ཨེ་ཤི་ཡ་ལ་ནང་ཆོས་དར་བ།

01:15
ནང་པ་སངས་རྒྱས་པའི་ཆོས་ལུགས་ཆེད་དུ་ཁྱབ་སྤེལ་གཏོང་བའི་ལས་འགུལ་གྱི་རིགས་རྩ་ནས་དར་རྒྱས་བྱུང་མེད་ཀྱང་། སངས་རྒྱས་ཀྱི་ཆོས་འདི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དར་ཁྱབ་ཧ་ཅང་ཆེན་པོ་བྱུང་ཡོད། དེ་ཡང་ཐོག་མར་ལྷོ་ཤར་ཨེ་ཤི་ཡའི་ནང་དར་བ་དང། དེ་ནས་དབུས་ཨེ་ཤི་ཡ་ནས་རྒྱ་ནག་དང་དེ་ནས་ཤར་ཨེ་ཤི་ཡའི་ཡུལ་གྲུ་ལྷག་མ་ཁག་གི་ནང་དར་ནས། མཐར་བོད་དང་དབུས་ཨེ་ཤི་ཡའི་ཐག་རིང་བའི་ས་ཆར་དར་ཡོད། ཡུལ་གྲུ་དེ་དག་གི་ནང་ཡང་ནས་ཡང་དུ་རང་བཞིན་གྱིས་དར་རྒྱས་སུ་ཕྱིན་ཡོད། དེ་གང་ཡིན་ཞེ་ན། ས་གནས་དེ་དག་གི་ཡུལ་མི་ཚོས་ཕྱི་རྒྱལ་ཚོང་པ་རྣམས་ཀྱིས་ནང་ཆོས་ལ་དད་པ་བྱེད་པ་དེ་ལ་དོ་སྣང་བྱུང་བ་ལ་བརྟེན་ནས་ཡིན།སྐབས་རེ་ས་གནས་དེར་དབང་སྒྱུར་མཁན་གྱི་རྒྱལ་པོས་འབངས་མི་སེར་རྣམ་བཟང་སྤྱོད་དང་ལྡན་པ་ཞིག་ཡོང་བ་ལ་ནང་ཆོས་རང་ལུགས་སུ་བསྟེན་ཡོད་ཀྱང་། མི་སུ་འདྲ་ཞིག་ལའང་བཙན་དབང་གིས་ནང་པར་འསྒྱུར་ཐབས་བྱས་མེད། སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་མང་ཚོགས་ལ་མཁོ་སྤྲོད་བྱས་ཤིང་། མི་མང་ཚོས་ངོས་ནས་རང་ཉིད་ལ་གང་ཕན་པ་དེ་འདམ་རྒྱུའི་རང་དབང་ཡོད་པ་རེད།

སངས་རྒྱས་ཀྱི་ཆོས་རྒྱ་གར་གྱི་ཉེ་བའི་གླིང་ཕྲན་ཁག་ཏུ་ཞི་བའི་ངང་ནས་ཁྱབ་པ་དང་། དེ་ནས་མུ་མཐུད་དེ་ཨེ་ཤི་ཡའི་ས་ཕྱོགས་གང་སར་རྒྱ་ཆེན་པོ་དར་ཁྱབ་བྱུང། ནང་ཆོས་རིག་གཞུང་གསར་པ་ཞིག་དང་ག་དུས་འཕྲད་རུང་། ནང་ཆོས་ཀྱི་ཐབས་ཚུལ་རྣམས་ས་གནས་ཀྱི་ཡུལ་མིའི་བསམ་བློའི་འཁྱེར་གསོ་དང་རན་ཞིང་འཚམས་པ་ཞིག་ཡོང་བའི་ཆེད་དུ། ཤེས་རབ་དང་སྙིང་རྗེའི་གལ་གནད་རྣམས་མ་བརླགས་པའི་སྒོ་ནས་རང་དབང་གིས་སྒྱུར་བཅོས་བཏང་ཡོད། ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་ཡོངས་ཁྱབ་བླ་ཆེན་ཁག་གིས་སྐྱོང་བའི་གདན་རབས་ཀྱི་དབང་ཚད་ཡོད་པ་ཞིག་གི་ཐོག་ནས་ནམ་ཡང་གོང་འཕེལ་ཕྱིན་མེད་པར། ནང་ཆོས་གང་དུ་དར་སའི་ཡུལ་ལུང་སོ་སོའི་ནང་རང་རང་གི་རྣམ་པ་དང་ཆོས་སྲོལ། ཆོས་ཀྱི་སྒྲོམ་གཞི་ལམ་ལུགས་དང། དེ་བཞིན་སོ་སོའི་ཆོས་ཀྱི་དབུ་ཁྲིད་བཅས་རྒྱ་བསྐྱེད་བྱུང་ཡོད། ད་ལྟའི་ཆར་དབང་ཚད་ཡོད་པའི་ནང་ནས་ཡོངས་གྲགས་སུ་རྒྱལ་སྤྱིའི་སྟེང་ཀུན་གྱིས་གུས་བརྩི་ཞུ་ས་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རེད། 

ལོ་རྒྱུས་མདོར་བསྡུས།

ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་གཙོ་བོ་དབྱེ་བ་གཉིས་ལས། ཐེག་པ་ཆུང་བའམ་ཉན་རང་ཐེག་པ་ནི། རང་ཉིད་འཁོར་བ་ལས་ཐར་བ་ལ་གཙོ་ནན་བྱེད་ཀྱི་ཡོད། དེ་ལ་ཚུལ་ལྡན་ཉམ་ཆུང་ཐེག་པ་ཞེས་ཟེར་ཆོག ཐེག་པ་ཆེན་པོའམ་རྒྱ་ཆེན་ཐེག་པ་ནི། གཞན་སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་དོ་ནན་གྱིས་འབད་བརྩོན་བྱེད་ཀྱི་ཡོད། ཐེག་པ་ཆེ་ཆུང་གཉིས་ཀ་ལ་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད། ད་ལྟའི་ཆར་ཆོས་སྲོལ་གཙོ་བོ་གསུམ་གནས་ཡོད་པ་ལས། དང་པོ་ནི་ལྷོ་ཤར་ཨེ་ཤི་ཡའི་ནང་ཡོད་པའི་ཐེག་པ་ཆུང་ངུའི་ནང་གསེས་གནས་བརྟན་སྨྲ་བའམ་ཐེ་ར་ཝཱ་ད་ཞེས་སུ་གྲགས་པ་དེ་ཡིན། གཉིས་པ་ནི་ཐེག་པ་ཆེན་པོ་སྟེ། དེ་ལ་ནང་གསེས་ཀྱི་དབྱེ་བ་གཉིས་ཡོད་པ་ནི། རྒྱ་ནག་གི་ཐེག་པ་ཆེན་པོའི་ཆོས་སྲོལ་དང་བོད་ཀྱི་ཐེག་པ་ཆེན་པོའི་ཆོས་སྲོལ་གཉིས་ཡིན།

  • གནས་བརྟན་སྨྲ་བའི་ཆོས་སྲོལ་དེ་རྒྱ་གར་ནས་ཤྲི་ལངྐ (Sri Lanka) ་དང་འབར་མའི་ (Burma) ༼མི་ཡཱན་མཱར་ (Myanmar) ༽ཡུལ་དུ་སྤྱི་ལོ་སྔོན་གྱི་དུས་རབས་ ༣ ནང་དར་ཁྱབ་བྱུང་ཡོད། དེ་ནས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ལྷག་མ་ཁག་གི་ནང་དུ་དར་འགོ་བཙུགས་ཡོད། དཔེར་ན། ཐེ་ལན་ཌི་ (Thailand) དང་། ཁམ་བྷོ་ཌི་ཡ་ (Cambodia) དང། ལའོ་སུ་ (Laos) ལྟ་བུ་རེད།
  • ཐེག་པ་ཆུ་ངུའི་ཆོས་སྲོལ་གཞན་དག་ནི། དེང་དུས་ཀྱི་པ་ཀི་སི་ཐཱན་ (Pakistan) དང་། ཨ་ཧྥ་གྷ་ནི་སི་ཐཱན (Afghanistan) ། ཤར་ཨཱི་རཱན་ (Iran) དང་དེའི་མཚོ་ཁའི་ས་ཁུལ། དེ་བཞིན་དབུས་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་ནང་དར་ཁྱབ་བྱུང་ཡོད། དབུས་ཨེ་ཤི་ཡ་ནས་རིམ་པས་སྤྱི་ལོ་དུས་རབས་༢པའི་ནང་རྒྱ་ནག་ཏུ་དར་ཁྱབ་བྱུང་། ཐེག་པ་ཆུང་ངུའི་ཆོས་སྲོལ་འདི་དག་དུས་ཕྱིས་སུ་རྒྱ་གར་ནས་གོང་བཞིན་དར་བའི་ཐེག་ཆེན་གྱི་ཆོས་དང་ཟུང་འབྲེལ་བྱུང་བ་དང་ཆབས་ཅིག་ཐེག་པ་ཆེན་པོའི་ཆོས་དེ་མཐར་རྒྱ་ནག་དང་དབུས་ཨེ་ཤི་ཡའི་ས་ཁུལ་མང་ཆེ་བའི་ནང་ཤུགས་ཆེན་པོ་དར་ནས་དབང་ཤུགས་ཆེ་བའི་ནང་ཆོས་སུ་འགྱུར་བཞིན་པའི་སྐབས་ཡིན། རྒྱ་ནག་གི་ཐེག་པ་ཆེན་པོའི་ཆོས་སྲོལ་དེ་ཕྱིས་སུ་ཀོ་རི་ཡ་ (Korea) དང་། ཉི་ཧོང་ (Japan) ། ཝི་ཊི་ནམ་ (Vietnam) བཅས་ཀྱི་ནང་དར་ཁྱབ་བྱུང་ཡོད།
  • བོད་ཀྱི་ཐེག་པ་ཆེན་པོའི་ཆོས་དེ་སྤྱི་ལོའི་དུས་རབས་ ༧ ནང་དར་འགོ་བཙུགས་ཡོད། དེས་རྒྱ་གར་ནང་པའི་ཆོས་ཀྱི་ལོ་རྒྱུས་འཕེལ་རིམ་ཡོངས་སུ་རྫོགས་པ་རྒྱུད་འཛིན་བྱས་ཤིང། བོད་ནས་ཧི་མ་ལ་ཡའི་ས་ཁུལ་གང་སར་དང་། དེ་ནས་སོག་ཡུལ་ (Mongolia) དང། དབུས་ཨེ་ཤི་ཡ་དང། ཨུ་རུ་སུའི་ (Russia) ས་ཁུལ་སྦུ་ཡ་ཊི་ (Buryatia) དང་། ཁལ་མུག་ (Kalmykia) དང་། ཏུ་ཝ་ (Tuva) བཅས་ཁ་ཤས་ཀྱི་ནང་དར་ཁྱབ་བྱུང་ཡོད།

ད་དུང་དུས་རབས་ ༢ ནས་རྒྱ་གར་གྱི་ཐེག་པ་ཆེན་པོའི་ཆོས་སྲོལ་དེ་ཝི་ཊི་ནམ་ (Vietnam) དང་།ཁམ་བྷོ་ཌི་ཡ་ (Cambodia) །མཱ་ལེ་ཤི་ཡ་ (Malaysia) ། སུ་མཱ་ཊྲ་ (Sumatra) ། ཇ་ཝ་ (Java) བཅས་ཀྱི་ནང་དར་ཁྱབ་བྱུང་བ་དང་མཉམ་དུ་རྒྱ་གར་ནས་ཚོང་འབྲེལ་གྱི་མཚོ་ལམ་བརྒྱུད་རྒྱ་ནག་གི་ལྷོ་ཕྱོགས་སུ་དར་ཡོད་ཀྱང་། དེང་སང་དེ་དག་གཅིག་ཀྱང་གནས་ཐུབ་པ་བྱུང་མེད།

ནང་ཆོས་དར་ཚུལ།

ཨེ་ཤི་ཡའི་ཡུལ་གྲུ་མང་ཆེ་བ་ཞིག་ལ་ནང་ཆོས་ཞི་བའི་ངང་དར་ཁྱབ་བྱུང་ཡོད་ལ། དེ་ཡང་བརྒྱུད་ལམ་ཁ་ཤས་བརྒྱུད་ནས་དར་ཡོད། སངས་རྒྱས་ཤཱཀྱ་ཐུབ་པ་ནི། དུས་རྒྱུན་དུ་ས་ཆ་གཅིག་ནས་གཞན་ཞིག་ལ་ཕེབས་ནས་ཉེ་འཁོར་གྱི་རྒྱལ་ཁམས་ཁག་ནང་ཡོད་པའི་བསམ་ཤེས་ཅན་དང་། དོ་སྣང་ཡོད་པ་རྣམས་ལ་རང་གི་ཉམས་མྱོང་དང་རྟོགས་པ་རྣམས་མཉམ་སྤྱོད་གནང་ནས་མིག་ལྟོས་བཟང་པོ་ཞིག་སྲོལ་གཏོད་མཛད་པ་དང། སངས་རྒྱས་ཀྱིས། རང་གི་རྗེས་འཇུག་སློམ་མ་དགེ་འདུན་པ་རྣམས་ལ། འཛམ་གླིང་གི་ས་ཕྱོགས་གང་སར་མུ་མཐུད་འགྲོ་ནས་ནང་ཆོས་འཆད་ཁྲིད་བྱེད་དགོས་པའི་གདམས་པ་གནང་ཡོད། སངས་རྒྱས་ཀྱིས། ཁོང་ཉིད་སྒེར་གྱི་ཆོས་ལུགས་ཤིག་རྩ་འཛུགས་ཡོང་བའི་ཆེད་དུ་འབད་བརྩོན་གནང་གི་མེད་པས། མི་གཞན་གྱི་ཆོས་ལུགས་ལ་སྐྱོན་བརྗོད་ཀྱིས་འདོར་ནས་ཆོས་གསར་པ་ཞིག་ལ་སྒྱུར་དགོས་ཤེས་གསུངས་མེད། སངས་རྒྱས་ཀྱི་དམིགས་ཡུལ་ནི། གཞན་རྣམས་དངོས་པོའི་གནས་ལུགས་ལ་གོ་རྟོགས་མེད་པའི་དབང་གིས། རང་གིས་རང་ལ་བཟོ་བཞིན་པའི་མི་སྐྱིད་པ་དང་སྡུག་བསྔལ་ལས་ཐར་བ་ལ་རོགས་རམ་གནང་རྒྱུ་ཁོ་ན་ཡིན། མི་རབས་རྗེས་མའི་རྗེས་འཇུག་སློབ་མ་རྣམས་ཁོང་གི་མིག་དཔེ་བཟང་པོ་ལས་སེམས་སྐུལ་ཐེབས་ནས་ཁོ་ཚོའི་མི་ཚེའི་ནང་ཕན་ཐོགས་ཡོད་པའི་སངས་རྒྱས་ཀྱི་ཐབས་ལམ་ཁག་གཞན་ལ་མཉམ་སྤྱོད་བྱས་ཡོད། དེ་འདྲ་སོང་ཙང། དེང་སང་གི་དུས་སུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཤེས་ས་ཕྱོགས་གང་སར་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་བ་འདི་ཡིན།

སྐབས་རེ་ནང་ཆོས་དར་ཁྱབ་བྱུང་བའི་བརྒྱུད་རིམ་དེ་རང་བཞིན་གྱིས་བྱུང་ཡོད། དཔེར་ན། ནང་པའི་ཚོང་ལས་པ་རྣམས་ས་ཁུལ་མི་འདྲ་བ་མང་པོའི་ནང་འགྲོ་ནས་ས་ཁུལ་དེར་གཞིས་ཆགས་སྐབས། ས་གནས་དེའི་ཡུལ་མི་ཁ་ཤས་ལ་རང་བཞིན་གྱིས་ཕྱི་མི་ཚོང་པ་རྣམས་ཀྱིས་ཉམས་སུ་ལེན་པའི་ཆོས་ལ་དོ་སྣང་སླེབས་ཡོད། དེ་ནི་ཁ་ཆེའི་ཆོས་ལུགས་དེ་ཨིན་ཌོ་ནི་ཤི་ཡ་ (Indonesia) དང་མཱ་ལེ་ཤི་ཡའི་ (Malaysia) ནང་ཕྱིས་སུ་ངོ་སྤྲོད་བྱུང་བ་དང་འདྲ་པོ་ཡོད། ནང་ཆོས་དར་ཁྱབ་ཀྱི་བརྒྱུད་རིམ་འདི་ཨོ་སི་སི་མངའ་སྡེའི་ (Oasis State) ནང་ཆོས་དང་། དེ་བཞིན་དབུས་ཨེ་ཤི་ཡར་ཡོད་པའི་དར་སྐུད་ཚོང་ལམ་ (Silk Route) དང་འབྲེལ་བའི་ས་ཁུལ་ཁག་གི་ནང་དར་ཞིང་། དེ་ཡང་སྤྱི་ལོ་སྔོན་གྱི་ལོ་བརྒྱ་དང་རྗེས་ཀྱི་ལོ་བརྒྱའི་ནང་བྱུང་ཡོད། ས་གནས་དེ་དག་གི་ས་སྐྱོང་བའི་རྒྱལ་པོ་རྣམས་དང་འབངས་མི་སེར་རྣམས་རྒྱ་གར་ནང་པའི་ཆོས་ལུགས་ཀྱི་སྐོར་ལ་ཤེས་རྟོགས་མང་དུ་བྱུང་ནས་ཁོ་ཚོས་ཚོང་པའི་ཕ་ཡུལ་གྱི་ས་ཁུལ་ནས་ཡིན་པའི་དགེ་འདུན་པ་རྣམས་སློབ་སྟོན་པའམ་དགེ་རྒན་གྱི་ཆེད་དུ་གདན་དྲངས་ཏེ། མཐར་མི་མང་པོས་ནང་ཆོས་རང་ལུགས་སུ་བསྟེན་ཡོད། ཡང་རང་བཞིན་གྱི་ཐབས་ལམ་གཞན་ཞིག་ནི། དབང་འོག་ཏུ་བསྡུ་མཁན་གྱི་རིག་གཞུང་དེའི་ནང་ག་ལེར་ག་ལེར་མཉམ་སྡེབ་བྱས་པའི་ཐབས་ལམ་དེ་ཡིན། དེ་ཡང་དཔེར་ན། སྤྱི་ལོའི་དུས་རབས་ ༢ རྗེས་ཀྱི་ལོ་བརྒྱ་ཕྲག་ཁ་ཤས་ནང་དེང་དུས་པ་ཀི་སི་ཐཱན་ (Pakistan) གྱི་ཡུལ་དབུས་སུ་སྔར་ཡོད་གན་དྷ་ར་ (Gandhara) ནང་པའི་སྤྱི་ཚོགས་ནང་ཀེ་རི་སིའི་ (Greece) མི་མཉམ་སྡེབ་བྱུང་བ་ལྟ་བུ་རེད།

ནང་ཆོས་ཁྱབ་སྤེལ་དེ་གཙོ་བོ་དབང་ཤུགས་ལྡན་པའི་རྒྱལ་པོ་རང་ཉིད་ཀྱིས་ནང་ཆོས་དང་ལེན་དང་རྒྱབ་སྐྱོར་བྱས་པའི་ཤུགས་རྐྱེན་ལས་བྱུང་ཡོད། དཔེར་ན། སྤྱི་ལོའི་སྔོན་གྱི་དུས་རབས་ ༣ དཀྱིལ་དུ་ཆོས་རྒྱལ་མྱ་ངན་མེད་དམ་རྒྱལ་པོ་ཨ་ཤོ་ཀ་སྒེར་གྱི་ངོས་ནས་ནང་ཆོས་ལ་རྒྱབ་སྐྱོར་གནང་བའི་འབྲས་བུར་རྒྱ་གར་ནུབ་ཕྱོགས་ས་ཁུལ་གང་སར་ནང་ཆོས་དར་ཁྱབ་བྱུང་ཡོད། ཆོས་རྒྱལ་མྱ་ངན་མེད་ཀྱིས་རང་གི་འབངས་མི་སེར་ལ་བཙན་དབང་གིས་ནང་ཆོས་ཁས་ལེན་བྱེད་དགོས་ཤེས་བཤད་མེད་པར། ཁོང་གིས་བཀའ་ཤོག་རིགས་མང་པོ་ཞིག་ལྕགས་ཀྱི་ཀ་བའི་སྟེང་དུ་རྐོས་རྒྱག་ནས་འབངས་མི་སེར་རྣམས་ཀྱི་མི་ཚེ་ཚུལ་ཁྲིམས་དང་ལྡན་པ་ཡོང་ཆེད་གསལ་བསྒྲཌ་གནང་པ་དང། རྒྱལ་པོ་རང་ཉིད་ཀྱིས་གཞི་རྩའི་ལམ་ལུགས་ཀྱི་རྗེས་སུ་འབྲངས་བའི་སྒོ་ནས་གཞན་དག་སངས་རྒྱས་པའི་ཆོས་ལ་དང་ལེན་བྱེད་པར་སེམས་སྐུལ་གནང་ཡོད།

རྒྱལ་པོ་ཨ་ཤོ་ཀས་ཀྱང་ས་ཐག་རིང་བའི་ཡུལ་གྲུ་ཁག་གི་ནང་ཕོ་ཉ་མངགས་གཏོང་གིས། ཁོང་གི་རྒྱལ་གཞིས་ཙམ་མ་ཡིན་པར་ཕྱི་མི་རྣམས་ཀྱང་སངས་རྒྱས་ཀྱི་ཆོས་ལ་ཞུགས་པའི་ཆེད་དུ་འབད་བརྩོན་ཧུར་ཐག་གནང་ཞིང། སྐབས་རེ་ཕྱིའི་རྒྱལ་ཁབ་ཀྱི་རྒྱལ་པོ་རྣམས་གདན་འདྲེན་ཞུས་པའི་མཛད་པ་བསྐྱངས་ཡོད། དཔེར་ན། ཤྲཱི་ལངྐའི་རྒྱལ་པོ་དེ་ཝ་ནམ་པི་ཡ་ཏི་ས་ (Devanampiya Tissa) གདན་དྲངས་པ་ལྟ་བུ་རེད། ཡང་སྐབས་རེ་རྒྱལ་པོ་རང་ཉིད་ཀྱིས་ཐོག་མར་འགོ་འཛུགས་གནང་སྟེ་དགེ་འདུན་པ་རྣམས་ཕོ་ཉའི་ཚུལ་དུ་བཏང་ཡོད། དེ་ལྟར་འགྲོ་མཁན་གྱི་དགེ་འདུན་པ་ཚོས་གཞན་ལ་བཙན་དབང་གིས་ནང་པར་སྒྱུར་ཐབས་བྱས་མེད་པར། སངས་རྒྱས་ཀྱི་ཆོས་དགོས་མཁོའི་ཚུལ་དུ་ངོ་སྤྲོད་ཙམ་གནང་ཞིང་། འདམ་ག་དེ་ཆ་ཚང་མི་མང་རང་གི་ལག་ཏུ་ཡོད་པ་ཡིན། དེ་ནི་རྒྱ་གར་ལྷོ་ཕྱོགས་དང་འབར་མའི་ལྷོ་ཕྱོགས་ཁུལ་དུ་ནང་ཆོས་ཀྱི་རྨང་གཞི་ལམ་སེང་འགོ་འཛུགས་བྱས་ཐུབ་ཡོད་ཀྱང་། དབུས་ཨེ་ཤི་ཡའི་གྷི་རིག་མི་སེར་སྤེལ་ཡུལ་གྱི་ནང་དེ་དང་འདྲ་བའི་ཤུགས་རྐྱེན་ལམ་སེང་ཐེབས་ཡོད་པའི་ལོ་རྒྱུས་ཡིག་ཆ་མེད།

ཆོས་ཀྱི་རྒྱལ་པོ་གཞན་དཔེར་ན་དུས་རབས་ ༡༦ ནང་བྱུང་བའི་སོག་པོའི་སྟོབས་ལྡན་རྒྱལ་པོ་ཨལ་ཐན་ཁཱན་ལྟ་བུས་རང་གི་མི་རིགས་ཆིག་སྒྲིལ་དང་། སྲིད་དབང་སྲ་བརྟན་ཡོང་ཆེད། རང་གི་རྒྱལ་ཁམས་སུ་ནང་པའི་བླ་མ་གདན་འདྲེན་ཞུས་ནས་ནང་པ་སངས་རྒྱས་པའི་ཆོས་དེ་སོག་ཡུལ་གཞུང་གི་ཆོས་ལུགས་སུ་དྲིལ་བསྒྲགས་བྱས་ཡོད། དེ་འདྲ་བའི་བརྒྱུད་རིམ་གྱི་ནང་། ཕྱི་རོལ་པའི་ཉམས་ལེན་ཁ་ཅིག་དང་། ཡུལ་དེ་རང་དུ་བྱུང་བའི་ཆོས་ལུགས་ལ་དམ་བསྒྲགས་དང་། སྐབས་རེ་དེའི་རིགས་ཉམས་ལེན་བྱེད་མཁན་ལ་སྡུག་སྦྱོང་བཏང་ཡོད་སྲིད། འོན་ཀྱང་གཉའ་གནོན་གྱི་ལས་འགུལ་དཀོན་པོའི་རིགས་དེ་དག་ནི་གཙོ་བོ་ཆབ་སྲིད་ཀྱི་ཀུན་ནས་སློང་བ་ལ་བརྟེན་ནས་བྱུང་བ་ལས། ད་དུང་དམིགས་ཡུལ་དང་འདུན་པ་ཆེན་པོ་ཡོད་པའི་རྒྱལ་པོ་དེ་དག་གིས། རང་གི་ཆབ་འབངས་མི་སེར་ལ་ནང་ཆོས་ལ་དད་པ་དང་ཕྱག་མཆོད་བྱེད་དགོས་ཤེས་ནམ་ཡང་བཙན་དབང་བྱས་མེད་པས། དེ་ནི་ཆོས་ཕྱོགས་དང་ཆོས་ལུགས་ཀྱི་ཆ་ཤས་རྩ་ནས་མིན། 

ཕྱོགས་བསྡོམས།

སངས་རྒྱས་ཤཱཀྱ་ཐུབ་པས། རང་གི་རྗེས་འཇུག་སློབ་མ་རྣམས་ལ་རྨོངས་དད་ཀྱི་སྒོ་ནས་ཁོང་གི་ཆོས་ལ་མི་འཇུག་པར། གཟབ་ནན་གྱི་སྒོ་ནས་བརྟག་བྱེད་པའི་ཐོག་ཆོས་ལ་འཇུག་དགོས་ཤེས་གསུངས་ཡོད། དེ་འདྲ་སོང་ཙང་། དང་ཞེན་ཆེ་བའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་ནམ། ཡང་ན་རྒྱལ་པོའི་བཀའ་ཁྱབ་ཀྱིས་བཙན་དབང་ཐོག་སངས་རྒྱས་ཀྱི་ཆོས་ལ་མི་མང་གི་ངོས་ནས་ཁས་ལེན་བྱེད་མི་རུང་བ་ནི་བརྗོད་མི་དགོས་པ་ཞིག་ཡིན། དུས་རབས་ ༡༧ པའི་འགོ་སྟོད་ཙམ་གྱི་ནང་། ནེ་ཇི་ཏོ་ཡིན་ (Neiji Toyin) ཟེར་བ་ཞིག་གིས་སོག་པོའི་ཤར་ཕྱོགས་ཀྱི་འབྲོག་པ་རྣམས་ནང་ཆོས་ལ་ཞུགས་པའི་ཆེད་དུ་ཚིགས་བཅད་རེ་བློ་འཛིན་བྱེད་མཁན་རྣམས་ལ་སྒོ་ཕྱུགས་སེམས་ཅན་ལྐོག་རྔན་སྤྲད་ཀྱང་། འབྲོག་པ་ཚོས་དབང་འཛིན་དཔོན་རིགས་ཁག་ལ་ཞུ་གཏུགས་བྱས་པས། གཉའ་གནོན་ཅན་གྱི་ཆོས་དགེ་དེར་ཉེས་ཆད་འགེལ་བ་དང་རྒྱང་འབུད་བཏང་ཡོད།

དེ་ལྟར་ཐབས་ལམ་འདྲ་མིན་ཞིག་བརྒྱུད་དེ་ནང་ཆོས་ཨེ་ཤི་ཡའི་ས་ཆ་ཕལ་ཆེ་བར་ཞི་བའི་ངང་ནས་དར་ཁྱབ་བྱུང་བ་དང་། དེའི་བསླབ་བྱའི་སྙིང་པོ་བྱམས་པ་དང་། སྙིང་རྗེ། ཤེས་རབ་བཅས་ཁྱབ་སྤེལ་བཏང་བ་དང་སྦྲགས་རྗེས་འཇུག་སློབ་མ་མི་འདྲ་བ་སོ་སོའི་དགོས་མཁོ་དང་གཤིས་ཀ་ལ་རན་ཞིང་འཚམས་པ་ཞིག་བྱུང་ཡོད་དོ།།

Top