ནང་པའི་ཆོས་ལུགས་ཀྱི་དབྱེ་བ།

00:45
སངས་རྒྱས་ཀྱི་ཆོས་དེ་ཨེ་ཤ་ཡའི་ས་ཕྱོགས་གང་ས་དང་། རིག་གཞུང་འདྲ་མིན་གྱི་ནང་དར་ཁྱབ་བྱུང་བ་དང་ཆབས་ཅིག་ས་གནས་དེའི་ཡུལ་མི་ཚོས། སྔ་མོ་ནས་ཡུལ་དེ་རང་དུ་བྱུང་བའི་ཆོས་ལུགས་དང་ཕྱོགས་འགལ་མེད་པའི་ནང་ཆོས་ཀྱི་ཆ་ཤས་རྣམས་དང་དུ་ལེན་ཡོད། དེར་བརྟེན་ནང་ཆོས་ཀྱི་དབྱེ་བ་མི་འདྲ་བ་མང་པོ་ཞིག་དར་རྒྱས་བྱུང་ཡོད་ལ། དེ་དག་རེ་རེ་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ལངས་ཕྱོགས་དང་ཚུལ་ལུགས་རེ་ཡོད། འོན་ཀྱང་། དེ་དག་ཐམས་ཅད་ཀྱིས། ནང་ཆོས་ཀྱི་དགོས་གལ་ཆེ་བའི་ཁྱད་ཆོས་གཙོ་བོ་རྣམས་ཕལ་ཆེ་བ་རང་སོར་བཞག་ཡོད། དེ་ནི་སངས་རྒྱས་ཀྱི་གསུངས་པའི་ལེགས་བཤད་ཀྱི་ཐབས་ལམ་ལ་གཞི་བཅོལ་ཏེ། སངས་རྒྱས་ཀྱི་གསུངས་པའི་ཆོས་རྣམས་ཁོང་གི་རྗེས་སུ་འབྲང་པའི་སློབ་མ་སོ་སོའི་བསམ་བློའི་ཆུ་ཚད་དང་རན་ཞིང་འཚམས་པ་ཞིག་ཡོང་བར་ཆེད་དུ་སྒྲིག་བཅོས་བྱེད་པ་ཞིག་རེད།

གཤམ་ལ་དེང་སང་ཡོད་བཞིན་པའི་ནང་ཆོས་ཀྱི་ལམ་ལུགས་གཙོ་ཆེ་བ་ཁག་མཚོན་ཐུབ་པའི་གནས་བརྟན་སྨྲ་བའམ་ཐེ་ར་ཝཱ་ད་དང་། རྒྱ་ནག་དང་བོད་ཀྱི་སངས་རྒྱས་པའི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཁ་ཤས་ལ་བལྟ་རྒྱུ་ཡིན། 

གནས་བརྟན་སྨྲ་བའམ་ཐེ་ར་ཝཱ་ད།

གནས་བརྟན་སྨྲ་བ་ནི། ལྷོ་ཤར་ཨེ་ཤི་ཡའི་ནང་ཉམས་ལེན་བྱེད་པ་དང་། དེས་དྲན་པ་ཉེར་བཞག་གི་སྒོམ་ཉམས་ལེན་ལ་གཙོ་བོར་ནན་ཏན་བྱེད་ཀྱི་ཡོད། དེ་ལྟར་ཡོང་བ་ལ། ཙོག་པུར་སྒོམ་རྒྱག་ནས་སྡོད་པའི་སྐབས་སུ། དབུགས་དང་ལུས་ཀྱི་ཚོར་བ་རྣམས་དང་། དེ་བཞིན་གོམ་པ་ཧ་ཅང་དལ་ལྷོད་ངང་སྤོ་བའི་སྐབས་ཀྱི་འགུལ་སྐྱོད་དང་ཀུན་སློང་བཅས་ལ་དམིགས་པ་གཏད་དགོས་པ་ཡིན། དེ་ལྟར་སྐད་ཅིག་རེ་རེའི་མཚམས་སུ་ཤར་བ་དང་ཡལ་བའི་རྟོག་པ་ལ་དྲན་པ་ཉེ་བར་བཞག་པ་བརྒྱུད། ཉམས་ལེན་བྱེད་མཁན་གང་ཟག་དེས་མི་རྟག་པའི་ཉམས་མྱོང་གི་རྟོགས་པ་མངོན་དུ་བྱེད་པ་ཡིན། གནས་ལུགས་ཀྱི་ཉམས་རྟོགས་དེ་རང་ཉིད་ཀྱི་ཉམས་མྱོང་ཚང་མ་ལ་དཔྱད་པ་བྱེད་ཆེད་བེད་སྤྱོད་བྱས་པའི་སྐབས། རྟག་པ་དང་འགྱུར་བ་མེད་པའི་བདག་མི་གཞན་དང་དངོས་པོ་གཞན་གང་ལའང་བརྟེན་མི་དགོས་པ་ཞིག་མེད་པ་ཤེས་ཀྱི་ཡོད། ཐམས་ཅད་སྐད་ཅིག་སྐད་ཅིག་ནང་འགྱུར་བ་འགྲོ་གི་ཡོད། དེའི་ལམ་ནས། རང་གཅེས་འཛིན་གྱི་བློ་དང་དེས་རྐྱེན་བྱས་ནས་བྱུང་བའི་སེམས་མི་སྐྱིད་པའམ། སྡུག་བསྔལ་ལས་ཐར་བར་བྱེད་པའི་དངོས་པོའི་གནས་ལུགས་ཀྱི་གོ་རྟོགས་དེ་རྙེད་ཀྱི་ཡོད།

གཞན་ཡང་གནས་བརྟན་སྨྲ་བའི་ལུགས་ཀྱིས། བྱམས་པ་ཚད་མེད་པ་དང་། སྙིང་རྗེ་ཚད་མེད་པ་དང་། བཏང་སྙོམ་ཚད་མེད་པ་དང་། དགའ་བ་ཚད་མེད་པ་བཅས་ཚད་མེད་བཞིའི་ཐོག་སྒོམ་ཉམས་ལེན་བྱེད་ཚུལ་གསུངས་ཡོད། འོན་ཀྱང་སྤྱི་ཚོགས་སུ་ཞུགས་པའི་སངས་རྒྱས་པའི་ཆོས་ (Engaged Buddhism) ཟེར་བའི་ལས་འགུལ་དེ་འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་མ་གཏོགས་དངོས་སུ་བྱུང་མེད་པ་དང། དེ་ཡང་ཐེ་ལེན་ཌི་ནས་འགོ་བཙུགས་ཏེ། སྤྱི་ཚོགས་དང་འཁོར་ཡུག་ཐད་རོགས་རམ་གྱི་ལས་གཞི་བྱེད་སྒོ་ཁག་གི་ནང་། ནང་པ་སངས་རྒྱས་པ་རྣམས་མཉམ་ཞུགས་ཐུབ་པའི་ཆེད་དུ་དམིགས་ཡོད།

དེར་མ་ཟད་གནས་བརྟན་སྨྲ་བའི་དགེ་འདུན་པ་རྣམས་ཀྱིས། ནང་པའི་གསུང་རབ་སློབ་སྦྱོང་བྱེད་པ་དང་། ངག་ནས་འདོན་ཞིང་། ཁྱིམ་པ་རྣམས་ཀྱི་ཆེད་ཆོ་ག་ཕྱག་ལེན་ཀྱང་གནང་གི་ཡོད། དགེ་འདུན་པ་རྣམས་ཀྱིས་ཉིན་ལྟར་ངག་བཅད་དེ་ལྷུང་གཟེད་བསྣམས་ནས་བསོད་སྙོམས་ལ་ཕེབས་པ་དང་། ཁྱིམ་པ་ཚོས་ཁོང་རྣམས་ལ་ཞལ་ལག་འབུལ་བའི་སྒོ་ནས་སྦྱིན་པའི་ཉམས་ལེན་བྱེད་ཀྱི་ཡོད།

ཤར་ཨེ་ཤི་ཡའི་ཐེག་པ་ཆེན་པོའི་ཆོས།

ཤར་ཨེ་ཤི་ཡའི་ཐེག་པ་ཆེན་པོའི་ཆོས་སྲོལ་དེ་རྒྱ་ནག་ནས་དར་བ་ཞིག་དང་། དེ་ལ་དབྱེ་བ་གཙོ་བོ་གཉིས་ལས། དག་པའི་ཞིང་ཁམས་ (Pure Land) དང་། ཉི་ཧོང་ནང་བསམ་གཏན་པའི་ཆོས་སྲོལ་འཛིན་པ་ཛེན་ (Zen) ཟེར་བ་གཉིས་ཡིན།

  • དག་པའི་ཞིང་ཁམས་སུ་སྐྱེ་བར་འདོད་པའི་ཆོས་སྲོལ་དེས། སངས་རྒྱས་འོད་དཔག་མེད་ཀྱི་མཚན་ངག་ནས་འདོན་པ་གཙོ་འདོན་བྱེད་ཀྱི་ཡོད། དེ་ལྟར་བྱས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་མཐུན་རྐྱེན་ཡོངས་སུ་ཚང་བའི་ལྷ་ཡུལ་གྱི་རིགས་ཤིག་སྟེ། འོད་དཔག་མེད་ཀྱི་བདེ་ལྡན་དག་པའི་ཞིང་ཁམས་སུ་སྐྱེ་ཐབས་བྱེད་པ་ཡིན།
  • ཛེན་བསམ་གཏན་པའི་ཆོས་སྲོལ་གྱིས། སེམས་ཀྱི་རང་བཞིན་སྙིང་རྗེ་ཅན་དང་ཤེས་རབ་དང་ལྡན་པའི་འོད་དེ་འཕྲོ་བར་བྱེད་པ་ལ། སེམས་རྣམ་རྟོག་གི་འཆར་སྒོ་ཐམས་ཅད་ལས་ཞི་བའི་ཆེད། དམ་བསྒྲགས་ཆེན་པོའི་སྒོམ་ཉམས་ལེན་བྱེད་པ་ཡིན།

ཆོས་སྲོལ་དེ་གཉིས་ཀའི་གྲྭ་པ་དང་བཙུན་མ་རྣམས་ཀྱིས། ཀོང་ཙེའི་རིག་གཞུང་ (Confucian culture) ཉར་ཚགས་བྱས་ཏེ། གསུང་རབ་ངག་ནས་འདོན་པ་དང་། དམིགས་བསལ་ཁྱིམ་པའི་སྤྱི་ཚོགས་ནང་གི་མི་ཤི་བའམ་ཚེ་ལས་འདས་པ་རྣམས་ཀྱི་ཆེད་དུ་ཆོ་ག་ཕྱག་ལེན་གནང་གི་ཡོད།

བོད་ཀྱི་ཐེག་པ་ཆེན་པོའི་ཆོས།

བོད་ཀྱི་ཐེག་ཆེན་ཆོས་སྲོལ་འདི་དབུས་ཨེ་ཤི་ཡའི་མགོ་ནས་མཇུག་བར་དར་ཁྱབ་བྱུང་བ་དང་། དེས་རྒྱ་གར་ནང་པའི་ཆོས་ལུགས་ཀྱི་ལོ་རྒྱུས་འཕེལ་རྒྱས་སུ་ཕྱིན་པ་ཆ་ཚང་བ་དང་། ལྷག་པར་དུ་སྐད་གྲགས་ཆེ་བའི་ནང་པའི་གཙུག་ལག་ཁང་དཔལ་ནཱ་ལེཎྡ་ལྟ་བུའི་ཆོས་སྲོལ་རྣམས་མི་ཉམས་རྒྱུན་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ལུགས་འདིས། རྒྱུ་མཚན་རིག་པ་དང་བགྲོ་གླེང་བརྒྱུད་ནས་སེམས་ཀྱི་རང་བཞིན་དང་སེམས་ཚོར་གྱི་རིགས། དེ་བཞིན་དུ་དངོས་པོའི་གནས་ལུགས་ཐད་སློབ་སྦྱོང་བྱ་རྒྱུ་གཙོ་ནན་བྱེད་པ་དང་སྦྲགས་བརྗོད་གཞི་དེ་དག་གི་ཐོག་ལ་སྒོམ་སྒྲུབ་ཉམས་ལེན་ཤུགས་ཆེན་གནང་གི་ཡོད།

 འདི་ལྟ་བུའི་བོད་བརྒྱུད་ནང་ཆོས་འདི་རྒྱ་གར་ནང་ཆོས་ཀྱི་རྒྱུན་སྲོལ་གསང་སྔགསཉམས་ལེན་དང་མཉམ་དུ་འབྲེལ་ནས་ཡོད་པ་དང། དེའི་ནང་བསམ་བློའི་ནུས་པ་དང་ལུས་ཀྱི་ནུས་པའམ་རླུང་ཕྲ་མོ་རྣམས་བེད་སྤྱོད་བྱས་ཏེ། རང་ཉིད་སངས་རྒྱས་ཀྱི་སྐུར་འགྱུར་ཐབས་བྱེད་ཀྱི་ཡོད། དེ་འདྲ་ཞིག་ཡོང་བ་ལ། སྟོང་པ་ཉིད་དང་སྙིང་རྗེ་ལ་སེམས་རྩེ་གཅིག་ཏུ་གཏད་དགོས་པ་དང་། དེའི་སྟེང་ནས་རང་ཉིད་སངས་རྒྱས་བྱེ་བྲག་གཅིག་གི་རྣམ་པར་གྱུར་སོང་བསམ་དགོས། རྣམ་པ་དེ་འདྲ་ལ་སྐབས་རེ་ང་ཚོས་ཡི་དམ་གྱི་ལྷ་ཞེས་ཟེར་གྱི་ཡོད་ཀྱང་། དེ་རྣམས་གོ་དོན་ནམ་བྱེད་ལས་གང་གི་ཆ་ནས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ (God) དང་འདྲ་གི་མེད། ནང་ཆོས་ནི་ལྷ་མང་པོ་བསྟེན་པའི་གྲུབ་མཐའ་སྨྲ་བ་ཞིག་རྩ་བ་ནས་མིན། ཡི་དམ་གྱི་ལྷ་རེ་རེ་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་རྣམ་པ་རེ་རེའི་མཚོན་རྟགས་ཡིན། དཔེར་ན། ཤེས་རབ་དང་སྙིང་རྗེ་ལྟ་བུ། རང་ཉིད་ཡི་དམ་གྱི་ལྷ་དེའི་གཟུགས་སུ་བསྒོམ་ནས། དེ་དང་འབྲེལ་ཡོད་ཀྱི་གཟུངས་སྔགས་འདོན་པ་ལ་བརྟེན་ནས་རང་ཉིད་རང་ལ་རྨོངས་པ་དང་། མི་དགེ་བའི་ལྟ་ཚུལ་ལས་ཐར་བ་དང་། ཡི་དམ་གྱི་ལྷ་དེའི་སྐུའི་ཆ་ཤས་སུ་གྱུར་བའི་ཡོན་ཏན་རྣམས་གོང་འཕེལ་དུ་འགྲོ་བར་རོགས་རམ་བྱེད་ཀྱི་ཡོད། ཉམས་ལེན་དེའི་རིགས་ནི་ཧ་ཅང་ཚད་མཐོ་པོ་ཡིན་པས། ཚད་དང་ལྡན་པའི་དགེ་རྒན་ནམ་བླ་མ་ཞིག་གི་ལམ་སྟོན་ཡག་པོ་ཞིག་དགོས་ཀྱི་ཡོད།
 
བོད་བརྒྱུད་ནང་ཆོས་ཀྱི་ནང་ད་དུང་ཞལ་འདོན་དང་ཆོ་ག་ཕྱག་ལེན་གྱི་རིགས་ཧ་ཅང་མང་པོ་ཡོད་ཅིང་། དེ་དག་ནི་རྒྱུན་དུ་ལྷ་དང་འདྲེ་ལ་སོགས་པའི་གེགས་དང་བར་ཆད་རྣམས་སེལ་བའི་ཆེད་དུ་ཡིན། ཆོ་ག་དེའི་རིགས་སྒྲུབ་པའི་སྐབས། རང་ཉིད་དཀའ་ཚེགས་ལས་རྣམ་པར་རྒྱལ་བའི་ཆེད་ནུས་པ་དང་གདེང་ཚོད་འཐོབ་པ་ལ། སྒོམ་གྱི་མཐུན་རྐྱེན་དུ་སོ་སོ་རང་ཉིད་ཧ་ཅང་དྲག་པོ་དང་ཁྲོ་བོའི་རྣམ་པ་ཅན་གྱི་དམིགས་རྣམ་དུ་བྱེད་ཀྱི་

ཡོད། བྱམས་པ་དང་སྙིང་རྗེ་རང་རྒྱུད་ལ་སྐྱེད་པའི་ཆེད་དུ་སྒོམ་གྱི་ཐབས་ཚུལ་ཐོག་ལ་གཟབ་ནན་ཆེན་པོ་བྱེད་པ་མ་ཟད། དམིགས་རྣམ་བེད་སྤྱོད་གཏོང་ཚུལ་ཡང་དེའི་ནང་ཚུད་ཡོད། 

བརྙན་པར། དགེ་སློང་མ་ཐུབ་བསྟན་ཆོས་སྒྲོན། “བོད་བརྒྱུད་ནང་བསྟན་དང་ནང་པའི་ཆོས་སྲོལ་གཞན།” 

ཕྱོགས་བསྡོམས།

གང་ལྟར་ཡང། ང་ཚོས་གནས་བརྟན་སྨྲ་བའི་དྲན་པ་ཉེར་བཞག་གྱི་ཉམས་ལེན་དང་། རྒྱ་ནག་ནང་གི་སངས་རྒྱས་འོད་དཔག་མེད་ཀྱི་མཚན་ངག་ནས་འདོན་པའམ། ཡང་ན་བོད་ནང་གི་བློ་རིག་རྟགས་རིག་སོགས་ཀྱི་བགྲོ་གླེང་དང་དམིགས་སྣམ་གྱི་ཉམས་ལེན་བྱེད་ཚུལ་ཁག་གང་ལ་བལྟ་བ་ཡིན་ནའང། ནང་ཆོས་ཀྱི་རྣམ་པ་མི་འདྲ་བ་ཚང་མ་སྐབས་དོན་གཅིག་གི་ནང་རན་ཞིང་འཚམས་པར་ཚུད་ཡོད་པ་དང་། དེ་དག་རེ་རེས་སྡུག་བསྔལ་ལས་ཐར་བ་དང་རང་གི་ནུས་པ་རྟོགས་པ་ལ་གནད་དུ་སྨིན་པའི་ཐབས་ལམ་མཁོ་སྤྲོད་བྱེད་པ་མ་ཟད། དེ་རང་ཉིད་ཁོ་ནའི་དོན་དུ་མ་ཡིན་པར། གཞན་སེམས་ཅན་ཐམས་ཅད་ལའང་ཕན་པ་གང་ཐུབ་ཅི་ཐུབ་ཡོང་བའི་ཆེད་དུ་ཡིན།

བརྙན་པར། དགེ་བཤེས་བཀྲ་ཤིས་ཚེ་རིང་། “ནང་ཆོས་ཀྱི་རྣམ་པ་མི་འདྲ་བ་རྣམས་མཉམ་དུ་ཉམས་ལེན་བྱེད་པ།” 
Top