བསམ་བློ་ཞི་འཇམ་བཟོ་བ།

01:09
རྣམ་རྟོག་ནི་མེད་དུ་མི་རུང་བ་རེད། དེ་མེད་ན་ང་ཚོས་ཚོང་ཁང་ནང་གི་ཅ་དངོས་དཔེར་ན། ཀུ་ཤུ་ཡིན་དང་ལི་ཡིན་དབྱེ་བ་འབྱེད་མི་ཐུབ་པ་དང་། དེ་ག་ནང་བཞིན་ “ང་ལ་ལྟད་མོའི་ཆེད་དུ་འཛིན་ཤོག་གཉིས་གནང་རོཌ་” ཤེས་པའི་ཤོད་འགྲོས་དེ་ཧ་གོ་གི་མ་རེད། ང་ཚོའི་ཉིན་རེའི་མི་ཚེ་ནང་རྣམ་རྟོག་དགོས་ཀྱང་། མཚམས་རེར་དེ་ནི་ང་ཚོའི་བར་ཆད་ཅིག་ཆགས་སྲིད་པ་ཡིན། དཔེར་ན། སྒོམ་རྒྱག་པའི་སྐབས་སེམས་རྩེ་གཅིག་ཏུ་གཏད་པ་ལ། ང་ཚོས་སེམས་ནང་གི་འཆལ་གཏམ་དང་གང་མྱོང་བའི་སྔོན་ཚུད་ཀྱི་རྣམ་རྟོག་རྣམས་རྣལ་དུ་ཕབ་ནས་ཞི་འཇམ་བཟོ་དགོས་ཀྱི་ཡོད།

སེམས་ཞི་འཇམ་བཟོ་བ།

རྩེ་གཅིག་པའི་ཏིང་ངེ་འཛིན་འཐོབ་པ་ལ། ང་ཚོས་སེམས་རྣལ་དུ་ཕབ་ནས་ཞི་འཇམ་བཟོ་དགོས་ཀྱི་ཡོད། བྱས་ཙང། སྒོམ་གྱི་གདམས་ངག་ཁ་ཤས་ནས་འགྲེལ་བརྗོད་བྱེད་པ་ལྟར། ང་ཚོ་སེམས་ཀྱི་རང་བཞིན་གནས་བབས་ཤིག་ཏུ་སླེབ་ཀྱི་ཡོད། གསལ་པོར་ཞུ་རྒྱུར། ང་ཚོས་སེམས་ཞི་འཇམ་ཡོང་ཐབས་བྱེད་པའི་སྐབས། རླུང་འཕྲིན་བསད་པ་ལྟ་བུ་སེམས་ནང་འཆར་སྣང་སོགས་ཅི་ཡང་མེད་པ་སྟོང་སང་ངེར་འཇོག་རྒྱུ་དེ་ང་ཚོའི་དམིགས་ཡུལ་མ་ཡིན། དམིགས་ཡུལ་དེ་ཡིན་ན། ཁྱེད་རང་ཚོ་གཉིད་ཉལ་ན་ཡག་ག་ཡོད་སྲིད། དམིགས་ཡུལ་ནི་ཉོན་མོངས་པའི་སེམས་ཀྱི་གནས་བབས་ཚང་མ་ཞི་འཇམ་བཟོ་རྒྱུ་དེ་ཡིན། ཚ་གི་ཚི་གེ་ཆགས་པ་དང་། སེམས་འཁྲལ་ལམ་འཇིགས་སྣང་ལྟ་བུའི་སེམས་ཚོར་གྱི་རིགས་རྣམས་ང་ཚོར་གནོད་སྐྱོན་ཆེན་པོ་ཡོད་པས། དེ་དག་ཞི་འཇམ་བཟོ་རྒྱུ་ནི་ང་ཚོའི་དམིགས་ཡུལ་དེ་རེད།

ང་ཚོས་རང་སེམས་ཞི་འཇམ་བཟོ་བའི་སྐབས། ང་ཚོར་སེམས་ཀྱི་གནས་བབས་ཧ་ཅང་གསལ་པོ་དང་གྲུང་པོ་ཞིག་འཐོབ་པ་དང་། གནས་སྟངས་དེ་འདྲའི་ཁྲོད་ནས་ང་ཚོས་བྱམས་པ་དང་གོ་རྟོགས་སྐྲུན་ཐུབ་པའམ། ཡང་ན་ང་ཚོ་ཚང་མར་ཡོད་པའི་འགྲོ་བ་མིའི་རང་བཞིན་གྱི་བྱམས་སེམས་དེ་སྟོན་ཐུབ་ཀྱི་ཡོད། དེའི་ཆེད་དུ་གཏིང་ཟབ་པའི་ངལ་གསོ་ཞིག་དགོས་ཀྱི་ཡོད། དེ་ཡང་ལུས་པོའི་ཤ་གནད་ལ་ངལ་གསོ་ཐེབས་པ་ཙམ་མིན་པར། ང་ཚོར་རང་ཆས་སུ་ཡོད་པའི་བྱམས་སེམས་དང་སེམས་ཀྱི་གསལ་ཆ་ཚོར་བ་ལ་འགོག་རྐྱེན་བྱེད་པའི་སེམས་དང་སེམས་ཚོར་བག་མི་ཕེབས་པ་གང་འདྲ་ཞིག་ཡིན་ནའང་ངལ་གསོ་དགོས་ཀྱི་ཡོད།

མི་ཁ་ཤས་ཀྱིས་སྒོམ་ནི་བསམ་བློ་གཏོང་མཚམས་འཇོག་དགོས་པ་ལྟ་བུར་གོ་ནོར་ཐེབ་ཀྱི་ཡོད་ཀྱང་། དེ་ལྟར་རྩ་བ་ནས་མ་རེད། དེ་ལས་ལྡོག་སྟེ་སྒོམ་གྱིས་འབྲེལ་བ་མེད་པའི་དགོས་མེད་ཀྱི་བསམ་བློ་མཚམས་འཇོག་བྱེད་ཀྱི་ཡོད། དཔེར་ན། མ་འོངས་པའི་ཐད་ཀྱི་རྣམ་གཡེང་ “ང་དགོང་ཟས་ག་རེ་ཟ་དགོས་ཡོད་ན་” བསམ་པའམ། ཡང་ན་མི་དགེ་བའི་བསམ་བློ་ “ཁྱོད་ཀྱིས་ཁ་སང་ང་ལ་དཔེ་སྡུག་ཅག་བྱས་བྱུང་། ཁྱོད་རང་མི་ཞེད་སྣང་ཚ་པོ་ཞིག་རེད།” ཟེར་བ་ལྟ་བུ་མི་དགེ་བའི་བསམ་བློ་མཚམས་འཇོག་བྱེད་དགོས། དེ་དག་ཚང་མ་རྣམ་གཡེང་དང་ཉོན་མོངས་ཀྱི་སྡེ་ཚན་ཁོངས་སུ་གཏོགས་ཀྱི་ཡོད།

གང་ལྟར་སེམས་ཞི་འཇམ་ཡོང་བ་ནི་ཐབས་ལམ་ཙམ་ཞིག་ཡིན་པ་ལས་མཐའ་མའི་དམིགས་ཡུལ་མིན། ང་ཚོར་སེམས་ཞི་འཇམ་པོ་དང་། གསལ་པོ། གུ་ཡངས་པོ་ཞིག་ཡོད་པའི་སྐབས། དེ་ང་ཚོས་ཕན་རླབས་ཆེ་བའམ་དགེ་བའི་བྱ་བ་ལ་བེད་སྤྱོད་གཏོང་ཐུབ། ང་ཚོས་དེ་སོ་སོའི་ཉིན་རེའི་མི་ཚེའི་ནང་བེད་སྤྱོད་བྱེད་ཆོག་ལ། ང་ཚོའི་མི་ཚེའི་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཡག་པོ་ཞིག་ཡོང་ཐབས་ཆེད་སྒོམ་རྒྱག་པའི་སྐབས་སུ་འདི་བེད་སྤྱོད་གཏོང་ཆོག་པ་ཡིན། ཉོན་མོངས་དང་འབྲེལ་མེད་ཀྱི་བསམ་བློ་དང་བྲལ་བའི་སེམས་ཀྱི་ཐོག་ནས། ང་ཚོས་སོ་སོའི་མི་ཚེའི་ནང་ག་རེ་བྱས་ཡོད་དམ་ཞེས་པ་དང་། གལ་ཆེའི་འབྲེལ་ལམ་འདིའི་ཐད་གང་འབྱུང་བཞིན་ཡོད་དམ། འབྲེལ་བ་དེ་བཟང་པོ་ཞིག་ཡིན་དང་མིན་སོགས་ཀྱི་གལ་གནད་ཆེ་བའི་བརྗོད་གཞིའི་ཐོག་བསམ་བློ་གསལ་པོ་གཏོང་ཐུབ།ང་ཚོ་དབྱེ་ཞིབ་བྱེད་མཁན་ཞིག་ཆགས་ཐུབ། དེ་ལ་ང་ཚོའི་སེམས་རྒྱུད་དུ་བརྟག་དཔྱད་བྱེད་པའི་ཁ་ནང་བལྟས་ཀྱི་དཔྱད་པའམ་ཤེས་བཞིན་ཟེར་གྱི་ཡོད། གནད་དོན་དེ་དག་ཤེས་རྟོགས་དང་གནད་ལ་སྨིན་པོས་ཁ་ནང་བལྟས་ཀྱི་དཔྱད་པ་བྱེད་པར། ང་ཚོར་སེམས་ཀྱི་གསལ་ཆ་དེ་དགོས། ང་ཚོར་སེམས་ཞི་འཇམ་པོ་དང་རྣལ་དུ་ཕབ་པ་ཞིག་དགོས་ཤིང་། སྒོམ་ནི་སེམས་ཀྱི་གནས་བབས་དེ་འདྲ་ཞིག་གི་ནང་འདྲེན་ཐུབ་པའི་ལག་ཆ་ཞིག་ཡིན།

བརྙན་པར། འབུམ་རམས་པ་ཨེ་ལེན་ཝཱ་ལ་སི། “བྲེལ་འཚུབ་ཅན་གྱི་མི་རྣམས་ཀྱི་ཆེད་དུ་སྒོམ།”

རྟོག་པ་དང་རྟོག་མེད་སེམས་ཀྱི་གནས་བབས།

སྒོམ་གྱི་སྐོར་གཞུང་མང་པོའི་ནང་། ང་ཚོས་རྟོག་པ་སེམས་ཀྱི་གནས་བབས་དེ་སྤངས་ནས་རྟོག་མེད་སེམས་ཀྱི་གནས་བབས་ཤིག་གི་ནང་གནས་དགོས་པར་སྟོན་གྱི་ཡོད། ཐོག་མར་ཤེས་དགོས་པ་ཞིག་ལ། སྒོམ་ཚང་མའི་ནང་གདམས་ངག་འདི་འདྲ་གཅིག་པ་ཞིག་གསུངས་མེད། དེ་ནི་དམིགས་བསལ་སྒོམ་གྱི་ཚད་མཐོན་པོར་སླེབས་ཏེ་དངོས་པོའི་གནས་ལུགས་ཐོག་དམིགས་པ་གཏད་པའི་ཆེད་དུ་གསུངས་པ་ལ་གོ་གི་ཡོད། གང་ལྟར་ཡང་། སྒོམ་གྱི་རིགས་ཚང་མས་སྤོང་དགོས་པའི་རྟོག་པའི་རྣམ་པ་ཞིག་ཡོད། འོན་ཀྱང་སྒོམ་གྱི་དཔེ་ཆ་ཁག་གི་ནང་གསུངས་པའི་རྟོག་པའི་རྣམ་པ་སྣ་ཚོགས་པ་ཤེས་པ་ལ། ནང་ཆོས་ཀྱིས་ “རྟོག་པ་” ཞེས་པའི་གོ་དོན་གང་ཡིན་པ་དེ་ཤེས་དགོས་པ་ཡིན།

རྟོག་པ་ནི་ང་ཚོའི་སེམས་ནང་གི་སྒྲ་གཅིག་པུར་གོ་བ་མིན།

མི་འགའ་ཞིག་གིས་རྟོག་པ་དང་བཅས་པ་ནི་རྒྱུན་ལྡན་ཤིག་དང་། ང་ཚོའི་སེམས་ནང་འཁོར་བའི་ཉིན་རེའི་ངག་གི་བསམ་པ་ཞིག་སྟེ། དེ་ལ་ “སེམས་ནང་གི་སྒྲ་” ཟེར་བ་དང་། དེ་རྟོག་མེད་ཀྱི་ཤེས་པར་འགྱུར་བ་ཞེས་པའི་དོན་ནི་སྒྲ་དེ་ཞི་འཇམ་བཟོ་བ་ཙམ་ཡིན། ང་ཚོའི་སེམས་ནང་གི་སྒྲ་དེ་ཞི་འཇམ་བཟོ་བ་ནི་འགོ་བཙུགས་པ་ཙམ་ཡིན། དེ་ཡང་ཧ་ཅང་གལ་ཆེ་བའི་འགོ་འཛུགས་ཀྱི་གོམ་པ་དང་པོ་དེ་ཡིན་ལ། ང་ཚོའི་སེམས་གསལ་བ་དང་ཞི་འཇམ་པ་ཞིག་ཡོང་ཆེད་འབྲེལ་མེད་སེམས་ཀྱི་ཉོན་མོངས་རྣམས་ཞི་འཇམ་བཟོ་བའི་ཆ་ཤས་ཤིག་ཡིན། གཞན་རྣམས་ཀྱིས་ཆོས་གཅིག་དངོས་གནས་ཤེས་པར་དེ་རྟོག་པ་མེད་པའི་སྒོ་ནས་ཤེས་དགོས་བསམ་པ་དང་། རྣམ་པར་རྟོག་པ་དེ་དང་ཡང་དག་པའི་རྟོགས་པ་གཉིས་དུས་གཅིག་ལ་གཞི་མཐུན་མི་སྲིད་པས། འདི་ཡང་གནད་དོན་ཞིག་མ་རེད།

རྟོག་པ་དང་འབྲེལ་བའི་རྙོག་འཛིངས་མེད་པ་བཟོ་བ་ལ། ཐོག་མར་ང་ཚོས་ཆོས་ཤིག་ཤེས་རྟོགས་བྱུང་བ་དང་བསམ་བློའི་ནང་བཤད་པ་གཉིས་དབྱེ་བ་འབྱེད་དགོས། ཆོས་དེ་ཤེས་རྟོགས་ཡོད་མེད་གང་ལྟར་ཡང་། ང་ཚོས་བསམ་བློའི་ནང་བཤད་ཐུབ་ཀྱི་ཡོད། དཔེར་ན། ང་ཚོས་ནང་དོན་ཤེས་མིན་གང་ལྟར་ཡང་། ཕྱི་རྒྱལ་གྱི་སྐད་ཡིག་ནང་ཡོད་པའི་ཞལ་འདོན་དང་སྨོན་ལམ་སོགས་སེམས་ནང་འདོན་ཐུབ། དེ་ག་ནང་བཞིན་ཆོས་གང་ཞིག་གི་དོན་སེམས་ནང་ཚིག་འགྲེལ་བྱེད་མིན་ལ་མ་ལྟོས་པར། ང་ཚོས་ཤེས་རྟོགས་ཐུབ་ཀྱི་ཡོད། དཔེར་ན། བརྩེ་གདུང་ནང་ཡོད་སྐབས་ཚོར་བ་ག་འདྲ་ཞིག་མྱོང་གི་ཡོད་པ་ལྟ་བུ་རེད།

སྒོམ་གྱི་སྐབས་རྟོག་བཅས་དང་རྟོག་མེད་ཀྱི་གནད་དོན་ནི། ཆོས་བྱེ་བྲག་པ་ཞིག་ཤེས་རྟོགས་ཡོད་མེད་ཀྱི་གནད་དོན་ཞིག་མ་རེད། སྒོམ་ཙམ་མ་ཟད་ཉིན་རེའི་མི་ཚེའི་ནང་རྟོག་བཅས་དང་རྟོག་མེད། ཡང་ན་སེམས་ནང་བཤད་ཀྱི་ཡོད་མེད་གང་ཡིན་རུང་ང་ཚོས་རྟག་ཏུ་གོ་རྟོགས་ངེས་ཅན་ཞིག་ལྡན་པ་དགོས། སྐབས་རེ་ཁ་ནས་བརྗོད་རྒྱུ་ཕན་ཐོགས་ཆེན་པོ་ཡོད། མཚམས་རེ་ཕན་ཐོགས་རྩ་ནས་མེད་ལ་དགོས་པའང་མེད། དཔེར་ན། ལྷམ་གྱོན་པའི་སྐབས། ང་ཚོས་ལྷམ་སྒྲོག་རྒྱག་སྟངས་ཤེས་ཀྱི་ཡོད། ལྷམ་སྒྲོག་རྒྱག་པའི་སྐབས་ག་རེ་བྱེད་དགོས་མིན་ངག་ནས་དངོས་སུ་བརྗོད་དགོས་སམ་ཞེ་ན། དགོས་ཀྱི་མེད། དོན་དངོས་སུ་ངའི་བསམ་པར་ང་ཚོས་ལྷམ་སྒྲོག་ཇི་ལྟར་རྒྱག་དགོས་པའི་སྐོར་ངག་ཐོག་ནས་འགྲེལ་བརྗོད་བྱ་རྒྱུ་དཔེ་དཀའ་ལས་ཁག་པོ་ཡོད། ཡིན་ནའང་ང་ཚོར་ཤེས་རྟོགས་ཡོད། ཤེས་རྟོགས་མེད་པར་མི་ཚེའི་ནང་གང་ཡང་བྱེད་མི་ཐུབ། རེད་དམ་མ་རེད། ཐ་ན་ང་ཚོས་སྒོ་ཞིག་ཕྱེ་དགོས་ནའང་ཕྱེ་མི་ཐུབ་པ་ཡིན།

ལྟ་སྟངས་མང་པོ་ཞིག་ནས་ངག་ནས་བརྗོད་རྒྱུ་དེ་དངོས་གནས་ཕན་ཐོགས་ཆེན་པོ་ཡོད། གཞན་དང་མཉམ་དུ་འབྲེལ་མཐུད་བྱེད་ཐུབ་པར་ངག་ནས་བརྗོད་དགོས་ཀྱི་ཡོད། ཡིན་ནའི་ང་ཚོའི་བསམ་བློའི་ནང་གི་ངག་དེ་ཡིན་གཅིག་མིན་གཅིག་དགོས་ངེས་ཤིག་མ་རེད། གང་ལྟར་ངག་གི་བརྗོད་པ་ཁོ་རང་གི་ངོ་བོ་ནི་ཕན་བྱེད་དང་གནོད་བྱེད་གཉིས་ཀའི་སྒོ་ནས་བེད་སྤྱོད་བྱེད་ཆོག་པའི་བར་མའམ་བཏང་སྙོམས་ཡིན། ང་ཚོར་ངག་གི་བརྗོད་པ་ཡོད་པའི་བེད་སྤྱོད་ཅན་གྱི་སྒོམ་འགའ་ཞིག་ཡོད། དཔེར་ན། ཡིད་ཀྱི་སྒོ་ནས་གཟུངས་སྔགས་ཤིག་བཟླས་བརྗོད་བྱེད་པ་ནི་ངག་གི་བརྗོད་པའི་རིགས་ཤིག་ཡིན་ཞིང་། སེམས་ནང་འགྲོས་སམ་གཡོ་འགུལ་ཞིག་བསྐྲུན་ནས་རྒྱུན་སྲིང་བར་བྱེད་ཀྱི་ཡོད། དེ་ལྟ་བུའི་འཆར་ཅན་གྱི་གཟུངས་སྔགས་ཀྱི་འགྲོས་དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། དེས་སེམས་ཀྱི་གནས་བབས་ངེས་ཅན་ཞིག་གི་ཐོག་དམིགས་པ་གཏད་པར་རོགས་རམ་བྱེད་ཀྱི་ཡོད། དཔེར་ན། སེམས་ཀྱི་ནང་ནས་གང་ཡང་མ་བརྗོད་པར་བྱམས་བརྩེའི་ངང་ནས་རིག་པ་བསྒྲིམས་ཏེ་གནས་ཐུབ་ནའང་། སྙིང་རྗེ་དང་བྱམས་པ་སྐྱེད་ཐབས་བྱེད་སྐབས། གལ་སྲིད་རང་ཉིད་ཀྱིས་ༀ་མཎི་པདྨེ་ཧཱུྃ་ཞེས་པ་ལྟ་བུ་གཟུངས་སྔགས་ཤིག་འདོན་གྱི་ཡོད་ན། བྱམས་པའི་གནས་བབས་དེའི་སྟེང་དམིགས་པ་གཏད་ནས་གནས་རྒྱུ་ཅུང་ཟད་ལས་སླ་བ་ཡོང་གི་ཡོད། དེར་བརྟེན་ངག་གི་བརྗོད་པ་ཁོ་རང་དཀའ་ངལ་ཞིག་མ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། སེམས་ནང་བེད་མེད་ཀྱི་ཚིག་ལྷག་གཏམ་རྙོག་བཤད་པའི་སྐབས་ང་ཚོས་སོ་སོའི་སེམས་ཞི་འཇམ་བཟོ་དགོས་ངེས་ཡིན་པ་བཤད་མི་དགོས་པ་རེད།

རྣམ་རྟོག་ཟེར་བ་དེ་སེམས་ཀྱི་སྒམ་ཆུང་ནང་ཆོས་རྣམས་སྡེ་ཚན་དུ་ཕྱེ་བའི་དོན་ཡིན།

གལ་སྲིད་རྣམ་རྟོག་གི་གནད་དོན་དེ་ངག་གི་བརྗོད་པའམ་གོ་རྟོགས་དང་འབྲེལ་བའི་གནད་དོན་ཞིག་མིན་ན། གང་རེད་དམ། རྟོག་བཅས་ཀྱི་སེམས་ཀྱི་དོན་གང་ཡིན་པ་དང་སྒོམ་གྱི་གདམས་ངག་ནང་རྣམ་རྟོག་སྤོང་དགོས་གསུངས་པའི་སྐབས་དེའི་དོན་གང་ཡིན་ནམ། གདམས་ངག་དེ་སྒོམ་གྱི་རིམ་པ་ཚང་མ་དང་། དེ་བཞིན་ཉིན་རེའི་མི་ཚེ་དང་འབྲེལ་བ་ཞིག་ཡིན་ནམ། གནད་དོན་འདི་དག་གསལ་པོ་བཟོ་དགོས་རྒྱུ་གལ་ཆེན་པོ་རེད།

རྟོག་བཅས་ཀྱི་ཤེས་པ་ཟེར་དུས་སྡེ་ཚན་ཕྱེས་ནས་ ༼དོན་སྤྱིའི་སྒོ་ནས་༽ བསམ་བློ་གཏོང་བར་ཟེར་བ་དང་། ལས་སླ་པོར་བརྗོད་ན། དེའི་དོན་ནི་ཆོས་རྣམས་དཔེར་ན། བཟང་པོ་དང་ངན་པ། ནག་པོ་དང་དཀར་པོ། ཁྱི་དང་ཞི་མི་ལྟ་བུ་སྒམ་ཆུང་ནང་བླུགས་ནས་སྡེ་ཚན་གྱི་རིགས་སོ་སོའི་ཐོག་ནས་བསམ་བློ་གཏོང་བ་ལ་ཟེར་གྱི་ཡོད།

ང་ཚོ་ཁྲོམ་ལ་ཉོ་ཆ་རྒྱག་ཏུ་འགྲོ་བའི་སྐབས་སུ། ཀུ་ཤུ་དང་ཚ་ལུ་མའི་བར་གྱི་ཁྱད་པར་དང་། ཡང་ན་ཤིང་ཏོག་སྨིན་པ་དང་མ་སྨིན་པའི་དབྱེ་བ་འབྱེད་ཤེས་པ་དགོས་ངེས་བཞིན་ང་ཚོའི་ཉིན་རེའི་གནད་དོན་ཁག་ལ་གཞིགས་ན། སྡེ་ཚན་གྱི་སྒོ་ནས་བསམ་བློ་གཏོང་བར་དཀའ་ངལ་མེད། འོན་ཀྱང་དཀའ་ངལ་ཅན་གྱི་སྡེ་ཚན་གཞན་ཡོད་པ་ལས་གཅིག་ནི་ང་ཚོས་གནས་ཚུལ་ཆ་ཚང་མི་ཤེས་པའི་ “སྔོན་ཚུད་ནས་ཚོད་དཔག་” བྱེད་པ་ཟེར་བ་དེ་ཡིན།

དེ་ལྟ་བུའི་སྔོན་ཚུད་ཀྱི་ཚོད་དཔག་གི་དཔེ་མཚོན་ཞིག་ནི། “ངས་ཁྱེད་རང་ལ་ག་དུས་ཡིན་ནའང་མི་སྡུག་ཅག་ཅིག་ཡིན་པའི་རེ་བ་བྱེད་ཀྱི་ཡོད། ཁྱོད་མི་སྡུག་ཅག་ཅིག་ཡིན་པའི་རྒྱུ་མཚན་ནི། འདས་པའི་དུས་སུ་ཁྱོད་ཀྱིས་བྱ་བ་འདི་དང་དེ་བྱས་པ་རེད། ད་ལྟ་གང་བྱས་ཀྱང་ཁྱད་པར་མེད། མ་འོངས་པར་ཁྱོད་མུ་མཐུད་སྡུག་ཅག་རང་གནས་ངེས་ཡིན་པ་སྔོན་དཔགས་བྱེད་ཀྱི་ཡོད།” དེ་ནི་སྔོན་ཚུད་ཀྱི་ཚོད་དཔག་རེད། ང་ཚོའི་བསམ་བློའི་ནང་ང་ཚོས་མི་དེ་སྡུག་ཅག་གི་སྡེ་ཚན་ནམ་སྒམ་ཆུང་ནང་བཅུག་པ་དང་། མི་དེ་ག་དུས་ཡིན་ཀྱང་སྡུག་ཅག་ཏུ་ལྷག་ངེས་ཡིན་ཞེས་རྣམ་རྟོག་གིས་སྒྲོ་འདོགས་ཀྱི་ཡོད། དེ་ནས་མི་དེ་དང་སོ་སོ་རང་ཉིད་ཀྱི་དབར་གེགས་ཆེན་པོ་ཞིག་ལྷག་གི་ཡོད། ང་ཚོའི་སྔོན་ཚུད་ཀྱི་ཚོད་དཔག་དེས་གཞན་དང་འབྲེལ་ལམ་ཐད་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དེར་བརྟེན་སྔོན་ཚུད་ཀྱི་ཚོད་དཔག་ནི་སེམས་ཀྱི་གནས་བབས་ཤིག་ཡིན་ཅིང་། དེའི་ནང་ང་ཚོས་ཆོས་རྣམས་སྡེ་ཚན་ཕྱེས་ནས་སེམས་ཀྱི་སྡེ་ཚན་ཞིག་གི་ནང་འཇུག་གི་ཡོད།

རྟོག་མེད་ཀྱི་ངང་གནས་པ།

རྟོག་མེད་ཤེས་པའི་རིམ་པ་ཧ་ཅང་མང་པོ་ཡོད། འོན་ཀྱང་རིམ་པ་གཅིག་ནི་གནས་སྟངས་ཤིག་འབྱུང་བ་དང་དེ་ལ་བློ་གུ་ཡངས་དང་ཁ་གསལ་གཏིང་གསལ་བྱེད་དགོས། དེའི་དོན་ཡང་རྟོག་པ་ཐམས་ཅད་གཡུག་དགོས་ཟེར་གྱི་མེད། དཔེར་ན། གལ་ཏེ་དེ་ལ་ཁྱི་ཞིག་ཡོད་པ་དང་དེས་མི་མང་པོ་སོ་བརྒྱབ་ཡོད་ན། “སོ་རྒྱག་མཁན་གྱི་ཁྱི་” ཞེས་སྡེ་ཚན་གྱི་ཐོག་ནས་བསམས་ཏེ། ང་ཚོ་ཁྱི་དེར་གཟབ་གཟབ་བྱེད་ཀྱི་ཡོད། ང་ཚོ་དུད་འགྲོ་སེམས་ཅན་གྱི་ཉེ་འཁོར་དུ་ཡོད་དུས་རྒྱུ་མཚན་ལྡན་པའི་དོགས་ཟོན་ཡོད་ཀྱང་། “ཁྱི་དེས་ང་ལ་བརྒྱ་ཆ་བརྒྱ་ཐམ་པ་སོ་རྒྱག་གི་རེད། བྱས་ཙང་། ང་རང་དེའི་འགྲམ་དུའང་འགྲོ་གི་མིན་” ཞེས་སྔོན་ཚུད་ཀྱི་ཚོད་དཔག་དེ་མེད། གནས་སྟངས་འབྱུང་བཞིན་པ་དེ་ཁས་ལེན་བྱེད་པ་དང་གནས་སྟངས་དེ་ཡོངས་རྫོགས་ཉམས་སུ་མྱོང་བར་འགོག་རྐྱེན་བྱེད་པའི་སྔོན་ཚུད་ཀྱི་ཚོད་དཔག་དེ་མེད་པ་གཉིས་ཀྱི་དབར་ལ་ཞི་དུལ་གྱི་ཆ་སྙོམས་ཤིག་ཡོད་པ་ཡིན།

རྟོག་མེད་ཤེས་པའི་རིམ་པ་སྒོམ་གྱི་རིགས་ཚང་མའི་ནང་དགོས་པ་ནི། སྔོན་ཚུད་ཀྱི་ཚོད་དཔག་དང་བྲལ་བའི་སེམས་ཤིག་ཡིན།

སྤྱིར་བཏང་ཡོངས་གྲགས་ཀྱི་བསླབ་བྱ་གཅིག་ནི། རེ་བ་དང་སེམས་ཁྲེལ་མེད་པར་སྒོམ་རྒྱག་དགོས་རྒྱུ་དེ་ཡིན། སྒོམ་གྱི་ཐུན་ཙམ་ཞིག་ལ་སྔོན་ཚུད་ཀྱི་ཚོད་དཔག་བྱེད་པ་དེ་སྒོམ་དཔེ་ཡག་པོ་བྱུང་ན་བསམ་པའི་རེ་སྒུག་ཡིན་སྲིད། ཡང་ན་སོ་སོའི་རྐང་པ་ན་བའི་སེམས་ཁྲེལ་བྱེད་པའམ། ཡང་ན་བསམ་བློའི་ནང་ “ང་རང་གི་སྒོམ་སྒྲུབ་ལམ་ལྷོང་མི་ཡོང་” ཞེས་སེམས་ནས་བརྗོད་མེད་ལ་མ་ལྟོས་པར། རེ་བ་དང་སེམས་ཁྲེལ་དེ་དག་སྔོན་ཚུད་ཀྱི་ཚོད་དཔག་ཆགས་ཀྱི་ཡོད། དེ་ལྟ་བུའི་བསམ་བློས་ང་ཚོའི་འབྱུང་ལ་ཉེ་བའི་སྒོམ་ཐུན་དེ་ “བདེ་བའི་མྱོང་བ་ཧ་ཅང་ཡག་པོ་ཞིག་གམ་” “ཡང་ན་སྡུག་བསྔལ་གྱི་མྱོང་བའི་” རིགས་སམ་སྡེ་ཚན་ནང་འཇུག་གི་ཡོད། རྟོག་མེད་ཀྱི་ཤེས་པས་སྒོམ་ལ་འཇུག་པ་ནི། གནས་སྟངས་གང་འདྲ་ཞིག་འཕྲད་ཀྱང་། སྔོན་ཚུད་ནས་ཐག་གཅོད་མེད་པའི་ཐོག་དེ་ལ་ངོས་ལེན་དང་། སྒོམ་སྒྲུབ་ཀྱི་རྩ་འཛིན་ལམ་སྟོན་གཞིར་བཟུང་གདོང་ལེན་བྱེད་པ་དེ་ཡིན།

བརྙན་པར། མཁའ་འགྲོ་རིན་པོ་ཆེ། “ལས་དང་པོ་བ་རྣམས་ཀྱི་ཆེད་དུ་ཉམས་ལེན་ཞིག”

ཕྱོགས་བསྡོམས།

རྣམ་རྟོག་གི་རིགས་མི་འདྲ་བ་ལ་གོ་རྟོགས་མེད་པའི་སྒོ་ནས་ང་ཚོས་གནད་དོན་དེ་དག་ཐམས་ཅད་སྒོམ་ལ་གནོད་གཞི་ཅན་ཞིག་ཡིན་པ་མ་ཟད། ཉིན་རེའི་མི་ཚེའི་ནང་གནོད་གཞི་ཅན་ཞིག་ཡིན་ཞེས་བསམ་བློ་ནོར་བ་འཁོར་སྲིད་པ་རེད། སྒོམ་གྱི་རིགས་མང་ཆེ་བའི་ནང་། ང་ཚོས་སེམས་ནང་གི་སྒྲ་དེ་ཞི་འཇམ་བཟོ་དགོས་ཤིང་། སྔོན་ཚུད་ཀྱི་ཚོད་དཔག་ཡོངས་སུ་རྫོགས་པ་འདོར་དགོས། འོན་ཀྱང་སྒོམ་ཉམས་ལེན་ཧ་ཅང་ཚད་མཐོ་པོ་བྱེད་མཁན་མ་གཏོགས། སྒོམ་གྱི་ཕྱི་ནང་གཉིས་ཀའི་ཐད་ནས་ཤེས་རྟོགས་ཤིག་ཡོང་བ་ལ། ང་ཚོས་ཚིག་གི་ལམ་ནས་བརྗོད་རུང་མ་བརྗོད་རུང་། གང་ལྟར་སེམས་ཀྱི་སྡེ་ཚན་ཞིག་གི་ནང་སྒྲིག་པའམ་འཇུག་དགོས་ཀྱི་ཡོད།།

Top