ཡོད། དེ་ལས་ལྡོག་སྟེ། མི་ཚོགས་མང་པོ་འདུས་པའི་ནང་ཆོ་ག་ཕྱག་ལེན་དང་སྨོན་ལམ་འདེབས་པ་ནི་ང་ཚོས་སོ་སོའི་ནང་ལ་གཅིག་པུ་བྱེད་པ་ལས་དགེ་བའི་ནུས་སྟོབས་ཆེ་བ་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་མི་ཚོ་མང་ཚོགས་འདུས་སྡེ་དང་མཉམ་དུ་ཆོ་ག་བསྒྲུབ་རྒྱུ་དགའ་པོ་བྱེད་ཀྱི་ཡོད།
  • མཇུག་སྟེ། ང་ཚོས་མ་འོངས་པར་ལས་དེ་ཡང་ནས་ཡང་དུ་བྱེད་མིན་ལ་མ་ལྟོས་པར། མཇུག་སྐྱོང་དགོས།
  • གཉེན་པོ་མེད་པ་སྟེ། ལྡོག་ཕྱོགས་ཀྱི་ནུས་པ་ཡོད་མེད། ཕྱོགས་གཞན་ཞིག་ནས་གལ་ཏེ་ང་ཚོས་མི་དགེ་བའི་ལས་བྱས་ན། ང་ཚོས་དེ་དང་མཉམ་དུ་དགེ་བའི་ལས་མང་པོ་ཞིག་ཆ་སྙོམ་པོ་ཞིག་བཟོ་མིན་ལ་མ་ལྟོས་པ་དང་། ཡང་ན་གལ་ཏེ་ང་ཚོས་འདས་པའི་དུས་སུ་དགེ་བའི་ལས་བྱས་ཤིང་། དེ་ཡང་མི་དགེ་བའི་གནས་སྟངས་མང་པོ་ཞིག་གིས་ཁ་གསབ་བྱེད་ཡོད་མེད་ལ་མ་ལྟོས་པ་ཡིན།

འདི་ནི་ཐོ་གཞུང་ཧ་ཅང་རིང་པོ་ཞིག་ཏུ་སྣང་སྲིད་པ་དང་མུ་མཐུད་འགྲོ་བར་ཏོག་ཙམ་ཡིད་ཐང་ཆད་པོ་ཞིག་ཡོད་སྲིད་ནའང་། གལ་ཏེ་ང་ཚོས་མི་དགེ་བ་དང་དགེ་བ་གང་ཞིག་བྱེད་དགོས་པ་དང་། དེ་དག་ཤུགས་ཆུང་དུ་དང་ཆེ་རུ་ཇི་ལྟར་གཏོང་དགོས་མིན་ཤེས་འདོད་ཡོད་ན། དེས་ཧ་ཅང་ཕན་ཐོགས་ཆེ་བའི་གནད་དོན་འགའ་ཞིག་སྟོན་གྱི་ཡོད། དཔེར་ན། ང་ཚོས་ཁང་པའི་ནང་དུག་རྫས་བདུག་ནས་ཞུ་ལུ་མ་ཕྱིར་འབུད་གཏོང་བ་ལྟ་བུའི་གནོད་བྱེད་ཀྱི་ལས་ཤིག་བྱེད་དགོས་ཐུག་ན། ང་ཚོས་ཞེ་སྡང་མེད་པའི་སྒོ་ནས་བྱེད་ཐབས་བྱེད་ཆོག་པ་དང་། བསྐྱར་ལྡབ་ཡང་ལྡབ་ཀྱིས་མི་བྱེད་པ། རང་གི་གྲོགས་པོ་ཚོ་སྐད་བཏང་ནས་ཞུ་ལུ་མ་གསོད་པའི་ཐུགས་སྤྲོ་འདྲ་པོ་གཏོང་བ་སོགས་དཔེ་སྐྱིད་པོ་ཡོད་པ་དེ་འདྲ་བྱ་མི་ཉན། དེ་ལས་ལྡོག་སྟེ། གལ་ཏེ་ང་ཚོས་དགེ་བའི་ལས་ཤིག་བྱེད་ཀྱིན་ཡོད་ན། ང་ཚོས་སོ་སོའི་གྲོགས་པོ་ཚོ་མགྲོན་འབོད་བྱས་ཏེ། ཚང་མ་མཉམ་དུ་དགེ་བའི་ཚོར་བ་ཤུགས་དྲག་དང་བཅས་བྱེད་པ་དང་། དེ་ཡང་རང་གི་ཁྱིམ་ནང་ཆོ་ག་བསྒྲུབ་པ་ནང་བཞིན་བསྐྱར་ལྡབ་ཡང་ལྡབ་ཀྱིས་བྱེད་དགོས།

བྱས་ཙང་། ཆ་རྐྱེན་དེ་དག་གིས་ང་ཚོར་ཐ་ན་ངང་ངམ་ཤུགས་ཀྱིས་རྨོངས་པ་དང་འདྲེས་ནས་ལས་བརྩམ་པའི་སྐབས་སུའང་ལས་ཀྱི་འབྲས་བུར་ཤུགས་རྐྱེན་ཇི་ལྟར་སྤྲོད་པའི་གོ་བ་ཞིག་སྟེར་གྱི་ཡོད། གལ་ཏེ་ང་ཚོས་གཞན་ལ་རོགས་བྱེད་རྩིས་ཡོད་ན། ང་ཚོས་ཕ་མ་ལྟ་བུ་སོ་སོ་ལ་དྲིན་ཆེ་ཤོས་ཡིན་མཁན་གྱི་མི་དེ་ནས་འགོ་བཙུགས་ཏེ་རོགས་བྱེད་ཆོག །ང་ཚོས་ཁ་པར་གཏོང་དགོས་སའི་མི་ཚང་མར་ཁ་པར་གཏོང་ཡག་གི་དུས་ཚོད་མེད་པའི་སྐབས་ལྟ་བུ་གཞན་ལ་གནོད་པའམ་བློ་ཕམ་བཟོ་དགོས་ཐུག་ན། སོ་སོའི་ཕ་མ་ལྟ་བུ་རང་ཉིད་ལ་ཧ་ཅང་དྲིན་ཆེ་བ་རྣམས་ལ་བློ་ཕམ་དུ་འཇུག་རྒྱུ་མེད། འདི་ནི་ཐོ་གཞུང་ཙམ་མིན་པར། ང་ཚོའི་ཉིན་རེའི་མི་ཚེའི་ནང་གཞན་དང་མཉམ་དུ་ལས་ཅི་འདྲ་ཞིག་བྱེད་པའི་སྐབས་ཡར་རྒྱས་གཏོང་དགོས་པའི་གནད་དོན་ཞིག་ཡིན།

ལྡོག་ཕྱོགས་ཀྱི་ནུས་པའམ་གཉེན་པོ་ཡོད་མེད།

ཐོ་གཞུང་དེའི་ནང་གི་གནད་དོན་མཐའ་མ་དེ་ནི། ལྡོག་ཕྱོགས་ཀྱི་ནུས་པའམ་གཉེན་པོ་ཡོད་དང་མེད་ཅེས་པ་དེ་རེད། དེ་ནི་དམིགས་བསལ་གལ་ཆེ། འདི་ནི་ང་ཚོས་ཐོག་མར་འགོ་འཛུགས་བྱེད་སྐབས་ཀྱི་ལས་ཀྱི་དག་སྦྱོང་སྐོར་བཤད་པ་དེ་རེད། འདིའི་སྐོར་ཞིབ་ཚགས་པོ་འགྲོ་གི་མིན། འོན་ཀྱང་ངས་གནད་དོན་གལ་ཆེན་འགའ་ཞིག་འཆད་པར་བྱ་བ་ལ། མི་དགེ་བའམ་སྡིག་པའི་ལས་ཧ་ཅང་ལྕི་པོ་ག་དུས་ཆགས་ཀྱི་ཡོད་དམ་ཞེ་ན།

  • ང་ཚོས་སྡིག་པའི་ལས་དེ་ནོར་འཁྲུལ་ཞིག་ཡིན་པ་དང་དེའི་རྗེས་འབྲས་ངན་པ་འབྱུང་རྒྱུ་ཡིན་པ་ལ་བརྩི་མཐོང་དང་ཆ་འཇོག་མ་བྱས་ན། ལས་དེ་ཧ་ཅང་ལྕི་པོ་ཆགས་ཀྱི་ཡོད། དེ་ལ་གང་གིས་ཁ་གཏད་བྱེད་ཀྱི་ཡོད་པ་ནི། ང་ཚོས་ཐད་ཀར་ལས་དེ་ནོར་འཁྲུལ་ཞིག་དང་མི་འོས་པ་ཞིག་ཡིན་པ་ངོས་ལེན་བྱེད་པ་དེ་ཡིན། ང་ཚོས་ལས་དེ་བྱས་པའི་སྐབས་ནོར་འཁྲུལ་ཡོད་པའི་ཐོག་ལ་བསམ་བློ་བཏང་མེད་པ་དང་། ང་ཚོས་རྗེས་སུ་དེ་ནོར་འཁྲུལ་ཡིན་པར་ཁས་ལེན་བྱས་ན། ལས་དེའི་རྗེས་འབྲས་ལ་དག་སྦྱོང་བྱེད་འགོ་བཙུག་པ་དང་། མ་མཐར་ཡང་ལས་དེ་ཡང་དུ་གཏོང་ཐུབ།
  • ང་ཚོས་ལས་དེ་དགའ་བཞིན་དུ་བྱས་པ་དང་། འགྱོད་པ་མེད་པ། དེ་ལྟར་བྱས་པར་དགའ་བ་སྐྱེས་ན། ལས་དེ་ལྕི་པོ་ཆགས་ཀྱི་ཡོད། དེའི་ཁ་གཏད་དུ་འགྱོད་པ་ཡོད་དགོས།
  • ང་ཚོར་ལས་དེ་ཡང་བསྐྱར་མི་བྱེད་པའི་ཀུན་སློང་ངམ་འདུན་པ་མེད་ན། ལས་དེ་ཧ་ཅང་ལྕི་པོ་ཆགས་ཀྱི་ཡོད། དེ་ནི་ “ངས་མུ་མཐུད་དེ་མཚན་གང་པོར་རོལ་དབྱངས་སྐད་ཤུགས་ཆེན་པོའི་སྒོ་ནས་གཏོང་གི་ཡིན། འདིས་ངའི་ཁྱིམ་མཚེས་རྣམས་གཉིད་ལས་དཀྲོག་ནའང་། ང་ལ་ཁྱད་མི་འདུག་” ཅེས་བསམ་བློ་གཏོང་བ་འདྲ་པོ་རེད། “ངས་ཡང་བསྐྱར་ལས་དེ་བྱེད་ཀྱི་མིན་” ཞེས་བསམ་བློ་གཏོང་བ་ནི་དེའི་ལྡོག་ཕྱོགས་སམ་ཁ་གཏད་དེ་ཡིན།
  • གནོད་སྐྱོན་ལ་བསྐྱར་བཅོས་ཀྱི་བསམ་བློ་མ་བཏང་ན། ལས་དེ་ཧ་ཅང་ལྕི་པོ་ཆགས་ཀྱི་ཡོད། གདོང་ལེན་གང་ཞིག་བྱེད་པ་དེ་དགེ་བའི་ལས་ཀྱི་འགལ་ཟླར་གྱུར་བ་དེ་ལག་བསྟར་བྱེད་དགོས།

འདི་ནི་ང་ཚོར་ལྡོག་ཕྱོགས་ཀྱི་ནུས་པའམ་གཉེན་པོ་སྟོབས་བཞི་ཤེས་དགོས་ཚུལ་དེ་རེད། དེ་དག་ནི་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་སོགས་པའི་སྡིག་པ་དག་སྦྱོང་གང་འདྲ་ཞིག་གི་སྐབས་སུ་ཡིན་ནའང་ཧ་ཅང་གལ་ཆེན་པོ་ཡིན། དེ་དག་རེ་རེ་བཞིན་དགོས་དོན་ངེས་ཅན་ཞིག་གི་ཆེད་དུ་གདམས་ཡོད། ང་ཚོས་གཉེན་པོའི་སྟོབས་དང་ལྡན་མི་ལྡན་གྱི་གནད་དོན་དེའི་སྒང་ལ་ཁ་སྣོན་གྱི་ཚུལ་དུ་དོན་ཚན་ཅིག་བསྡོམ་དགོས་པ་ནི།

  • ང་ཚོས་བཟང་སྤྱོད་ཀྱི་རང་མཐོང་མེད་པའམ་ཡང་ན་སོ་སོའི་ལས་ཀྱིས་གཞན་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་མིན་ལ་སེམས་འཁུར་མེད་པའི་ཐོག་བྱ་བ་བརྩམས་ན། དེ་ནི་ལས་ཧ་ཅང་ལྕི་པོ་ཆགས་ཀྱི་ཡོད། ང་ཚོས་སོ་སོ་རང་ཉིད་སྒེར་གྱི་ཆེ་མཐོང་ལ་སེམས་འཁུར་མི་བྱེད་པ་དང་། མི་རྣམས་ཀྱིས་སོ་སོའི་ནང་མི་ཁྱིམ་ཚང་དང་། དགེ་རྒན། ཕ་ཡུལ་གཅིག་པའི་མཆེད་གྲོགས་སོགས་ལ་ག་རེ་བསམ་གྱི་ཡོད་མེད་ལ་སེམས་འཁུར་བྱེད་ཀྱི་མེད། དེའི་ལྡོག་ཕྱོགས་སམ་ཁ་གཏད་ནི། ང་ཚོའི་ལས་ལ་བརྟེན་ནས་གཞན་རྣམས་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་པའི་ཐོག་ལ་སེམས་འཁུར་དང་རང་གིས་རང་ལ་ཆེ་མཐོང་ཡོད་པ་དང་། “ངས་ངའི་མི་ཚེའི་ནང་དགེ་བའི་ལས་ཤིག་བྱེད་བཞིན་ཡོད་” ཅེས་ང་ཚོའི་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོའམ་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་ལ་སླར་ཡང་ངེས་གཏན་བཟོ་དགོས། དེ་ལ་དཔེ་མཚོན་ཞིག་ནི། འཇར་མིན་གྱི་མི་ཞིག་གང་སར་ཕྱིན་ནས་སྐད་ཤུགས་ཆེན་པོ་རྒྱག་པ་དང་མི་རྣམས་ལ་ཧ་ཅང་སུན་པོ་བཟོས་ཏེ། སྤྱོད་ཚུལ་དེ་ལ་བརྟེན་ནས་འཇར་མིན་གྱི་མི་གཞན་དག་གིས་ག་རེ་བསམ་གྱི་ཡོད་མེད་ལ་སེམས་འཁུར་མི་བྱེད་པ་ལྟ་བུ་རེད།

ཐུན་མོང་གི་ལས་ཀྱི་སྐོར་དྲི་བ།

ད་ལྟའི་རྐང་པ་དང་ཁའི་རིམས་ནད་ལ་བརྟེན་ནས་དབང་འཛིན་པ་ཚོས་སྒོ་ཕྱུགས་སེམས་ཅན་ཚང་མ་འདེམས་སྒྲུག་བྱས་ཏེ་སྡེབ་གསོད་བྱ་རྒྱུའི་ཐག་གཅོད་བྱས་ཡོད། ང་རང་གནས་སྟངས་འདི་འབྱུང་སའི་སྤྱི་ཚོགས་དེའི་ཆ་ཤས་ཤིག་ཡིན་པ་སོང་ཙང་། དེ་ལྟའི་སྒོ་ཕྱུགས་སེམས་ཅན་ཚང་མ་སྡེབ་གསོད་བྱེད་པ་དེ་ནི་ཐུན་མོང་གི་ལས་ཤིག་མ་ཡིན་ནམ། དེ་ལྟ་བུའི་སྡེབ་གསོད་བྱེད་པའི་ལས་ཀྱི་ཐུན་མོང་གི་འབྲས་བུ་དེ་ངས་མྱོང་དགོས་སམ་མི་དགོས། ངས་དེ་ཇི་ལྟར་སྤོང་དགོས་སམ།

ཐོག་མར་ཁྱེད་ཀྱིས་ལས་ཀྱི་རྣམ་གཞག་བཞི་པ་དེ་དྲན་དགོས། དེ་ནི་གལ་ཏེ་ངས་ལས་ཤིག་བྱས་མེད་ན། ངས་དེའི་འབྲས་བུ་མྱོང་གི་མ་རེད། གལ་ཏེ་ང་ཚོས་དུད་འགྲོ་བསད་མེད་ན། ང་ཚོ་ལས་དེའི་ནང་ཚུད་མེད། མི་འདྲ་མིན་མང་པོས་སྲོག་གཅོད་བྱེད་ཀྱི་ཡོད་པ་ནི་ལས་དེའི་ནང་དངོས་སུ་ཞུགས་ནས་གསོད་མཁན་རྣམས་ཡིན།

འོན་ཀྱང་གཞན་གྱིས་དེ་ལྟའི་ལས་བྱེད་པར་དགའ་བ་སྐྱེ་བ་དང་འབྲེལ་བའི་གནད་དོན་ཞིག་ཡོད། གལ་ཏེ་ང་ཚོས་གཞན་གྱི་དགེ་བའི་ལས་ལ་དགའ་བ་སྐྱེས་ན། ང་ཚོས་དགེ་བའི་ནུས་པའམ་བསོད་ནམས་གསོག་གི་ཡོད། གལ་ཏེ་ང་ཚོས་གཞན་གྱི་མི་དགེ་བའི་ལས་ལ་དགའ་བ་སྐྱེས་ན། ང་ཚོས་མི་དགེ་བའི་ནུས་པའམ་སྡིག་པ་གསོག་གི་ཡོད། བྱས་ཙང་། གལ་ཏེ་ང་ཚོས་དངོས་གནས་དྲང་གནས་སྒོ་ཕྱུགས་དེ་དག་སྡེབ་གསོད་བྱེད་པ་དེ་ཡག་པོ་ཞིག་ཡིན་པར་བསམས་ན། དེ་ནི་གནས་དོན་གཅིག་རེད། ཡང་ང་ཚོས་སྒོ་ཕྱུགས་དེ་དག་བསད་ན་ཡག་པོ་མིན་པ་དང་ཡ་ང་སྙིང་རྗེ་མེད་པར་བསམས་ནས་སྙིང་རྗེ་ཆེན་པོ་སྐྱེས་ན། དེ་ནི་དགེ་བའི་བསམ་བློ་གཏོང་སྟངས་ཤིག་རེད།

གང་ལྟར་ཡང་། དེ་དང་མཉམ་དུ་གཏི་མུག་གིས་གྲོགས་བྱེད་ཀྱི་ཡོད་མེད་ཐོག་ང་ཚོས་གཟབ་ནན་བྱེད་དགོས། སྒོ་ཕྱུགས་སེམས་ཅན་དེ་དག་ཐམས་ཅད་ནི་ཤའི་དོན་དུ་གསོད་ཀྱི་ཡོད་པས། དེ་དག་ག་དུས་གསོད་ཀྱི་ཡོད་མེད་ཙམ་གྱི་གནད་དོན་ཞིག་ཡིན། ནད་རིམས་དེ་རྒྱུ་མཚན་དུ་བྱས་ནས་སྒོ་ཕྱུགས་དེ་དག་བསད་པ་ལ་སྙིང་རྗེ་སྐྱེད་དགོས་ཀྱང་། གལ་ཏེ་དེ་དག་ཤའི་དོན་དུ་བསད་པ་ལ་སེམས་འཁུར་མ་བྱས་ན། དེ་ནི་གཏི་མུག་ཡིན། ང་ཚོས་འདིར་སྙིང་རྗེའི་སྒོ་ནས་བསམ་བློ་གཏོང་བ་ནི་དགེ་བའི་ལས་ཤིག་ཡིན། འོན་ཀྱང་དེ་གཏི་མུག་ཉོན་མོངས་པས་གྲོགས་བྱས་ཡོད། དེར་བརྟེན་ང་ཚོས་དུས་རྟག་ཏུ་སོ་སོའི་བསམ་བློ་དང་བྱ་བ་ཡོངས་སུ་རྫོགས་པར་དཔྱད་པ་གཟབ་ནན་བྱེད་དགོས།

ཕྱོགས་བསྡོམས།

ལས་ཀྱི་རྐྱེན་སྣ་ཚོགས་པ་དེ་དག་ཤེས་རྒྱུ་ག་ཚོད་གལ་ཆེན་པོ་ཡིན་པ་ང་ཚོས་མཐོང་ཐུབ། དེ་ནི་མགོ་རྙོག་ཚ་པོ་ཡོད་པའམ་དེ་ནི་ནང་ཆོས་ནང་གི་མགོ་རྙོག་ཚ་ཤོས་དེ་ཡིན་པ་རེད། འོན་ཀྱང་ང་ཚོས་དེ་ཇི་ཙམ་གྱིས་མང་བ་རྟོགས་པ་དེ་ཚོད་ཀྱིས་ང་ཚོས་སོ་སོའི་སྤྱོད་ལམ་དང་ལས་དེའི་རྗེས་འབྲས་ལྕི་བའི་རང་བཞིན་ལ་ཤུགས་རྐྱེན་སྤྲོད་པ་དང་བཟོ་ལྟ་བཟོ་རྒྱུ་འགོ་འཛུགས་བྱེད་ཐུབ། གོང་གི་དཔེ་མཚོན་ནང་དུ་གསལ་བ་ལྟར། སྒོ་ཕྱུགས་སེམས་ཅན་དེ་དག་ལ་ན་ཚ་ཡོད་པའི་རྒྱུ་མཚན་ཙམ་མིན་པར། ང་ཚོས་དེ་དག་ལ་སྤྱིར་བཏང་སྙིང་རྗེ་སྐྱེད་ཐབས་བྱེད་ཆོག་པ་ལྟ་བུ་རེད།

དགེ་བའི་ནུས་པའམ་བསོད་ནམས་ཅི་བསགས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་བ་དང་། ང་ཚོས་གོ་རྟོགས་གང་ཞིག་ཐོབ་པ་ཐམས་ཅད་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བར་ཤོག །དེ་ལ་བརྟེན་ནས་རིམ་པས་བཞིན་དུ་ང་ཚོས་ལས་ཀྱི་འབྲས་བུ་རྣམས་ཇེ་ཞན་དུ་བཏང་ནས། མཐར་ང་ཚོའི་ལས་ཐམས་ཅད་ལས་ཐར་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་རླབས་ཆེན་བསྒྲུབ་ཐུབ་པའི་རེ་སྨོན་ཞུའོ།།

Top