ནང་པའི་མི་ཚེར་ལྟ་ཕྱོགས།

ཉིན་རེའི་མི་ཚེའི་ནང་གི་བྱ་གཞག་གལ་ཆེན་ཁག་ནི། སྒོ་གསུམ་གྱི་མི་དགེ་བ་དང་གཞན་ལ་གནོད་པའི་ལས་གང་ཐུབ་ཅི་ཐུབ་སྤོང་རྒྱུ་དང་དགེ་བའི་ལས་གང་ཐུབ་བསྒྲུབ་རྒྱུ་དེ་ཡིན། དེ་ལྟར་བྱེད་པར། རང་གི་སེམས་འདུལ་དགོས་ཀྱི་ཡོད། དེ་ཡང་དངོས་པོའི་གནས་ལུགས་དང་ལས་རྒྱུ་འབྲས་ལ་རྨོངས་པ་དེ་སྤོང་དགོས། ང་ཚོས་མི་ཚེ་དེ་འདྲའི་ཕྱོགས་སུ་སྐྱེལ་བའི་ཚེ་ན། རང་གི་མི་ཚེ་ལ་ནང་པ་སངས་རྒྱས་པའི་ལྟ་ཕྱོགས་ཤིག་ཡོད་པ་ཡིན།

ང་ཚོའི་བརྗོད་གཞི་ནི་ནང་པ་སངས་རྒྱས་པའི་མི་ཚེར་ལྟ་ཕྱོགས་ཞེས་པའི་སྐོར་རེད། དེ་ཡང་གཞི་རྩའི་ཆ་ནས་སངས་རྒྱས་ཀྱི་ཆོས་དེ་ང་ཚོས་ཉིན་རེའི་མི་ཚེའི་ནང་ཇི་ལྟར་ལག་བསྟར་བྱེད་ཚུལ་དང་འབྲེལ་བ་ཞིག་དང་། སངས་རྒྱས་ཀྱི་ཆོས་དེ་ང་ཚོར་ཕན་ཐོགས་དང་དོན་སྙིང་གང་ཡོད་དམ། དེ་ནི་ཧ་ཅང་གནད་ཆེན་ཆགས་ཡོད། ང་ཚོས་ཆོས་ལ་སློབ་གཉེར་བྱས་ཏེ་ཉིན་རེའི་སྒོམ་རྒྱག་གི་ཡོད་སྲིད་ཀྱང་། དེ་དག་མི་ཚེ་དངོས་ཀྱི་ནང་མཉམ་སྡེབ་ཀྱི་ལག་བསྟར་ཇི་ལྟར་བྱེད་པའི་ཐད་གསལ་ཁ་མེད། ཁ་ཡོད་ལག་ཡོད་ཀྱི་གནད་དོན་ཐད་ཕན་ཐོགས་གང་ཡོད་དམ། དེ་ལ་བརྟེན་ནས་ང་ཚོའི་མི་ཚེ་འགྱུར་བ་ཇི་ལྟར་གཏོང་བའམ། ཡང་ན་རང་ཉིད་སྒེར་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་དམ། ནང་ཆོས་ཉམས་ལེན་དེ་དབྱིངས་ལས་ལྟ་བུའམ། ཡང་ན་སོ་སོའི་མི་ཚེའི་དཀའ་ངལ་ལས་གཡོལ་ཕྱིར་ཞར་དང་ཞོར་ལ་བྱ་རྒྱུ་ཞིག་ཡིན་ནམ། ང་ཚོས་ཡུལ་སྙིང་རྗེ་མོ་ཞིག་དམིགས་རྣམ་དུ་སྒོམ་པའམ། ཡང་ན་སེམས་ནང་རྟོག་པའི་འཆར་སྒོ་ཞིག་སྐྲུན་པ་ཙམ་ཡིན་ནམ། ཡང་མིན་ན་ནང་ཆོས་ཉམས་ལེན་དེས་ང་ཚོའི་མི་ཚེར་ཧ་ཅང་ཕན་ཐོགས་པོ་ཞིག་ཡོད་པ་ཡིན་ནམ། གང་ལྟར་ཡང་། ནང་པ་སངས་རྒྱས་པའི་ཆོས་ཀྱི་དགོངས་དོན་ནི། ང་ཚོའི་མི་ཚེའི་ནང་གི་དཀའ་ངལ་དང་སྡུག་བསྔལ་རྣམས་ལས་ཐར་བར་ཕན་ཐོགས་པའི་ཆེད་དུ་ཡིན།

བརྙན་པར། བྱ་རོག་བླ་མ། “ནང་ཆོས་སྦྱོང་དགོས་པའི་རྒྱུ་མཚན་གང་རེད་དམ།” 

ཕན་ཐོགས་ཆེ་བའི་རྩ་འཛིན་ལམ་སྟོན།

རྒྱུན་ཆགས་གསུམ་པ་ཞེས་པའི་སྨོན་ལམ་མདོར་བསྡུས་ཤིག་ཡོད་པ་དེའི་ནང་། ང་ཚོས་ཉིན་རེའི་མི་ཚེའི་ནང་ནང་ཆོས་ཉམས་སུ་ལེན་ཚུལ་ཐད་ཧ་ཅང་ཕན་ཐོགས་ཆེ་བའི་རྩ་འཛིན་ལམ་སྟོན་ཞིག་མཇལ་ཐུབ། དེ་ཡང་ནམ་རྒྱུན་གསུང་བཤད་དང་བཀའ་ཆོས་ཕལ་ཆེ་བའི་སྔོན་དུ་འདོན་སྲོལ་ཡོད་པ་ལྟར། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་དེ་ཡིན། བྱས་ཙང་། དེ་དག་ནི་ནང་ཆོས་ཀྱི་གནད་དོན་གལ་ཆེ་ཤོས་རྣམས་རེད། དེ་ཡང་ཚིག་རྐང་དང་པོའི་ནང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་གསུངས་ཏེ། སྡིག་པ་ནི་རང་གིས་རང་ལ་གནོད་པའི་མི་དགེ་བའི་ལས་དང་། དེ་ལ་བརྟེན་ནས་གཞན་ལ་དཀའ་ངལ་དང་མི་སྐྱིད་པ་བཟོ་བའམ་ཕུགས་རྒྱང་པོར་རང་ཉིད་ལ་སྡུག་བསྔལ་གྱི་རྒྱུ་ཆགས་ཀྱི་ཡོད། དེར་བརྟེན་ནང་ཆོས་ཉམས་ལེན་བྱེད་པའི་སྐབས། ང་ཚོས་རང་གཞན་གཉིས་ཀར་གནོད་པ་མི་སྐྱེལ་རྒྱུའི་ཐབས་ཤེས་དེ་ཐོག་མ་ཉིད་ནས་བྱེད་དགོས། ཚིག་རྐང་གཉིས་པའི་ནང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་གསུངས་ཏེ། དགེ་བ་ནི་རང་གཞན་གཉིས་ཀར་གནས་སྟངས་བཟང་པོ་དང་བདེ་སྐྱིད་དང་ལྡན་པ་ཡོང་བར་བྱེད་པའི་དོན་ཡིན།

དེ་ལྟར་ཡོང་བར་བྱེད་པར། ཚིག་རྐང་གསུམ་པ་གསུངས་ཡོད། དེ་ཡང་། རང་གི་སེམས་ནི་ཡོངས་སུ་འདུལ། ཞེས་གསུངས་པ་རེད། འདིས་ག་རེ་སྟོན་གྱི་ཡོད་ཅེ་ན། ང་ཚོའི་དགེ་བ་དང་མི་དགེ་བའི་ལས་གཉིས་ཀའི་འབྱུང་ཁུངས་སྟོན་གྱི་ཡོད། དེ་ཡང་སྔ་མ་མི་དགེ་བ་སྤོང་ཐབས་དང་ཕྱི་མ་དགེ་བ་བསྒྲུབ་ཐབས་སྟོན་གྱི་ཡོད། དེ་ལ་ང་ཚོས་རང་ཉིད་ཡར་རྒྱས་གཏོང་དགོས་ཤིང་། རང་གི་སེམས་རྒྱུད་སྦྱོང་བ་དང་བསམ་བློའི་ཁྱེར་སོ་དང་སེམས་ཚོར་ཡར་རྒྱས་གཏོང་དགོས་ཀྱི་ཡོད། དེ་དག་ནི་སེམས་ལས་འབྱུང་གི་ཡོད། ང་ཚོའི་བློའི་ཁྱེར་སོ་དང་སེམས་ཚོར་གྱིས་གཞན་དང་འབྲེལ་འདྲིས་བྱེད་ཚུལ་དང་། བྱ་སྤྱོད་སྤེལ་ཚུལ། སྐད་ཆ་ཤོད་སྟངས། བསམ་བློ་གཏོང་སྟངས་བཅས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དེ་ནས་ཚིག་རྐང་མཐའ་མ་ནི། འདི་ནི་སངས་རྒྱས་ཀྱི་ཆོས་སམ་བསྟན་པ་ཡིན་ཞེས་གསུངས་ཡོད།

དངོས་པོའི་གནས་ལུགས་རྟོགས་ཚུལ།

གལ་ཏེ་ང་ཚོས་ཏོག་ཙམ་གཏིང་ཟབ་ཏུ་བལྟས་ན། ངའི་ནང་པའི་དགེ་བའི་བཤེས་གཉེན་ཞིག་གིས། ནང་ཆོས་ཀྱི་གཞི་རྩའི་ལངས་ཕྱོགས་ནི་དངོས་པོའི་གནས་ལུགས་དང་མཐུན་དགོས་རྒྱུ་དེ་ཡིན། དེ་ཡང་དངོས་པོའི་གནས་ལུགས་གང་ཡིན་པ་དང་། དེ་ལ་དངོས་ཡོད་དང་མཐུན་པའི་སྒོ་ནས་གདོང་ལེན་བྱེད་དགོས་ཞེས་མཛུབ་སྟོན་གནང་སོང་། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་སྤྱོད་ལམ་དང་ཆོས་རྟོགས་ཚུལ་དེ་དངོས་པོའི་གནས་ལུགས་ཐོག་ལ་གཞི་རྩ་འཛིན་དགོས།

དངོས་པོའི་གནས་ལུགས་གང་ཡིན་ནམ། དངོས་པོའི་གནས་ལུགས་ནི་རྒྱུ་དང་འབྲས་བུའམ་ནམ་རྒྱུན་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་ཟེར། རྒྱུ་དང་འབྲས་བུ་གཞིར་བཞག་ཐོག་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་ནས་འབྱུང་གི་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོའི་མི་དགེ་བ་དང་དགེ་བའི་ལས་རྣམས་ཀྱང་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་གི་ཡོད། གལ་ཏེ་སོ་སོའི་སྤྱོད་ལམ་ལ་བལྟས་ན། དེས་དཀའ་ངལ་གྱི་རྒྱུ་བྱེད་པའམ། ཡང་ན་བདེ་སྐྱིད་དང་རང་གཞན་ཚང་མར་ཕན་པའི་རྒྱུ་གང་རུང་བྱེད་ཀྱི་ཡོད་པ་ཤེས་ཐུབ། འོན་ཀྱང་ང་ཚོས་སོ་སོའི་སྤྱོད་ལམ་ལ་ཚད་ལས་བརྒལ་བའི་ཚོད་དཔག་མེད་པའི་ཐོག་ལྟ་དགོས་ཀྱི་ཡོད། མི་ཚེའི་ནང་གདོང་ལེན་ཇི་ལྟར་བྱེད་པའི་རྒྱུད་རིམ་ཁྲོད་ཚད་ལས་བརྒལ་བའི་ཚོད་དཔག་མེད་པ་ནི་ཧ་ཅང་གལ་ཆེན་ཡིན།

ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་ནི་འཇིག་རྟེན་བྱེད་པོ་དཀོན་མཆོག་ལྟ་བུ་ཞིག་གིས་བཀའ་བཀོད་གནང་བའི་ཁྲིམས་སམ། ཡང་ན་ཁྲིམས་བཟོ་ལྷན་ཚོགས་སམ་དབང་སྒྱུར་པ་པོ་ཞིག་གིས་བྱིན་པའི་ཁྲིམས་ཀྱི་རྗེས་སུ་འབྲང་བར་གཞིར་བཞག་མེད། དེ་ལྟའི་ཁྲིམས་ལ་གཞིར་བཞག་པའི་བཟང་སྤྱོད་ཀྱི་རྣམ་གཞག་ཡོད་ན། དེ་ནས་ང་ཚོར་ཚད་བརྒལ་གྱི་ཚོད་དཔག་ཡོད་པ་རེད། གལ་ཏེ་ང་ཚོས་ཁྲིམས་དང་སྒྲིག་གཞི་བསྲུང་ན། ང་ཚོ་མི་བཟང་པོར་བརྩིས་ནས་བྱ་དགའ་སྟེར་བ་དང་། གལ་ཏེ་ང་ཚོས་དེ་དག་ལ་བརྩི་འཇོག་མེད་པ་དང་། ཁྲིམས་འགལ་གྱི་རིགས་བྱས་ན། ང་ཚོ་མི་སྡུག་ཅག་ཏུ་བརྩིས་ནས་ཉེས་ཆད་འགེལ་འོས་སུ་བརྩི་བ་ཡིན། དེ་ནི་ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་མིན་ལ་ནང་པའི་མི་ཚེར་གདོང་ལེན་བྱེད་ཚུལ་ཞིག་ཀྱང་མིན། རང་གིས་རང་ལ་ཚད་བརྒལ་གྱི་ཚོད་དཔག་བྱེད་ཀྱི་ཡོད་པ་དེ་རྟོགས་པའི་སྐབས་ང་ཚོས་གནད་དོན་དེ་རྟོགས་རྒྱུ་གལ་ཆེན་པོ་ཡིན། འདི་ནི་ང་ཚོས་འབད་བརྩོན་བྱེད་དགོས་པའི་བསམ་བློའི་ཁྱེར་སོ་འགྱུར་བ་གཏིང་ཟབ་ནང་གི་གཅིག་ཡིན། དེ་ཡང་རང་གིས་རང་ལ་ཚད་བརྒལ་གྱི་ཚོད་དཔག་བྱ་རྒྱུ་མཚམས་འཇོག་བྱེད་དགོས། དཔེར་ན། ང་ཚོ་སྡུག་ཅག་ཡིན། ང་ཚོ་ཡག་པོ་མིན། ང་ཚོ་འདོད་བློ་ཁེངས་པའི་མི་ཡག་པོ་མིན་ཞེས་པའམ། ཡང་ན་ངས་གང་བྱས་པ་དེ་ཧ་ཅང་སྡུག་ཅག་ཆགས་སོང་བསམ་པ་ལྟ་བུ་ཚད་བརྒལ་གྱི་ཚོད་དཔག་དེ་མཚམས་འཇོག་བྱེད་དགོས།

དེའི་ཚབ་ལ་ང་ཚོས་རྒྱུ་དང་འབྲས་བུའི་ལམ་ནས་རང་གི་མི་ཚེར་གདོང་ལེན་བྱེད་ཚུལ་ཐད་ལྟ་ཕྱོགས་འཛིན་དགོས། གལ་ཏེ་ང་ཚོས་དཀའ་ངལ་དང་རྙོག་དྲ་བཟོས་ན། དེ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་ལས། རང་ཉིད་སྡུག་དྲགས་ནས་ཡོང་བ་ཞིག་མིན། ང་ཚོས་ཞིབ་མོར་བསམས་ན། གནས་སྟངས་གང་ཡིན་མ་རྟོགས་པར་ང་ཚོ་རྨོངས་ནས་བསྡད་ཡོད་པ་ཤེས་ཀྱི་རེད། དེ་དག་ཀྱང་མར་བབས་ན་བསམ་བློའི་འཆར་སྒོ་ཙམ་ལ་ཐུག་གི་ཡོད། ང་ཚོས་ཆོས་རྣམས་ལ་སྒྲོ་འདོགས་བྱེད་འདོད་དང་བཅས་རང་དང་། གནས་སྟངས། རང་གི་ཉེ་འཁོར་དུ་ཡོད་པའི་མི་རྣམས་ལ་ཆོ་མེད་དོན་མེད་ཀྱི་རྟོག་པའི་འཆར་སྣང་སྐྲུན་གྱི་ཡོད། དེ་ནས་རྟོག་འཆར་བསྐྲུན་པ་དེ་དག་དངོས་པོའི་གནས་ལུགས་དང་མཐུན་པ་ཡིན་པའི་ཡིད་ཆེས་བྱེད་འདོད་སྐྱེ་གི་ཡོད། དོན་ངོ་མར་དངོས་ཡོད་དང་མཐུན་པ་ཞིག་མིན། གལ་ཏེ་སོ་སོ་རང་ཉིད་ལ་བརྟག་དཔྱད་བྱས་ནས་གནོད་བྱེད་མི་དགེ་བའི་བྱ་སྤྱོད་ཅིའི་ཕྱིར་སྤེལ་གྱིན་ཡོད་དམ་ཞེས་བསམས་ན། ནམ་རྒྱུན་ང་ཚོས་གནས་སྟངས་ནང་ཅི་བྱུང་བ་དེ་དག་ལ་དོན་སྙིང་མེད་པའི་རྟོག་འཆར་ཞིག་བསྐྲུན་ཞིང་། རྟོག་འཆར་དེ་ལ་ཡ་ལན་སྤྲོད་ཀྱི་ཡོད་པ་རྟོགས་ཐུབ།

བདེན་པ་གཉིས།

༧གོང་ས་མཆོག་གིས་ཉེ་ཆར་མི་རྣམས་ཀྱི་མི་ཚེའི་དཀའ་ངལ་ཉུང་དུ་གཏོང་ཕྱིར་ཡོངས་ཁྱབ་ཀྱི་རོགས་ཕན་ཆེ་ཤོས་ཀྱི་ཐབས་དེ་གང་ཡིན་པའི་སྐོར་ལན་མང་གསུངས་དང་གསུང་མུས་ཡིན། ཁོང་གིས་ཆོས་ཞུ་བ་ནང་པ་ཙམ་ཞིག་ལ་ཚད་བཀག་གནང་ནས་གསུང་གི་མེད་པར་ཡོངས་ཁྱབ་བམ་གོ་ལ་སྤྱིའི་གནད་དོན་ཐད་ཐུགས་འཁུར་ཡོད་པའི་ཐོག་ནས་གསུང་གི་ཡོད། ཁོང་གིས། ང་ཚོས་བདེན་པ་གཉིས་ལ་གོ་རྟོགས་ཡོད་པའི་ཐོག་ནས་འགོ་འཛུགས་བྱེད་དགོས་ཞེས་གསུངས། དེ་ནི་རྨང་གཞི་དེ་རེད། ང་ཚོས་བདེན་པ་གཉིས་ཀྱི་སྐོར་ལ་ཧ་ཅང་རྒྱས་ཤིང་རྒྱས་པ་བལྟ་མི་དགོས་པར། ཚང་མས་གོ་རྟོགས་རྙེད་ཐུབ་པའི་བདེན་པ་གཉིས་ཀྱི་རྨང་གཞིའི་སྐོར་བལྟ་དགོས། ཕྱོགས་གཅིག་ནས་སྒྲོ་འདོགས་ལ་གཞིར་བཞག་པའི་རྟོག་པའི་འཆར་སྣང་དེ་དག་ང་ཚོར་ཡོད་པ་རེད། དེ་དག་ནི་ང་ཚོའི་བསམ་བློ་ངན་པར་གཞིར་བཞག་པ་ལས་གཞན་གང་ཡང་མིན། ཕྱོགས་གཞན་ཞིག་ནས་དངོས་པོའི་གནས་ལུགས་ལ་གཞི་བཞག་ཡོད། དེ་གཉིས་ནི་བདེན་པ་གཉིས་ཡིན།

རྨོངས་པ་དང་ལྡན་པའི་སེམས་ལ་ནི་རྟོག་པའི་འཆར་སྣང་དེ་དག་བདེན་པ་ལྟར་སྣང་གི་ཡོད། དཔེར་ན། “ང་ནི་ཕམ་ཁ་འཁུར་མཁན་དེ་ཡིན། སྡུག་ཅག་ཡིན། སུས་ཀྱང་ང་ལ་མི་དགའ།” ཞེས་དང་། ཡང་། “འདི་ནི་འཛམ་གླིང་ནང་གི་བཀྲ་མི་ཤིས་པའི་བྱུས་ཉེས་ཆེ་ཤོས་དེ་རེད།” ཅེས་པའི་རྟོག་འཆར་དག་ཡིན། ཡང་ང་ཚོའི་ཟས་འཚིག་པ་དང་། ཟ་ཁང་ཞིག་གི་ནང་ང་ཚོས་གང་མངགས་པ་དེ་རྫོགས་ཟིན་པའམ། ཡང་ན་སྣུམ་འཁོར་འཚང་འགག་ནང་ཚུད་པའི་སྐབས། ནང་ལ་ནམ་ཡང་སླེབས་ཀྱི་མ་རེད་ཅེས་བསམ་གྱི་ཡོད། ང་ཚོས་སྒྲོ་བཏགས་ཏེ་དེ་དག་ནི་གནས་སྟངས་ཞེད་སྣང་ཚ་ཤོས་དང་ཡ་ང་ཤོས་བྱུང་སོང་ཞེས་དང་། སྣུམ་འཁོར་འཚང་འགག་ནང་ཚུད་པ་དེ་གཏན་དུ་གནས་ཀྱི་ཡོད་པའི་རྟོག་འཆར་སྐྲུན་གྱི་ཡོད། རྟོག་འཆར་དེ་དག་བདེན་པར་འཛིན་གྱི་ཡོད། དེ་ནི་ཀུན་རྫོབ་བདེན་པ་སྟེ། རྨོངས་པའི་སེམས་ཀྱིས་ལོག་པར་འཛིན་པ་དེ་བདེན་པར་སྣང་གི་ཡོད།

དེ་ནས་དོན་དམ་བདེན་པ་སྟེ། དངོས་པོའི་གནས་ལུགས་དེ་རེད། དངོས་ཡོད་གནས་སྟངས་ལ། སྣུམ་འཁོར་འཚང་འགག་བྱུང་བ་དེ་ནི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བྱུང་། དེ་ཡང་དུས་ཚོད་འཚང་ག་ཆེ་བའི་སྐབས་ཡིན་པས། མི་ཚང་མ་གང་མགྱོགས་ནང་ལ་འབྱོར་འདོད་ཡོད་པས། དེ་ལ་ང་ཚོས་རེ་བ་ག་རེ་བྱེད་དམ། དེ་ནི་དགུན་ཁ་གནམ་གཤིས་གྲང་མོ་འདུག་ཅེས་རྙོག་དྲ་བཤད་པ་འདྲ་པོ་རེད། དེ་ལ་ང་ཚོས་རེ་བ་གང་བྱས་སམ། དགུན་ཁ་གནམ་གཤིས་གྲང་མོ་སྟོན་ངེས་རེད། དགུན་ཁ་རེད། དེ་འདྲ་རེད།

ང་ཚོས་བདེན་པ་གཉིས་ཀྱི་དབར་ཁྱད་པར་འབྱེད་ཐུབ་པ་དགོས། ང་ཚོས་སྒྲོ་འདོགས་བྱེད་པ་དང་དོན་མེད་ཀྱི་རྟོག་འཆར་སྐྲུན་གྱི་ཡོད་པ་ངོས་འཛིན་པའི་ཚེ། དོན་སྙིང་མེད་པ་དེ་ཇེ་ཉུང་དུ་གཏོང་དགོས། མདོར་བསྡུས་ན། ང་ཚོའི་མི་ཚེའི་ནང་གང་འབྱུང་བཞིན་ཡོད་པ་ཤེས་པར་བྱེད་པ་ལ། ང་ཚོས་བདེན་པ་གཉིས་དབར་གྱི་ཁྱད་པར་དེ་ཤེས་ནས་གོ་རྟོགས་དེ་སོ་སོའི་མི་ཚེའི་ནང་མཉམ་སྡེབ་བྱེད་དགོས། དེ་ནི་ཧ་ཅང་གལ་ཆེན་ཡིན།

གནད་དོན་འདི་གོང་དུ་ཞུས་པའི་སྨོན་ལམ་དེའི་ཚིགས་སུ་བཅད་པ་རྗེས་མ་དེས་བསྟན་ཡོད། དེ་ཡང་།

སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་མ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་འདི་ལྟར་བལྟ། །ཞེས་གསུངས། ང་ཚོས་སོ་སོའི་མི་ཚེའི་ནང་དོན་སྙིང་རྩ་ནས་མེད་པའམ་དོན་སྙིང་ཆུང་ངུ་ཞིག་ལ་འུར་ཤོབ་ཀྱིས་གནས་ཚུལ་ཆེན་པོ་བཟོ་བའམ་སྒྲོ་འདོགས་བྱེད་པ་དང་རྟོག་འཆར་སྐྲུན་པའི་སྐབས་ངོས་འཛིན་བྱེད་དགོས། ང་ཚོས་དངོས་གནས་བདེན་པ་ལྟར་སྣང་བ་དེ་ནི་སྒྱུ་མ་དང་། རྨི་ལམ། ཆུ་བུར་ལྟ་བུར་ངོས་འཛིན་དགོས་ཤིང་། དེ་དག་ནི་ཇི་ལྟར་སྣང་བ་ལྟར་རྡོག་པོ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་མེད། དེར་བརྟེན་ང་ཚོས་དེ་དག་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་ཏུ་ཡིད་ཆེས་བྱ་རྒྱུ་མེད། དེ་ལ་ཡིད་ཆེས་མི་བྱེད་པ་ནི་ང་ཚོའི་རྟོག་པའི་འཆར་སྣང་གི་སྒང་བུ་དེ་བརྡོལ་བ་ལྟ་བུ་ཡིན།

རྟོག་པའི་འཆར་སྣང་།

རྟོག་པའི་འཆར་སྣང་ལ་གཞི་རྩའི་ཆ་ནས་གཉིས་ཡོད་དེ། འགའ་ཞིག་ནི་ཕན་ཐོགས་ཅན་དང་འགའ་ཞིག་ནི་འགོག་རྐྱེན་བྱེད་མཁན་ཡིན། ཕན་ཐོགས་ཅན་གྱི་རྟོག་འཆར་རྣམས་གང་རེད་དམ། ང་ཚོར་དགེ་བའམ་བཏང་སྙོམས་ཀྱི་ཀུན་སློང་ཞིག་ཡོད་ཆོག །དཔེར་ན། འགྲུལ་སྐྱོད་གོ་སྒྲིག་བྱེད་པའི་ཀུན་སློང་ཞིག་ཡོད་པའི་དབང་དུ་བཏང་ན། ང་ཚོ་ས་ཆ་འདི་ནས་དེ་ལ་འགྲུལ་སྐྱོད་བྱས་ཏེ། དེ་ནས་མུ་མཐུད་བསམ་བློ་གཏོང་གི་རེད། དེ་ནི་རྟོག་པའི་འཆར་སྣང་ཞིག་རེད། ང་ཚོས་འདི་དང་དེ་བྱེད་དགོས་པ་དང་། འདི་དང་དེ་ང་ཚོའི་མཉམ་དུ་འཁྱེར་དགོས། སྔོན་ཚུད་ནས་ཟུར་འཇོག་འཚོལ་དགོས་པ་སོགས་རེད། རྟོག་འཆར་འདིའི་རིགས་ནི་ལས་ཀའི་འཆར་འགོད་དང་ཚོང་ཁང་དུ་ཉོ་ཆ་རྒྱག་ཏུ་འགྲོ་སྐབས་ཀྱི་ཐོ་འགོད་པའི་ཐོག་ལའང་ལག་བསྟར་བྱེད་ཀྱི་ཡོད། དེ་དག་ནི་ང་ཚོས་གང་བྱེད་པར་འདོད་པ་དང་། དོན་དག་ཅིག་ཇི་ལྟར་བསྒྲུབ་པའི་ཐད་ཀྱི་འཆར་གཞི་དང་འབྲེལ་བའི་རྟོག་འཆར་རྣམས་རེད། ང་ཚོས་ལས་ཀའི་ནང་ལོ་གཅིག་ནང་དོན་དག་གང་ཞིག་བསྒྲུབ་དགོས་པའི་ཐད་འཆར་གཞི་སྒྲིག་པའི་སྐབས་རྟོག་འཆར་སྐྲུན་གྱི་ཡོད།

འོན་ཀྱང་ང་ཚོས་རྟོག་འཆར་དུ་བསྐྲུན་པའི་འཆར་གཞི་དེ་རྨི་ལམ་ལྟ་བུ་ཡིན་པ་རྟོགས་དགོས། ཁ་ཡོད་ལག་ཡོད་ཐོག་ནས་དེའི་དོན་གང་ཡིན་ནམ། དེའི་དོན་ནི་སྟབས་བསྟུན་བདེ་པོ་དགོས་པ་ཡིན། དེ་དག་ནི་འདུས་བྱས་ཀྱི་ཆོས་ཡིན་པས། རྒྱུ་དང་རྐྱེན་གྱིས་འདུས་བྱས་པ་ཡིན། ཆོས་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་གི་ཡོད། བྱས་ཙང་། ང་ཚོས་འཆར་གཞི་བཟོ་བའི་སྐབས། གནས་སྟངས་དེ་རྒྱུ་རྐྱེན་ལ་བརྟེན་དགོས་ཀྱི་ཡོད། དེར་བརྟེན་གནས་སྟངས་འགྱུར་བ་འགྲོ་སྲིད་པ་ཡིན། འགྱུར་བའི་དཔེ་ནི། འགྲུལ་སྐྱོད་སྐབས་སུ་གནམ་གྲུ་བྱེ་བྲག་ཅིག་ཁེངས་ཟིན་ནས་རྐུབ་སྟེགས་མ་རག་པ་ཆགས་སྲིད། ང་ཚོས་གནམ་གྲུ་དེའི་ནང་འགྲོ་རྒྱུའི་འཆར་གཞི་བཟོས་ནའང་། ད་དུང་ང་ཚོས་འཆར་གཞི་འགྱུར་བ་གཏོང་དགོས་ཀྱི་ཡོད། དེ་ལ་རྙོག་དྲ་ཤོད་པ་དང་སྤྲོ་ཐུང་མི་བྱེད་པར། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ངོས་ལེན་བྱེད་དགོས། དེ་ནི་ང་ཚོས་གང་སྦྱོང་བརྡར་བྱེད་དགོས་པ་དེ་ཡིན། ང་ཚོ་འཆར་གཞི་ངོ་མ་དེ་ཏག་ཏག་མ་འགྲིག་པ་དང་། འཆར་གཞི་དེ་རྨི་ལམ་ལྟ་བུ་དང་ཆུ་བུར་ལྟ་བུ་སོགས་སྨོན་ལམ་ནང་གི་དཔེ་དེ་དག་ཚང་མ་ནང་བཞིན་སྟབས་བསྟུན་བདེ་བའི་དངོས་ཡོད་ཀྱི་གནས་སྟངས་ལ་བསམ་ཞིབ་མི་བྱེད་པའི་སྐབས་སུ་ང་ཚོས་དེ་ལ་དམ་པོར་འཛིན་གྱི་ཡོད།

དེ་ལྟར་དམ་པོར་འཛིན་པ་དེས་གང་བྱེད་ཀྱི་ཡོད་དམ། དེས་སེམས་ཀྱི་གནས་བབས་ཧ་ཅང་མི་སྐྱིད་པ་ཞིག་བཟོ་གི་ཡོད། དེ་དུས་ང་ཚོ་ཧ་ཅང་ཁོང་ཁྲོ་ཚ་པོ་དང་སྤྲོ་ཐུང་ཐུང་ཆགས་སྲིད། དེ་ལ་བརྟེན་ནས་གནས་སྟངས་ཇེ་སྡུག་ཏུ་བཟོ་བ་ལས་འགྱུར་བ་ཅི་གང་འགྲོ་གི་མེད། སྣུམ་འཁོར་འཚང་འགག་ནང་ཚུད་སྐབས། ཚིག་རྩུབ་སྨྲ་བ་སོགས་སྤྱོད་ངན་སློག་པས་ཅི་གང་མི་ཕན། སྣུམ་འཁོར་གྱི་དུང་སྒྲ་ག་ཚོད་བཏང་ནའང་མི་ཕན། དངོས་ཡོད་གནས་སྟངས་ལ་ངོས་ལེན་དང་གནས་སྟངས་འགྱུར་བ་འགྲོ་རེ་བྱེད་པ་ཁོ་ནས་ཕན་གྱི་ཡོད། དཔེར་ན། ང་ཚོ་དུས་ཚོད་ངེས་ཅན་ཞིག་གི་ནང་ས་ཆ་ཞིག་ལ་འབྱོར་བ་བྱས་ཡོད་ན། མེ་འཁོར་ལྟ་བུ་ཤོར་བའམ་ཕྱིས་དྲགས་པའི་སྐབས། ང་ཚོས་དེའི་ཐད་ཅི་གང་བྱེད་མི་ཐུབ། འདི་ནི་ང་ཚོས་ཆོས་དེ་མི་ཚེའི་ནང་ཕན་ཐོགས་ཅན་དུ་ལག་བསྟར་བྱེད་ཚུལ་དེ་ཡིན།

ང་ཚོས་ཆོས་རྣམས་ལ་ཡང་དག་པ་དང་ལོག་པའི་སྒོ་ནས་ཆ་འཇོག་བྱེད་སྟངས་ཤིག་ཡོད་པ་ཤེས་དགོས། ལོག་པའི་སྒོ་ནས་ལྟ་ཚུལ་དེ་ནི་རྟག་ཏུ་འགྱུར་བའི་འདུས་བྱས་ཀྱི་ཆོས་རྣམས་བརྟན་ཚུགས་པོ་དང་འགྱུར་བ་མེད་པ་རེད་ཡོད་བསམ་གྱི་ཡོད། དཔེར་ན། འཆར་གཞི་གང་རུང་ཞིག་ངེས་པར་དུ་འགྱུར་བ་མེད་པ་ཞིག་དགོས་བསམ་པ་ལྟ་བུ་རེད། དེ་ནི་སྤྱིར་བཏང་འཆར་ཅན་གྱི་བསམ་བློ་གཏོང་སྟངས་ཤིག་རེད། ང་ཚོས་གང་འཆར་གཞི་བཟོས་པ་དེ་འགྱུར་བ་གཏོང་དགོས་བྱུང་བ་དང་དོན་དག་ཏག་ཏག་མ་བསྒྲུབ་པའི་སྐབས། འཆར་གཞི་འགྱུར་བ་གཏོང་བར་གྲ་སྒྲིག་དགོས་ཀྱི་ཡོད། ང་ཚོ་སྣུམ་འཁོར་འཚང་འགག་ནང་ཚུད་སྲིད་ལ། མི་རྣམས་ཀྱི་དུས་ཚོད་བཟོས་ཟིན་པ་དེ་ཕྱིར་འཐེན་བྱེད་སྲིད། རྒྱལ་སྲས་ཆེན་པོ་ཞི་ལྷས་སྤྱོད་འཇུག་ནང་བསླབ་བྱ་རྨད་དུ་བྱུང་བ་ཞིག་གནང་ཡོད། དེ་ཡང་།

གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུངས། བསླབ་བྱ་དེ་ནི་དངོས་གནས་རྨང་གཞི་དེ་ཡིན་པ་དང་། བསླབ་བྱ་དེ་ང་ཚོས་དང་དུ་བླངས་ནས་རང་གི་མི་ཚེའི་དངོས་ཀྱི་ཆ་ཤས་སུ་འགྱུར་ཐབས་བྱེད་དགོས། གལ་ཏེ་རང་སོ་སོའི་མི་ཚེའི་ནང་གནས་སྟངས་དཀའ་ངལ་ཅན་དང་ཕྲད་ན། ང་ཚོས་དེ་འགྱུར་བ་གཏོང་ཐུབ། དེ་ཡང་སྟབས་བདེའི་ངང་འགྱུར་བ་གཏོང་དགོས། གལ་ཏེ་འགྱུར་བ་གཏོང་མ་ཐུབ་ན། དེ་ལ་ང་ཚོས་ཅི་གང་བྱེད་མི་ཐུབ་པས། བློ་ཕམ་དང་སྤྲོ་ཐུང་བྱེད་པ་ནི་དོན་སྙིང་གང་ཡང་མེད། དཔེར་ན། ང་ཚོའི་འགྲུལ་སྐྱོད་བྱེད་པའི་སྐབས་སུ་དོ་པོ་བརླགས་ནས་ཉིན་ཁ་ཤས་རིང་ཚུར་རག་གི་མེད། དངོས་ཡོད་ཀྱི་གནད་དོན་དེ་ང་ཚོས་ངོས་ལེན་བྱེད་དགོས།

བདུན་ཕྲག་ཁ་ཤས་སྔོན་ང་རང་ལ་དོ་སྣང་བྱ་འོས་པའི་ཉམས་མྱོང་ཞིག་བྱུང་སོང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་བར་ཧོ་ལེཎྜ་ Holand ལ་འགྲུལ་སྐྱོད་བྱེད་བཞིན་པའི་སྐབས། ཨེམ་སྚར་ཌེམ་ Amsterdam ལ་འགྲོ་དགོས་ཀྱི་ཡོད་དུས་གནམ་ཐང་དུ་ཞིབ་བཤེར་ཆེད་བང་སྒྲིག་ནས་བསྒུགས་བསྡད་ཡོད། གློག་ཀླད་འཕྲོ་བརླག་ཕྱིན་ནས་བང་ཧ་ཅང་རིང་པོ་བསྒྲིགས་འདུག །མི་ཚང་མ་སྤྲོ་ལངས་ཏེ་གནམ་གྲུ་རྗེས་ཟིན་གྱི་མ་རེད་བསམས་ནས་དངངས་འཚབ་བྱེད་བཞིན་འདུག །སྐབས་དེ་དུས་ངའི་མདུན་དུ་ཡོད་པའི་མི་རྣམས་ཀྱིས་རང་སོ་སོའི་འཛིན་ཤོག་དང་ཕྱི་སྐྱོད་ལག་ཁྱེར་བཏོན་སོང་། ངས་དེ་ལྟར་བྱེད་གྲབས་བྱེད་སྐབས་ཕྱི་སྐྱོད་ལག་ཁྱེར་ཁྱེར་རྒྱུ་བརྗེད་འདུག །དེ་མེད་པར་ནང་དུ་འཛུལ་མི་ཐུབ་ལ་དེའི་སྐབས་ང་རང་ལ་འཇར་མན་གྱི་ངོས་འཛིན་ལག་ཁྱེར་དེ་ཡང་ལག་ཏུ་མེད།

དེ་ལྟར་བྱུང་བ་དེ་ངའི་མི་ཚེའི་ནང་ཐེངས་མ་དང་པོ་ཡིན། ངས་གང་བྱེད་དགོས་སམ། ང་རང་གནམ་ཐང་དུ་ཡོད་པ་སོང་ཙང་། སླར་ཡང་གཡར་ཁང་དུ་ཕྱིན་ཏེ་ལག་ཁྱེར་ཁྱེར་ནས་དུས་ཐོག་ཚུར་འབྱོར་ཐུབ་རྒྱུ་སེམས་ཐག་རེད། དེ་འདྲའི་སྐབས་ང་རང་བློ་ཕམ་བྱུང་ཡོད་དམ། དེས་ཕན་ཐོགས་ཀྱི་མ་རེད། ང་ཁོང་ཁྲོ་ལངས་ཡོད་དམ། དེས་ཀྱང་ཕན་ཐོགས་མེད། ངས་གནས་ཚུལ་མཁོ་སྤྲོད་ལས་ཁང་དུ་ཕྱིན་ཏེ་གནམ་གྲུ་རྗེས་མ་ཞིག་ཡོད་མེད་སྐད་ཆ་དྲིས་པ་ཡིན། གནམ་ཐང་དེ་ག་རང་ནས་གནམ་གྲུ་མི་འདུག །ཡིན་ནའང་གྲོང་ཁྱེར་དེ་གའི་གནམ་ཐང་གཞན་ཞིག་ནས་དགོང་མོ་གནམ་གྲུ་ཞིག་འདུག །དེ་ལྟར་བྱས་ན། ངས་འཆར་གཞི་ལྟར་གྱི་ཕྱི་དྲོའི་མཛད་རིམ་ལ་བཅར་ཐུབ་ཀྱི་མེད། ད་ག་རེ་བྱེད་དགོས་སམ། ངས་ནང་ལ་ཕྱིན་ནས་དེའི་དགོང་མོའི་གནམ་གྲུ་གཞན་ཞིག་སྔོན་ཚུད་ནས་མངགས་ཉོ་བྱས་པ་ཡིན། དེ་ག་རང་རེད།

ཉམས་མྱོང་དེའི་རིགས་ནི་ང་ཚོས་ཆོས་དེ་མི་ཚེའི་ནང་མཉམ་སྡེབ་ཇི་ལྟར་བྱས་པའི་ཉམས་ཚོད་ཅིག་རེད། ང་ཚོས་གནས་སྟངས་དེའི་རིགས་ལ་བློ་ཕམ་དང་བཅས་ཏེ་ཁོང་ཁྲོ་ལངས་དགོས་སམ། གལ་ཏེ་ཁོང་ཁྲོ་ལངས་ཡོད་ན། དེས་རང་ཉིད་ལ་གནོད་ཅིང་རང་ཉིད་སྡུག་བསྔལ་བར་བྱེད་ཀྱི་ཡོད། གནས་སྟངས་དེའི་དངོས་པོའི་གནས་ལུགས་གང་ཡིན་པ་དེ་ང་ཚོས་ལམ་སེང་ངོས་ལེན་བྱས་ཏེ་དེ་ལ་དཔག་པའི་བྱ་བ་རྩོམ་དགོས། དེ་ནི་ང་ཚོས་ཁ་ཡོད་ལག་ཡོད་ཀྱི་ཆོས་དེ་མཉམ་སྡེབ་ཀྱིས་ཉམས་ལེན་བྱེད་དགོས་པའི་ཚུལ་དེ་ཡིན། དཔེར་ན། སངས་རྒྱས་གསུངས་པའི་མི་རྟག་པའི་སྐོར་ལ་བསམས་ན། ངས་གནམ་གྲུ་བྱེ་བྲག་ཅིག་བརྒྱུད་ནས་འགྲོ་དགོས་པའི་འཆར་གཞི་ཇི་ལྟར་བསྒྲིགས་པའི་རྟོག་འཆར་ལ་འཛིན་པ་སྐྱེས་ཏེ། ཨེམ་སྚར་ཌེམ་གནམ་ཐང་ནས་རོ་ཊྚར་ཌེམ་ Rotterdam བར་དུ་མེ་འཁོར་ནང་བསྐྱོད་དེ་ཕྱིར་དྲོའི་མཛད་རིམ་ལ་བཅར་དགོས་བསམས་པ་ནི་རྨི་ལམ་ལྟ་བུ་ཞིག་ལས་སྒྲུབ་མི་ཐུབ། བྱས་ཙང་། ད་ང་ཚོས་འཆར་གཞི་གཞན་ཞིག་སྒྲིག་དགོས་ལ་གདམ་ཀ་གཞན་ཞིག་འཚོལ་དགོས་ཀྱི་ཡོད།

འདི་ནི་སྒོམ་རྒྱག་པའི་སྐབས་མཁོ་བའི་གཞི་རྩའི་གདམས་ངག་ཧ་ཅང་གལ་ཆེན་ཞིག་དང་འབྲེལ་བ་ཆགས་ཀྱི་ཡོད། ང་ཚོས་རེ་བ་མེད་པའི་ཐོག་སྒོམ་རྒྱག་དགོས། གལ་ཏེ་ང་ཚོར་རེ་བ་མེད་ན། ང་ཚོར་བློ་ཕམ་མི་འབྱུང་བ་ཡིན། དེ་ནི་ཁ་ཡོད་ལག་ཡོད་ཀྱི་ནང་ཆོས་ཉམས་ལེན་ལ་མཁོ་བའི་རྨང་གཞི་དེ་ཡིན།

ངའི་གཅེན་མོར་ཕྲུ་གུ་བུ་གཉིས་དང་ཚ་མོ་བཞི་ཡོད། ཁྱེད་ཀྱི་བུ་དང་ཚ་མོ་རྣམས་ཀྱིས་ཁ་པར་གཏོང་གི་རེད་བསམས་ནས་རེ་བ་མ་བྱེད་ཅེས་ངས་རྟག་ཏུ་ཁོ་མོར་སེམས་གསོ་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་རེ་བ་བྱས་ན། ང་ཚོ་བློ་ཕམ་ཡོང་གི་རེད། གང་ཡིན་ཞེ་ན། ཁོང་ཚོས་ཁ་པར་གཏོང་གི་མ་རེད། གལ་ཏེ་ང་ཚོ་སྐད་ཆ་ཤོད་འདོད་ཡོད་ན། ཕར་ཁ་པར་བཏང་ན་འགྲིག་གི་རེད། དེ་ནི་དངོས་ཡོད་གནས་སྟངས་ངོས་ལེན་དང་བཅས་བྱེད་སྟངས་སྟབས་བདེ་ཞིག་རེད། གལ་ཏེ་དེ་ལ་འགྱུར་བ་གཏོང་ཐུབ་ཀྱི་འདུག་ན། གཏོང་དགོས། འགྱུར་བ་གཏོང་མི་ཐུབ་ན། གཏོང་མི་ཐུབ་པ་རེད། གོང་ཞུས་ལྟར་ང་ཚོའི་དོ་པོ་བོར་བརླགས་ཕྱིན་པ་དེ་གང་མགྱོགས་མི་རག་པར་དུས་ཚོད་འགོར་ངེས་རེད། དེ་ནི་ང་ཚོས་ངོས་ལེན་བྱེད་ཀྱི་ཡོད།

ཡང་བསྐྱར་ཞུས་ན། རྟོག་འཆར་ལ་རིགས་གཉིས་ཡོད་པ་སྟེ། གཅིག་ནི་ཕན་ཐོགས་ཅན་དེ་རེད། ང་ཚོས་འཆར་གཞི་ངེས་ཅན་ཞིག་སྒྲིག་དགོས། དཔེར་ན། ང་ཚོ་འགྲུལ་སྐྱོད་བྱེད་འདོད་ཡོད་ན། སྔོན་ཚུད་ནས་གནམ་གྲུའི་འཛིན་བྱང་ཉོ་ཚར་བ་བྱེད་དགོས། ཡིན་ནའང་རྟོག་འཆར་གྱི་རིགས་གཞན་དེ་ནི་ཕན་ཐོགས་ཅན་ཞིག་མིན་པ་མ་ཟད། ང་ཚོར་བར་ཆད་དང་འགོག་རྐྱེན་ཆགས་ཀྱི་ཡོད།

བསམ་བློ་གཏོང་བ་དང་ཉམས་ལེན་དངོས་གཞི་ལ་སྦྱོར་བ།

ང་ཚོའི་བར་ཆད་དུ་གྱུར་བའི་རྟོག་འཆར་རྣམས་ལ་མ་བལྟས་གོང་སོ་སོ་རང་ཉིད་ཀྱི་གནས་སྟངས་ཐད་བསམ་ཞིབ་བྱེད་ཕྱིར་དུས་ཚོད་ཅུང་ཟད་གཏོང་རྒྱུ་ནི་བསམ་བློ་ཡག་པོ་ཞིག་ཡིན། དེ་ཡང་ང་ཚོ་སྟབས་བསྟུན་བདེ་པོ་ཇི་ཙམ་ཡོད་པ་དང་། ང་ཚོས་འཆར་གཞི་བསྒྲིགས་པ་ལྟར་མ་བྱུང་ན་བློ་ཕམ་ག་ཚོད་ཡོང་གི་ཡོད་དམ། དུས་བཀག་ངེས་ཅན་ཞིག་ནང་ག་ཚོད་འཁར་གྱི་ཡོད་དམ། དཔེར་ན། ལས་ཀ་ཞིག་དུས་ཚོད་ངེས་ཅན་ཞིག་གི་ནང་ཏག་ཏག་ཚར་དགོས་པའམ། གལ་ཏེ་ང་ཚོ་ཟ་ཁང་ཞིག་གི་ནང་ཕྱིན་ན། ང་ཚོ་དགའ་བའི་ཟས་དེ་ཏག་ཏག་ཁོང་ཚོར་ཡོད་དང་མེད། ཡོད་ན་དེ་གང་མགྱོགས་རག་ཨེ་ཡོང་། དེ་ལྟར་ང་ཚོས་འཆར་གཞི་དང་རེ་བ་ལ་ཇི་ཙམ་འཛིན་ནས་སྡོད་ཀྱི་ཡོད་དམ། ང་ཚོ་བློ་ཕམ་དང་སྤྲོ་ཐུང་ཆགས་པའི་སྐབས། དེ་ནི་ཧ་ཅང་མི་སྡུག་པ་ག་ཚོད་ཡིན་པ་ཤེས་ཐབས་བྱེད་དགོས། ང་ཚོ་བློ་ཕམ་བྱུང་བའི་རྒྱུ་མཚན་ནི་རེ་བ་བྱས་པ་སོང་ཙང་རེད། ང་ཚོས་འཆར་གཞི་དེ་དངོས་པོའི་གནས་ལུགས་དང་མཐུན་དགོས་པར་བསམ་གྱི་ཡོད།

འོན་ཀྱང་ཚང་མ་རྒྱུ་རྐྱེན་ལ་བརྟེན་ནས་ཡོད། ཟ་ཁང་ནང་རང་གི་དགའ་སའི་ཟས་དེ་རྫོགས་སྲིད། དེ་ལ་རྒྱུ་རྐྱེན་སྣ་ཚོགས་ཡོད། མེ་འཁོར་དུས་ཐོག་ཏུ་མ་འབྱོར་བ་དང་། ང་ཚོ་སྣུམ་འཁོར་འཚང་འགག་ནང་ཚུད་དེ་གནམ་གྲུ་ཤོར་བ་དེ་དག་ནི་རྒྱུ་དང་རྐྱེན་རྣམས་རེད། རང་ཉིད་ཇི་ཙམ་གྱི་སྟབས་བསྟུན་བདེ་པོ་ཞིག་ཡིན་པའི་ཐད་སྐར་མ་ཁ་ཤས་རིང་བརྟག་དཔྱད་བྱེད་དགོས། དེའི་ཐད་ཁྱེད་ནས་ཡར་རྒྱས་གཏོང་དགོས་ཀྱི་འདུག་གམ། མི་རྟག་པའི་སྐོར་སྦྱང་པ་ཙམ་དང་། དབུགས་ལ་དམིགས་པ་གཏད་དེ་དབུགས་དེ་མི་རྟག་པ་ཡིན་པ་རྟོགས་པ་ཙམ་གྱིས་ཕན་གྱིས་མེད། དེ་ལྟར་བྱེད་པ་ནི་ཧ་ཅང་ཡག་པོ་རེད། འོན་ཀྱང་དེ་སོ་སོའི་མི་ཚེའི་ནང་དངོས་སུ་ལག་བསྟར་ཇི་ལྟར་བྱེད་དགོས་སམ། དེ་ནི་མི་རྟག་པ་རྟོགས་པའི་གནད་རྩ་དེ་ཡིན།

ཁ་ཡོད་ལག་ཡོད་ཀྱི་དཔེ་མཚོན་ཞིག་བཞག་ན། ཟས་སྣོད་ཅིག་ཟགས་པ་ཡིན་ན་ཆག་གི་རེད། དེའི་ཐད་ཁྱེད་སེམས་ཚོར་གྱི་ཡ་ལན་གང་ཡིན་ནམ། ཁྱེད་ཀྱིས་དགོང་ཟས་བཟོ་བཞིན་པའི་སྐབས་དེ་འཚིགས་པ་རེད། སེམས་ཚོར་གྱི་སྒོ་ནས་ཁྱེད་ཀྱིས་དེ་ལ་གདོང་ལེན་ཇི་ལྟར་བྱེད་དམ། དེ་ལ་བརྟེན་ནས་ང་ཚོའི་ཡར་རྒྱས་འགྲོ་རྒྱུ་འགོ་བཙུག་གི་ཡོད། ང་ཚོས་ནམ་རྒྱུན་གློག་ཀླད་དམ་ཁ་པར་ནང་ལས་ཀ་ཞིག་བྱེད་ཐབས་བྱས་ཀྱང་བྱེད་མ་ཐུབ་ན། དེ་མ་ཐག་ཁྱེད་ཀྱིས་དེ་ལས་གཞན་པའི་ལས་ཀ་ཞིག་བྱེད་ཐུབ་བམ། ཡང་ན་ཁྱེད་རང་བློ་ཕམ་ཡོང་གི་ཡོད་དམ། ཁྱེད་ཀྱིས་མནའ་སྐྱེལ་བ་དང་ཚིག་རྩུབ་སྨྲ་གི་ཡོད་དམ།

དེ་དག་ནི་ཁ་ཡོད་ལག་ཡོད་ཆོས་ཉམས་ལེན་བྱེད་ཚུལ་ཁག་རེད། གལ་ཏེ་ང་ཚོ་གནས་སྟངས་དེ་དག་གི་ནང་བློ་ཕམ་བྱུང་ནས། འཆར་གཞི་གཉིས་པའི་ཐོག་སྐྱོད་ཐུབ་ཀྱི་མི་འདུག་ན། ཐབས་ལམ་གཞན་ཞིག་རྟག་ཏུ་ཡོད་པ་ནི། ཁ་པར་རྩེད་པའམ་གློག་ཀླད་བེད་སྤྱོད་བྱེད་པ་སོགས་ཡོད། གལ་ཏེ་བློ་ཕམ་གྱི་འདུག་ན། དེ་དག་ང་ཚོས་ཡར་རྒྱས་གཏོང་དགོས་པའི་གནད་དོན་ཁག་ཡིན་པ་སྟོན་གྱི་ཡོད།

རྟོག་འཆར་གནོད་གཞི་ཅན།

རྟོག་འཆར་རིགས་གཉིས་ཞུས་པ་ལྟར། གཅིག་ནི་འཆར་འགོད་དང་དུས་ཚོད་བཟོ་ཕྱིར་ཕན་ཐོགས་ཅན་ཞིག་དང་། གཞན་དེ་ནི་གནོད་གཞི་ཅན་ཞིག་ཡིན། “ང་ནི་ཅི་གང་མི་འཇོན་མཁན་དེ་ཡིན། སུས་ཀྱང་ང་ལ་མི་དགའ། མི་འདི་ནི་ཞེད་སྣང་ཚ་པོ་ཞིག་འདུག་” ཅེས་སོགས་རྟོག་འཆར་མང་པོ་སེམས་ནང་འཁོར་བ་ནི་གནོད་གཞི་ཅན་ཡིན། ཡང་ན་ཁ་ལག་འཚིག་པ་དང་མེ་འཁོར་ཤོར་བ་ནི་ཧ་ཅང་བྱུས་ཉེས་ཤིག་རེད་ཅེས་བསམ་པ་ལྟ་བུ། གནོད་གཞི་ཅན་གྱི་རྟོག་འཆར་དེ་དག་ནི་སྒྲོ་འདོགས་ལ་གཞི་བྱས་ཡོད།

ཁོང་ཁྲོ་ལ་བརྟེན་ནས་ང་ཚོས་གཞན་ཞིག་གི་ངན་ཕྱོགས་ཀྱི་ཁྱད་ཆོས་རྣམས་ལ་སྒྲོ་བཏགས་ཏེ་འུད་ཤོབ་བྱེད་ཀྱི་ཡོད། མི་མང་པོས་ས་འོག་མེ་འཁོར་སོགས་ཀྱི་ནང་འགྲུལ་སྐྱོད་བྱེད་སྐབས་དེ་ལྟར་ཉམས་མྱོང་བྱུང་ཡོད་དེ། ང་ཚོས་ས་འོག་གི་སྐས་འཛེགས་ནས་མར་འབབ་པ་དང་མེ་འཁོར་དེ་འབབ་སྟེགས་ནས་ཐོན་ཕྱིན་པ་རེད། དེ་ལ་ང་ཚོས་ཇི་ལྟར་གདོང་ལེན་བྱེད་ཐུབ་བམ། ང་ཚོས་མནའ་སྐྱེལ་བ་དང་ཚིག་རྩུབ་སྨྲ་གི་ཡོད་དམ། སྐར་མ་ལྔའམ་བཅུ་སྒུག་དགོས་ཐུག་ན་དེ་ནི་འཛམ་གླིང་ནང་གི་གནས་སྟངས་སྡུག་ཤོས་དེ་མ་ཡིན། འོན་ཀྱང་ང་ཚོས་དེ་ལ་འུད་ཤོབ་བརྒྱབས་པ་དང་ཁོང་ཁྲོས་ངང་ཡ་ལན་སློག་གི་ཡོད། དེ་ལ་བརྟེན་ནས་བློ་ཕམ་ཡོང་གི་ཡོད། དེས་ང་ཚོ་སྐྱིད་པོ་མེད་པ་བཟོ་གི་ཡོད་པ་ལས། ཕན་ཐོགས་ཅི་གང་མེད། ཡོད་དམ། འདོད་རྔམ་དང་ཆགས་སེམས་ལ་བརྟེན་ནས་ང་ཚོས་ཆོས་སམ་དངོས་པོ་ཞིག་འཛམ་གླིང་ནང་གི་ཡག་ཤོས་དང་ཕུལ་དུ་བྱུང་བ་དེ་རེད་བསམ་པ་དང་། ང་ཚོ་མི་ཡག་ཤོས་དང་བཟང་ཤོས་མཉམ་དུ་ཡོད་བསམ་གྱི་ཡོད། ང་ཚོས་སྒྲོ་བཏགས་ཏེ་སེམས་ནང་བརྩེ་བ་སླེབས་ནས་གང་ཟག་དེའི་སྒྲོ་འདོགས་ཀྱི་ཁྱད་ཆོས་ཁོ་ན་ལས་མཐོང་གི་མེད། ང་ཚོས་གང་ཟག་དེ་སོ་སོའི་སྒྲོ་འདོགས་ཀྱི་ནང་གནས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཀྱང་། སུས་ཀྱང་དེ་ལྟར་གནས་མི་ཐུབ། དེ་ལྟར་གནས་མི་ཐུབ་དུས་ང་ཚོ་བློ་ཕམ་གྱི་ཡོད།

བློའི་ཁྱེར་སོ་དེ་ལྟ་བུ་ནི་དཀའ་ངལ་ཅན་ཞིག་རེད། ནམ་རྒྱུན་ང་ཚོས་དངོས་པོ་རྣམས་ལ་བློ་ཧ་ཅང་གུ་དོག་པོའི་ལྟ་གི་ཡོད། དེ་ནི་དཔེར་ན། ང་ཚོའི་མི་ཚེའི་ནང་འཐུས་ཤོར་འགྲོ་བའི་སྐབས་དང་། ཡང་ན་གཞན་གྱིས་ངོས་ལེན་མི་བྱེད་པའི་སྐབས། དེ་ག་ནང་བཞིན་གཞན་ཞིག་གིས་ང་ཚོར་སྣང་བར་མི་འགྲོ་བའི་ལས་ཤིག་བྱེད་པའི་སྐབས་གནས་སྟངས་དེ་འདྲ་འབྱུང་སྲིད་པ་ཡིན། སོ་སོ་དང་འབྲེལ་བ་ཡོད་པའི་མི་དེས་རང་ཉིད་སྐྱེས་སྐར་ཉིན་སྐད་མ་བཏང་བའམ། ཁོང་ཁྲོ་ལངས་ནས་སྐད་ལོག་རྒྱག་པ་སོགས་རང་གི་འདོད་པ་ནང་བཞིན་མ་བྱས་པ་ཡིན་ན། ང་ཚོས་གནས་དོན་དེ་རང་གི་ཐད་བསམ་བློ་བཏང་ནས་ཕན་ཚུན་འབྲེལ་ལམ་གྱི་རྒྱ་ཆེ་སའི་གནས་ཚུལ་ཡོངས་སུ་རྫོགས་པ་མཐོང་གི་མེད། ང་ཚོས་གུ་དོག་གི་བསམ་བློ་ཁོ་ན་དང་མཉམ་དུ་གནད་དོན་དེ་ངོས་འཛིན་བྱེད་ཀྱི་ཡོད་ཙང་། ང་ཚོ་ཁོང་ཁྲོ་ཆེན་པོ་ལང་གི་ཡོད།

གལ་ཏེ་ང་ཚོ་ནད་ཀྱིས་མནར་བའམ་དཀའ་ངལ་རིགས་ཡོད་ན། དེ་ནས་ང་ཚོས། “ང་ཐབས་སྡུག་པ་ལ། སྡུག་བསྔལ་འདི་འདྲ་མྱོང་མཁན་ནི་ང་གཅིག་པུ་རེད།” ཅེས་བསམ་སྲིད། འདི་ཡང་ཧ་ཅང་གུ་དོག་པོའི་ལྟ་ཕྱོགས་ཤིག་ཆགས་ཀྱི་ཡོད། དེ་ཡང་གནས་ཚུལ་ཆ་ཚང་མ་མཐོང་བ་ལ་གཞི་བྱས་པའི་རྟོག་འཆར་ཞིག་རེད། དཔེ་ཆ་བཞག་ན། སུས་ཀྱང་ང་ལ་དགའ་གི་མི་འདུག་ཟེར་བ་ལྟ་བུ་རེད། གལ་ཏེ་སོ་སོའི་མི་ཚེ་ཡོངས་རྫོགས་ལ་རྟོག་ཞིབ་བྱས་ན། རང་གི་མི་ཚེ་ཧྲིལ་པོའི་ནང་སུས་ཀྱང་རང་ཉིད་ལ་བརྩེ་བ་སྤྲད་པ་དང་དགའ་པོ་བྱས་མེད་པ་ཡིན་ནམ། སོ་སོས་གཅེས་སྐྱོང་བྱས་པའི་ཁྱི་དེས་རང་ལ་མི་དགའ་བ་ཡིན་ནམ། སུ་གཅིག་གིས་ཀྱང་རང་ཉིད་ལ་དགའ་པོ་དང་གཅེས་སྐྱོང་བྱས་མེད་དམ། ཞེས་སོགས་བསམ་བློ་རྒྱ་ཆུང་ལ་གུ་དོག་པོ་གཏོང་གི་ཡོད། ཡང་དཔེ་གཞན་ཞིག་བཞག་ན། ང་ནི་ཅི་གང་མི་འཇོན་མཁན་དེ་རེད། ཅེས་བསམས་དུས་དེ་བདེན་པ་ཡིན་ནམ། ང་ཚོས་ཅི་གང་ལའང་གྲུབ་འབྲས་ལྡན་པ་དང་ལམ་ལྷོང་བྱུང་མེད་པ་དེ་བདེན་ནམ། ང་ཚོས་གོམ་པ་རྒྱག་སྟངས་དང་གསང་སྤྱོད་བེད་སྤྱོད་བྱེད་སྟངས་སོགས་ལ་སྦྱོང་བརྡར་ལམ་ལྷོང་ལྡན་པ་བྱུང་ཡོད། བྱས་ཙང་། ང་ཚོས་གྲུབ་འབྲས་དང་ལམ་ལྷོང་ལྡན་པ་དེ་འདྲ་བྱུང་ཡོད་ངེས་རེད།

ད་དུང་ཡང་ང་ཚོའི་རྟོག་འཆར་དེ་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད་ཀྱང་། མཐུན་ན་འདོད་ཀྱི་ཡོད། བྱས་ཙང་། ང་ཚོས་མཐུན་གྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། སོ་སོའི་འདུག་རོགས་སམ་བཟའ་ཟླ་དེ་འཛམ་གླིང་ནང་གི་ཡག་ཤོས་དང་ཡིན་མདོག་ཁ་ཤོས། དམིགས་བསལ་ཅན་ཞིག་ཡིན་པར་འདོད་ཀྱི་ཡོད། དེའི་དཔེ་ཡག་པོ་ཞིག་ནི། ལྷོ་སྣེའི་གླིང་ཕྲན་ཨེན་ཊར་ཊི་ཀར་ Antarctica ཡོད་པའི་མཚོ་བྱ་པེན་གྱུན་རྣམས་ལ་སོ་སོའི་མི་ཚེའི་ནང་ཟླ་རོགས་གཅིག་ཡོད་ཚུལ་ལ་བསམས་ན། ང་ཚོར་མཚོ་བྱ་ཚང་མ་གཅིག་པ་གཅིག་རྐྱང་ལྟར་སྣང་གི་ཡོད་ཀྱང་། མཚོ་བྱ་ཁོ་རང་ཚོའི་སྣང་ངོར་དེ་དག་ཐམས་ཅད་ནས་གཅིག་དེ་དམིགས་བསལ་ཡིན་པ་རེད། མཚོ་བྱ་དེ་དག་གི་ལྟ་ཚུལ་ལྟར་བྱས་ན། འགྲོ་བ་མི་རྣམས་ཚང་མ་གཅིག་པ་གཅིག་རྐྱང་ལྟར་མཐོང་གི་ཡོད་ངེས་རེད། འོན་ཀྱང་ང་ཚོར་མཚོན་ན། གཞན་ཞིག་གིས་ང་ཚོར་དགའ་དང་མི་དགའ་ཁྱད་པར་མེད་པ་རེད། མ་རེད། ཁྱེད་ཅེས་བྱ་བའི་དམིགས་བསལ་བ་ཁོ་ན་དེས་རང་ཉིད་ལ་དགའ་དང་མི་དགའི་སྒྲོ་འདོགས་ཚུལ་དེས་ཕན་ཐོགས་གང་ཡང་མེད།

དངོས་པོའི་གནས་ལུགས་ངོས་ལེན་མི་བྱེད་པ།

གནོད་གཞི་ཅན་གྱི་རྟོག་འཆར་གྱི་རྣམ་པ་མི་འདྲ་བ་གཞན་ཞིག་ནི། དངོས་པོའི་གནས་ལུགས་ངོས་ལེན་མི་བྱེད་པ་དེ་རེད། དེ་ཡང་གཞན་གྱི་དངོས་ཡོད་གནས་ཚུལ་མཐོང་གི་མེད་པ་དང་དེ་ལ་ངོས་ལེན་མི་བྱེད་པ་དེ་རེད། དེ་འདྲ་ག་དུས་འབྱུང་གི་ཡོད་ཅེ་ན། ང་ཚོས་མི་རྣམས་ཡུལ་རང་ངོས་ནས་དོན་ངོ་མར་ཡོད་པར་འཛིན་པ་དང་། དེ་དག་ཚོར་བ་དང་ལྡན་པའི་འགྲོ་བ་མི་ཡིན་པའི་ཐད་བསམ་བློ་མི་གཏོང་བར་ཡུལ་རང་ངོས་ནས་ཡོད་པར་འཛིན་པའི་སྐབས་འབྱུང་གི་ཡོད། ནང་ཆོས་ནང་སྐད་གྲགས་ཡོད་པའི་ཤོད་སྒྲོས་ཤིག་ནི། “མི་ཚང་མ་བདེ་བ་འདོད་པ་དང་། སྡུག་བསྔལ་འདོད་མཁན་སུ་གཅིག་ཀྱང་མེད།” ཅེས་པ་དེ་རེད། ཤོད་སྒྲོས་དེ་ང་ཚོས་གཞན་གྱི་ཐོག་ལ་དོ་གལ་ཇི་ཙམ་བརྩི་གི་ཡོད་དམ། ནམ་རྒྱུན་ང་ཚོས་གནད་དོན་དེ་ལ་སྣང་མེད་ཀྱིས་གཞན་ལ་ལྟ་ཚུལ་འཛིན་སྟངས་དང་སྐད་ཆ་ཤོད་སྟངས་ཀྱིས་ཁྱད་པར་གང་ཡང་མེད་པ་ལྟ་བུའི་བྱ་སྤྱོད་སྤེལ་གྱི་ཡོད། དེ་ཡང་རྒྱུ་དང་འབྲས་བུའི་རྣམ་བཞག་སྐབས་འདིར་འབྲེལ་བ་མེད་པ་ལྟ་བུ་དང་གཞན་སུ་ལའང་ཚོར་བ་མེད་པ་ལྟ་བུའི་བྱ་སྤྱོད་སྤེལ་གྱི་ཡོད།

དཔེར་ན། སོ་སོའི་ལས་ཁུངས་ནང་མི་སྣང་བར་མི་འགྲོ་བ་ཞིག་དང་རང་གི་མི་དགའ་ས་ཞིག་ཡོད་ནའང་ད་དུང་གང་ཟག་དེ་བདེ་བ་འདོད་པ་དང་སྡུག་བསྔལ་འདོད་ཀྱི་མེད། མི་ཚང་མས་གཞན་གྱིས་སོ་སོ་རང་ཉིད་ལ་དགའ་ན་བསམ་གྱི་ཡོད་པ་ལས་མི་དགའ་ན་བསམ་གྱི་མེད། ཁོང་ཚོས་བྱ་སྤྱོད་མི་མཛེས་པ་སྤེལ་བའི་རྒྱུ་མཚན་ནི། བདེ་སྐྱིད་འབྱུང་བའི་རྒྱུ་ལ་རྨོངས་ནས་པས་རེད། དེ་ཡང་ཚད་བརྒལ་གྱི་ཚོད་དཔག་བྱེད་མཁན་དང་འབྲེལ་བ་ཆགས་ཡོད། རྒྱལ་སྲས་ཞི་བ་ལྷས། རང་གི་བདེ་བ་དགྲ་ལྟར་འཇོམས། ཞེས་གསུངས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོ་སྡུག་བསྔལ་འབྱུང་བའི་རྒྱུའི་ཕྱོགས་སུ་རྒྱུག་གི་ཡོད།  གལ་ཏེ་མི་ཞིག་གིས་རང་དོན་དོན་དུ་གཉེར་ནས་ལས་ཀ་བྱས་ན། དེས་གཞན་ཚང་མས་རང་ལ་མི་དགའ་བ་འགྱུར་བའི་རྒྱུ་བྱེད་ཀྱི་ཡོད། ཁོང་ཚོའི་བྱ་སྤྱོད་སྤེལ་སྟངས་དེ་ལ་སུས་ཀྱང་སྣང་བར་མི་འགྲོ་ནའང་། མི་དེའི་སེམས་ནང་བྱ་སྤྱོད་དེས་ཁོང་ཚོར་སྐྱིད་པོ་ཡོང་གི་རེད་བསམ་གྱི་ཡོད།

མི་གཞན་དང་ཐུག་འཕྲད་སྐབས། “ངས་འདོད་པ་ལྟར་ཁྱེད་ཀྱིས་ཀྱང་བདེ་བ་འདོད་ཀྱི་ཡོད། ང་ལ་ཚོར་བ་ཡོད་པ་ལྟར་ཁྱེད་ལའང་ཚོར་བ་ཡོད། ངས་མི་འདོད་པ་ལྟར་ཁྱེད་རང་སྡུག་བསྔལ་མི་འདོད་ལ་གཞན་གྱིས་དགའ་པོ་བྱེད་པར་འདོད་ཀྱི་ཡོད། ངས་མི་འདོད་པ་ལྟར་ཁྱེད་རང་གཞན་གྱིས་མི་དགའ་བ་བྱེད་པའམ་ངོས་ལེན་མི་བྱེད་པ་བཅས་འདོད་ཀྱི་མེད།” ཅེས་ཤེས་པར་བྱ་རྒྱུ་ཧ་ཅང་གལ་ཆེ། སྐབས་འགར་ང་ཚོ་སྤྱི་སྤྱོད་རླངས་འཁོར་ནང་ཡོད་པའམ་སྣུམ་འཁོར་འཚང་འགག་ནང་ཡོད་པའི་སྐབས། བསམ་བློ་གཏོང་སྟངས་དེ་ལྟ་བུ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། སྣུམ་འཁོར་འཚང་འགག་ལྟ་བུར་མཚོན་ན། མི་ཚང་མ་རང་སོ་སོའི་འགྲོ་སའི་ཡུལ་དུ་འབྱོར་འདོད་ཡོད། ང་ཚོར་མི་འདོད་པ་ནང་བཞིན་གཞན་སུ་གཅིག་ཀྱང་ཚང་འགག་དེའི་ནང་སྡོད་འདོད་མེད། མི་གཞན་གྱི་ཕྱོགས་སུ་ཁོང་ཁྲོ་བྱེད་དགོས་དོན་མེད། ང་ཚོར་ཡོད་པ་ནང་བཞིན་གཞན་ཚང་མར་ཚོར་བ་ཡོད།

དེ་དག་ལས་ཕན་ཐོགས་ཆེ་ཤོས་ནི། “མི་ཚང་མས་སངས་རྒྱས་བཅོམ་ལྡན་འདས་ལའང་དགའ་པོ་བྱེད་ཀྱི་མེད། བྱས་ཙང་། ང་ཚོས་མི་ཚང་མས་རང་ཉིད་ལ་དགའ་ན་བསམས་ནས་རེ་བ་བྱེད་དགོས་དོན་གང་ཡིན་ནམ།” ཞེས་དང་། ཡང་ “ཡེ་ཤུ་མ་ཤི་ཀ་ཡང་རྒྱངས་ཤིང་ལ་བཀལ་ནས་མནར་སྤྱོད་བཏང་ཡོད། བྱས་ཙང་། ང་ཚོས་སོ་སོ་ལ་རེ་བ་གང་བྱེད་དམ།” མི་ཚང་མས་རང་ཉིད་ལ་བརྩེ་བ་དང་དགའ་མོས་བྱེད་དམ། ཞེས་བསམ་བློ་བཏང་ན། ང་ཚོའི་འདོད་མོས་ལྟར། མི་ཞིག་གིས་རང་ཉིད་ལ་མི་དགའ་བ་བྱེད་པའམ་བཟང་ཕྱོགས་ཀྱི་ཡ་ལན་མི་བྱེད་པའི་སྐབས་ཕན་ཐོགས་ཆེན་པོ་ཡོད། དེ་དག་ང་ཚོའི་མི་ཚེ་དངོས་ཀྱི་ནང་དངོས་ཡོད་དང་མི་མཐུན་པའི་རེ་བ་དང་རྟོག་འཆར་ལ་གདོང་ལེན་བྱེད་པར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བའི་གནད་དོན་རྣམས་ཡིན། ང་ཚོས་ “ངས་གང་བྱེད་པ་དང་གང་བཤད་པ་དེ་འགྲིག་དགོས་ཤིང་། གཞན་ཚང་མས་ང་ལ་ཉན་འཇོག་བྱེད་དགོས།” ཞེས་བསམ་སྲིད། འོན་ཀྱང་གཞན་ཚང་མས་ཅིའི་ཕྱིར་ཉན་འཇོག་བྱེད་དགོས་སམ།

ང་ཚོས་འདིར་དངོས་པོའི་གནས་ལུགས་གང་ཡིན་པ་དང་མིན་པའི་ཁྱད་པར་འབྱེད་ཀྱི་ཡོད་པ་དེ་དྲན་དགོས། ང་ཚོར་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དང་སྔར་བས་སེམས་རྩེ་གཅིག་ཏུ་གནས་པའི་ཀུན་སློང་སོགས་གང་ཡིན་ནའང་ཡོད་ཆོག །དེ་ལྟར་ཡག་ཏུ་གཏོང་བར་དོན་ངོ་མའི་ནུས་པ་དང་འཇོན་ཐང་ཡོད་ན་དེ་ནི་དངོས་ཡོད་དང་མཐུན་པའི་རེ་བ་ཞིག་ཡིན། འོན་ཀྱང་ང་ཚོས་ “ང་ནི་ཁྱེད་ཀྱི་མི་ཚེའི་ནང་གི་མི་གལ་ཆེ་ཤོས་དེ་ཡིན་དགོས། ཁྱེད་ཀྱིས་ངའི་ཆེད་དུ་རྟག་ཏུ་དུས་ཚོད་ཡོད་པ་བྱེད་དགོས།” ཞེས་བསམ་བློ་བཏང་ནས་དེ་འདྲ་ཞིག་བྱུང་ན། དེ་ནས་སོ་སོའི་ཟླ་རོགས་ལས་ཀ་ནས་ནང་དུ་འབྱོར་བ་དང་ཉིན་གང་རང་གི་མི་ཚེའི་ནང་ཅི་གང་བྱུང་མེད་པ་ལྟར་ནང་དུ་སླེབས་ཀྱི་ཡོད། བྱས་ཙང་། ད་ཁོང་ཚོར་དུས་ཚོད་ཤག་རེད་ཅེས་བསམ་པ་ནི་དངོས་པོའི་གནས་ལུགས་དང་མི་མཐུན་པའི་རེ་བ་ཞིག་རེད། མ་རེད་དམ།

ང་ཚོར་དངོས་ཡོད་དང་མི་མཐུན་པའི་རེ་བ་ཡོད་སྐབས་བསམ་ཞིབ་བྱེད་དགོས་པ་ནི། རེ་བ་དེ་འདྲ་ག་ཚོད་ཙམ་ང་ཚོར་ཡོད་པ་དང་། དེ་དག་ང་ཚོས་ངོས་འཛིན་ག་ཚོད་ཡག་པོ་ཐུབ་ཀྱི་འདུག་གམ། ང་ཚོས་དེ་དག་ལ་ཡིད་ཆེས་བྱེད་སྐབས། དེ་དག་གནོད་གཞི་ཅན་ཡིན་པ་ང་ཚོས་ངོས་འཛིན་གྱི་ཡོད་དམ། དེ་དག་གིས་སྡུག་བསྔལ་གྱི་རྒྱུ་ཇི་ལྟར་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་སམ། ༧གོང་ས་མཆོག་གིས་དེ་དག་ལ་ང་ཚོའི་ནང་སེམས་ཀྱི་དཀའ་ངལ་བཟོ་མཁན་ཞེས་གསུང་རྒྱུ་ཐུགས་མཉེས་པོ་གནང་གི་ཡོད།

ནུབ་ཕྱོགས་ཀྱི་མི་མང་དག་ཅིག་ནི་དེ་དག་གི་ཚད་བརྒལ་ཚོད་དཔག་དང་འབྲེལ་བའི་ལྟ་གྲུབ་ཀྱིས་ཤུགས་རྐྱེན་སྤྲད་ཡོད། ང་ཚོ་མང་པོ་ཞིག་ལ་བསམ་བློ་གཏོང་སྟངས་དཀའ་ངལ་ཆེ་ཤོས་ཤིག་ནི་ང་ཚོ་ད་དུང་ཡག་པོ་མིན་ཞེས་པ་དེ་རེད། དེ་ནི་ཚད་བརྒལ་གྱི་ཚོད་དཔག་ཅིག་ཡིན། གཞན་སུས་ཀྱང་ང་ཚོར་ཚོད་དཔག་བྱེད་ཀྱི་མེད་པ་ཤེས་དགོས་ལ་རང་གིས་རང་ལའང་ཚོད་དཔག་བྱེད་དགོས་དོན་མེད། ང་ཚོ་རྨོངས་སྲིད་ཀྱང་། དེ་ནི་ཆ་མ་ཚང་བ་དང་སྡུག་ཅག་ཡིན་པའི་དོན་མ་རེད། དེ་ནི་རང་གིས་རང་ལ་གནོད་པའི་རྟོག་འཆར་ཞིག་ཡིན།

བདེན་པ་གཉིས་ཀྱི་དབར་ཁྱད་པར་འབྱེད་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་པོ་ཡིན། ང་ཚོར་བདེན་པར་སྣང་བའི་ང་ད་དུང་ཡག་པོ་མིན་ཞེས་པ་དེ་དོན་ངོ་མར་ནོར་འཁྲུལ་རེད། དེ་ལ་ཡིད་ཆེས་བྱེད་དགོས་དོན་མེད། དེར་བརྟེན་ང་ཚོས་ཡིད་ཆེས་བྱ་རྒྱུ་མཚམས་འཇོག་བྱེད་དགོས་ཤིང་། རང་གི་མི་ཚེ་ལས་རྒྱུ་འབྲས་དང་མཐུན་པར་བསྐྱལ་དགོས། གལ་ཏེ་ང་ཚོ་ལམ་ལྷོང་དང་གྲུབ་འབྲས་ལྡན་པ་འདོད་ན། དེའི་རྒྱུ་གང་ཡིན་པ་དེ་ཡར་རྒྱས་གཏོང་དགོས། དེ་སྲིད་པ་ཞིག་ཡིན་ན། བྱེད་དགོས། གལ་ཏེ་སྲིད་པ་ཞིག་མིན་ན། དངོས་ཡོད་གནས་སྟངས་དེ་ངོས་ལེན་བྱེད་དགོས། དཔེ་ཆ་བཞག་ན། གལ་ཏེ་ཁྱེད་རང་ལ་ལས་ཀ་ཡག་ག་ཞིག་འཐོབ་པར་འདོད་ན། ལས་ཀ་དེ་འཚོལ་དགོས་པ་ལས་གནམ་ནས་གཅིག་ཟག་ཡོང་བསམ་པའམ་གཞན་ཞིག་གིས་ལས་ཀ་སྟེར་ཡོང་བསམས་ནས་སྒུག་པ་ཙམ་གྱིས་མི་ཕན། རྒྱུ་དང་འབྲས་བུ་ཟེར་བ་དེར་ཡོད་པ་རེད། འབྱུང་སྲིད་པའི་གནད་དོན་ཐད་གོ་ཤེས་ལྡན་པ་བྱས་ཏེ་ཁེ་བཟང་ལེན་དགོས། གནས་སྟངས་ཤིག་གི་ནང་འཛུལ་ནས་ཞེད་སྣང་ཚ་བ་ལ་བསམས་ནས་བསྡད་ན། ང་ཚོ་ནམ་ཡང་མདུན་སྐྱོད་མི་ཐུབ་ལ་ཕན་ཐོགས་གང་ཡང་མེད། བསམ་བློ་གཏོང་སྟངས་དེའི་རིགས་ནི་ཧ་ཅང་ལྡོག་ཕྱོགས་དང་ངན་ཕྱོགས་ཀྱི་བསམ་བློ་ཞིག་ཡིན། དེ་ཡང་སྨོན་ལམ་གྱི་ནང་། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་གསུངས་པ་དེ་བྱ་བ་རྩོམ་པ་དང་སྐད་ཆ་ཤོད་པ་ཙམ་ལ་གོ་བ་མ་ཡིན་པར། བསམ་བློ་གཏོང་སྟངས་ལའང་གོ་བ་ཡིན། དེའི་ནང་ང་ཚོས་རང་ཉིད་དང་གཞན་ལ་བརྩི་མཐོང་ཇི་ལྟར་བྱེད་ཀྱི་ཡོད་པ་དེ་ཚུད་ཡོད།

འཕགས་པའི་བདེན་པ་བཞི།

སྣང་ཚུལ་དང་གནས་ཚུལ་གཉིས་དབར་གྱི་ཁྱད་པར་འབྱེད་པའི་ཐབས་ཚུལ་འདི་ནི་འཕགས་པའི་བདེན་པ་བཞི་ང་ཚོའི་མི་ཚེའི་ནང་ཇི་ལྟར་ལག་བསྟར་བྱེད་དགོས་པ་དེ་ཡིན། ༧གོང་མཆོག་ནས་བདེན་པ་གཉིས་ནས་བདེན་པ་བཞིའི་ཐོག་ལ་འགྲོ་དགོས་ཞེས་ནན་བརྗོད་གནང་བ་ལྟར། ང་ཚོས་ཐོག་མར་སོ་སོའི་དཀའ་ངལ་ཤེས་དགོས། དེ་ནི་འཕགས་པའི་བདེན་པ་དང་པོ་དེ་རེད། དཀའ་ངལ་ལམ་སྡུག་བསྔལ་དེ་དག་རྒྱུ་ལ་བརྟེན་ནས་འབྱུང་གི་ཡོད་པ་ནི་བདེན་པ་གཉིས་པ་རེད། དེ་ནས་ང་ཚོར་རྟོག་པའི་འཆར་སྣང་ཡོད་པ་དང་དེའི་སྒང་ལ་མ་རིག་པ་ཡོད། མི་ཤེས་པའམ་མ་རིག་པ་ནི་སྣང་ཚུལ་དེ་གནས་ཚུལ་དང་མཐུན་གྱི་མེད་པ་མི་ཤེས་པ་དེ་རེད། གལ་ཏེ་ང་ཚོས་བདེན་པ་གསུམ་པ་སྟེ། སྡུག་བསྔལ་འགོག་པའི་དགོག་བདེན་འཐོབ་པར་འདོད་ན། དངོས་པོའི་གནས་ལུགས་གང་ཡིན་པ་དེ་རྟོགས་དགོས། དེ་རྟོགས་པར་བྱེད་པར་བདེན་པ་བཞི་པ་སྟེ། ལམ་གྱི་བདེན་པ་ལ་བརྟེན་ནས་རྟོག་པའི་འཆར་སྣང་གི་སྒང་བུ་དེ་བརྟོལ་དགོས།

ཉམས་ལེན་དེ་བྱེད་པར་ཡིན་གཅིག་མིན་གཅིག་ཁྱེད་རང་ནང་པ་ཆགས་མི་དགོས། ༧གོང་ས་མཆོག་གིས། འདི་ནི་གོ་ལ་སྤྱིའི་ལངས་ཕྱོགས་སམ་ཐབས་ཚུལ་ཞིག་ཡིན་པས། ང་ཚོས་དེ་དག་འཕགས་པའི་བདེན་པ་བཞི་དང་འབྲེལ་ནས་ལག་བསྟར་བྱེད་དགོས་མེད་ཅེས་གསུངས། ཐབས་ཚུལ་འདི་ལ་མིང་གང་ཡང་འབོད་མི་དགོས། ཐབས་ཚུལ་འདིའི་བརྒྱུད་དཀོན་མཆོག་གསུམ་གང་ཡིན་བཤད་མི་དགོས་པར། དེ་དག་གི་ཕྱོགས་སུ་འཁྲིད་པར་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་སྡུག་བསྔལ་གྱི་རྒྱུ་རྣམས་མེད་པ་བཟོས་ན། སྡུག་བསྔལ་མེད་པ་ཆགས་རྒྱུ་ཡིན་པ་ཤེས་ཀྱི་ཡོད། སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་འགྲོ་སའི་གནས་དང་དེ་ལྟར་རྟོགས་པར་བྱེད་མཁན་ནི་ཆོས་དཀོན་མཆོག་ཡིན། དེ་དག་ནི་འཕགས་པའི་བདེན་པ་གསུམ་པ་དང་བཞི་པ་རེད། སངས་རྒྱས་དཀོན་མཆོག་ནི་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་སྤངས་ཟིན་པ་དང་། དགེ་འདུན་དཀོན་མཆོག་ནི་དེ་དག་གི་ཆ་ཙམ་སྤངས་པ་རྣམས་ཡིན།

དེ་ལྟར་ང་ཚོར་བདེན་པ་གཉིས་དང་། བདེན་པ་བཞི། དཀོན་མཆོག་གསུམ་བཅས་ཡོད་པ་ཡིན། བྱས་ཙང་། དེ་དག་གི་ཆེད་དུ་ནང་པ་ཆགས་དགོས་ཡག་མེད། ནང་པ་ཚོར་མཚམས་ཐིག་ལྟ་བུ་ཞིག་ཡོད་པ་ནི། སྐྱེ་བ་ཕྱི་མ་ཡག་པོ་ཞིག་ཡོང་ཕྱིར་འབད་བརྩོན་བྱ་རྒྱུའི་དམིགས་ཡུལ་དེ་རེད། འོན་ཀྱང་ཐབས་ཚུལ་འདིའི་རྗེས་སུ་འབྲང་བར་སྐྱེ་བ་སྔ་མ་དང་ཕྱི་མར་ཡིད་ཆེས་ཡོད་དགོས། ༧གོང་མཆོག་གིས་མཛུབ་སྟོན་གནང་བ་བཞིན་བོད་ནང་ཇོ་བོ་རྗེའི་སྐུ་དུས་སུ་ངོ་སྤྲོད་བྱས་པའི་སྲོལ་རྒྱུན་གྱི་མདོའི་ལུགས་སྲོལ་དེ་ནི་ལམ་རིམ་ཡིན་པ་རེད། དེ་ཡང་ཀུན་སློང་གི་རིམ་པ་གསུམ་མམ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་སྐོར་རེད། དེ་དག་ནི་སྐྱེ་བ་ཕྱི་མ་ཡར་རྒྱས་གཏོང་ཕྱིར་དང་། སྐྱེ་བ་ཕྱི་མའི་ནང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ལས་ཐར་ནས་ཐར་པ་འཐོབ་ཕྱིར། དེ་ནས་སྐྱེ་བ་ཕྱི་མའི་ནང་གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཐར་ཐུབ་པ་བྱ་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་རྒྱུ་དེ་ཡིན། བྱས་ཙང་། སྒྲོམ་གཞི་ཡོངས་སུ་རྫོགས་པ་དེ་སྐྱེ་བ་ཕྱི་མ་དང་ཡང་སྲིད་ལ་རག་ལུས་ཡོད། བློ་ལྡོག་རྣམ་པ་བཞི་ལ་བརྟེན་ནས་ཀྱང་སྐྱེ་བ་ཕྱི་མའམ་ཡང་སྲིད་ཀྱི་སྐོར་གཅིག་མཚུངས་སུ་ཤོད་ཀྱི་ཡོད། ལམ་ཡོངས་རྫོགས་དད་པའི་ཐོག་གཞི་བཅོལ་ཡོད་པས་སྐྱེ་བ་ཕྱི་མའམ་ཡང་སྲིད་ཟེར་བ་ཞིག་ནི་ཡོད་པ་ཡིན།

ནུབ་ཕྱོགས་པ་དང་སྤྱིར་བཏང་ལངས་ཕྱོགས་གཞིར་བཟུང་བྱས་ན། ཐོག་མར་བདེན་པ་གཉིས་དང་། བདེན་པ་བཞི། དཀོན་མཆོག་གསུམ་བཅས་ནས་འགོ་འཛུགས་བྱ་རྒྱུ་དེ་ཡག་ག་ཡོད། དེའི་རྗེས་སུ་རྒྱུ་འབྲས་ཀྱི་སྐོར་ངོ་སྤྲོད་བྱེད་ཆོག །འོན་ཀྱང་གལ་ཏེ་ང་ཚོར་རང་རྐྱ་བ་ལྟོས་མེད་ཀྱི་ཐོག་མའི་འགོ་འཛུགས་ཤིག་ཡོད་ན། རྒྱུ་འབྲས་ཀྱི་རྣམ་གཞག་དེ་དོན་སྙིང་གང་ཡང་མེད་པ་ཆགས་ཀྱི་ཡོད། དེས་ཐོག་མ་མེད་པའི་སེམས་ཀྱི་སྐོར་ཤོད་ཀྱི་ཡོད། ཐོག་མ་མེད་པའི་སེམས་དེ་རྟོགས་ན། དེ་ནས་ང་ཚོས་སྐྱེ་བ་ཕྱི་མ་རྟོགས་ཐུབ། སྐབས་འདིར་སྐྱེ་བ་ཕྱི་མར་བཅོས་མིན་གྱི་ཕན་པར་འདོད་པ་དང་། འཁོར་བ་ལས་གྲོལ་ནས་ཐར་པའི་གོ་འཕང་ཐོབ་ནས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་ནང་འཁྱམ་འདོད་མེད། ང་ཚོས་ལམ་རིམ་གྱི་ཉམས་ལེན་ལ་འཇུག་པའི་སྐབས་སྐྱེ་བ་ཕྱི་མ་དང་ཡང་སྲིད་ཁོ་ནར་ཡིད་ཆེས་པ་ལ་གཞིར་བྱས་པ་དེ་བརྟན་པོ་མེད། འོན་ཀྱང་སྐྱེ་བ་ཕྱི་མར་གཞི་བྱས་ནས་ལམ་རིམ་ཉམས་ལེན་བྱས་ན་ཕན་ཐོགས་མེད་ཟེར་བའི་དོན་མིན། ཡིན་ནའང་གལ་ཏེ་ང་ཚོས་སྲོལ་རྒྱུན་བོད་མི་ཚོས་འགོ་འཛུགས་བྱེད་པ་ལྟར། སྐྱེ་བ་ཕྱི་མར་ངེས་ཤེས་རྙེད་པ་ཞིག་བྱུང་ན་དེ་བརྟན་ཆ་ཆེ་བ་ཡོད།

འཆར་འགོད་ལྡན་པའི་བདེན་པ་གཉིས་ལ་སོགས་པས་སོ་སོའི་མི་ཚེའི་ནང་ཆོས་མཉམ་སྡེབ་ཀྱིས་ལག་བསྟར་བྱེད་ཐུབ་ཚུལ་ཞིག་སྟོན་གྱི་ཡོད། དེ་ཡང་སྣང་ཚུལ་དང་གནས་ཚུལ་དབར་གྱི་ཁྱད་པར་འབྱེད་པ་ནས་འགོ་འཛུགས་བྱེད་ཅིང་། ང་ཚོས་ག་དུས་རྟོག་འཆར་སྐྲུན་གྱི་ཡོད་པ་དང་རྟོག་པའི་འཆར་སྣང་དེ་དག་ལ་ཡིད་ཆེས་ནོར་བ་བྱེད་པ་བཅས་ངོས་འཛིན་རྒྱུ་དེ་རེད། དེ་དག་ཐམས་ཅད་ཚད་བརྒལ་གྱི་ཚོད་དཔག་དང་བྲལ་བའི་ཐོག་ནས་སྒྲུབ་ཐུབ། དཔེར་ན། “ངའི་བསམ་པར། ཁྱེད་ཀྱིས་དེའི་ཐད་ང་ལ་རོགས་བྱེད་ཀྱི་རེད་བསམས་སོང་སྟེ། ཁྱེད་ཀྱིས་བྱས་མ་སོང་།” ཞེས་དང་། “ངའི་བསམ་པར། ཁྱེད་ཀྱིས་དེ་མ་ནོར་བ་བྱེད་ཀྱི་རེད་བསམས་སོང་སྟེ། དེ་ལྟར་བྱས་མ་སོང་།” ཞེས་ཟེར་གྱི་ཡོད། ང་ཚོས་མི་ཞིག་ལ་ལས་ཀ་ཞིག་མངགས་ནས་ཁོས་ཡག་པོ་དང་སྤུས་དག་བྱེད་ཀྱི་རེད་བསམ་པའི་རེ་བ་བྱས་ཀྱང་། དེ་ལྟར་བསྒྲུབས་མེད། དེ་ལ་ང་ཚོས་གང་བྱེད་དམ་ཞེ་ན། དེ་སོ་སོའི་ངོས་ནས་བྱེད་དགོས། མི་དེ་ལ་ང་ཚོ་ཁོང་ཁྲོ་ཟ་གི་ཡོད་དམ། ཁོང་ཁྲོ་བཟས་ན་ཕན་ཐོགས་མེད། ད་གང་བྱེད་དགོས་ཟེར་ན། མ་འོངས་པར་མི་དེ་ལ་ལས་ཀ་དེ་འདྲ་ཞིག་མངགས་རྒྱུ་མེད། ཡང་མིན་ན་ལས་ཀ་དེ་ཇི་ལྟར་མ་ནོར་བར་བྱེད་དགོས་ཚུལ་སློབས་དགོས། དངོས་ཡོད་གནས་ཚུལ་ལ་གདོང་ལེན་བྱེད་དགོས། ང་ཚོ་བློ་ཕམ་དང་སྤྲོ་ཐུང་ཆགས་དགོས་པའི་རྒྱུ་མཚན་ནི། མི་དེས་ལམ་སྟོན་མི་དགོས་པའི་ཐོག་ཡག་པོ་དང་མ་ནོར་བ་བྱེད་ཀྱི་རེད་བསམ་པའི་རེ་བ་བྱས་པས་རེད། དེ་ལྟར་བྱེད་ཀྱི་རེད་ཅེས་རེ་བ་བྱེད་ཆོག །དེ་ནི་གནས་ཚུལ་ཐ་དད་རེད། ཡིན་ནའང་རེ་བ་མེད་པའི་ཐོག་ནས་བྱས་ན་བློ་ཕམ་མི་ཡོང་བ་ཡིན།

ཉོན་མོངས་པའི་སེམས་ཚོར།

ང་ཚོས་སྡིག་པ་ཅི་ཡང་མི་བྱ་ཞིང་ཞེས་པའི་ཚིག་རྐང་དེ་ལག་བསྟར་བྱེད་འདོད་ཡོད་སྐབས། ཉོན་མོངས་པའི་དབང་དུ་ཤོར་ནས་ག་དུས་ལས་བརྩམ་པ་དང་། སྐད་ཆ་ཤོད་པ། བསམ་བློ་གཏོང་གི་ཡོད་མེད་ངོས་འཛིན་བྱེད་དགོས། ཉོན་མོངས་ཀྱི་མཚན་ཉིད་ནི། སེམས་ཀྱི་གནས་བབས་གང་རུང་ཞིག་རང་རྒྱུད་ལ་སྐྱེད་པའི་སྐབས། སེམས་ཀྱི་ཞི་བདེ་བརླག་པར་བྱེད་པ་དང་རང་ཚུགས་ཤོར་བར་བྱེད་ཀྱི་ཡོད། ང་ཚོ་ཁོང་ཁྲོ་ལངས་པའི་སྐབས་སེམས་ཀྱི་གནས་བབས་ཞི་བདེའི་ངང་མེད་པས། ཕྱིས་སུ་འགྱོད་པ་སྐྱེ་དགོས་པའི་སྐད་ཆ་ཤོད་པ་དང་ལས་ཀ་བྱེད་ཀྱི་ཡོད། ང་ཚོ་ཡུལ་ཞིག་ལ་འདོད་རྔམ་སྐྱེ་བའམ་ཞེན་པ་སྐྱེ་བའི་སྐབས། དེ་ཡང་སེམས་ཀྱི་གནས་བབས་ཞི་བདེའི་ངང་མེད། དེར་བརྟེན་ཕྱིས་སུ་ཆོ་མེད་དུ་ཚོར་བའི་སྐད་ཆ་ཤོད་ཀྱི་ཡོད། དགོས་འདུན་དང་ཞེན་ཆགས་ཆེ་དྲགས་པའི་རྐྱེན་གྱིས་མི་གཞན་དེ་རྗེས་འདེད་ཀྱིས་ཐག་རིང་དུ་གཏོང་གི་ཡོད།

དེ་ལྟ་བས་ན། ང་ཚོས་ཉོན་མོངས་དབང་དུ་ག་དུས་ཤོར་ན་དེ་ངོས་འཛིན་དགོས། ང་ཚོ་སོ་སོའི་ནུས་པའི་ཐོག་ཏོག་ཙམ་ཚོར་བ་སྐྱེན་པོ་ཆགས་པ་དང་། ཁེངས་དྲེགས་དང་འཛིན་པ་ཡོད་པའི་སྐབས། ཏོག་ཙམ་དངངས་འཚབ་ཡོད་པ་ཚོར་ཐུབ། ཉོན་མོངས་དེ་དག་ནི་མ་རིག་པ་ལས་བྱུང་ཞིང་། ང་ཚོར་རྒྱུ་དང་འབྲས་བུར་རྨོངས་པའི་མ་རིག་པ་ཡོད། ང་ཚོ་གླེན་པ་ཡིན་པའི་དོན་མ་རེད། ཆོས་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་གི་ཡོད་པ་ཤེས་ཀྱི་མེད་ལ། སྣང་ཚུལ་དང་གནས་ཚུལ་མཐུན་གྱི་མེད་པ་དེ་ང་ཚོས་ཤེས་ཀྱི་མེད་པས་ན། མ་རིག་པ་རེད།

བློ་སྦྱོང་དོན་བདུན་མའི་ནང་ཧ་ཅང་སྙིང་པོར་བསྡུས་ཏེ་གསུངས་དོན། ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཞེས་གསུངས་པ་དེ་རེད། སྐྱོན་བརྗོད་དང་ལེ་ལན་ཚང་མ་གཅིག་ལ་ཡོད་པ་ནི་རང་གཅེས་འཛིན་དེ་ཡིན། ང་ཚོས་དུས་རྟག་ཏུ་རང་དོན་དུ་དངོས་པོར་འཛིན་པ་སྐྱེ་གི་ཡོད་པ་དང་རང་གི་འདོད་པ་ལྟར་དགོས་པར་འདོད་ཀྱི་ཡོད། དེ་ནི་ང་ཞེས་པ་ཐོག་མར་འཛིན་པའི་བསམ་ཕྱོགས་དེ་ཡིན། དེ་ཡང་ “ངས་སྣང་ཚོད་དང་རེ་ཚོད་ལྟར་ཡིན་དགོས།” ཞེས་པ་དེ་རེད། ང་ཚོའི་དཀའ་ངལ་རྣམས་བསམ་ཕྱོགས་དེ་འདྲར་སྐྱོན་འཛུགས་བྱེད་པ་ནི་ཕན་ཐོགས་ཆེ་བའི་བསླབ་བྱ་ཞིག་ཡིན། དེའི་དཔེ་མཚོན་ཁག་ནི། “ང་རང་ལ་ཟ་ཁང་འདི་རྩེ་ཕུད་ཁྱད་དུ་འཕགས་པ་ཞིག་དགོས་འདོད་ཡོད།” ཅེས་པའམ། ཡང་ “ང་ལ་དགོང་དྲོའི་དུས་ཚོད་འདི་ཧ་ཅང་ཡག་པོ་ཞིག་དགོས།” ཞེས་དང་། དེ་ག་ནང་བཞིན་ “ཁྱེད་ཀྱིས་ངའི་ཕྱོགས་སུ་ཡ་ལན་འདི་ལྟར་བྱེད་དགོས་ཡོད།” ཅེས་ཟེར་བ་ལྟ་བུ་རེད། དེ་དག་ཐམས་ཅད་ “ང་ང་ང་” ཟེར་བ་ནས་ཡོང་གི་ཡོད། ང་ཚོས་ང་ཁོ་ནར་བསམ་པ་མ་གཏོགས་ཁྱེད་དང་གཞན་ལ་བསམ་གྱི་མེད། ང་ཚོས་མི་གཞན་ཞིག་ལ་ཉིན་མོ་དཀའ་ཚེགས་ཅན་ཞིག་བྱུང་ཡོད་པ་དང་ལས་དོན་གཞན་ཞིག་གིས་སྔོན་ཚུད་ལས་བྲེལ་ཆགས་ཡོད་སྲིད་ཅེས་བསམ་བློ་གཏོང་གི་མེད། ང་དང་ང་ཚོར་གང་དགོས་པ་ཁོ་ནར་བསམ་གྱི་ཡོད། དེ་དག་ནི་ང་ཚོས་དོ་སྣང་བྱེད་དགོས་པ་དང་ཉིན་རེའི་མི་ཚེའི་ནང་འགྱུར་བ་གཏོང་དགོས་པའི་གནད་དོན་གྱི་རིགས་རྣམས་ཡིན། ནང་ཆོས་ཀྱི་མི་ཚེར་ལྟ་ཕྱོགས་ནི་ང་ཚོའི་དཀའ་ངལ་ཐམས་ཅད་ཀྱི་ལེ་ལན་ནི་རང་གཅེས་འཛིན་ཡིན། དེ་ཡང་རང་འདོད་དོན་གཉེར་དང་རང་གཅེས་པར་འཛིན་པའི་དོན་ཡིན། འདིས་ང་ཚོའི་དགོས་མཁོ་རྣམས་ལ་རྦད་དེ་སྣང་མེད་སྐྱུར་དགོས་ཟེར་གྱི་མེད། འོན་ཀྱང་ང་ཚོའི་དགོས་མཁོ་རྣམས་ནི་ཡོད་ན་མེད་ན་ཚང་མ་ཡིན་པར་འཛིན་པའི་ཐོག་གཞན་གྱི་དགོས་མཁོ་ལ་སྣང་ཆུང་དང་སྣང་མེད་བྱེད་ཀྱི་ཡོད་པས། དེ་ལྟར་བྱ་མི་རུང་ཞེས་པའི་དོན་ཡིན། འདི་ནི་ཧ་ཅང་རྨང་གཞིའི་ཐབས་ཚུལ་དེ་རེད།

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་པའི་དོན་ནི། བསམ་ཤེས་ཡོད་པའི་ཐོག་ཁོང་ཁྲོ་དང་འདོད་རྔམ་མེད་པའི་ཐོག་ནས་བྱ་སྤྱོད་སྤེལ་དགོས་པའི་དོན་ཡིན། རྟག་ཏུ་དོ་སྣང་དང་ངོས་ལེན་རྐྱང་རྐྱང་འཚོལ་བའི་བསམ་བློ་དེ་སྤོང་ཐབས་བྱེད་ཀྱི་ཡོད། ང་ཚོས་བསམ་ཕྱོགས་དེ་འདྲའི་དབང་དུ་ཤོར་ནས་བྱ་སྤྱོད་སྤེལ་དུས་དཀའ་ངལ་གྱི་རྒྱུ་བྱེད་ཀྱི་ཡོད། རེད་དམ་མ་རེད། དེ་ལྟར་ང་ཚོས་གཞན་གྱི་ཕྱོགས་ལ་གནས་ལུགས་དང་མི་མཐུན་པའི་དགོས་འདུན་བཏོན་ནས་བློ་ཕམ་བྱེད་ཀྱི་ཡོད། བཟང་ཕྱོགས་ཀྱི་ལས་སམ་དགེ་བའི་ལས་བྱེད་པའི་དོན་ནི། གནས་ལུགས་དང་མི་མཐུན་པའི་དགོས་འདུན་མེད་པའི་སྒོ་ནས་བྱ་བ་རྩོམ་དགོས་པ་དེ་ཡིན། དེ་ནི་དོན་དམ་པར་ཉོན་མོངས་དེ་དག་སྤངས་པའི་འགོག་བདེན་ཐོབ་པའི་དོན་མིན། འོན་ཀྱང་ང་ཚོས་ཉོན་མོངས་དེ་དག་གི་ཤུགས་རྐྱེན་ཆེན་པོའི་འོག་ཏུ་སོང་ནས་བྱ་སྤྱོད་མི་སྤེལ་བའི་དོན་ཡིན།

མི་ཚེའི་ནང་ང་ཚོའི་ཉམས་ལེན་བྱེད་སའི་གཞི་འདི་ཡིན།

ང་ཚོས་གང་ཡང་མི་ཤེས་པའི་བྱིས་བློའི་ངང་ཚུལ་བྱེད་མི་དགོས་ལ་གཞན་གྱི་ཡོན་ཏན་ལ་ངོས་འཛིན་མེད་པའང་བྱེད་མི་དགོས། ང་ཚོ་ལ་བདེ་སྡུག་གི་ཚོར་བ་ཡོད་པ་ནང་བཞིན་གཞན་ལའང་ཚོར་བ་དེ་ལྟར་ཡོད་པ་དེ་ངོས་འཛིན་དགོས། གཞན་གྱིས་ངོས་ལེན་མི་བྱེད་པ་དང་སྣང་མེད་གཏོང་བར་ང་ཚོ་མི་དགའ་བ་ནང་བཞིན་གཞན་རྣམས་ཀྱང་གཅིག་མཚུངས་ཡིན། དེ་དག་ནི་ང་ཚོའི་མི་ཚེའི་ནང་སྤྱོད་དགོས་པའི་གོ་རྟོགས་རྣམས་ཡིན། དེ་ལྟར་བྱེད་པར། སྨོན་ལམ་གྱི་ཚིག་རྐང་གསུམ་པའི་ནང་གསུངས་པ་ལྟར། ང་ཚོས་རང་གི་སེམས་ཡོངས་སུ་འདུལ་དགོས།

ང་ཚོས་སོ་སོའི་མི་ཚེ་ལ་སྦྱོང་བརྡར་གྱི་གཞི་ལྟར་དུ་བལྟ་རྒྱུ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། ཉམས་ལེན་ཚང་མའི་དོན་དག་དེ་རང་ཡིན། གཞན་ཉམས་ལེན་ཟེར་དུས་མཛེས་སྡུག་ལྡན་པའི་ཁོར་ཡུག་ཞིག་དང་། འབོལ་གདན་བདེ་པོའི་སྟེང་བསྡད་ནས་སྤོས་དང་། མར་མེ་འབུལ་ཞིང་། ཁུ་སིམ་ཞི་འཇམ་ཡོད་པ་ཙམ་ལ་ཚད་བཀག་བཟོ་རྒྱུ་མེད། ལྷག་པར་དུ་ཕྲུ་གུ་མ་འབྱར་གྱི་ངུ་སྐད་དང་བྲལ་དགོས་པ་ནི་སྨྲོས་མེད་རེད།

བརྙན་པར། ༧སྐྱབས་རྗེ་བྲག་གཡབ་རིན་པོ་ཆེ། “ཉིན་རེའི་ནང་ཆོས།” 

ཐེངས་ཤིག་ང་ནང་པའི་ཆོས་ཚོགས་ཤིག་ལ་ཕྱིན་པ་ཡིན། དེར་ངའི་སློབ་མ་ཞིག་གིས་སློབ་འཁྲིད་བྱེད་བཞིན་པ་དང་མི་ཞིག་གིས་ཕྲུ་གུ་ལོ་ན་གཉིས་ཅན་ཞིག་ཁྲིད་ནས་བསླེབས་འདུག །ཆོས་ཐུན་འགྲོ་བཞིན་པའི་སྐབས་སུ་ཕྲུ་གུ་དེ་ཚོགས་ཁང་ནང་ཡར་རྒྱུག་མར་རྒྱུག་བྱེད་བཞིན་འདུག །ང་ཚོས་ལོ་གཉིས་ཅན་གྱི་ཕྲུ་གུ་དེ་ལས་ག་རེ་རེ་བ་བྱེད་དམ། ཕྲུ་གུ་དེའི་རིགས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་རྙོག་དྲ་རྩ་ནས་མེད་པའི་ཐོག་ཧ་ཅང་ཡག་པོ་སྡོད་རྒྱུ་རེ་བ་བྱེད་དམ། དེའི་སྐབས་དགེ་རྒན་དེས། ཆོས་ཐུན་སྐབས་ཕྲུ་གུ་ཁྲིད་ནས་བཅར་བ་དེ་དཔེ་ཡག་པོ་འདུག །གང་ཡིན་ཞེ་ན། ང་ཚོས་སྒོམ་རྒྱག་པའི་སྐབས་ཕྲུ་གུ་འདི་ཡར་རྒྱུག་མར་རྒྱུག་བྱས་ནས་སྐད་ཅོར་རྒྱག་པ་དེ་ང་ཚོས་གདོང་ལེན་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན། དེ་ནི་ཉམས་ལེན་ངོ་མ་ཡིན་ཞེས་གསུངས་སོང་། བྱས་ཙང་། གནས་སྟངས་དེ་འདྲའི་སྐབས་ང་ཚོ་སྤྲོ་ཐུང་དང་རྣམ་གཡེང་མེད་པར་སྒོམ་རྒྱག་ཐུབ་བམ། ཕ་མ་ཚོས་ཕྲུ་གུར་རྨས་སྐྱོན་སོགས་མི་འབྱུང་བའི་ཆེད་དོ་སྣང་བྱེད་ཀྱི་མེད་པའི་དོན་མིན། འོན་ཀྱང་ཕྱི་ལོགས་སུ་སྣུམ་འཁོང་འཚང་འགག་གི་སྐད་ཤུགས་ཆེན་པོ་ཡོད་པའི་སྐབས་སམ། ཐ་ན་སྣུམ་འཁོར་འཚང་འགག་ནང་ཚུད་པའི་སྐབས་ང་ཚོས་ཉམས་ལེན་བྱེད་ཐུབ་བམ།

མི་ཚེའི་ནང་ཉམས་ལེན་བྱེད་སའི་ས་ཆ་ཞིག་དགོས་ཀྱི་ཡོད། དེ་ནི་མ་རིག་པ་དང་། མི་ཤེས་པ། ཉོན་མོངས་ཀུན་ལ་འཐབ་པའི་གཡུལ་ས་ངོ་མ་ཞིག་དགོས་ཀྱི་ཡོད། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བའི་ནང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞལ་སྔ་ནས། མང་པོའི་ནང་དུ་ངག་ལ་བརྟག །གཅིག་པུར་འདུག་ན་སེམས་ལ་བརྟག །ཅེས་ཧ་ཅང་གསལ་པོ་གསུངས་ཡོད། འདི་དངོས་གནས་ཕན་ཐོགས་ཆེན་པོ་འདུག །ང་ཚོ་གཞན་དང་མཉམ་དུ་ཡོད་པའི་སྐབས། སོ་སོའི་སྐད་ཆ་ཤོད་སྟངས་ལ་གཟབ་དགོས། སྐད་ཆ་ཤོད་སྐབས་ཚིག་ཙམ་མིན་པར། དེའི་རྒྱབ་ཀྱི་སྐད་ཤུགས་དང་། སེམས་ཚོར། བློའི་ཁྱེར་སོ་སོགས་ལའང་གཟབ་དགོས། གལ་ཏེ་ང་ཚོས་ཁོང་ཁྲོ་དང་དྲེགས་པའི་སྒོ་ནས་སྐད་ཆ་ཤོད་ཀྱིན་ཡོད་པ་ཤེས་ན། དེ་ལ་དོ་སྣང་བྱས་ཏེ་སྐད་ཤུགས་ཆུང་དུ་གཏོང་དགོས། ང་ཚོ་གཅིག་པུ་ཡིན་དུས་རང་གི་སེམས་ལའང་དེ་ལྟར་བལྟ་དགོས་རྒྱུ་གཅིག་པ་ཡིན། ང་ཚོས་ག་རེ་བསམ་བཞིན་པ་ལ་བརྟག་དགོས་ཤིང་། “ང་ཐབས་སྡུག་བ་ལ། སུས་ཀྱང་ང་ལ་ཡི་རང་བྱེད་ཀྱི་མི་འདུག་” །ཅེས་པའི་མཉམ་འདུས་མངོན་རྟགས་ཆ་ཚང་ལ་བརྟག་དགོས།

དེ་ལྟར་བྱེད་པར་བརྟེན་བློ་སྦྱོང་དོན་བདུན་མའི་ནང་གསུངས་པའི་དཀའ་བ་གསུམ་དང་འབྲེལ་བ་ཆགས་ཀྱི་ཡོད། དཀའ་བ་གསུམ་ནི། གཉེན་པོར་དྲན་པ་ཉེ་བར་བཞག་དགོས་པ་དཀའ་བ་སྟེ། དྲན་པ་ཉེར་བཞག་ཅེས་པ་ནི་དྲན་དགོས་པའི་དོན་ཡིན། དེ་དག་ལག་བསྟར་བྱས་ཏེ་ཉོན་མོངས་བཟློག་པར་དཀའ་བ་དྲན་དགོས་པ་དང་ཉོན་མོངས་རྒྱུན་བཅད་པར་དཀའ་བས་དྲན་པ་རྒྱུན་སྐྱོང་དགོས་པ་བཅས་ཡིན། དེ་དག་ནི་དྲན་པར་བྱེད་དགོས་པའི་གནད་དོན་གལ་ཆེ་ཤོས་དང་དཀའ་ལས་ཆེ་ཤོས་ཡིན། ང་ཚོས་དྲན་པ་ཉེར་བཞག་གི་ཉམས་ལེན་སྐོར་ཐོས་ཀྱི་ཡོད། འོན་ཀྱང་དེ་ནུབ་ཕྱོགས་པའི་གོ་བ་ལེན་སྟངས་ལྟར། ང་ཚོ་ད་ལྟ་བའི་གནས་སྐབས་སུ་དྲན་པ་བསྟེན་དགོས་པའི་དོན་མིན། དྲན་པ་ཉེར་བཞག་ཅེས་པའི་ཐ་སྙད་དེའི་དོན་ནི། དྲན་པའམ་དྲན་ཤེས་བསྟེན་པར་གོ་བ་ཡིན། ང་ཚོས་གང་སྣང་བའམ་རྟོག་འཆར་སྐྲུན་པ་ནི་ཕན་མེད་ཡིན་པ་དྲན་དགོས་ཤིང་། དེ་ལྟའི་གོ་རྟོགས་དེ་མུ་མཐུད་ལག་བསྟར་བྱེད་དགོས། དེ་ནི་ཉིན་རེའི་མི་ཚེའི་ནང་གི་ཉམས་ལེན་ངོ་མ་དེ་ཡིན།

རྟོག་མེད་དང་རྟོག་བཅས།

ང་ཚོས་རྟོག་མེད་དགོས་ཤིང་རྟོག་བཅས་མི་དགོས་ཞེས་ནང་པའི་བསླབ་བྱ་དེའི་རིགས་ཐོས་ཀྱི་ཡོད། དེའི་དོན་གང་ཡིན་ནམ། ང་ཚོས་དེའི་ཐུན་མིན་གྱི་མཚན་ཉིད་ཅིག་ཀློག་འདོན་བྱས་ཏེ། དེའི་ཐད་བརྟག་དཔྱད་བྱེད་ཆོག་ཀྱང་། ང་ཚོས་ཁ་ཡོད་ལག་ཡོད་ཐོག་ནས་དེར་བལྟས་ན། ང་ཚོས་གང་གི་ཆེད་དུ་དམིགས་ཀྱི་ཡོད་དམ་ཞེ་ན། དེ་དག་ལག་བསྟར་བྱ་ཕྱིར་བསམ་བློ་གཏོང་དགོས་པ་མིན། ང་ཚོས་གནམ་གྲུ་དང་མེ་འཁོར་རྗེས་མ་ཟིན་པའི་གནས་སྟངས་ལྟ་བུར་མཚོན་ན། ང་ཚོའི་དམིགས་བྱ་ནི་མི་རྟག་པ་དང་རྒྱུ་རྐྱེན་གྱིས་ཇི་ལྟར་ཤུགས་རྐྱེན་ཐེབ་པའི་ཐོག་བསམ་བློ་གཏོང་རྒྱུ་དེ་མིན་ཞིང་། གལ་ཏེ་ང་ཚོ་ཁོང་ཁྲོ་ལངས་ན་དེས་ཕན་ཐོགས་མི་ཡོང་། ང་ཚོས་གནད་དོན་དེ་དག་ཐོག་མ་ཉིད་ནས་གོམ་པ་དང་པོ་ནང་བཞིན་བསམ་བློ་གཏོང་དགོས། ཡིན་ནའང་ང་ཚོར་དགོས་རྒྱུ་དེ་ནི། དེ་ལྟར་རང་བཞིན་ངང་ཡོང་ཐུབ་རྒྱུ་དེ་རེད། དེའི་ཐད་ང་ཚོས་བསམ་བློ་གཏོང་དགོས་རྒྱུ་མེད། དེ་ནི་དེར་ཡོད་ཡོད་པ་རེད། དེ་ནས་རང་བཞིན་གྱིས་ང་ཚོས་ཚད་བརྒལ་གྱི་ཡ་ལན་མི་བྱེད་པ་དང་དེའི་ཚབ་ཏུ་སྟབས་བསྟུན་བདེ་པོ་ཆགས་ཀྱི་ཡོད།

དེ་ནི་ང་ཚོས་གང་གི་ཆེད་དུ་དམིགས་པ་དེ་རེད། དེ་ཡང་གསང་བ་དང་སྦས་དོན་གྱི་གནས་བབས་ཤིག་མ་ཡིན། འདི་རྟོག་མེད་ཀྱི་གནས་བབས་མཐར་ཐུག་པའམ་དོན་དམ་པ་དེ་མིན་སྲིད། འོན་ཀྱང་ཐུན་མོང་ལམ་ནས་བཤད་ན། འདི་ནི་ང་ཚོས་འཐོབ་ཕྱིར་ཉམས་སུ་ལེན་བཞིན་པ་དེ་ཡིན། ང་ཚོས་རང་གཞན་གཉིས་ཀར་སྡུག་བསྔལ་ཇེ་མང་ནས་ཇེ་མང་མི་བཟོ་བའི་ཆེད་ཆོས་དེ་དག་ཐམས་ཅད་རང་གི་མི་ཚེའི་ནང་མཉམ་སྡེབ་ཐོག་ཉམས་ལེན་བྱེད་ཐུབ་པ་བྱེད་དགོས། དོན་དག་ཆ་ཚང་དེ་ག་རང་རེད།

དྲི་བ་ཁག

འཆར་གཞི་ཞིག་མཇུག་སྐྱེལ་བའི་ནང་སྟབས་བསྟུན་བདེ་པོ་ག་དུས་དགོས་སམ།

ང་རང་སྟབས་བསྟུན་བདེ་པོ་ཡིན་པར་བསམ་འདོད་འདུག་ལ་དངོས་པོའི་གནས་ལུགས་དང་འཕྲད་འདོད་འདུག །འོན་ཀྱང་དེ་རྟག་ཏུ་བདེན་པ་མིན། དངོས་པོའི་གནས་ལུགས་རྟོགས་པའི་རྒྱུད་རིམ་ནང་ང་རང་ལ་འཕྲད་པའི་དཀའ་ངལ་གཅིག་ནི། འཆར་གཞི་ཞིག་ལ་འཛིན་པ་སྐྱེས་ནས་ག་དུས་སྤོང་དགོས་པ་དང་ག་དུས་སྤོང་མི་དགོས་པ། གང་ཞིག་འགྱུར་བ་གཏོང་ཐུབ་པ་དང་གང་ཞིག་འགྱུར་བ་གཏོང་མི་ཐུབ་པ་ཤེས་རྒྱུ་དེ་ཡིན། དཔེར་ན། ངས་མེ་འཁོར་རྗེས་མ་ཟིན་པ་སོང་ཙང་། རྒྱུག་ནས་སྒེར་འཁོར་ཞིག་གླས་ཏེ་མེ་འཁོར་འབབ་ཚུགས་རྗེས་མའི་མེ་འཁོར་རྗེས་ཟིན་པ་བྱས་པའི་དབང་དུ་བཏང་ན། ང་ཚོས་འཆར་གཞིའི་ཆེད་དུ་དཀའ་ལས་རྒྱག་ཐབས་བྱེད་པའི་སྐབས། དེ་ཕན་ཐོགས་པོ་ཡོད་པ་དེ་ང་ཚོས་ཇི་ལྟར་ཚོད་དཔག་བྱེད་དམ།

འཆར་གཞི་ཞིག་མཇུག་སྐྱེལ་བའམ་ཡང་ན་སྣང་མེད་ཀྱིས་སྤོང་བའི་སྐབས་སུ་ཆ་རྐྱེན་ཁ་ཤས་ཚུད་ཡོད། ང་ཚོས་གདམ་ཀ་གཞན་ཡོད་མེད་བལྟ་དགོས། སྒེར་གྱི་སྣུམ་འཁོར་གླས་ནས་མེ་འཁོར་འབབ་ཚུགས་རྗེས་མའི་མེ་འཁོར་རྗེས་ཟིན་ཐབས་བྱེད་པ་ལྟར། གལ་ཏེ་འགྱུར་བ་གཏོང་ཐུབ་པ་ཞིག་ཡིན་ན། གཏོང་དགོས། ཡང་གལ་ཏེ་སྣུམ་འཁོར་མ་རག་ན། དེ་ནས་ང་ཚོས་བློས་གཏོང་བྱེད་དགོས་ངེས་རེད། དེ་ནི་ཁ་ཡོད་ལག་ཡོད་ཀྱི་དཔེ་མཚོན་རེད། ཕྱོགས་གཞན་ཞིག་ནས་གལ་ཏེ་ང་ཚོས་སློབ་གྲྭ་ཞིག་ནང་འཛུལ་ཞུགས་ཆེད་སྙན་ཞུ་ཕུལ་ནས་ལོ་འདིའི་ནང་ངོས་ལེན་བྱས་མེད་ན། ང་ཚོས་བློས་གཏོང་བྱེད་དམ། ཡང་ན་ལོ་རྗེས་མ་ཡང་བསྐྱར་སྙན་ཞུ་འབུལ་འཆར་ཡོད་དམ། དེའི་ཐད་ང་ཚོས་ངེས་པར་དུ་དཔྱད་ཞིབ་བྱེད་དགོས། གལ་ཏེ་ང་ཚོ་སློབ་གྲྭ་གཞན་གང་དུའང་མ་ཚུད་ན། ལོ་རྗེས་མ་ཡང་བསྐྱར་འཛུལ་ཞུགས་བྱེད་པར་སྐྱོན་གང་ཡང་མེད། དེའི་ནང་དངོས་པོའི་གནས་ལུགས་དང་མཐུན་པ་གང་ཡིན་པའི་ཐད་གནས་སྟངས་ལ་བརྟག་དཔྱད་བྱ་རྒྱུ་དེ་ཚུད་ཡོད། ང་ཚོས་སོ་སོའི་འཇོན་ཐང་དང་ཡོན་ཏན་ལ་སྒྲོ་འདོགས་བྱེད་ཀྱིན་ཡོད་དང་མེད། ང་ཚོས་མི་གཞན་ལ་བསམ་ཚུལ་གང་ཡོད་སྐད་ཆ་འདྲི་དགོས།

མི་སྒེར་རེ་རེའི་གདམ་ཀ་ལ་བརྟག་དཔྱད་དགོས་ཀྱི་ཡོད། ལན་གཅིག་གིས་གནད་དོན་ཆ་ཚང་འཐུས་ཐུབ་པ་ཞིག་མེད། ང་ཚོའི་དམིགས་ཡུལ་གང་ཞིག་སྒྲུབ་པ་དེ་གང་ལ་བརྟེན་ཡོད་པའི་ཐོག་བརྟག་དཔྱད་བྱེད་དགོས། གང་ཡིན་ཞེ་ན། གདན་དོན་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་གི་ཡོད། རྒྱུ་རྐྱེན་དེ་དག་ཚང་བ་ཞིག་ཡོང་ཐུབ་བམ། རྒྱུ་རྐྱེན་དེ་དག་ད་ལྟ་ཚང་ཐུབ་ཀྱི་མེད་ན། མ་འོངས་པར་ཚང་བ་ཞིག་ཡོང་ཐུབ་སྲིད་པ་ཞིག་ཡིན་ནམ། གདམ་ཀ་གཞན་ཡོད་དམ། ང་ཚོས་རྒྱུ་མཚན་དང་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་དགོས་པ་དང་འགྱུར་བ་གཏོང་དགོས།

སེམས་ཚོར་ཧ་ཅང་སྐྱེན་པའི་མི།

སོ་སོ་རང་ཉིད་སྡུག་བསྔལ་གྱི་གུག་ལུང་ནང་ཇི་ལྟར་གནས་ཡོད་པ་ལྟ་རྒྱུ་དེ་ངས་ཡག་པོ་མི་ཤེས། ངའི་སྣང་ཚུལ་ཡང་དག་པ་མིན་པ་དྲན་ཐབས་བྱེད་ཀྱི་ཡོད། འོན་ཀྱང་ང་ལ་ཡོད་པའི་ཚོར་བ་རྣམས་ནི་མི་འདྲ་བ་འདུག །དེར་བརྟེན་ང་རང་ཕྱིར་ནུད་རྒྱག་གི་འདུག །རང་གིས་རང་ལ་རིན་ཐང་མེད་པ་མི་བརྩི་བའི་ཉམས་ལེན་བྱེད་པར་ངས་ག་རེ་བྱེད་ཐུབ་བམ། གང་ཡིན་ཟེར་ན། དྲན་རྒྱུ་དེ་དཀའ་ལས་ཁག་པོ་འདུག

ནམ་རྒྱུན་ཕན་ཐོགས་ཅན་དེ་གང་ཡིན་པ་དང་ཐབས་ལམ་ཡག་ཤོས་དེ་གང་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་ང་ཚོའི་སེམས་ཚོར་ཧ་ཅང་ཤུགས་ཆེ་དྲགས་པ་སོང་ཙང་། དོན་ངོ་མར་དེ་ལ་གདོང་ལེན་བྱ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད། དེ་ནི་དངོས་གནས་བྱས་ན་སྤྱིར་བཏང་འཆར་ཅན་གྱི་བྱུང་བ་ཞིག་ཡིན། ང་ཚོ་དེའི་ཐད་ཐག་ཆོད་པོ་དགོས། དེའི་དོན་ནི་རང་ཉིད་སེམས་སྡུག་དང་བློ་ཕམ་ཆེན་པོ་ཆགས་སྲིད་ཀྱང་། ད་དུང་གནས་སྟངས་འདི་ནི་ངས་ཛ་དྲག་དང་དོ་གལ་ཆེན་པོའི་སྒོ་ནས་དང་ལེན་བྱེད་ཀྱི་མིན་ཞེས་ངེས་ཤེས་རྙེད་པ་དགོས།

འདིའི་དོན་དག་གང་ཡིན་པའི་ཐད་གོ་ནོར་མ་ཐེབ་པ་བྱེད་རྒྱུ་གལ་ཆེན་པོ་ཡིན། ང་ཚོ་གནད་དོན་ཞིག་ལ་བརྟེན་ནས་ཧ་ཅང་སེམས་སྡུག་དང་ཚོར་བ་སྐྱེན་པོ་ཆགས་སྲིད་ཀྱང་། གནས་སྟངས་དེའི་རིགས་ནི་འགྱུར་ནས་ཡལ་འགྲོ་གི་ཡོད། ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་དང་སེམས་ཚོར་རྣམས་ཡལ་བ་དང་འཕོ་འགྱུར་འགྲོ་གི་ཡོད། དེ་དག་ལ་འཛིན་པ་སྐྱེས་ནས་ངོས་འཛིན་བྱ་རྒྱུ་མེད། ང་ཚོས་ “ང་རང་དཔེ་བློ་ཕམ་སོང་། གང་ཡིན་ཟེར་ན། ངས་ཡང་བསྐྱར་རྙོག་དྲ་བཟོས་ནས་རང་གི་རེ་བ་ལྟར་གནས་མེད། ང་ཡག་པོ་མིན།” ཞེས་བསམ་བློ་ནམ་ཡང་གཏོང་རྒྱུ་མེད། བསམ་བློ་དེ་ལྟར་བཏང་ན་ང་ཚོས་སེམས་ཁམས་ཀྱི་ཉམས་འགྱུར་མཉམ་དུ་ངོས་འཛིན་བྱེད་ཅིང་། དེར་འཛིན་པ་སྐྱེ་གི་ཡོད། དེ་ནས་ང་ཚོས་སོ་སོས་གང་ཚོར་བ་དེ་ཧ་ཅང་གལ་ཆེན་དང་དམིགས་བསལ་ཅན་ཡིན་པར་བརྩི་གི་ཡོད། འོན་ཀྱང་དེ་ལྟར་མ་ཡིན། དེ་ནི་འགྱུར་བ་འགྲོ་བཞིན་པ་དང་མདུན་ནས་མདུན་ཕྱོགས་སུ་སྐྱོད་བཞིན་པའི་སེམས་ཁམས་ཀྱི་ཉམས་འགྱུར་ཙམ་ཞིག་ཡིན། དེ་ནི་ང་ཚོར་གང་དགོས་པ་དེ་མིན་པ་ངེས་ཤེས་རྙེད་པར་བྱེད་དགོས། སེམས་ཁམས་ཀྱི་ཉམས་འགྱུར་དེ་ཡལ་འགྲོ་གི་ཡོད་པས་ཡལ་འཇུག་དགོས། དེ་ལང་ཚོས་་ངེས་ཤེས་རྙེད་པ་ཞིག་དགོས། གཏིང་ཟབ་ཏུ་བལྟས་ན། དེ་ནི་དངོས་ཡོད་དང་མི་མཐུན་པའི་རེ་བ་ཞིག་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། དེས་ང་ཚོའི་སེམས་ལ་ཕོག་གི་ཡོད། འོན་ཀྱང་གང་སེམས་ལ་ཕོག་པ་དེའང་ཡལ་འགྲོ་གི་རེད། ང་ཚོས་སེམས་ལ་ཕོག་པ་དེ་ནི་འཛམ་གླིང་འཛད་འགྲོ་བ་ནང་བཞིན་སྡུག་ཅག་དང་ཛ་དྲག་ཅིག་ལ་བརྩི་རྒྱུ་མེད།

སྲོལ་རྒྱུན་ལྟར་ན། ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་དེ་གནམ་གྱི་སྤྲིན་པ་དང་དེ་ཡལ་འགྲོ་བ་ནང་བཞིན་འགྲེལ་བརྗོད་བྱེད་ཆོག །དེ་ནི་གདོང་ལེན་བྱ་རྒྱུ་འགོ་བཙུག་པའི་ཐབས་ལམ་གཅིག་རང་ཡོད་པ་དེ་རེད། དེ་དང་ཆབས་ཅིག་ང་ཚོའི་སེམས་ཚོར་རྣམས་ཀྱང་ཡག་སྡུག་འདྲ་མིན་ཡོང་གི་ཡོད་པ་ཤེས་དགོས། ང་ཚོ་འགའ་ཞིག་ནི་གཞན་དང་བསྡུར་ན་སེམས་ཚོར་ཧ་ཅང་སྐྱེན་པ་དེ་འདྲ་ཡོད། དེས་འགྲིག་གི་ཡོད། དེ་ལ་ང་ཚོས་ཚད་བརྒལ་གྱི་ཚོད་དཔག་བྱེད་དགོས་དོན་མེད། དེ་ནི་དངོས་པོའི་གནས་ལུགས་ངོས་ལེན་བྱེད་པའི་ཆ་ཤས་ཤིག་རེད། དངོས་པོའི་གནས་ལུགས་ནི། ད་ལྟ་ང་ཚོ་གང་དུ་ཡོད་པ་དེ་རེད། ང་ཚོ་དེའི་སྐབས་ཧ་ཅང་སེམས་ཚོར་སྐྱེན་པོ་ཆགས་སྲིད་ལ་ལས་སླ་པོའི་ཐོག་བློ་ཕམ་འབྱུང་སྲིད། འོན་ཀྱང་ང་ཚོས་དེ་རང་གི་སྟེང་ལ་འཛིན་ནས་སྡོད་དགོས་མེད། གནས་ལུགས་གང་ཡིན་པའི་ཐད་ངེས་ཤེས་རྙེད་པ་ཞིག་ཡོང་བར་འབད་བརྩོན་གང་ཐུབ་བྱེད་དགོས།

དཔེ་ཆ་བཞག་ན། “ངས་ད་ལན་བསྙེན་མཚམས་འདི་སྒྲུབ་ཕྱིར་ཕྱིན་པ་ཡིན། དེར་ང་རང་དངོས་གནས་རྩེ་གཅིག་ཏུ་གནས་ཐུབ་བསམས་ནའང་། ངའི་སེམས་གང་སར་གཡེངས་ཕྱིན་སོང་།” ཞེས་ཟེར་བ་ལྟ་བུ་རེད། བྱས་ཙང་། ང་ཚོས་གནས་ལུགས་དང་མི་མཐུན་པའི་རེ་བ་ཞིག་བྱས་ཡོད། སེམས་གཡེང་རྒྱུ་ཡིན་པ་ནི་སྨྲོས་མེད་རེད། དེ་རྩེ་གཅིག་ཏུ་གནས་ཐུབ་དཀའ། ང་ཚོའི་རེ་བ་དེ་ཉུང་དུ་བཏང་ནས་བཅོས་མིན་ལྷག་བསམ་གྱི་ཚོར་བ་ཞིག་སྐྱེ་དགོས། དཔེར་ན། “ངས་རྟོགས་པ་མཐོ་ཤོས་དེ་འཐོབ་ཐུབ། འོན་ཀྱང་དེ་རྒྱུ་དང་རྐྱེན་ལ་མ་བརྟེན་པར་འཐོབ་མི་ཐུབ། དེར་བརྟེན་ངས་གང་ཐུབ་འབད་བརྩོན་བྱེད་དགོས།” ཞེས་བསམ་བློ་གཏོང་དགོས།

གཞན་ཡང་། གལ་ཏེ་ང་ཚོ་ཧ་ཅང་སེམས་ཚོར་སྐྱེན་པོ་ཆགས་ན། དེའི་སྐབས་ཀྱི་བག་ཆགས་དེ་བསྒྱུར་བཅོས་བཏང་ནས་དགེ་བའི་སེམས་ཚོར་ཆེད་དུ་བེད་སྤྱོད་བྱེད་ཆོག །དེའི་སྐབས་ང་ཚོས་བརྩེ་བ་དང་སྙིང་རྗེ་ཤུགས་ཆེ་བ་ཚོར་ཐུབ། སྐབས་དོན་འདི་ལ་གཞིགས་ན། སེམས་ཚོར་སྐྱེན་པོ་ཡོད་པ་དེ་བཟང་ཕྱོགས་ཀྱི་གནད་དོན་ཞིག་ཡིན། གང་ལྟར་མི་འགའ་ཞིག་ནི་ཧ་ཅང་རྟོག་དཔྱོད་ཅན་དང་རིགས་པའི་རྗེས་འབྲང་པ་རྣམས་ལ་སེམས་ཚོར་གང་འདྲ་ཞིག་ཡིན་རུང་མྱོང་དཀའ་བ་ཡིན། ཁོང་དག་ལ་བརྩེ་བ་དང་སྙིང་རྗེ་ཚོར་རྒྱུ་ཧ་ཅང་ཁག་པོ་ཡོད། གལ་ཏེ་ཁྱེད་རང་ཧ་ཅང་སེམས་ཚོར་སྐྱེན་པའི་མི་ཞིག་ཡིན་ན། བཟང་ཕྱོགས་དང་དགེ་བའི་ཆ་ཞིག་ཡོད་པ་རེད། དེ་བསྒྱུར་བཅོས་གཏོང་དང་མི་གཏོང་གི་ཁྱད་པར་རེད། གལ་ཏེ་ཁྱེད་ཀྱིས་རྒྱུ་དང་འབྲས་བུའི་རྣམ་གཞག་ལག་བསྟར་བྱས་ན། དེ་རིམ་པས་འབྱུང་གི་རེད།

བདེ་པོ་དང་སྲུང་ཆ་ཡོད་པའི་གནས་སྟངས་ཀྱི་ཕྱི་རུ་ལས་ཀ་བྱེད་པ།

ང་ཚོས་སྦྱོང་བརྡར་དེ་དག་ཐམས་ཅད་བྱེད་པ་མ་ཟད། མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་གནས་སྟངས་མང་པོའི་ཁྲོད་འགན་འཁྲི་ལེན་དགོས་པ་མཐོང་གི་ཡོད། གལ་ཏེ་ང་ཚོ་གོམ་པ་མདུན་སྤོས་ལ་གྲ་སྒྲིག་ཡོད་པ་དང་། བདེ་པོ་དང་སྲུང་ཆ་ཡོད་པའི་གནས་སྟངས་ཀྱི་ཕྱི་རུ་ཕྱིན་ནས་རང་གི་སེམས་ཚོར་གྱིས་གནས་སྟངས་ལ་གདོང་ལེན་ཡོད་པ་ག་དུས་ཤེས་སམ།

འདི་ནི་དགེ་བ་དང་མི་དགེ་བ་གང་ཡིན་པ་དང་འབྲེལ་ནས་ཡོད། སོ་སོའི་བདེ་པོ་དང་སྲུང་ཆ་ཡོད་པའི་གནས་སྟངས་ཀྱི་ཕྱི་རུ་ཕྱིན་ཏེ། དཔེར་ན། ཆང་རག་འཐུང་ས་ཞིག་གི་ནང་འགྲོ་བ་ལྟ་བུར་མཚོན་ན། ར་བཟི་བ་ཚོ་དང་མཉམ་དུ་འཁྱམས་པ་དེ་དགེ་བའི་ལས་ཤིག་མིན་སྲིད། བྱང་ཆུབ་སེམས་དཔའ་ཞིག་དམྱལ་བར་ཕེབས་ནས་སེམས་ཅན་ལ་ཕན་འདོགས་ཀྱི་རེད་ཅེས་ང་ཚོས་ཤོད་ཆོག །འོན་ཀྱང་ང་ཚོ་ལྟ་བུ་ལ་དེ་ཏོག་ཙམ་ཐལ་དྲགས་ཡོད་སྲིད། གང་ལྟར་རང་གི་བདེ་པོ་དང་སྲུང་ཆ་ཡོད་པའི་གནས་སྟངས་ལས་ཕྱི་རོལ་ཏུ་ཕྱིན་ནས་དགེ་བའི་ལས་བརྩམ་པ་སྟེ། དཔེར་ན། རྒྱ་ལམ་དུ་ཡོད་པའི་ཁྱིམ་མེད་སྤྲང་འཆམ་གྱི་མི་ཞིག་ལ་སྐད་ཆ་ཚིག་འཇམ་པོ་དང་སྙན་པོ་ཤོད་པ་ལྟ་བུ་ནི་གནས་ཚུལ་ཐ་དད་རེད།

ང་ཚོས་ཐོག་མར་ཁྱད་པར་འབྱེད་དགོས་པ་ནི། ང་ཚོས་གང་ཞིག་སྒྲུབ་ཐབས་བྱེད་པ་དང་བསྟུན་ཏེ་བདེ་པོ་དང་སྲུང་ཆ་ཡོད་པ་དེའི་ཕྱི་རོལ་གྱི་གནས་སྟངས་དེ་ཕན་ཐོགས་ཆེན་པོ་ག་ཚོད་ཡོད་པ་དེ་རེད། ན་གཞོན་འགའ་ཞིག་མཚན་ཚོགས་དང་གཞས་དང་ཞབས་བྲོ་འཁྲབ་ས་ཕྱིན་ནས་ནམ་མ་ལངས་བར་མཚན་གང་གློག་རྡུལ་ཞབས་གཞས་འཁྲུག་པོ་འཁྲབས་ན། དེས་ཕན་ཐོགས་ཡོད་དམ། བདེ་པོ་དང་སྲུང་ཆ་ཡོད་པའི་གནས་སྟངས་ཀྱི་ཕྱི་ལོགས་སུ་འགྲོ་གི་ཡོད་ཀྱང་། ང་ཚོ་ཚད་བརྒལ་ཚོད་དཔག་གི་བསམ་ཕྱོགས་ངན་པ་དེ་ལས་མ་ཐར་ན། དེ་ལ་བཟང་ཕྱོགས་ཀྱི་ཆ་གང་ཡང་མེད། འོན་ཀྱང་ཞོགས་པ་ནམ་མ་ལངས་བར་མཚན་གང་གཞས་མ་འཁྲབ་པ་དང་གཞས་ཀྱི་སྐད་ཅོར་དེས་རྣ་བར་འོན་པ་ལྟར་བཟོ་མི་དགོས་པར་ང་ཚོས་དེ་དག་ལས་ཐར་ཐབས་བྱེད་ཐུབ། ཡང་སྐྱབས་བཅོལ་བ་རྣམས་དང་མཉམ་དུ་ལས་ཀ་བྱེད་པ་ལྟ་བུའི་བདེ་པོ་དང་སྲུང་ཆ་ཡོད་པའི་གནས་སྟངས་ཀྱི་ཕྱི་ལོགས་སུ་ཡིན་པ་ཡོད་སྲིད། རང་གི་སྲུང་ཆའི་གནས་ལས་ཕྱིར་ཐོན་ནས་དེ་དག་དང་མཉམ་དུ་ལས་ཀ་བྱེད་པ་དེ་བཟང་པོ་དང་དགེ་བའི་ལས་ཡིན་ཞིང་། དེས་རང་གི་སྦྱིན་པ་གོང་དུ་སྤེལ་བར་ཕན་གྱི་ཡོད།

ངས་བྷིར་ལཱིན་ལ་བདུན་ཕྲག་རེ་རེའི་ནང་ཕན་ཚུན་གོ་བསྡུར་གྱི་འཛིན་གྲྭ་ཆུང་ཆུང་དེ་འདྲ་འཚོག་གི་ཡོད། ང་ཚོ་ཚང་མ་གྲོགས་པོ་ཡིན་པ་དང་འཛིན་གྲྭ་གྲུབ་རྗེས་ཚང་མ་ཕྱི་ལོགས་ལ་ཁ་ལག་ཟ་བར་འགྲོ་གི་ཡོད། ངས་ཁོང་ཚོར་ཆོས་ལ་བརྟེན་ནས་ཉིན་རེའི་མི་ཚེའི་ནང་ཕན་ཐོགས་ཇི་ལྟར་བྱེད་ཀྱི་ཡོད་ཚུལ་སྐོར་དྲིས་པ་ཡིན། ངའི་འཛིན་གྲྭའི་སློབ་ཕྲུག་ཅིག་གིས། ཁོང་བདེ་པོ་དང་སྲུང་ཆའི་གནས་ཀྱི་ཕྱི་ལོགས་སུ་འགྲོ་རྒྱུ་འབད་བརྩོན་བྱེད་ཀྱི་ཡོད་ཅེས་དང་། དེའི་ཐད་ཁོས་མི་རྫིག་པོ་དང་ཡིན་མདོག་ཁ་པོ་དེ་ཚོ་ལ་དོ་སྣང་མང་བ་སྤྲད་པ་དང་། དེ་དག་དང་འབྲེལ་འདྲིས་ཉེ་པོ་ཡོང་ཐབས་བྱེད་ཀྱི་ཡོད་པའི་བཟོ་འདྲ་ཞིག་འགྲེལ་བརྗོད་བྱེད་ཀྱི་འདུག །དེ་ཡང་ཕྱོགས་གཅིག་ནས་ཁོས་མི་དེ་དག་གཞན་ལས་གལ་ཆེ་བ་བརྩིས་པ་རེད། བྱས་ཙང་། ཁོས་ལས་ཀ་བྱེད་སར་མི་ཤ་རྒྱགས་པ་དང་། མདོག་ཉེས་པོ། ཁོང་ཚོའི་གདོང་ལ་ཁྱད་མཚར་ཡོད་པ་དང་མཉམ་དུ་འཆམ་པོ་བྱེད་པ་དང་གྲོགས་པོ་སྒྲིག་དགོས་པའི་སྐོར་བཤད་སོང་། ཁོས་མི་མདོག་ཉེས་པོ་དེ་ཡང་འགྲོ་བ་མི་ཞིག་ཡིན་པ་དང་། བདེ་བ་འདོད་པ་དང་གཞན་གྱི་བརྩེ་བ་འདོད་པ། དེ་བཞིན་གཞན་གྱིས་སྣང་མེད་གཏོང་བ་སོགས་མི་འདོད་མཁན་ཞིག་ཡིན་པ་དངོས་གནས་ཤེས་འདོད་ཡོད་པ་རེད། མི་དེ་གྲོགས་པོ་བཟང་པོ་ནོར་བུ་ལྟ་བུ་ཞིག་ཆགས་སྲིད་པ་ཡིན། ཁོས་མི་དེ་ལ་སྣང་མེད་མི་གཏོང་རྒྱུ་ཐག་གཅོད་བྱས་ཡོད། དེ་ནི་བདེ་པོ་དང་སྲུང་ཆའི་གནས་ཀྱི་ཕྱི་ལོགས་སུ་ཕྱིན་ནས་བཟང་ཕྱོགས་ཀྱི་ཆ་དང་འབྲེལ་བའི་དཔེ་ཧ་ཅང་ཡག་པོ་ཞིག་རེད། དེ་འདྲའི་རིགས་ནི་དངོས་གནས་བྱེད་ཐུབ་པ་ཞིག་དང་བྱེད་རུང་བ་ཞིག་ཡིན། གལ་ཏེ་སོ་སོའི་རྒྱུན་གཏན་གྱི་ནུས་པ་ལས་བརྒལ་ནས་འགྲོ་རྩིས་ཡོད་ན། དེ་ཡོང་ཐུབ་པ་དང་སྙོབ་ཐུབ་པ་རྣམས་རིམ་པ་བཞིན་དུ་བྱེད་དགོས།

ཡང་ངའི་གྲོགས་པོ་གཞན་ཞིག་ཧ་ཅང་མཐའ་གཅིག་ལ་ལྷུང་ནས་བདེ་པོ་དང་སྲུང་ཆའི་གནས་ཀྱི་ཕྱི་རོལ་ཏུ་རྟག་ཏུ་འགྲོ་འདོད་ཡོད། དཔེར་ན། ཁོ་རང་མི་ངན་དང་མཉམ་དུ་གླིང་གའི་ནང་བཟི་སྨན་བཙོང་ནས་འཁྱམ་གྱི་ཡོད། ཁོས་དེ་ལྟར་བྱས་པ་ནི། མི་དེ་དག་དང་མཉམ་དུ་ཁོ་རང་བདེ་པོ་མེད་པས་རེད། ངས་དེ་ལ་ཕན་ཐོགས་ཡོད་པ་ཞིག་མཐོང་གི་མི་འདུག །དེ་ལྟར་བྱེད་པ་ནི་ཕལ་ཆེར་རང་ཉིད་ཕོ་ཡིན་པའི་ངོམ་དྲེགས་གསལ་སྟོན་བྱེད་པ་ཆགས་ཀྱི་ཡོད།

ང་ཚོའི་བདེ་པོ་དང་སྲུང་ཆ་ཡོད་པའི་གནས་སྟངས་ཀྱི་ཕྱི་ལོགས་སུ་ཇི་ལྟར་འགྲོ་བ་དང་། བདེ་པོ་དང་སྲུང་ཆ་ཡོད་པ་ཞེས་པའི་དོན་གང་ཡིན་པའི་སྐོར་གྱི་དྲི་བ་དེ་དོ་སྣང་བྱེད་འོས་པ་ཞིག་ཡིན། ང་ཚོ་ཉེ་སྲུང་ཡོད་པའི་ཚོར་བ་དེ་བདེ་པོ་དང་སྲུང་ཆའི་གནས་སྟངས་ཀྱི་ནང་ཡོད་ཅེས་བསམ་པ་དེ་ལ་རྟོག་འཆར་ག་ཚོད་ཙམ་ཞིག་ཡོད་དམ། བདེ་པོ་དང་སྲུང་ཆ་ཡོད་པའི་གནས་དེ་གང་ཡིན་ནམ། དེ་ནི་སོ་སོ་རང་གི་རྒྱུད་ལ་བརྟག་དཔྱད་བྱེད་དགོས་པ་ཞིག་ཡིན། ང་ཚོ་གནས་སྟངས་གང་འདྲ་ཞིག་ཡིན་རུང་། མིའི་རིགས་སུ་འདྲ་ཞིག་དང་འཕྲད་རུང་བདེ་པོ་ཞིག་ཆགས་ཐུབ་ཀྱི་ཡོད་དམ།

དེའི་གནད་འགག་གཙོ་བོ་ནི་ལེ་ལན་ཐམས་ཅད་གཅིག་ལ་གདའ་ཞེས་གསུངས་པ་ལྟར། སྐྱོན་ཐམས་གཅིག་རང་གི་སྟེང་ལ་ཡོད། དེ་ནི་རང་གཅེས་འཛིན་དེ་ཡིན། ང་ཚོ་མི་གཞན་དང་གནས་སྟངས་ཤིག་གི་ནང་བདེ་པོ་མེད་པའི་སྐབས། དེའི་རྒྱུ་མཚན་ནི། ང་ཚོས་ “ང་ང་ང་” ཞེས་བསམ་བློ་གཏོང་གི་ཡོད། དཔེར་ན། “ང་རང་འདི་ལ་མི་དགའ། འདི་ངས་གདོང་ལེན་བྱེད་མི་ཐུབ།” ཅེས་བསམ་གྱི་ཡོད། གཞན་གྱི་ཆེད་དུ་བསམ་བློ་གཏོང་གི་མེད། ང་ཚོས་གཞན་ལ་དོ་སྣང་དང་རང་གཞན་ཐམས་ཅད་འགྲོ་བ་མི་གཅིག་ཡིན་པར་བལྟ་དགོས་པའི་གནད་འགག་ཆགས་ཡོད།

ཕྱོགས་བསྡོམས།

དེ་དག་ནི་རྨང་གཞིའི་རྩ་དོན་འགའ་ཞིག་ཡིན། གལ་ཏེ་ང་ཚོས་རང་གཙེས་འཛིན་ཅན་དང་རང་འདོད་དོན་གཉེར་ཅན་དེ་མཚམས་འཇོག་བྱེད་ཐུབ་ན། ང་ཚོ་སྐྱིད་པ་ཡོང་གི་རེད།  ང་ཚོ་མི་གཞན་ཞིག་དང་མཉམ་དུ་ཡོད་པའི་སྐབས། སོ་སོའི་སྐོར་རྐྱང་རྐྱང་མ་བཤད་པར། མི་དེ་ལ་བཅོས་མིན་གྱི་དོ་སྣང་དང་། ཁོང་ཚོའི་མི་ཚེའི་སྐོར་སྐད་ཆ་དྲིས་པ་སོགས་བྱས་ན། ང་ཚོ་དེ་བས་སྐྱིད་པ་ཡོང་བ་མ་ཟད། མི་གཞན་དེ་ཡང་སྐྱིད་པ་ཡོང་ངེས་རེད། དེ་དག་ནི་སོ་སོའི་མི་ཚེ་དང་མི་གཞན་དག་ལ་གདོང་ལེན་བྱེད་སྟངས་ཀྱི་ཁ་ཡོད་ལག་ཡོད་དང་གཞི་རྩའི་འགྱུར་བ་གཏོང་ཚུལ་ཡིན། འདི་ནི་ང་ཚོས་འཐོབ་པར་འདོད་པའི་དྲན་པ་ཉེར་བཞག་ཡིན་པ་དྲན་དགོས། དེ་ལྟར་ང་ཚོས་སོ་སོ་རང་ཁོ་ནའི་དོན་དུ་བསམ་པའམ་རང་འདོད་དོན་དུ་གཉེར་བའི་སྐབས། ང་ཚོས་བསླབ་བྱ་འདི་ཉམས་སུ་ལེན་ཐབས་བྱེད་དགོས། དཔེར་ན། མི་གཞན་དེ་བྲེལ་བ་ཡོད་པ་དང་མགྱོགས་པོ་འགྲོ་འདོད་བྱས་ནའང་། ད་དུང་ང་ཚོས་མུ་མཐུད་སྐད་ཆ་ཤོད་སྡོད་ཀྱི་ཡོད། ང་ཚོའི་བསམ་པར། སོ་སོའི་གང་ཤོད་དགོས་པ་དེ་གལ་ཆེ་བ་ཡིན་བསམ་གྱི་ཡོད། མི་གཞན་དེས་དངོས་གནས་དྲང་གནས་ཉན་འདོད་ཡོད་དམ་ཞེ་ན། མེད། ཉན་འདོད་མེད། འོན་ཀྱང་ང་ཚོས་སྣང་ཚུལ་ལ་ཉན་འདོད་ཡོད་རེད་བསམས་ནས་རྟོག་འཆར་སྐྲུན་གྱི་ཡོད། མི་ཚེ་ཟེར་བ་ནི་ང་ཚོས་ཆོས་ཉམས་སུ་ལེན་དགོས་པའི་གནས་ཤིག་རེད།།

Top