རྫོགས་པ་ཆེན་པོ་ཟེར་བ་དེ་གང་རེད་དམ།

རྫོགས་པ་ཆེན་པོ་ལ་རྩོལ་མེད་ཀྱི་གྲགས་པ་ཞིག་ཡོད་སྲིད་ནའང་། དེ་ཐོག་མ་ཉིད་ནས་ཡང་དག་པ་ཉམས་སུ་བླང་བར། ང་ཚོས་ཕྱི་དང་ནང་གི་སྔོན་འགྲོའི་རིམ་པ་གང་དང་གང་ཡིན་ཤེས་པར་རྩོལ་བ་ཧ་ཅང་ཆེན་པོ་བྱེད་དགོས་ཀྱི་ཡོད། བརྩོན་འགྲུས་དང་ཤེས་རབ་གཉིས་ལ་བརྟེན་ནས་རྫོགས་པ་ཆེན་པོའི་ཆོས་འདི་སེམས་ཅན་ཐམས་ཅད་ལ་ཕན་ཕྱིར། སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཐབས་ལམ་ཧ་ཅང་ཟབ་ཅིང་ཕན་ནུས་ལྡན་པ་ཞིག་ཆགས་ཀྱི་ཡོད།

རྫོགས་པ་ཆེན་པོ་ནི། སེམས་ཀྱི་རིམ་པ་གཏིང་ཟབ་པ་དང་། ཤིན་ཏུ་ཕྲ་བ། རྨང་གཞིར་གྱུར་བའི་ཐོག་སྒོམ་པའི་ཉམས་ལེན་གྱི་ལམ་ལུགས་ཧ་ཅང་ཚད་མཐོ་པོ་ཞིག་ཡིན། སེམས་ཞེས་བྱ་ནི། ཡུལ་ལ་འཇུག་པའི་སེམས་ཀྱི་བྱེད་ལས་རྒྱུན་ཆད་མེད་པ་དེ་ལ་གོ་བ་དང་། དེ་ཡང་ལྟ་ཚུལ་གཞན་ཞིག་གི་ཐོག་ནས་འགྲེལ་བརྗོད་བྱས་ན། སྣང་བ་ ༼སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་༽ སྐྱེད་པར་བྱེད་པའི་སེམས་ཀྱི་བྱེད་ལས་ལྟ་བུ་ཡིན།

རྫོགས་པ་ཆེན་པོ་ཞེས་བྱ་བའི་ཐ་སྙད་ནི། དོན་ངོ་མར་སངས་རྒྱས་ཀྱི་གོ་འཕང་ལ་མངའ་བའི་ཡོན་ཏན་ཡོངས་སུ་རྫོགས་པ་རིག་པའི་ ༼དག་པའི་རིག་པ་༽ ནང་ཚང་ཡོད། དེ་ནི་དེ་དག་ཐམས་ཅད་ཀྱི་དོན་དམ་རྨང་གཞིར་གྱུར་བའི་རིམ་པ་དེ་ཡིན། གཞིའི་རིག་པ་སྟེ། ཐོག་མ་དང་མཐའ་མ་མེད་པ་དེ་ལ་ཁ་སྣོན་བྱེད་དགོས་པ་ཅི་ཡང་མེད་ནའང་། ཡོན་ཏན་དེ་དག་ད་ལྟ་ནུས་པ་ཡོངས་སུ་རྫོགས་པའི་ཐོག་ནས་བྱ་བ་བྱེད་ཀྱི་མེད། དེའི་རྒྱུ་མཚན་གང་ཡིན་ཞེ་ན། སྒྲིབ་བྱེད་ཀྱི་རྨོངས་པ་ ༼མགོ་འཐོམས་པ་༽ དེ་དུས་གཅིག་ཏུ་འབྱུང་གི་ཡོད། དེ་ཡང་ཐོག་མ་མེད་པ་ནས་འབྱུང་གི་ཡོད།

རྨོངས་པའི་རང་བཞིན་ནི་ཆོས་ཐམས་ཅད་ཀྱི་སྟོང་པའི་རང་བཞིན་གྱི་མ་རིག་པ་རང་ཤུགས་ཀྱིས་འབྱུང་བ་ཞིག་ཡིན། དེ་ནི་ཐབས་ལམ་མི་སྲིད་པ་གང་གི་ཆ་ནས་མ་གྲུབ་པ་དེ་ཡིན། དེས་རིག་པ་དེའི་རང་བཞིན་དག་པ་ “རང་རིག་པ་” ཞེས་བྱ་བ་དེ་ལ་སྒྲིབ་ཀྱི་ཡོད། རང་བཞིན་དག་པ་དེ་ལ་གསུམ་ཡོད་པ་ནི།

  • ཀ་དག །འདི་ནི་སེམས་རགས་པ་ཀུན་གྱིས་སྟོང་པ་དེ་ཡིན། དེ་ལ་བརྟེན་ནས་རྣམ་རྟོག་དང་། ཉོན་མོངས། ཐ་ན་ཐ་མལ་པའི་དབང་ཤེས་ཀྱང་འབྱུང་གི་ཡོད། ད་དུང་འདི་ནི་ཐབས་ལམ་མི་སྲིད་པ་ཀུན་གྱི་གཞི་ནས་དག་པ་ཡིན།
  • ལྷུན་འགྲུབ། འདིས་སྣང་བ་ཐམས་ཅད་ ༼སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་༽ སྐྱེ་བར་བྱེད་ཀྱི་ཡོད།
  • ཐུགས་རྗེ། འདིས་རྒྱུ་དང་རྐྱེན་དེ་བཞིན་གཞན་གྱི་དགོས་མཁོ་ལ་ཡ་ལན་གྱི་ཚུལ་དུ་སྤྲུལ་གྱི་ཡོད། ཕྱོགས་གཞན་ཞིག་ནས་འདིས་དགོས་མཁོ་ཅན་རྣམས་ལ་སྙིང་རྗེ་དང་བཅས་འབྲེལ་བ་བྱེད་ཀྱི་ཡོད།

དག་པའི་རང་བཞིན་དེ་གསུམ་པོ་རེ་རེ་བཞིན་དུ་ང་ཚོའི་ལུས་ངག་ཡིད་གསུམ་གྱི་འགན་འཁྲི་ཆགས་ཀྱི་ཡོད།

གཞིའི་རིག་པ་དེ་རྨོངས་པའི་གློ་བུར་བའི་རྐྱེན་དང་མཉམ་དུ་ཡོང་བའི་སྐབས། དེ་ནི་བག་ཆགས་ཀྱི་ཀུན་གཞི་ལྟ་བུར་བྱ་བ་བྱེད་ཀྱི་ཡོད། དེ་ནི་གཞིའི་རིག་པ་ཀུན་གཞི་དེའི་སྟེང་མིང་དུ་བཏགས་པ་སྟེ།

  • དྲན་པ།
  • ལས་ཀྱི་ནུས་པ་དང་བག་ཆགས།
  • ཉོན་མོངས་པའི་བག་ཆགས་དང་ཉོན་མོངས་མིང་ཙམ།
  • ཐབས་ལམ་མི་སྲིད་པའི་གྲུབ་ཚུལ་ལ་འཛིན་པའི་གོམས་པ།

རྫོགས་པ་ཆེན་པོའི་སྒོམ་གྱི་དམིགས་ཡུལ་ནི། ༡། རྨོངས་པ་འགོག་པའི་བདེན་པ་དང་། དེ་ནས་གོམས་པའི་ཀུན་གཞི་འགོག་པའི་བདེན་པ་འཐོབ་པར་བྱ་རྒྱུ་དང་། ༢། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ཕན་འདོགས་པར། རིག་པའི་ལྷན་སྐྱེས་ཀྱི་ཡོན་ཏན་མ་ལུས་པ་རྫོགས་པར་བྱེད་པའི་གོ་འཕང་འཐོབ་རྒྱུ་གཉིས་ཡིན།

རྫོགས་པ་ཆེན་པོ་ནི་བོད་ནང་སྔ་འགྱུར་རྙིང་མ་དང་བོན་པོའི་སྲོལ་རྒྱུན་ནས་གསུངས་ཡོད་པ་དང་། དུས་ཕྱིས་སུ་བཀའ་བརྒྱུད་པའི་ཆོས་བརྒྱུད་འདྲ་མིན་ནང་དུའང་མཉམ་སྡེབ་ཀྱིས་ཉམས་ལེན་གནང་ཡོད། སྔ་འགྱུར་རྙིང་མའི་ལུགས་ཀྱི་སེམས་ཀྱི་ཐེག་པ་རིམ་པ་དགུའི་དབྱེ་བའི་ལུགས་སུ་ཨ་ཏི་ཡོ་ག་ཞེས་རྒྱུད་ཀྱི་ཐེག་པ་དྲུག་ནང་གི་བླ་ན་མེད་པའམ་མཐོ་ཤོས་དེ་ཡིན་པ་རེད། འོན་ཀྱང་དེང་སང་རྫོགས་པ་ཆེན་པོའི་ལུགས་ཀྱི་སྒོམ་དེ་ཡང་སེ་མདོ་སྔགས་ཀྱི་སྐབས་དོན་གྱི་ཕྱི་ལོགས་སུ་ཆོས་ཁྲིད་བྱེད་ཀྱི་ཡོད། དཔེར་ན། སེམས་ཞི་འཇམ་བཟོ་བ་དང་ཞི་གནས་ཀྱི་རྩེ་གཅིག་པའི་ཏིང་ངེ་འཛིན་འཐོབ་པའི་ཐབས་སུ་ལག་བསྟར་བྱེད་པ་ལྟ་བུ་རེད། དེ་ཡང་ཧ་ཅང་ཕན་ནུས་ལྡན་པ་ཡོང་སྲིད་པ་ཡིན། གང་ལྟར་ཡང་། ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་རྫོགས་པ་ཆེན་པོའི་ཉམས་ལེན་དེ་གཞི་རྒྱ་ཆེ་བའི་སློབ་གཉེར་དང་ཉམས་ལེན་ལ་གཞི་བྱས་ཏེ་ལག་བསྟར་བྱེད་དགོས་ཀྱི་ཡོད། དེ་ཡང་།

  • ཕྱིའི་སྔོན་འགྲོ། ཕྱིའི་སྔོན་འགྲོའི་རིམ་པ་ལ། དལ་འབྱོར་གྱི་མི་ལུས་རིན་ཆེན་དང་། མི་རྟག་པ། འཁོར་བའི་སྡུག་བསྔལ། ལས་རྒྱུ་འབྲས་ཀྱི་རྣམ་གཞག ༼ཀུན་སྤྱོད།༽ ཐར་པའི་ཕན་ཡོན་ ༼ངེས་འབྱུང་།༽ བླ་མའམ་དགེ་བའི་བཤེས་གཉེན་མཚན་ཉིད་ཚང་བ་ཞིག་དང་འབྲེལ་བ་བཟང་པོ་དགོས་ཀྱི་ཡོད།
  • ནང་གི་སྔོན་འགྲོ། ནང་གི་སྔོན་འགྲོའི་རིམ་པ་ལ། སྐྱབས་འགྲོ་ ༼ཉེན་མེད་ཀྱི་ཁ་ཕྱོགས་༽ དང་མཉམ་དུ་ཕྱགས་འཚལ་བ་དང་། བྱམས་པ་དང་སྙིང་རྗེ་གཞི་ལ་བྱས་པའི་བྱང་ཆུབ་ཀྱི་སེམས། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་སྒོ་ནས་སྡིག་པ་སྦྱོང་བ། མཎྜལ་འབུལ་བ། ཕུང་པོ་གཟན་བསྐྱུར་གྱི་གདམས་པ་གཅོད་ཀྱི་འདོན་ཆོག །དེ་ནས་བླ་མའི་རྣལ་འབྱོར་བཅས་དགོས་ཀྱི་ཡོད།

དེ་དག་ཐམས་ཅད་ཚར་བའི་རྗེས་སུ་གསང་སྔགས་ཀྱི་དབང་འཐོབ་དགོས་ངེས་ཡིན་པ་དང་། རང་གིས་བླངས་པའི་སྡོམ་པ་རྣམས་བརྟན་པོ་དང་ཡང་དག་པར་བསྲུང་དགོས། དེ་ལ་གཞི་བྱས་ནས་ད་དུང་ཆ་རྐྱེན་གང་དགོས་ཞེ་ན།

  • མ་ཧཱ་ཡོ་གའམ་རྣལ་འབྱོར་ཆེན་པོའི་ཉམས་ལེན། ལྷའི་རྣལ་འབྱོར་སྒོམ་པ་སྟེ། ཡི་དམ་གྱི་ལྷ་དང་སྔགས་སྒོམ་པ།
  • ཨ་ནུ་ཡོ་གའམ་རྗེས་སུ་རྣལ་འབྱོར་གྱི་ཉམས་ལེན། ཕྲ་བའི་རླུང་དང་། རྩ། ཐིག་ལེ་སྒོམ་པ།

ཉམས་ལེན་དེ་དག་ཐམས་ཅད་ལས་དགེ་བའི་ནུས་པ་ ༼བསོད་ནམས་༽ དང་ཡེ་ཤེས་ཀྱི་ཚོགས་རླབས་པོ་ཆེ་ཞིག་བསགས་མེད་པ་དང་། ཚད་ལྡན་དགེ་བའི་བཤེས་གཉེན་གྱི་སེམས་སྐུལ་ ༼བྱིན་རླབས་༽ དང་ཉེ་བའི་ལམ་སྟོན་མེད་པར་རྫོགས་ཆེན་ཉམས་ལེན་ལམ་ལྷོང་ལྡན་པ་དང་མཐར་ཕྱིན་པ་ཞིག་ཡོང་མི་སྲིད་པ་ཡིན། དེ་ནི་དངོས་གནས་ཤིན་ཏུ་ཕྲ་ཞིང་དཀའ་བའི་གནས་ཞིག་ཡིན།

སྔོན་ཚུད་ཀྱི་བསམ་བློ་དང་། རེ་བ། སེམས་འཁྲལ་སོགས་གང་ཡང་མེད་པར་རྫོགས་ཆེན་གྱི་སྒོམ་ནི་ཐོག་མར་རང་གི་སེམས་ཀྱི་བྱེད་ལས་ལ་འདི་དང་དེ་ཞེས་ངག་གི་རྣམ་པར་རྟོག་པའི་བློ་བར་གྱི་སྟོང་ཆའི་བར་དུ་ཞི་འཇམ་བཟོ་བ་ནས་འགོ་བཙུག་གི་ཡོད། སྐད་ཅིག་རེ་རེ་དང་རྣམ་རྟོག་རེ་རེའི་ནང་ངག་གི་ཡིག་འབྲུ་རེ་རེ་དུས་གཅིག་ཏུ་སྐྱེ་གནས་འགག་གསུམ་ཡོང་གི་ཡོད། གལ་ཏེ་ང་ཚོས་དབུ་མའི་ལུགས་ཀྱི་སྐྱེ་འགག་གནས་གསུམ་དང་། རྒྱུད་རིམ་དེར་སྟངས་འཛིན་ནམ་ཞིབ་དཔྱོད་བྱེད་མཁན་གྱི་རྙེད་དུ་ཡོད་པའི་བདག་ཅེས་བྱ་བ་མཐའ་གཅིག་ཏུ་མེད་པའི་སྐོར་ལ་སྔོན་ཚུད་ནས་སློབ་གཉེར་བྱས་ཡོད་ན། གཞི་ནས་ང་ཚོས་ཚུལ་བཞིན་དུ་འདི་ངོས་འཛིན་བྱེད་ཐུབ། དུས་གཅིག་ཏུ་སྐྱེ་གནས་འགག་གསུམ་འབྱུང་བར་དྲན་པ་རྒྱུན་སྐྱོང་དུ་བསྟེན་པ་ལ་བརྟེན་ནས་དྲན་ཤེས་ལྡན་པའི་རྩོལ་བ་མི་དགོས་ཏེ། ངག་གི་རྣམ་པར་རྟོག་པ་དེ་རང་ཤུགས་ཀྱིས་རང་གྲོལ་འགྲོ་གི་ཡོད། དེའི་དོན་ནི་དེ་རང་ངོས་ནས་ཡལ་འགྲོ་བ་དང་ང་ཚོ་ནི་རྣམ་རྟོག་བར་གྱི་གནས་བབས་ནང་ཞི་ལྷིང་ངང་གནས་པ་ཡིན།

དེའི་རྗེས་ང་ཚོས་རྟོག་མེད་ཀྱི་དབང་པོའི་ཤེས་པ་དེ་སྐང་ཆ་ས་ཡར་ཕྱེ་བའི་དུས་གཅིག་ཏུ་འབྱུང་བའི་སྐྱེ་འགག་གནས་གསུམ་རྣམ་པར་འབྱེད་དགོས། དེ་ལྟའི་སྐར་ཆ་ས་ཡར་ཕྱེ་བའི་སྐབས། རྣམ་པར་འབྱེད་ཤིན་ཏུ་དཀའ་ཞིང་། ང་ཚོས་དབང་ཤེས་གཅིག་ཙམ་གྱི་གནས་ཚུལ་ཁོ་ན་རྟོགས་ཀྱི་ཡོད། ༼དཔེར་ན། ཁ་དོག་ཅན་གྱི་དབྱིབས་ཁོ་ན་ལྟ་བུ་༽ དེ་ཡང་རྟོག་པའི་སྒོ་ནས་དེ་དབང་ཤེས་གཞན་དག་ལས་བྱུང་བའི་གནས་ཚུལ་དང་བསྲེ་སྦྱོར་མ་བྱས་གོང་དང་། ད་དུང་སྐར་ཆ་ས་ཡར་ཕྱེ་བ་ལས་བྱུང་བའི་གནས་ཚུལ་དང་བསྲེ་སྦྱོར་གྱི་སེམས་དེ་ལ་ཀུན་རྫོབ་ཀྱི་ཡུལ་འདི་དང་དེ་ཞེས་མིང་དུ་མ་འདོགས་པའི་གོང་དུ་རྟོགས་ཀྱི་ཡོད། ང་ཚོས་ཐ་ན་སྐར་ཆ་ས་ཡར་ཕྱེ་བའི་བར་ལའང་སེམས་ཞི་ལྷིང་ངང་གནས་ཐུབ་པའི་སྐབས། བག་ཆགས་ཀྱི་ཀུན་གཞི་ཐོབ་རུང་བྱས་ཡོད། འདི་ནི་རྨོངས་པའི་རྐྱེན་དང་འདྲེས་ནས་ཡོད་ཙང་། ད་དུང་ཡང་རིག་པ་ཚད་བཀག་གི་རིགས་ཤིག་ཡིན།

ང་ཚོས་དེ་ལས་གཏིང་ཟབ་པ་དང་ཕྲ་ཞིང་ཕྲ་བར་འགྲོ་དགོས་ཤིང་། དེ་ལ་བརྟེན་ནས་ཡེ་ཤེས་ཀྱི་རང་བཞིན་ཀ་དག་དང་ལྷུན་གྲུབ་དང་ཡ་ལན་དང་ལྡན་པའི་རྟོག་པའི་བར་གྱི་སྟོང་ཆ་ངོ་རྟགས་ཆོད་པ་དང་ཉམས་སུ་མྱོང་གི་ཡོད། ང་ཚོས་དེ་ལྟར་བྱེད་པར་རང་གི་སེམས་ཀྱི་རང་བཞིན་ངོ་འཕྲོད་ཐུབ་པའི་ཐབས་ལམ་དམིགས་བསལ་དེ་འདྲ་བཀོལ་སྤྱོད་གཏོང་བའི་ཕྱིར། རྫོགས་ཆེན་གྱི་བླ་མའམ་དགེ་བའི་བཤེས་གཉེན་གྱི་རོགས་དགོས། ང་ཚོའི་རླུང་གི་ལམ་དེ་སྔོན་གྱི་རྗེས་སུ་རྣལ་འབྱོར་ཉམས་ལེན་ལ་བརྟེན་ནས་ཚིལ་ཞག་བྱུག་ཡོད་པ་སོང་ཙང་། སེམས་རགས་པའི་རིམ་པ་རྣམས་རང་ཤུགས་ཀྱིས་དེ་ལྟར་འབྱུང་བའི་རྩོལ་བ་བྱེད་མི་དགོས་པའི་ཐོག་ནས་མེད་པ་ཆགས་ཀྱི་ཡོད།

རྨོངས་པ་འགགས་པ་དང་ང་ཚོའི་བག་ཆགས་ཀྱི་ཀུན་གཞི་ནི་རྩལ་གྱི་རིག་པ་ཞིག་ཆགས་ཀྱི་ཡོད། དེ་ནི་རིག་པ་ཁོ་རང་གི་རྣམ་པའི་རྟོག་པའི་སྣང་བ་ ༼སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་༽ ཧུར་བརྩོན་དང་ལྡན་པའི་སྒོ་ནས་སྐྱེད་པར་བྱེད་པ་དང་། རྟོགས་པར་བྱེད་ཀྱི་ཡོད། དེ་ཡང་སྔ་མ་ནི་མངོན་གསལ་དོད་པ་ཡོད། འོན་ཀྱང་ང་ཚོས་ད་དུང་དེ་ལས་གཏིང་ཟབ་པའི་ནང་འགྲོ་དགོས། དུས་གཅིག་ཏུ་འབྱུང་བའི་སྐྱེ་འགག་གནས་གསུམ་གྱི་སྐར་ཆ་ས་ཡར་ཕྱེ་བའི་རྩལ་གྱི་རིག་པའི་དག་པའི་སྣང་བ་བཅས་དམིགས་པ་གཏད་པར། ང་ཚོས་རིག་པའི་ངོ་བོ་སྙིང་པོ་རྟོགས་དགོས། འདི་ནི་རིག་པ་ཀློང་ཡངས་ཆེན་པོའམ་རྟོག་པའི་དབྱིངས་ཀྱི་རྣམ་པ་ཡོད་པ་དང་། དེས་སྣང་བ་ཐམས་ཅད་ཤར་བ་དང་རྟོགས་པ་བྱེད་འཇུག་གི་ཡོད། དེ་ཡང་ཕྱི་མ་ནི་མངོན་གསལ་དོད་པ་ཡོད། ང་ཚོས་ངོས་འཛིན་པ་དང་དེར་དམིགས་པ་གཏད་པའི་སྐབས། དེ་ལས་ང་ཚོར་མཁྲེགས་ཆོད་འཐོབ་ཀྱི་ཡོད། དེ་ལ་མཐོང་བའི་ལམ་ཞེས་ཟེར། དེ་ནི་བྱང་ཆུབ་དུ་བགྲོད་པའི་ལམ་ལྔའི་ནང་གི་གསུམ་པ་དེ་རེད།

མ་ཧཱ་ཡོ་གའི་སྐབས་སུ་ཡི་དམ་གྱི་ལྷའི་ཉམས་ལེན་གྱི་འབྲས་བུར། རྩལ་གྱི་རིག་པ་བསྐྱེད་ནས་དེ་རང་ངོས་ནས་འཇའ་ལུས་སུ་རྟོགས་པར་བྱེད་པ་ལས་སྤྱིར་བཏང་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཕལ་པ་མི་རྟོགས། དེར་བརྟེན་ཐོད་རྒལ་སྐབས་ནི་སྒོམ་ལམ་ལ་གོམས་པ་དང་གཅིག་པ་ཡིན་ཞིང་། དེ་ལྟར་རིམ་པ་བཞི་བརྒྱུད་ནས་རྩལ་གྱི་རིག་པ་དེ་མངོན་གསལ་དོད་པོ་འགྲོ་བ་དང་དུས་མཉམ་དུ་མངོན་གསལ་དོད་པའི་ངོ་བོ་སྙིང་པོའི་རིག་པ་དེ་རྒྱུན་སྐྱོང་བར་བྱེད་ཀྱི་ཡོད། རྩལ་གྱི་རིག་པ་དང་ངོ་བོ་སྙིང་པོའི་རིག་པ་གཉིས་མངོན་གསལ་གཅིག་ཆགས་སྐབས། ང་ཚོ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་ཡིན། དེ་ཡང་ཉམས་ལེན་འདི་ཆ་ཚང་ནང་ཧ་ཅང་ཤུགས་ཆེ་བའི་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུན་སྐྱོང་བའི་འབྲས་བུར། ང་ཚོས་སེམས་ཅན་ཐམས་ཅད་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་ཐོགས་བསྒྲུབ་ནུས་པ་ཡིན།

ཕྱོགས་བསྡོམས།

རྫོགས་པ་ཆེན་པོ་ནི་ཐད་ཀ་དང་། རྩོལ་མེད་ཀྱི་ལམ་ནས་རང་སེམས་ཀྱི་རང་བཞིན་ནང་ཞི་ལྷིང་ངང་གནས་པའི་ཁྱད་རྣམ་དང་ལྡན་པ་ཡིན། ང་ཚོའི་རྟོག་པའི་མྱོང་བའི་ནང་གང་འབྱུང་བཞིན་པ་རྟོགས་པ་ཙམ་གྱིས་རྣམ་རྟོག་དང་རིག་པའི་རིམ་པ་གཞན་ཐམས་ཅད་འགགས་ནས་ང་ཚོའི་སེམས་དེ་སངས་རྒྱས་ཀྱི་དབང་པོའི་ནུས་པ་ཡོངས་སུ་ཚང་བ་ལ་བརྟེན་ནས་དག་པའི་སྣང་ངོར་སྐྱེད་པར་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་ཚེ་འདི་དང་ཕྱི་མའི་ནང་མདོ་སྔགས་གཉིས་ཀའི་སྔོན་འགྲོ་ཉམས་ལེན་ལ་བརྩོན་པ་ལྷོད་མེད་ཅིག་བྱས་མེད་ན། དེ་དག་ལས་གཅིག་ཀྱང་འབྱུང་མི་སྲིད་པ་ལྟ་བུ་ཡིན། ང་ཚོས་རྫོགས་ཆེན་ཉམས་ལེན་དེ་དཀའ་ལས་ཁག་པོ་ཡིན་པ་ལ་བྱིས་བློ་ལྟར་གཏི་མུག་དང་བཅས་མཐོང་ཆུང་བྱེད་མི་ཉན། འོན་ཀྱང་གྲ་སྒྲིག་འདང་ངེས་ལ་བརྟེན་ནས་རྫོགས་ཆེན་ཉམས་སུ་ལེན་པ་ནི། སེམས་ཅན་ཐམས་ཅད་ལ་ཕན་ཕྱིར་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའི་ཐབས་ལམ་ཟབ་ཤོས་ནང་གི་གཅིག་ཡིན།།

Top