རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚེའི་མཛད་རྣམ།

སྐྱེས་བུ་དམ་པའི་མཛད་རྣམ་ལོ་རྒྱུས་ལ་རྣམ་ཐར་ཟེར། དེ་ཡིས་ཉན་པ་པོ་རྣམས་བླ་མའི་མིག་དཔེ་བཟང་པོའི་རྗེས་སུ་འཇུག་དགོས་པ་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕོང་ཐོབ་པར་སེམས་སྐུལ་བྱེད་ཀྱི་ཡོད་སྟབས་རྣམ་ཐར་ཟེར། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་མཛད་རྣམ་ལོ་རྒྱུས་ནི་དངོས་གནས་དྲང་གནས་སེམས་འགུལ་ཐེབས་པོ་ཞིག་ཡོད།

ལུང་བསྟན་ཁག་དང་བྱིས་པའི་དུས།

སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་དང་གུ་རུ་རིན་པོ་ཆེ་གཉིས་ཀས་རྗེ་ཙོང་ཁ་པའི་འཁྲུངས་ཚུལ་དང་རྟོགས་པའི་ཡོན་ཏན་ཐོབ་ཚུལ་གྱི་ལུང་བསྟན་གནང་ཡོད། སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་རྗེ་ཙོང་ཁ་པའི་རྣམ་སྤྲུལ་གོང་མ་ཡིན་པའི་གཞོན་ནུ་ཞིག་གིས་སྟོན་པར་ཤེལ་གྱི་ཕྲེང་བ་ཞིག་ཕུལ་བ་དང་། སངས་རྒྱས་ནས་ཁོང་ལ་དུང་ཞིག་གནང་བ་རེད། སངས་རྒྱས་ཀྱིས་བོད་དུ་བུ་དེའི་རྣམ་སྤྲུལ་དུ་རྗེ་བཙུན་འཇམ་དཔལ་དབྱངས་འཁྲུངས་ཤིང། དགའ་ལྡན་དགོན་པ་ཕྱག་བཏབ་པ་དང་། ངའི་སྐུ་རྟེན་ལ་དབུ་རྒྱན་ཞིག་འབུལ་བའི་ལུང་བསྟན་གནང་བ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་བུ་དེའི་མ་འོངས་པའི་མཚན་དུ་སུ་མཏི་ཀཱིརྟིའམ་བློ་བཟང་གྲགས་པ་ཞེས་བསྩལ་གནང་བ་རེད། གུ་རུ་རིན་པོ་ཆེས་ཀྱང་རྒྱ་ནག་དང་ཉེ་བའི་ས་ཁུལ་ཞིག་ཏུ་བཙུན་པ་བློ་བཟང་གྲགས་པ་ཞེས་པ་ཞིག་འཁྲུངས་ཚུལ་དང་བྱང་ཆུབ་སེམས་དཔའ་ཆེན་པོའི་རྣམ་སྤྲུལ་དུ་ངོས་འཛིན་ཚུལ་དང་། ལོངས་སྐུའི་རྟེན་དུ་སངས་རྒྱས་ཀྱི་སྐུ་འདྲ་བཞེངས་རྒྱུའི་ལུང་བསྟན་གནང་ཡོད།

རྗེ་ཙོང་ཁ་པ་མ་འཁྲུངས་གོང་དུ་བྱུང་བའི་རྟགས་མཚན་འགས་ཁོང་སྐྱེས་བུ་ཆེན་པོ་ཞིག་ཡིན་པར་བསྟན་ཡོད། དཔེར་ན། ཁོང་གི་ཡབ་ཡུམ་གཉིས་ལ་བྱིས་པ་དེ་སྤྱན་རས་གཟིགས་དང། འཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཡིན་ཚུལ་བཅས་ཀྱིས་བཀྲ་ཤིས་པའི་རྨི་ལམ་མང་པོ་བྱུང། ཁོང་གི་མ་འོངས་པའི་དགེ་བའི་བཤེས་གཉེན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་མཇལ་སྣང་དུ་རྡོ་རྗེ་འཇིགས་བྱེད་ཀྱིས་ཁོང་ཉིད་ལོ་ཚིགས་ངེས་ཅན་ཞིག་གི་ནང་བོད་བྱང་ཤར་ཨ་མདོའི་ཁུལ་དུ་འཁྲུངས་ནས་ཁོང་གི་སློབ་མར་འགྱུར་ཚུལ་གསུངས་ཡོད་པ་རེད།

ཕྱི་ལོ་ ༡༣༥༧ ལོར་རྗེ་ཙོང་ཁ་པ་མཆོག་ཨ་མདོ་ཙོང་ཁའི་ཡུལ་དུ་བུ་ཕྲུག་དྲུག་ནས་བཞི་པར་སྐུ་བལྟམས། རྗེ་ཙོང་ཁ་པ་འཁྲུངས་པའི་ཕྱི་ཉིན་ཆོས་རྗེ་དོན་གྲུབ་རིན་ཆེན་ནས་ཁོང་གི་སློབ་མ་གཙོ་བོ་དེར་ལག་རྟགས་སུ་སྐུ་ཞིག་དང་། ཡི་གེ་བཅས་བསྐུར་ནས་ཡབ་ཡུམ་གཉིས་སར་མངགས། ཁོང་གི་ལྟེ་ཐག་ལྷུང་སའི་གནས་དེར་ཙན་དན་གྱི་ཤིང་སྡོང་ཞིག་སྐྱེས་ཤིང། ལོ་མ་རེ་རེར་སངས་རྒྱས་སེང་གེ་སྒྲ་ཡི་སྐུ་བརྙན་རང་བྱུང་འབུམ་བྱུང་བས་སྐུ་འབུམ་ཞེས་བརྗོད། ཕྱིས་སུ་གནས་དེར་དགེ་ལུགས་པའི་དགོན་པ་སྐུ་འབུམ་ཞེས་པ་དེ་ཕྱག་བཏབ།

རྗེ་ཙོང་ཁ་པ་ནི་སྤྱིེར་བཏང་གི་ཕྲུ་གུ་དཀྱུས་མ་དང་མི་འདྲ་བར། ཁོང་ནས་སྤྱོད་ངན་རིགས་རྩ་བ་ཉིད་ནས་མི་གནང་ཞིང། བྱང་ཆུབ་སེམས་དཔའི་སྤྱོད་པར་ལྷན་སྐྱེས་སུ་འཇུག་པ་དང་ཧ་ཅང་རིག་པ་རྣོ་ལ་རྟག་ཏུ་ཤེས་བྱའི་གནས་ཐམས་ཅད་ལ་སྦྱང་འདོད་དང་མཁྱེན་འདོད་གནང་གི་ཡོད། དགུང་ལོ་གསུམ་ལ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་ (༡༣༤༠-༡༣༨༣) ལས་དགེ་བསྙེན་གྱི་སྡོམ་པ་བཞེས། རིང་པོ་མ་སོང་བར་ཁོང་གི་ཡབ་ཀྱིས་ཆོས་རྗེ་དོན་གྲུབ་རིན་ཆེན་ཁྱིམ་དུ་གདན་འདྲེན་ཞུས། བླ་མས་བུའི་སློབ་སྦྱོང་དང་ཡོན་ཏན་གྱི་འགན་བཞེས་གནང་རྒྱུའི་སྐོར་ཞུས་པར་ཡབ་ནས་དགའ་པོའི་ངང་ནས་ངོས་ལེན་ཞུས་ཤིང། ཁོང་དགུང་ལོ་བདུན་གྱི་བར་ཁྱིམ་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་དྲུང་དུ་སློབ་གཉེར་གནང་ནས་བཞུགས། སློབ་ཁྲིད་གནང་མི་དགོས་པར་བླ་མས་ལྗགས་ཀློག་གནང་བ་མཐོང་བ་ཙམ་གྱིས་ལྗགས་ཀློག་གནང་ཚུལ་ངང་ངམ་ཤུགས་ཀྱིས་མཁྱེན་གྱི་ཡོད།

དེའི་རིང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཁོང་ལ་བདེ་མཆོག་དྲིལ་བུ་ལྷ་ལྔ་དང། ཀྱེེ་རྡོ་རྗེ། འཇིགས་བྱེད། ཕྱག་ན་རྡོ་རྗེ་བཅས་ཀྱི་དབང་རྣམས་གནང། དགུང་ལོ་བདུན་སོན་པའི་སྐབས་དེ་དག་གི་ཆོ་ག་ཚང་མ་བློ་ཐོག་འཛིན་གནང་བསྒྲུབས་པ་དང། འཁོར་ལོ་བདེ་མཆོག་གི་སྐུ་མཚམས་བཞུགས་ཚར་ཞིང། བདག་འཇུག་གི་ཉམས་ལེན་གནང་འགོ་བཙུགས་ཟིན་ནས། ཕྱག་ན་རྡོ་རྗེ་མཇལ་སྣང་བྱུང་ཟིན་པ་རེད། ཁོང་ལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ (༩༨༢-༡༠༥༤) ཡང་ནས་ཡང་དུ་མནལ་ལམ་བཏང་གི་ཡོད་པ་དེ་ནི། ཇོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་གནང་པ་ནང་བཞིན་ཁོང་ནས་བོད་དུ་མདོ་སྔགས་ཟུང་དུ་འབྲེལ་བའི་ཆོས་གོ་ནོར་བྱུང་བ་རྣམས་བཅོས་ནས་ཡང་དག་པའི་ཆོས་སླར་གསོ་མཛད་ངེས་ཡིན་པའི་རྟགས་མཚན་ཡིན།

དགུང་ལོ་བདུན་སྐབས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པ་དང་སྡོམ་པ་འབོག་སྐབས་ཀྱི་ཆོས་མིང་དུ་བློ་བཟང་གྲགས་པ་ཞེས་གནང་ཡོད། དེ་ནས་ཁོང་དགུང་ལོ་བཅུ་དྲུག་བར་དུ་རང་གི་བླ་མའི་དྲུང་དུ་མུ་མཐུད་ནས་སློབ་གཉེར་གནང་བ་དང་། དུས་ཚོད་དེའི་མཚམས་སུ་ཁོང་དབུས་གཙང་དུ་བསླབ་པ་སློབ་གཉེར་མུ་མཐུད་གནང་བར་ཕེབས་ནས་བཟུང་ཕ་ཡུལ་དུ་ཕྱིར་ལོག་གནང་མེད། ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་ཨ་མདོར་རང་འཇགས་བཞུགས་ནས་སྐུ་འབུམ་གྱི་ལྷོ་ངོས་སུ་བྱ་ཁྱུང་དགོན་པ་ཕྱག་བཏབ་གནང་བ་རེད།

དབུས་གཙང་དུ་ཐོག་མའི་སློབ་གཉེར།

རྗེ་ཙོང་ཁ་པས་བོད་དབུས་སུ་ཐོག་མའི་སློབ་གཉེར་དེ་འབྲི་གུང་དགོན་པ་ཞིག་ཏུ་གནང་། དེར་ཁོང་ནས་ཕྱག་ཆེན་ལྔ་ལྡན་ཞེས་འབྲི་གུང་གི་ཕྱག་ཆེན་ལུགས་དང། སྨན། བྱང་ཆུབ་སེམས་ཀྱི་སྐོར་རྒྱ་ཆེར་སློབ་གཉེར་གནང། དགུང་ལོ་བཅུ་བདུན་གྱི་མཚམས་སུ་སྨན་པ་མཁས་པར་གྱུར། དེ་ནས་རྙིང་མ་དང། བཀའ་བརྒྱུད། བཀའ་གདམས་པ། ས་སྐྱའི་དགོན་པར་མངོན་རྟོགས་རྒྱན་དང་རྒྱལ་བ་བྱམས་པའི་གཞུང་གཞན་རྣམས་ཉིན་གྲངས་འགའ་ཤས་ནང་དུ་སློབ་གཉེར་དང་བློ་འཛིན་གནང། དེ་ལྟར་རྗེ་རིན་པོ་ཆེ་དགུང་ལོ་བཅུ་དགུའི་མཚམས་སུ་མཁས་པ་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ཚར་བ་རེད།

ཁོང་ནས་བོད་ཀྱི་ནང་པའི་དགོན་པ་སྙན་གྲགས་ཆེ་ཤོས་མང་ཆེ་བར་མུ་མཐུད་ཕེབས་ཏེ། དགེ་བཤེས་སྦྱོང་བརྡར་གྱི་བརྗོད་བྱར་གྱུར་བའི་གཞུང་ཆེན་མོ་ལྔ་དང་། རྒྱ་གར་གྱི་ལྟ་གྲུབ་ལམ་ལུགས་རྣམས་སློབ་གཉེར་གནང་ཞིང། དེ་དག་ལ་རྩོད་པའམ་རྟགས་གསལ་བཏང་བ་དང་རྩོད་རྒྱུགས་སུ་ཞུགས་གནང་ཡོད། ཁོང་ནས་བཀའ་གདམས་པའི་ལམ་རིམ་གྱི་ཁྲིད་དང། གསང་སྔགས་ཀྱི་དབང་ལུང་མང་པོ་གསན་ཞིང། ས་སྐྱའི་ལུགས་ཀྱི་ལམ་འབྲས་དང་། འབྲི་གུང་ལུགས་ཀྱི་ནཱ་རོ་ཆོས་དྲུག །དུས་འཁོར་བཅས་ཐོབ་ཡོད། དེར་མ་ཟད། ཁོང་ནས་སྙན་ངག་རྩོམ་བྲིས་དང། སྐར་རྩིས་རིག་པ། མཎྡལ་བཞེང་ཚུལ་སོགས་ཀྱང་སློབ་གཉེར་གནང་ཡོད། ཁོང་གིས་སློབ་གཉེར་ཡོངས་སུ་རྫོགས་པ་ཐེངས་གཅིག་གསན་ནས་རྟོགས་པ་དང་གསལ་པོ་དྲན་གྱི་ཡོད་པ་ནི་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་འདྲ་པོ་ཡོད་པ་རེད།

རྗེ་ཙོང་ཁ་པར་རྟག་ཏུ་ངེས་འབྱུང་གི་བསམ་པ་ཤུགས་ཆེན་ཡོད། ཁོང་ནས་ཆེས་སྙེམ་ཆུང་གི་འཚོ་བ་སྐྱེལ་བ་དང་སྡོམ་པ་གཙང་མར་བསྲུང་ཞིང། ཞི་གནས་དང་ལྷག་མཐོང་ལས་སླ་པོའི་སྒོ་ནས་རྒྱུད་ལ་སྐྱེས་ཀྱང་། ཁོང་གི་རྒྱུད་ལ་སྐྱེས་པའི་རྟོགས་པའམ་སྦྱངས་པ་དེར་ནམ་ཡང་འདོད་པ་ཚིམ་གྱི་མེད། ཁོང་ནས་མུ་མཐུད་འགྲིམ་འགྲུལ་གནང་སྟེ་གཞུང་རང་འཇགས་ཡིན་ཡང་དཔེ་ཁྲིད་ཡང་ཡང་ཞུས་ཤིང། ཁོང་དང་དུས་མཉམ་གྱི་སློབ་དཔོན་མཁས་པ་ཆེན་པོ་མང་ཆེ་བའི་ལྷན་དུ་རྩོད་པ་དང་རྩོད་རྒྱུགས་སུ་ཞུགས་གནང་མཛད་པ་རེད། ཁོང་གི་དགེ་རྒན་ནམ་བླ་མ་གཙོ་བོ་གཅིག་ནི་ས་སྐྱའི་སློབ་དཔོན་རེད་མདའ་བ་གཞོན་ནུ་བློ་གྲོས་ (༡༣༤༩-༡༤༡༢) ཡིན་པ་རེད། རྗེ་ཙོང་ཁ་པས་ཁོང་ལ་གསོལ་འདེབས་བསྟོད་ཚིགས་དམིགས་བརྩེ་མ་ལྗགས་རྩོམ་གནང་བ་རེད། འོན་ཀྱང་རེད་མདའ་བས་དེ་ནི་རྗེ་ཙོང་ཁ་པ་ལ་འོས་པར་དགོངས་ནས་འདོན་པ་ཁ་བསྒྱུར་གནང་སྟེ་རང་འཇགས་ཕུལ་བ་རེད། ཕྱིས་སུ་དེ་རྗེ་ཙོང་ཁ་པའི་བླ་མའི་རྣལ་འབྱོར་ཆེད་དུ་འདོན་པའི་ཚིགས་བཅད་གསོལ་འདེབས་སུ་གྱུར་བ་རེད།

གསུང་ཆོས་དང་ལྗགས་རྩོམ་གྱི་ཐོག་མ།

དགུང་ལོ་ཉི་ཤུའི་ནང་དུ་རྗེ་ཙོང་ཁ་པས་ཐོག་མར་ཆོས་མངོན་པ་མཛོད་ཀྱི་ཆོས་གསུངས་གནང་བ་དང། ཁོང་གི་སྦྱངས་པའི་ཡོན་ཏན་ལ་མི་ཚང་མ་ཧོན་འཐོར་བ་རེད། ཁོང་གིས་ལྗགས་རྩོམ་དང་སྒྲུབ་པ་ཉམས་ལེན་མང་བ་གནང་མགོ་འཛུགས། རིང་པོར་མ་སོང་བར་ཁོང་ལ་སློབ་མ་མང་པོ་བྱུང། ལོ་རྒྱུས་འགའ་ཞིག་ཏུ་ཁོང་གིས་དགེ་སློང་གི་སྡོམ་པ་དེ་དགུང་ལོ་ཉི་ཤུ་རྩ་གཅིག་ལ་བཞེས་པར་གསུངས་ཡོད་ཀྱང་། ལོ་ཚིགས་ག་དུས་དགེ་སློང་གི་སྡོམ་པ་བཞེས་མིན་དེར་ངེས་པ་མེད། དགུང་ལོ་ཉི་ཤུའི་རྗེས་སུ་ཡིན་མདོག་ཁ་པོ་རེད།

ཐེངས་མ་གཅིག་ལ་ཁོང་གིས་བཀའ་འགྱུར་དང་བསྟན་འགྱུར་ཡོངས་རྫོགས་ལ་སློབ་གཉེར་དང་དཔྱད་ཞིབ་གནང་བ་དང། དེ་རྗེས་ཁོང་དགུང་ལོ་སུམ་ཅུ་སོ་གཉིས་བཞེས་པའི་སྐབས་ཁོང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་རྟོགས་རྒྱན་གྱི་འགྲེལ་བ་ལེགས་བཤད་གསེར་ཕྲེང་ཞེས་པ་ལྗགས་རྩོམ་གནང། ཁོང་གིས་རྒྱ་འགྲེལ་ཉེར་གཅིག་ཡོངས་རྫོགས་གཅིག་ཏུ་སྡེབ་ནས་གྲོས་བསྡུར་གནང་ཡོད་པ་དང་། གང་ལྗགས་རྩོམ་གནང་བ་ཚང་མ་འཕགས་བོད་ནང་ཆོས་ཀྱི་རྩོམ་རིག་ཡོངས་རྫོགས་ནས་ལུང་འདྲེན་གནང་ནས་བསྒྱུར་མི་འདྲ་བར་ཞིབ་བསྡུར་དང་རྩོམ་སྒྲིག་གི་སྒོ་ནས་ཁུངས་སྐྱེལ་ར་སྤྲོད་གནང་ཡོད། ཁོང་ནི་མཁས་པ་གོང་མ་རྣམས་དང་མི་འདྲ་བར། གཞུང་གང་འདྲ་ཞིག་ཡིན་ནའང་དཀའ་གནད་ཆེ་ཤོས་དང་བརྗོད་བྱ་མི་གསལ་བ་རྣམས་ནམ་ཡང་མི་འདོར་བར་འགྲེལ་བརྗོད་གསལ་པོ་གནང་མཁན་ཞིག་ཡིན།

སྤྱིར་བཏང་ཙོང་ཁ་པས་ཉིེན་རེར་བོད་ཀྱི་སྲོལ་རྒྱུན་དཔེ་ཆའི་ཤོག་ངོས་རེར་ཡིག་ཕྲེང་དགུ་ཡོད་པའི་ཤོག་ལྷེ་བཅུ་བདུན་བློ་འཛིན་གནང་ཐུབ་ཀྱི་ཡོད། ཐེངས་ཤིག་མཁས་དབང་རྣམ་པས་དགོན་པའི་རྩེར་ཡོད་པའི་དར་ལྕོག་ལ་ཉི་མ་མ་ཕོག་སྔོན་ལ་བློ་འཛིན་ཤོག་ལྷེ་མང་ཤོས་སུས་བྱེད་ཐུབ་མིན་གྱི་བློ་འཛིན་འགྲན་བསྡུར་ཞིག་གནང་བ་རེད། དེའི་སྐབས་རྗེ་ཙོང་ཁ་པས་ནོར་འཁྲུལ་མེད་པར་ཤོག་ལྷེ་བཞི་དག་བདེ་ཆུ་རྒྱུག་རྒྱུག་གིས་ངག་ནས་འདོན་གནང་བས་རྒྱལ་ཁ་ཐོབ་པ་རེད། ཨང་རིམ་གཉིས་པ་སོན་པའི་མཁས་དབང་དེས་དཀའ་ལས་ཁག་པོའི་སྒོ་ནས་ཤོག་ལྷེ་གཉིས་དང་ཕྱེད་ཀ་ཙམ་ཁྱར་ཁྱོར་ངང་འདོན་ཐུབ་པ་བྱུང་ཡོད།

རིང་པོར་མ་སོང་བར། རྗེ་ཙོང་ཁ་པས་གསང་སྔགས་ཀྱི་དབང་ལུང་དང་དམིགས་བསལ་དུ་ཤེས་རབ་ཀྱི་ཆེད་དུ་ལྷ་མོ་དབྱངས་ཅན་མའི་རྗེས་གནང་བཅས་གནང་མགོ་འཛུགས་ཤིང། གསང་སྔགས་ཀྱི་ཆོས་དང་ཁྱད་པར་དུ་དུས་འཁོར་གྱི་རྒྱུད་ལ་སློབ་གཉེར་མུ་མཐུད་གནང་རེད།

བླ་མའམ་སློབ་དཔོན་དམ་པ་ཞིག་གིས་དུས་གཅིག་ཏུ་གཞུང་བཅུ་གཅིག་ཁྲིད་གནང་བའི་མཚན་སྙན་ཆེན་པོ་ཡོད་པས། སློབ་མ་ཞིག་ནས་རྗེ་ཙོང་ཁ་པར་དེ་ལྟར་གནང་བར་གསོལ་འདེབས་གནང། དེ་ལས་ལྡོག་སྟེ། ཙོང་ཁ་པས་ཉིན་གཅིག་ཏུ་ཐུན་རེར་བློ་ཐོག་ནས་ཤེར་ཕྱིན་གྱི་མདོ་ཆེ་ཁག་བཅུ་བདུན་འཆད་ཁྲིད་གནང་འགོ་འཛུགས་གནང་བ་དང་། གཞུང་དེ་དག་ཉིན་དེ་ག་རང་ནས་འགོ་བཙུགས་ཏེ་ཟླ་བ་གསུམ་གྱི་རྗེས་སུ་ཉིན་དེ་ག་རང་གི་ནང་ལ་མཇུག་སྒྲིལ་གནང་གི་ཡོད། ཁོང་གིས་འཆད་ཁྲིད་གནང་བའི་སྐབས་མ་དག་པའི་འགྲེལ་བ་རེ་རེ་ནས་བཀག་སྟེ་སོ་སོ་རང་ཉིད་ཀྱི་ལྟ་བ་གཏན་ལ་ཕབ་གནང་གི་ཡོད། ཉིན་ལྟར་གསུང་ཆོས་གནང་བའི་སྐབས་འཇིགས་བྱེད་ཀྱི་བདག་འཇུག་དང་སྔགས་ཀྱི་ཉམས་ལེན་གཞན་ཆ་ཚང་གནང་གི་ཡོད།

གལ་ཏེ་ང་ཚོས་དགུང་གྲངས་དྲུག་ཅུ་རེ་གཉིས་བཞུགས་པའི་ཁོང་གི་སྐུ་ཚེའི་བརྒྱུད་རིམ་དུ་བསླབ་པ་སློབ་གཉེར་ག་ཚོད་གནང་ཡོད་པ་དང། ཐ་ན་ཚ་ཚ་བཞེངས་གྲུབ་ལ་སོགས་པའི་ཉམས་ལེན་ག་ཚོད་གནང་ཡོད་པ། དེ་བཞིན་ལྗགས་རྩོམ་ག་ཚོད་གནང་བ། དཔེ་ཁྲིད་ག་ཚོད་གནང་བ། མཚམས་ལ་ག་ཚོད་བཞུགས་གནང་བ་སོགས་ལ་བལྟས་ན། མི་སུ་འདྲ་ཞིག་གིས་སོ་སོའི་མི་ཚེའི་ནང་ཁོང་གི་མཛད་པ་འཕྲིན་ལས་ནང་ནས་གཅིག་ཀྱང་བྱེད་ཐུབ་པ་མི་སྲིད་པ་ལྟ་བུ་ཡོད་པ་རེད།

གསང་སྔགས་ལ་གཟབ་ནན་གྱི་སློབ་གཉེར་དང་ཉམས་ལེན།

དེའི་རྗེས་སུ་རྗེ་ཙོང་ཁ་པ་ཆེན་པོས་བཀའ་བརྒྱུད་པའི་ལུགས་བཞིན་འཁོར་ལོའི་བདེ་མཆོག་གམ་འཁོར་ལོ་སྡོམ་པའི་ཐོག་གསང་སྔགས་ཀྱི་སྒོམ་གྲུབ་ཉམས་ལེན་རྒྱ་ཆེ་བ་དེ་ཐོག་མར་གནང། ཁོང་གིས་མཚམས་འདི་བཞུགས་པའི་རིང་ནཱ་རོ་ཆོས་དྲུག་དང་ནི་གུའི་ཆོས་དྲུག་ཐོག་སྒོམ་ཤུགས་ཆེན་པོ་གནང་བས། རྟོགས་པ་ཆེན་པོ་རྙེད་པ་རེད།

དེའི་མཚམས་སུ་དགུང་ལོ་སོ་བཞིའི་སྐབས་ཁོང་ནས་རྒྱུད་སྡེ་བཞི་ཚང་མར་གཟབ་ནན་གྱི་སློབ་གཉེར་དང་ཉམས་ལེན་ལ་འཇུག་པའི་ཐུགས་ཐག་ཆོད་པ་དང། ཕྱིས་སུ་ཁོང་ནས་རྒྱུད་སྡེ་འོག་མ་གསུམ་གྱི་ཉམས་ལེན་དང་རྟོགས་པ་ཟབ་མོ་མ་བྱུང་བར་རྣལ་འབྱོར་བླ་མེད་རྒྱུད་ཀྱི་ཟབ་གནད་ལ་དངོས་སུ་ཡི་རངས་དང་བསྔགས་བརྗོད་བྱེད་མི་ཐུབ་པའི་སྐོར་བྲིས་གནང་ཡོད། དེ་བརྟེན་ཁོང་ནས་སླར་ཡང་གང་སར་འགྲིམ་འགྲུལ་ཕེབས་ནས་རྒྱུད་སྡེ་འོག་མ་གསུམ་གྱི་ཐོག་ལ་དབང་དང་ཆོས་ཁྲིད་མང་པོ་ཐོབ་པ་རེད། ཁོང་གིས་ད་དུང་གསང་བ་འདུས་པ་དང་དུས་ཀྱི་འཁོར་ལོའི་རྫོགས་རིམ་ལྔའི་སྐོར་སློབ་གཉེར་གནང་བ་རེད།

སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་སྐྱེད་ཆེད་སློབ་གཉེར་དང་བསྙེན་མཚམས།

རྗེ་ཙོང་ཁ་པས་ཀརྨ་བཀའ་བརྒྱུད་ཀྱི་བླ་མ་དབུ་མ་པ་དཔའ་བོ་རྡོ་རྗེའི་ལྷན་དུ་འཇམ་དབྱངས་རྒྱུད་ཀྱི་འཁོར་ལོ་དང་དབུ་མའི་ཉམས་ལེན་རྣམས་སློབ་སྦྱོང་གནང་བར་ཕེབས། སློབ་དཔོན་ཆེན་པོ་དེས་ས་སྐྱའི་ཆོས་ལུགས་ཀྱི་དབུ་མའི་གྲུབ་མཐའ་སློབ་གཉེར་གནང་ཞིང་། ཆུང་བྱིས་པའི་དུས་ནས་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་མཇལ་ཏེ་ཉིན་ལྟར་ཤོ་ལོ་ཀ་རེར་སློབ་ཁྲིད་གནང་གི་ཡོད། རྗེ་ཙོང་ཁ་པ་དང་ཁོང་གཉིས་ཕན་ཚུན་བླ་སློབ་ཏུ་གྱུར། བླ་མ་དབུ་མ་པས་རྗེ་ཙོང་ཁ་པར་རྗེ་བཙུན་འཇམ་དཔལ་དབྱངས་མཇལ་ཏེ་སློབ་ཁྲིད་གནང་བ་དེ་ཡང་དག་ཡིན་མིན་ངེས་གཏན་འཁེལ་བའི་ཆེད་དཔྱད་པ་གནང་བ་རེད། སྐབས་འགར་མཇལ་སྣང་ལ་གདོན་གྱིས་ཤུགས་རྐྱེན་ཐེབས་སྲིད་པས། དེ་ལྟར་དཔྱད་པ་གནང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།

བླ་མ་དབུ་མ་པ་དང་ལྷན་དུ་རྗེ་ཙོང་ཁ་པས་རྗེ་བཙུན་འཇམ་དཔལ་དབྱངས་བསྒོམས་ནས་གཟབ་ནན་གྱིས་སྐུ་མཚམས་བཞུགས་གནང་བ་དང། དུས་དེ་ནས་བཟུང་རྗེ་ཙོང་ཁ་པར་དག་སྣང་དུ་རྗེ་བཙུན་འཇམ་དཔལ་དབྱངས་ལས་དངོས་སུ་ལུང་དང་གདམས་ངག་ཐོབ་པ་དང་། ཁོང་ནས་བཀའ་འདྲི་ཞུས་པ་ཚང་མའི་བཀའ་ལན་ཐོབ་པ་རེད། དེའི་སྔོན་ལ་འཇམ་དཔལ་དབྱངས་ལ་བཀའ་འདྲི་རྣམས་བླ་མ་དབུ་མ་པའི་བརྒྱུད་ནས་ཞུ་དགོས་ཀྱི་ཡོད།

སྐུ་མཚམས་སུ་བཞུགས་སྐབས་ཁོང་ནས་ད་དུང་དབུ་མ་དང་གསང་བ་འདུས་པའི་རྟོགས་པ་ཡང་དག་པ་ཞིག་མེད་པའི་ཚོར་སྣང་བྱུང་བ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཁོང་ལ། སྒོམ་རྒྱུན་རིང་པོ་བཞུགས་པ་ན་ཁོང་གི་གདམས་ངག་ཟིན་བྲིས་སུ་བཀོད་པ་རྣམས་ཀྱི་གོ་བ་བརྙེད་ཀྱི་རེད་ཅེས་བསླབ་བྱ་གནང་བ་རེད། དེར་བརྟེན་རྗེ་ཙོང་ཁ་པས་ཆོས་ཁྲིད་ཏོག་ཙམ་གནང་རྗེས། རང་གི་དངོས་སློབ་བརྒྱད་དང་ལྷན་དུ་འོལ་ཁ་ཆོས་ལུང་དུ་ལོ་བཞིར་སྐུ་མཚམས་སུ་ཞུགས། ཁོང་རྣམ་པས་ལྟུང་བཤགས་ཀྱི་སངས་རྒྱས་སོ་ལྔ་རེ་རེར་ཕྱག་འབུམ་རེ་འཚལ་ཏེ། ཕྱག་འབུམ་སུམ་ཅུ་སོ་ལྔ་འཚལ་ཞིང། མཎྡལ་འབུམ་བཅོ་བརྒྱད་དང་ལྷན་དུ་འཇིགས་བྱེད་ཀྱི་བདག་འཇུག་དང་བྱང་ཆུབ་སེམས་ཀྱི་སྤྱོད་པའི་ཆེད་མདོ་ཕལ་པོ་ཆེར་སློབ་གཉེར་གནང། ཕྱིས་སུ་ཁོང་རྣམ་པར་རྒྱལ་བ་བྱམས་པའི་མཇལ་སྣང་བྱུང་བ་རེད།

སྐུ་མཚམས་བསྒྲུབས་པའི་རྗེས་སུ་ཙོང་ཁ་པ་དང་ཁོང་གི་སློབ་མ་རྣམས་ཀྱིས་འཛིང་ཇི་གླིང་ལ་རྒྱལ་བ་བྱམས་པའི་སྐུ་ཆེན་པོ་ཞིག་བསྐྱར་གསོ་གནང་བ་དེ་ཁོང་གི་མཛད་ཆེན་བཞིའི་ནང་ནས་དང་པོ་ཡིན་པ་རེད། དེ་ནས་ཁོང་རྣམ་པ་ད་དུང་ཟླ་བ་ལྔ་སྐུ་མཚམས་བཞུགས་པར་ཕེབས། དེའི་རྗེས་སུ་རྒྱུན་དུ་ཕྱག་ན་རྡོ་རྗེ་ཞལ་མཇལ་མཁན་གྱི་རྙིང་མའི་བླ་མ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་ཙོང་ཁ་པ་གདན་འདྲེན་ཞུས་ཏེ། ཁོང་རྣམ་གཉིས་ཕན་ཚུན་བླ་སློབ་ཏུ་གྱུར། ཁོང་གིས་བཀའ་གདམས་ལམ་རིམ་དང་ལུང་གི་བརྒྱུད་རྣམས་གནང།

རྗེ་ཙོང་ཁ་པ་ད་དུང་སློབ་གཉེར་གནང་བའི་ཆེད་རྒྱ་གར་དུ་བསྐྱོད་འདོད་ཡོད་ཀྱང་། ཕྱག་ན་རྡོ་རྗེས་ཁོང་ལ་བོད་དུ་འགྲོ་དོན་ཆེ་བས་བཞུགས་དགོས་པའི་བཀའ་སློབ་གནང་བ་བཞིན་རང་འཇགས་བཞུགས། ཕྱིས་སུ་ཁོང་ནས་མདོ་ཕྱོགས་ཀྱི་ལམ་དུ་ལམ་རིམ་ཆེན་མོ་དང་རྒྱུད་སྡེ་བཞིའི་ཉམས་ལེན་གྱི་ལམ་དུ་སྔགས་རིམ་ཆེན་མོ་མཛད་རྒྱུའི་ཐུགས་ཐག་བཅད་གནང་བ་རེད།

དེ་ནས་རྗེ་ཙོང་ཁ་པས་དུས་འཁོར་རྫོགས་རིམ་གྱི་སྐུ་མཚམས་གཟབ་ནན་བཞུགས་པ་དང་། དེའི་རྗེས་སུ་ལོ་གཅིག་རིང་དབུ་མའི་ཐོག་སྐུ་མཚམས་བཞུགས་གནང་མཛད། ཙོང་ཁ་པས་དབུ་མ་དང་སྟོང་ཉིད་སྐོར་ཧ་ཅང་མང་པོ་ཞིག་རང་གི་དགེ་བའི་བཤེས་གཉེན་རྣམ་པའི་དྲུང་ནས་གསན་བསམ་གནང་ཡང་འགྲེལ་བའི་གནས་ཚད་ལ་ཁོང་རྩ་བ་ནས་ཚིམས་པ་ཞིག་བྱུང་མེད། ལོ་གཅིག་གི་སྐུ་མཚམས་དེ་མ་བཞུགས་པའི་གོང་དུ་རྗེ་བཙུན་འཇམ་དཔལ་དབྱངས་ནས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དབུ་མའི་འགྲེལ་བ་ལ་བསྟེན་དགོས་པའི་བཀའ་ཕེབས་ཡོད་པ་དང། ཙོང་ཁ་པས་དེ་ལྟར་གནང་བའི་མཇུག་འབྲས་སུ་སྐུ་མཚམས་བཞུགས་པའི་རིང་སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་ཡོངས་སུ་རྫོགས་པ་བསྐྱེད་པ་རེད།

ཙོང་ཁ་པས་ཁོང་ཉིད་ཀྱི་རྟོགས་པ་ལ་གཞི་བཅོལ་ཏེ། ཁོང་དང་དུས་མཉམ་གྱི་སློབ་དཔོན་དང་མཁས་པ་རྣམ་པས་དབུ་མ་ཐལ་གྱུར་པའི་སྟོང་ཉིད་ཀྱི་དོན་རྟོགས་ཚུལ་དང་། དེ་དང་འབྲེལ་བའི་བརྗོད་གཞི་ཁག་ལ་དགོངས་པ་བཞེས་ཕྱོགས་ཆ་ཚང་བསྐྱར་བཅོས་མཛད་གནང་བ་རེད། ཁོང་གིས་ཡོད་བཞིན་པའི་དགོངས་པ་དང་ཡིད་ཆེས་རྣམས་ཆ་མི་ཚང་བ་དང་ལྡེང་མིན་གཟིགས་པའི་སྐབས་དེ་ལས་བརྒལ་བར་འགྲོ་བའི་བློ་སྟོབས་ལྡན་པས། དེའི་ཐད་ནས་བཤད་ན། ཁོང་ནི་མཐར་ཕྱིན་པའི་ལེགས་བཅོས་གནང་མཁན་ཞིག་རེད།

ཙོང་ཁ་པས་གང་བཅོས་བསྒྱུར་གནང་བ་རྣམས་རྟག་ཏུ་ལུང་དང་རིགས་པར་གཞི་བཅོལ་གྱི་ཡོད། རྒྱ་གར་གྱི་གཞུང་ཆེན་མོ་རྣམས་ཀྱི་དོན་ཟབ་ཤོས་དང་འདྲ་བར་ཁོང་ཉིད་ཀྱི་ལྟ་བ་གཏན་ལ་ཕབ་པའི་སྐབས། ཁོང་གིས་ཁོང་དངདགེ་བའི་བཤེས་གཉེན་བར་གྱི་དམ་ཚིག་དང་འབྲེལ་བ་བརྟན་པོ་ལ་རྩིས་མེད་རྡོག་རོལ་གཏོང་གི་མེད། ང་ཚོས་སོ་སོའི་དགེ་བའི་བཤེས་གཉེན་ནམ་བླ་མ་རྣམས་སངས་རྒྱས་ལྟ་བུར་མཐོང་དགོས་པ་དེས་ཁོང་ཚོའི་མཁྱེན་པ་ལས་བརྒལ་ནས་ང་ཚོས་རྟོགས་པ་སྐྱེ་མི་ཆོག་ཅེས་པའི་དོན་མིན། དེ་ལ་མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་གཉིས་པས་གཤམ་གྱི་དཔེར་བརྗོད་དང་སྦྲགས་ནས་གསུངས་ཡོད་པ་ནི། མངར་ཟས་ཀྱི་རིགས་འཁུར་རའམ་ཀེག་ལྟ་བུ་བཟོ་བ་ལ། གྲོ་ཞིབ་དང། མར། འོ་མ། སྒོ་ང་ལ་སོགས་པའི་ཟས་རིགས་རྫས་ཆ་མང་པོ་བསྲེས་ནས་བླུགས་དགོས་ཀྱི་ཡོད། དགེ་བའི་བཤེས་གཉེན་རྣམས་ཀྱིས་ང་ཚོར་འཁུར་ར་བཟོ་སྟངས་སློབ་སྟོན་གནང་སྟེ་འཁུར་ར་ཁ་ཤས་བཟོ་གནང་གི་ཡོད། དེ་དག་བྲོ་བ་ཧ་ཅང་ཞིམ་པོ་ཡོད་པ་དང་ང་ཚོས་དེའི་བྲོ་བ་སྐྱིད་པོའི་ངང་མྱོང་སྲིད་པ་རེད། དགེ་རྒན་གྱི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ང་ཚོས་འཁུར་ར་བཟོ་སྟངས་ཤེས་ཀྱི་ཡོད། འདིས་ང་ཚོས་བསྒྱུར་བཅོས་ཁ་ཤས་གཏོང་མི་ཆོག་པ་དང། ཟས་རིགས་རྫས་ཆ་མི་འདྲ་བ་གཞན་བླུགས་མི་ཆོག་པ། དགེ་རྒན་གྱིས་བཟོས་གནང་བའི་འཁུར་ར་ལས་ཞིམ་པ་བཟོ་མི་ཆོག་བཅས་པའི་དོན་མིན། བསྒྱུར་བཅོས་གནང་བ་དེས་ང་ཚོས་དགེ་རྒན་ལ་བརྩི་བཀུར་མེད་པ་སྟོན་གྱི་མེད། གལ་ཏེ་དགེ་རྒན་ཡང་དག་པ་དང་ཚད་ལྡན་ཞིག་ཡིན་ན། ང་ཚོའི་འཁུར་ར་བཟོ་སྟངས་དང་དེའི་ནང་གི་རྫས་ཆ་སྤྱོད་སྟངས་ཡར་རྒྱས་བཏང་བ་དེར་རྗེས་སུ་ཡི་རངས་གནང་ཞིང་། ང་ཚོ་དང་མཉམ་དུ་འཁུར་གསར་པ་དེའི་བྲོ་བ་མྱོང་གནང་གི་རེད།

རླབས་ཆེན་གྱི་མཛད་པ་གཞན།

རྗེ་ཙོང་ཁ་པས་ཆོས་ཁྲིད་མང་པོ་གནང་བའི་རྗེས་ཁོང་གི་དགེ་བའི་བཤེས་གཉེན་རྗེ་བཙུན་རེད་མདའ་བ་དང་ལྷན་དུ་སྐུ་མཚམས་སུ་ཡང་བསྐྱར་བཞུགས་པ་དང་། ལམ་རིམ་ཆེན་མོ་མང་ཆེ་བ་བྲིས་གནང་མཛད་པ་རེད། སྐུ་མཚམས་བཞུགས་སྐབས་ཟླ་བ་གཅིག་གི་བར་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་ལམ་རིམ་གྱི་བླ་མ་བརྒྱུད་པ་རྣམས་མཇལ་སྣང་བྱུང་སྟེ་དྭོགས་གཅོད་མང་པོ་གནང་བ་རེད། ཁོང་ད་དུང་མུ་མཐུད་འབྲི་གུང་བཀའ་བརྒྱུད་ཀྱི་ནཱ་རོ་ཆོས་དྲུག་དང་ཕྱག་ཆེན་རྣམས་སློབ་གཉེར་གནང། དེའི་རྗེས་སུ་ཆར་དུས་རིང་ཁོང་ནས་འདུལ་བ་ཁྲིད་གནང་བ་རེད། དེར་བརྟེན་དེ་ནི་ཁོང་གི་རླབས་ཆེན་གྱི་མཛད་པ་གཉིས་པ་དེ་ཡིན་པ་གསལ་པོ་རེད།

ལམ་རིམ་ཆེན་མོ་བསྒྲུབས་པའི་རྗེས་སུ་ཁོང་ནས་གསང་སྔགས་སམ་རྒྱུད་ཀྱི་སྐོར་རྒྱ་ཆེར་དཔེ་ཁྲིད་གནང་རྒྱུའི་ཐུགས་ཐག་ཆོད་པ་དང། ཐོག་མ་དེར་ཁོང་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་བླ་མ་ལྔ་བཅུ་པ་གཉིས་རྒྱུད་ཉམས་ལེན་གྱི་རྨང་གཞི་ལྟ་བུ་ཡིན་པར་ནན་བཤད་ཆེད་འགྲེལ་བ་རྒྱས་པ་ལྗགས་རྩོམ་གནང་བརེད། ཁོང་ནས་དཔེ་ཁྲིད་མུ་མཐུད་གནང་བའི་སྐབས་སྔགས་རིམ་ཆེན་མོ་དང་གསང་བ་འདུས་པའི་འགྲེལ་བ་མང་པོ་ལྗགས་རྩོམ་གནང་ཞིང། འཇིགས་བྱེད་དང་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མའི་གཞུང་རྣམས་ཀྱང་བྲིས་གནང་ཡོད།

རྒྱ་ནག་རྒྱལ་པོས་ཁོང་རྒྱལ་པོའི་ཡོངས་འཛིན་གནང་བའི་ཆེད་དུ་གདན་འདྲེན་ཞུས་ཀྱང་། ཁོང་ལོ་ན་རྒས་པ་དང་སྐུ་མཚམས་ལ་ཞུགས་འདོད་ཡོད་ཚུལ་གསུངས་ནས་དགོངས་སེལ་ཞུས་པ་རེད།

 དེའི་རྗེས་ཀྱི་ལོ་གཉིས་རིང་རྗེ་ཙོང་ཁ་པས་ལམ་རིམ་དང་རྒྱུད་གཉིས་རྒྱ་ཆེར་ཁྲིད་གནང་ཞིང་། ཐེག་པ་ཆེན་པོའི་གྲུབ་མཐའི་དྲང་དོན་དང་ངེས་དོན་ཐོག་དྲང་ངེས་ལེགས་བཤད་སྙིང་པོ་ལྗགས་རྩོམ་གནང་བ་རེད། དེ་ནས་ཕྱི་ལོ་ ༡༤༠༩ ལོར་དགུང་ལོ་ང་གཉིས་ལ་ལྷ་སའི་ཇོ་ཁང་དུ་སྨོན་ལམ་ཆེན་མོ་དབུ་འབྱེད་གནང་། ཁོང་གིས་བཅོམ་ལྡན་འདས་ཀྱི་སྐུ་ལ་གསེར་གྱི་དབུ་རྒྱན་ཕུལ་བ་དེས་སྤྲུལ་སྐུ་ཙམ་མིན་པར་ལོངས་སྐུ་ཡིན་པར་མཚོན་གྱི་ཡོད། ལོངས་སྐུའི་ངོ་བོར་ཡོད་པའི་སངས་རྒྱས་རྣམས་སེམས་ཅན་ཐམས་ཅད་འཁོར་བ་ནས་མ་གྲོལ་བར་གནས་ཤིང་སྤུལ་སྐུ་ནི་དུས་ཚོད་ཐུང་ངུ་རིང་ལས་གནས་ཀྱི་མེད། འདི་ནི་ཁོང་གི་རླབས་ཆེན་གྱི་མཛད་པ་གསུམ་པར་ངོས་འཛིན་གྱི་ཡོད། དེའི་རྗེས་ཁོང་གི་སློབ་མ་རྣམས་ནས་ཕྱི་བསྐྱོད་འགྲིམ་འགྲུལ་ཧ་ཅང་མང་པོ་མི་ཕེབས་པར་མཚམ་འཇོག་གནང་དགོས་སྐོར་ཞུས་ཤིང་གསོལ་བ་བཏབ་པ་དང་བཅས་ཁོང་གི་གདན་ས་དགའ་ལྡན་དགོན་པ་ཕྱག་བཏབ་པ་རེད།

དགའ་ལྡན་དགོན་པར་བཞུགས་ནས་མུ་མཐུད་ཆོས་ཁྲིད་དང་ལྗགས་རྩོམ་གནང་ཞིང་། ༼ཁོང་ནས་དམིགས་བསལ་བདེ་མཆོག་འཁོར་ལོ་སྡོམ་པའི་ཆོས་ཁྲིད་དང་ལྗགས་རྩོམ་གནང་།༽ སྐུ་མཚམས་སུ་སྒོམ་སྒྲུབ་གནང་ནས་བཞུགས། ཁོང་ནས་སངས་རྒྱས་སྐུ་ཆེན་པོ་ཞིག་དང་། ཟངས་ལས་གྲུབ་པའི་གསང་བ་འདུས་པ་དང། འཁོར་ལོ་བདེ་མཆོག། འཇིགས་བྱེད་བཅས་ཀྱི་དཀྱིལ་འཁོར་ཆ་ཚད་གསུམ་དང་ལྡན་པ་ཞིག་དགའ་ལྡན་གྱི་འདུ་ཁང་ཆེན་མོའི་ནང་བཞེངས་རྒྱུའི་བཀའ་མངགས་གནང་བ་རེད། འདི་ནི་ཁོང་གི་རླབས་ཆེན་གྱི་མཛད་པ་བཞི་པར་ངོས་འཛིན་བྱེད་པ་ཡིན། ཁོང་ནས་མུ་མཐུད་ཕྱག་དཔེ་ལྗགས་རྩོམ་གནང་སྟེ། མཐར་ཁོང་གི་གསུང་འབུམ་ཕྱག་དཔེ་བསྡོམས་པོད་བཅོ་བརྒྱད་ལྗགས་རྩོམ་གནང་བ་ལས་མང་ཤོས་ནི་རྒྱུད་གསང་བ་འདུས་པའི་སྐོར་ཡིན།

སྐུ་མྱ་ངན་ལས་འདའ་ཚུལ།

ཕྱི་ལོ་ ༡༤༡༩ ལོར་དགུང་གྲངས་རེ་གཉིས་སྐབས་རྗེ་ཙོང་ཁ་པ་ཆེན་པོ་དགའ་ལྡན་ལ་སྐུ་མྱ་ངན་ལས་འདའ་ཚུལ་བསྟན་པ་དང། སྐུ་མྱ་ངན་ལས་འདས་པའི་རྗེས་སུ་བར་དོར་འཕོ་རྒྱུ་བཞག་ནས་སྒྱུ་ལུས་ཐོབ་སྟེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད། འདི་ནི་དགེ་འདུན་པ་རྣམས་ཚངས་སྤྱོད་དམ་པོར་གནས་དགོས་རྒྱུར་ནན་པོ་གནང་བ་ཞིག་ཡིན། གང་ཡིན་ཞེ་ན། ཚེ་འདི་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར། མ་མཐར་ཡང་ཐེངས་གཅིག་གསང་ཡུམ་ཞིག་དང་མཉམ་དུ་ངེས་པར་ཉམས་ལེན་བྱེད་དགོས་ཀྱི་ཡོད་པས་ཡིན།

 ཁོང་དགོངས་པ་མ་རྫོགས་གོང་ནས་ཁོང་གི་དབུ་ཞྭ་དང་ན་བཟའ་རྣམས་རྒྱལ་ཚབ་རྗེ་དར་མ་རིན་ཆེན་ (༡༣༦༤-༡༤༣༢) ལ་གནང་སྟེ། རྒྱལ་ཚབ་རྗེ་ནས་དགའ་ལྡན་ཁྲི་པ་ལོ་བཅུ་གཉིས་གནང། དེ་ནས་བཟུང་དགའ་ལྡན་ཁྲི་པ་ཞེས་དགེ་ལུགས་པའི་ཆོས་ལུགས་ཀྱི་འགོ་འཛིན་གནང་བའི་ལུགས་སྲོལ་དེ་འགོ་བཙུགས་པ་རེད། ཁོང་གི་རྗེས་སུ་དགའ་ལྡན་ཁྲི་པ་ནི་མཁས་གྲུབ་རྗེ་དགེ་ལེགས་དཔལ་བཟང་ (༡༣༨༥-༡༤༣༨) ཡིན། ཕྱིས་སུ་ཁོང་ལ་རྗེ་ཙོང་ཁ་པའི་མཇལ་སྣང་ལྔ་བྱུང་བ་དང་། དེ་ཡིས་ཁོང་ལ་དྭོགས་གཅོད་གནང་བ་དང་བཀའ་འདྲི་ཁག་ལ་ལྗགས་ལན་གནང་གི་ཡོད་པ་རེད། དེ་ནས་བཟུང་དགེ་ལུགས་པའི་ཆོས་བརྒྱུད་དར་ཁྱབ་བྱུང་བ་ཡིན།

སློབ་མའི་ཚོགས།

ཁོང་གི་ཆོས་བརྒྱུད་མུ་མཐུད་བརྒྱུད་འཛིན་ཆེད་དངོས་སློབ་ཁ་ཤས་ཀྱིས་དགོན་པ་མང་པོ་ཕྱག་བཏབ་པ་དང་ཆོས་ཁྱབ་སྤེལ་གནང་ཡོད། ཕྱི་ལོ་ ༡༤༡༦ ལོར་རྗེ་རིན་པོ་ཆེ་ཞལ་བཞུགས་སྐབས་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ (༡༣༧༩-༡༤༤༩) གྱིས་འབྲས་སྤུངས་དགོན་པ་ཕྱག་བཏབ་པ་དང་།  ཕྱི་ལོ་ ༡༤༡༩ ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ (༡༣༥༤-༡༤༣༥) ཀྱིས་སེ་ར་དགོན་པ་ཕྱག་བཏབ། རྗེ་ཙོང་ཁ་པ་ཞིང་ལ་གཤེགས་པའི་རྗེས་སུ་རྒྱུད་ཤེས་རབ་སེང་གེས་ (༡༣༨༣-༡༤༤༥) ཕྱི་ལོ་ ༡༤༣༣ ལོར་རྒྱུད་སྨད་གྲྭ་ཚང་ཕྱག་བཏབ་པ་དང་། ཕྱི་ལོ་ ༡༤༤༧ ལོར་ྋགོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་རྒྱལ་བ་དགེ་འདུན་གྲུབ་ (༡༣༩༡-༡༤༧༤) ཀྱིས་བཀྲ་ཤིས་ལྷུན་པོ་དགོན་པ་ཕྱག་བཏབ་གནང་བ་བཅས་སོ།།

Top