བཤེས་པའི་སྤྲིང་ཡིག

སྐད་ཡིག་གཞན།

༄༅། །རྒྱ་གར་སྐད་དུ།སུ་ཧྲི་ད་ལེ་ཁ། བོད་སྐད་དུ། བཤེས་པའི་སྤྲིང་ཡིག།

འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །

༡༽ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །བདེ་བར་གཤེགས་པའི་གསུང་བསྙད་ལས་བྱུང་བའི། །བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག། ཅུང་ཟད་ཅིག་བསྡེབས་ཁྱོད་ཀྱིས་གསན་པའི་རིགས། །

༢༽ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད།།དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །

༣༽ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག། ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། །

༤༽རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང་། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག། རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱི་རྗེས་སུ་དྲན་པར་བགྱི། །

༥༽དགེ་བའི་ལས་ལམ་བཅུ་པོ་ལུས་དང་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་བགྱི་ཞིང་། །ཆང་རྣམས་ལས་ལྡོག་དེ་བཞིན་དགེ་བ་ཡི། །འཚོ་བ་ལ་ཡང་མངོན་པར་དགྱེས་པར་མཛོད། །

༦༽ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་བསྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །

༧༽ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །

༨༽སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོར་མཛོད། །

༩༽གང་ལ་ཕ་དང་མ་དག་མཆོད་པ་ཡི། །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས། །དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང་། །སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས། །

༡༠༽འཚེ་དང་ཆོམ་རྐུན་འཁྲིག་པ་བརྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང་། །མལ་སྟན་མཐོ་ལ་དགའ་དང་གླུ་དག་དང་། །གར་དང་ཕྲེང་བའི་ཁྱད་པར་རྣམ་སྤོང་ཞིང་།།

༡༡༽དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད། །

༡༢༽སེར་སྣ་གཡོ་སྒྱུ་ཆགས་དང་སྙོམ་ལས་དང་། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །

༡༣༽བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་བསྩལ་ཏེ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །

༡༤༽གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །

༡༥༽འདི་ལྟར་བཟོད་མཚུངས་དཀའ་ཐུབ་མ་མཆིས་པས། །ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི། །ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །འཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས། །

༡༦༽བདག་ནི་འདིས་སྤྱོས་འདིས་བཏགས་ཕམ་པར་བྱས། །འདི་ཡིས་བདག་གི་ནོར་ཕྲོགས་གྱུར་ཏོ་ཞེས། །འཁོན་ཏུ་འཛིན་པས་འཁྲུག་ལོང་རྣམས་བསྐྱེད་དེ། །འཁོན་འཛིན་རྣམ་སྤངས་བདེ་བར་གཉིད་ཀྱིས་ལོག།

༡༧༽སེམས་ནི་ཆུ་དང་ས་དང་རྡོ་བ་ལ། །རི་མོར་བྲིས་པ་དེ་འདྲར་རིག་པར་བགྱི། །དེའི་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །

༡༨༽རྒྱལ་བས་སྙིང་ལ་འབབ་དང་བདེན་པ་དང་། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱི་ནི། །སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག། རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤང་། །

༡༩༽སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས། །མུན་པའི་མཐར་ཐུག་སྣང་ནས་མུན་མཐར་ཐུག། མུན་ནས་སྣང་བའི་མཐར་ཐུག་གང་ཟག་ནི། །བཞི་སྟེ་དེ་དག་རྣམས་ཀྱི་དང་པོར་མཛོད། །

༢༠༽མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་པར་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད། །

༢༡༽གཞན་གྱི་ཆུང་མ་མི་བལྟ་མཐོང་ན་ཡང་། །ན་ཚོད་མཐུན་པར་མ་དང་བུ་མོ་དང་། །སྲིང་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་གྱུར་ན། །མི་གཙང་ཉིད་དུ་ཡང་དག་བསམ་པར་བགྱི། །

༢༢༽གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུར། །གཏེར་བཞིན་སྲོག་དང་འདྲ་བར་བསྲུང་བགྱི་སྟེ། །གདུག་པ་དུག་དང་མཚོན་དང་དགྲ་བོ་དང་། །མེ་བཞིན་འདོད་པའི་བདེ་ལ་ཡིད་འབྱུང་མཛོད། །

༢༣༽འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །རྒྱལ་བའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིང་། །

༢༤༽གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་བརྟན་གཡོ་དང་གང་དག་གཅིག། གཡུལ་ངོར་དགྲ་ཚོགས་ལས་རྒྱལ་དེ་དག་ལས། །མཁས་རྣམས་དང་པོ་དཔའ་རབ་ལགས་པར་འཚལ། །

༢༥༽བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ། །དྲི་ང་བ་དང་སྒོ་དགུ་དོད་པ་དང་། །མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་བ། །པགས་པས་གཡོགས་པ་རྒྱན་ཡང་ལོགས་ཤིག་གཟིགས། །

༢༦༽ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ནི། །བདེ་བའི་དོན་དུ་མེ་ལ་ཀུན་བསྟེན་ཀྱང་། །ཞི་བར་མི་འགྱུར་དེ་དང་འདྲ་བར་ནི། །འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད། །

༢༧༽དོན་དམ་གཟིགས་པར་བགྱི་སླད་དངོས་རྣམས་ལ། །ཚུལ་བཞིན་ཡིད་ལ་བགྱིད་པ་དེ་གོམས་མཛོད། །དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི། །ཆོས་གཞན་འགའ་ཡང་མཆིས་པ་མ་ལགས་སོ། །

༢༨༽སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང་། །ཤེས་རབ་ཚུལ་ཁྲིམས་བྲལ་བ་བཀུར་མ་ལགས། །དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་ལྡན། །དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། །

༢༩༽འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །

༣༠༽ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །

༣༡༽སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་པར་འགྱུར། །

༣༢༽དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད། །

༣༣༽རྒྱན་པོ་འགྱེད་དང་འདུས་ལ་ལྟ་བ་དང་། །ལེ་ལོ་སྡིག་པའི་གྲོགས་ལ་བསྟེན་པ་དང་། །ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤོངས། །

༣༤༽ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །

༣༥༽དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ།།འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ།།ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ།།དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ།།

༣༦༽རང་བཞིན་དགྲར་འབྲེལ་གཤེད་མ་ལྟ་བུ་དང་། །ཁྱིམ་ཐབ་བརྙས་བགྱིད་རྗེ་མོ་ལྟ་བུ་དང་། །ཆུང་ངུའང་རྐུ་བ་ཆོམ་རྐུན་ལྟ་བུ་ཡི། །ཆུང་མ་གསུམ་པོ་དེ་དག་རྣམ་པར་སྤོངས། །

༣༧༽སྲིང་མོ་ལྟ་བུར་རྗེས་མཐུན་གང་ཡིན་དང་། །མཛའ་མོ་བཞིན་དུ་སྙིང་ལ་འབབ་པ་དང་། །མ་བཞིན་ཕན་པར་འདོད་དང་བྲན་མོ་བཞིན། །དབང་སྒྱུར་གང་ཡིན་རིགས་ཀྱི་ལྷ་བཞིན་བཀུར། །

༣༨༽ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །

༣༩༽རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང་། །མཚན་མོའི་ཐུན་གྱི་སྟོད་སྨད་འདས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་བར་དུ་མནོལ། །

༤༠༽བྱམས་དང་སྙིང་རྗེ་དག་དང་དགའ་བ་དང་། །བཏང་སྙོམས་རྟག་ཏུ་ཡང་དག་སྒོམ་མཛོད་ཅིག། གོང་མ་བརྙེས་པར་མ་འགྱུར་དེ་ལྟ་ནའང་། །ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། །

༤༡༽འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་དག། རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། །ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་ཐོབ། །

༤༢༽རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །

༤༣༽ལན་སྲང་འགས་ཆུ་ནི་ཉུང་ངུ་ཞིག། རོ་བསྒྱུར་བགྱིད་ཀྱི་གངྒཱའི་ཀླུང་མིན་ལྟར། །དེ་བཞིན་སྡིག་པའི་ལས་ནི་ཆུང་ངུ་ཡང་། །དགེ་བའི་རྩ་བ་ཡངས་ལ་མཁྱེན་པར་བགྱི། །

༤༤༽རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །

༤༥༽དད་དང་བརྩོན་འགྲུས་དག་དང་དྲན་པ་དང་། །ཏིང་འཛིན་ཤེས་རབ་ཆོས་མཆོག་ལྔ་ཉིད་དེ། །འདི་ལ་མངོན་བརྩོན་མཛོད་ཅིག་འདི་དག་ནི། །སྟོབས་དབང་ཞེས་བགྱི་རྩེ་མོར་གྱུར་པའང་ལགས། །

༤༦༽ན་རྒ་འཆི་སྡུག་བྲལ་དང་དེ་བཞིན་དུ། །ལས་ནི་བདག་གིར་བྱས་ལས་མ་འདས་ཞེས། །དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི། །དེ་ཡི་གཉེན་པོའི་སྒོ་ནས་རྒྱགས་མི་འགྱུར། །

༤༧༽གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །

༤༨༽མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང་། །མི་རྟག་བདག་མེད་མི་གཙང་རིག་པར་བགྱི། །དྲན་པ་ཉེ་བར་མ་བཞག་རྣམས་ཀྱིས་ནི། །ཕྱིན་ཅི་ལོག་བཞིར་ལྟ་བ་ཕུང་ཁྲོལ་བ། །

༤༩༽གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག། གཟུགས་དང་ལྡན་མིན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་བགྱི། །

༥༠༽ཕུང་པོ་འདོད་རྒྱལ་ལས་མིན་དུས་ལས་མིན། །རང་བཞིན་ལས་མིན་ངོ་བོ་ཉིད་ལས་མིན། །དབང་ཕྱུག་ལས་མིན་རྒྱུ་མེད་ཅན་མིན་ཏེ། །མི་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད། །

༥༡༽ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་རང་ལུས་ལ། །ཕྱིན་ཅི་ལོག་པར་ལྟ་དང་ཐེ་ཚོམ་སྟེ། །ཀུན་ཏུ་སྦྱོར་བ་འདི་གསུམ་ཐར་པ་ཡི། །གྲོང་ཁྱེར་སྒོ་འགེགས་ལགས་པར་མཁྱེན་པར་མཛོད། །

༥༢༽ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་པས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །

༥༣༽ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་ཅིག་ནི། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །

༥༤༽དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་གྱུར། །

༥༥༽ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་དབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །

༥༦༽ལུས་མཐའ་ཐལ་བ་མཐར་སྐམ་མཐར་འདྲུལ་ཞིང་། །ཐ་མར་མི་གཙང་སྙིང་པོ་མ་མཆིས་པ། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །

༥༧༽ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ།།

༥༨༽དེ་ལྟར་འདི་ཀུན་མི་རྟག་བདག་མེད་དེ། །སྐྱབས་མེད་མགོན་མེད་གནས་མེད་དེ་སླད་དུ། །འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ། །མི་མཆོག་ཁྱོད་ཀྱིས་ཐུགས་ནི་དབྱུང་བར་མཛོད། །

༥༩༽རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །

༦༠༽གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག། བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །

༦༡༽མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང་། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །

༦༢༽དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །

༦༣༽ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང་། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །

༦༤༽ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །

༦༥༽དེས་པ་འདོད་པས་ཕོངས་དང་འཆི་བ་དང་། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང་། །འདི་ཡི་ཉེས་པ་ཤས་ཀྱང་གསན་པར་མཛོད། །

༦༦༽ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །

༦༧༽རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་པས། །དེ་བས་ཆེས་མང་ཉིད་ཅིག་བཏུང་འཚལ་ལོ། །

༦༨༽རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ།  །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར།  །

༦༩༽བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །

༧༠༽མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབད་པའི་འཁྲུལ་འཁོར་གྱིས།  །རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ།  །

༧༡༽རྐང་པའི་རེག་པས་ནེམས་པར་བདེ་བཟོད་པ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡི། །སྡུག་བསྔལ་མི་བཟད་ཕོག་སྙམ་བགྱིད་འཚལ་ལོ། །

༧༢༽མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང་། །རྣམ་པར་མཛེས་ཚལ་སོན་པར་རྩེས་ནས་སླར། །འདབ་མ་རལ་གྲི་འདྲ་ཚལ་ནགས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར། །

༧༣༽དལ་གྱིས་འབབ་པ་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྷན་ཞུགས་ནས། །སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པར། །ཚ་སྒོ་བཟོད་གླགས་ཆུ་ཚན་འཇུག་འཚལ་ལོ། །

༧༤༽ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །

༧༥༽ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་བའང་མི་མཐོང་འགྱུར། །

༧༦༽དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག།གཅིག་པུ་ཉི་མ་ཟླ་བས་མི་བརྫི་བའི། །མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ། །

༧༧༽སེམས་ཅན་ཉེས་པར་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར། །

༧༨༽ཁ་ཅིག་ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན། །ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་རློག། ཁ་ཅིག་སོག་ལེས་འདྲ་སྟེ་དེ་བཞིན་གཞན། །སྟ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཤོག།

༧༩༽དེ་བཞིན་གཞན་དག་ཁྲོ་ཆུ་བཞུས་པ་ཡི། །ཁུ་བ་འབར་བ་འཁྲིགས་པ་ལྡུད་པར་བགྱིད། །ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་བ། །ཚེར་མ་ཅན་ལ་ཀུན་ཏུ་རྒྱུད་པར་བགྱིད། །

༨༠༽ཁ་ཅིག་ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི། །གཏུམ་པོས་དབད་ཅིང་ལག་པ་གནམ་དུ་བསྒྲེངས། །དབང་མེད་གཞན་དག་ལྕགས་མཆུ་རྣོན་པོ་དང་། །སེན་མོ་མི་བཟད་ལྡན་པའི་ཁྭ་རྣམས་འཐོག།

༨༡༽ཁ་ཅིག་སྲིན་བུ་སྦུར་བ་སྣ་ཚོགས་དང་། །ཤ་སྦྲང་སྦྲང་མ་ནག་པོ་ཁྲི་ཕྲག་དག། རེག་ན་མི་བཟད་རྨ་སྲོལ་ཆེར་འབྱིན་པས། །ཟ་བར་བགྱིད་ཅིང་འགྲེ་ལྡོག་སྨྲེ་སྔགས་འདོན། །

༨༢༽ཁ་ཅིག་མདག་མེ་འབར་བའི་ཚོགས་སུ་ནི། །རྒྱུན་མི་འཆད་པར་རབ་བསྲེགས་ཁ་ཡང་བགྲད། །ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །སྤྱིའུ་ཚུགས་འབྲས་ཀྱི་ཅུང་པེང་བཞིན་དུ་འཚེད། །

༨༣༽སྡིག་ཅན་དབུགས་དབྱུང་འགགས་པ་ཙམ་ཞིག་གིས། །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །

༨༤༽དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །

༨༥༽བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པའི། །བདེ་བའི་བདག་པོར་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །

༨༦༽འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །

༨༧༽དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །

༨༨༽མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ཀྱིས་ཉེས་སྤྱད་ཁྱོད་ཀྱིས་ནི། །ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི་སྩལ་གྱིས་འབད་པར་མཛོད། །

༨༩༽དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །

༩༠༽ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག། ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ། །

༩༡༽ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །

༩༢༽ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །

༩༣༽ཁ་ཅིག་ལྤགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལའི་ཡང་ཐོག་སྐམ་པ་ལྟ་བུ་ལགས། །ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁ་བབས་བྱེ་མ་འཚལ། །

༩༤༽སྨད་རིགས་འགས་ནི་རྣག་དང་ཕྱི་ས་དང་། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །

༩༥༽ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་བསྐམ་པར་འགྱུར། །

༩༦༽བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །

༩༧༽དེ་ལྟར་ཡི་དྭགས་རྣམས་ཀྱིས་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས། །

༩༨༽མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི། འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམས་ནས་ཡ་རབས་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །

༩༩༽ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང། །གོས་ལ་དྲི་མ་ཆགས་དང་ལུས་ལས་སྔོན་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །

༡༠༠༽མཐོ་རིས་འཆི་འཕོ་སྦྲོན་བགྱིད་འཆི་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག། སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །

༡༠༡༽ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །

༡༠༢༽ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །

༡༠༣༽འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །ནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །

༡༠༤༽མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །

༡༠༥༽ཚུལ་ཁྲིམས་དག་དང་བསམ་གཏན་ཤེས་རབ་ཀྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །

༡༠༦༽དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང་། །བཏང་སྙོམས་འདི་བདུན་བྱང་ཆུབ་ཡན་ལག་སྟེ། །མྱ་ངན་འདས་ཐོབ་བགྱིད་པའི་དགེ་ཚོགས་ལགས། །

༡༠༧༽ཤེས་རབ་མེད་པར་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །

༡༠༨༽ལུང་མ་བསྟན་པ་བཅུ་བཞི་འཇིག་རྟེན་ན།།ཉི་མའི་གཉེན་གྱིས་རབ་གསུངས་གང་དག་ལགས། །དེ་དག་རྣམས་ལ་བསམ་པར་མི་བགྱི་སྟེ། །དེ་ཡིས་བློ་ནི་ཞི་བར་བགྱིད་མ་ལགས། །

༡༠༩༽མ་རིག་པ་ལས་ལས་ཏེ་དེ་ལས་ནི། །རྣམ་ཤེས་དེ་ལས་མིང་དང་གཟུགས་རབ་འབྱུང་། །དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་ལས་ནི། །རེག་པ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས། །

༡༡༠༽རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ། །ཚོར་བའི་གཞི་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་ལས་ལེན་པ་སྐྱེ་བར་འགྱུར་བ་སྟེ། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་ལགས། །

༡༡༡༽སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང་། །འདོད་པས་ཕོངས་དང་འཆི་བས་འཇིགས་སོགས་ཀྱི། །སྡུག་བསྔལ་ཕུང་པོ་ཤིན་ཏུ་ཆེ་འབྱུང་སྟེ། །སྐྱེ་བ་འགགས་པས་འདི་ཀུན་འགག་པར་འགྱུར། །

༡༡༢༽རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང་། །

༡༡༣༽ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང་། །དྲན་དང་ཏིང་འཛིན་ངག་དང་ལས་མཐའ་དང་། །ཡང་དག་རྟོག་ཉིད་ལམ་གྱི་ཡན་ལག་བརྒྱད། །འདི་ནི་ཞི་བར་བགྱི་སླད་བསྒོམ་པར་བགྱི། །

༡༡༤༽སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ། །དེ་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། །འདི་འགོག་པ་ནི་ཐར་པ་ལགས་ཏེ་ལམ། །འཐོབ་བགྱིད་འཕགས་ལམ་ཡན་ལག་དེ་བརྒྱད་ལགས། །

༡༡༥༽དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག། མཐོང་བར་བགྱི་སླད་རྟག་ཏུ་བརྩོན་པར་བགྱི། །པང་ན་དཔལ་གནས་ཁྱིམ་པ་རྣམས་ཀྱིས་ཀྱང་། །ཤེས་པས་ཉོན་མོངས་ཆུ་བོ་ལས་བརྒལ་གྱི། །

༡༡༦༽གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང་། །གནམ་ནས་བབས་པ་མ་ལགས་ལོ་ཏོག་བཞིན། །ས་རུམ་ནས་འཐོན་མ་ལགས་དེ་དག་སྔོན། །ཉོན་མོངས་རག་ལས་སོ་སོའི་སྐྱེ་བོ་བས། །

༡༡༧༽བསྙེངས་དང་བྲལ་བ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །

༡༡༨༽ཁྱོད་ལ་དེ་སྐད་གདམས་པ་གང་ལགས་དེ། །བས་པར་དགེ་སློང་གིས་ཀྱང་བགྱི་བར་དཀའ། །འདི་ལས་གང་ཞིག་སྤྱོད་པའི་ངོ་བོ་དེའི། །ཡོན་ཏན་བསྟེན་པས་སྐུ་ཚེ་དོན་ཡོད་མཛོད། །

༡༡༩༽ཀུན་གྱི་དགེ་བ་ཀུན་ལ་ཡི་རང་ཞིང་། །ཉིད་ཀྱིས་ལེགས་པར་སྤྱད་པ་རྣམ་གསུམ་ཡང་། །སངས་རྒྱས་ཉིད་ཐོབ་བགྱི་སླད་ཡོངས་བསྔོས་ནས། །དེ་ནས་དགེ་བའི་ཕུང་པོ་འདི་ཡིས་ཁྱོད། །

༡༢༠༽སྐྱེ་བ་དཔག་ཏུ་མེད་པ་ལྷ་མི་ཡི། །འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། །སྐྱེ་བོ་ཉམ་ཐག་མང་པོ་རྗེས་བཟུང་སྟེ། །

༡༢༡༽འཁྲུངས་ནས་ན་རྒ་འདོད་ཆགས་ཞེ་སྡང་རྣམས། །བསལ་ཏེ་སངས་རྒྱས་ཞིང་དུ་བཅོམ་ལྡན་འདས། །འོད་དཔག་མེད་དང་འདྲ་བར་འཇིག་རྟེན་གྱི། །མགོན་པོ་སྐུ་ཚེ་དཔག་ཏུ་མེད་པར་མཛོད། །

༡༢༢༽ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་དྲི་མ་མེད། །ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེང་རྒྱས་མཛད་ནས། །ས་ལ་མི་དང་མཐོ་རིས་ལྷ་ནི་ན་ཆུང་མཆོག། བདེ་དགས་དགའ་བ་ངེས་པར་རབ་ཏུ་ཞི་མཛད་དེ། 

༡༢༣༽ཉོན་མོངས་ཉམ་ཐག་སེམས་ཅ་སྐྱེ་དང་། །འཆི་བ་ཞི་མཛད་རྒྱལ་བའི་དབང་པོ་ཉིད་བརྙེས་ནས། །འཇིག་རྟེན་ལས་འདས་མིང་ཙམ་ཞི་ལ་མི་བསྙེངས་པ། །མི་བགྲེས་ནོངས་པ་མི་མངའི་གོ་འཕང་བརྙེས་པར་མཛོད། །

བཤེས་པའི་སྤྲིང་ཡིག་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བསྐུར་པ་རྫོགས་སོ།།།།

རྒྱ་གར་གྱི་མཁན་པོ་སརྦ་སྨྱ༄༅་དེ་ཝ་སྟེ་ཐམས་ཅད་མཁྱེན་པའི་ལྷ་དང་།ཞུ་ཆེན་གྱི་ལོ་ཙཱ་བ་ཆེན་པོ་བན་དེ་སྐ་བ་དཔལ་བརྩེགས་ཀྱིས་བསྟན་པ་སྔ་དར་གྱི་དུས་སུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།།།

Top