བཟོད་པའི་ཕ་རོལ་ཏུ་ཕྱིན་པ། ཀྵཱནྟི་པཱ་ར་མི་ཏཱ།

“བཟོད་པ་ནི་དགེ་བ་ཡིན་” ཞེས་བཤད་སྲོལ་ཡོད། དེ་འདྲ་སོང་ཙང་། ང་ཚོས་འཛུམ་དཀར་སྟོན་ཅིང་ཐམས་ཅད་ལ་བཟོད་སྒོམ་བྱེད་དགོས་པ་ཡིན་ནམ། ནང་ཆོས་ལས་གསུངས་པའི་བཟོད་པ་ནི་ཉམས་ལེན་ཧང་ཅང་གི་སྟོབས་ཆེན་པོ་ཞིག་ཡིན་པ་ལས། ཡུལ་ལ་བཟོད་སྒོམ་བྱེད་པ་ཙམ་ལ་གོ་བ་མིན་པར། ང་ཚོས་ཧུར་བརྩོན་གྱི་སྒོ་ནས་རང་ཉིད་ཀྱི་སེམས་ཉོན་མོངས་པས་མི་གནོད་པའི་ངེས་བརྟན་བཟོ་དགོས་པ་དེ་ཡིན། བཟོད་པས་རང་གཞན་གཉིས་ཀ་ལ་ཕན་པ་སྒྲུབ་པའི་ནུས་པ་སྦྱིན་ལ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཕྱོགས་སུ་སྐུལ་འདེད་བྱེད་མཁན་གྱི་ཆ་རྐྱེན་ནང་ནས་གཅིག་རེད།

ངོ་སྤྲོད།

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དྲུག་ལས་གསུམ་པ་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པ་རེད། དེ་ནི་ང་ཚོ་ཁོང་ཁྲོ་མི་ཟ་ཞིང་། དེའི་ཚབ་ལ་དཀའ་སྡུག་སྣ་ཚོགས་པར་བཟོད་བསྲན་བྱེད་ཐུབ་པའི་སེམས་ཀྱི་གནས་བབས་ཤིག་ཡིན། གཞན་གྱིས་རང་ལ་གནོད་འཚེའི་རིགས་འདྲ་མིན་བྱེད་པ་དང་འཕྲད་སྲིད་ཀྱང་། དེས་ང་ཚོ་ལ་དཀྲོག་རྐྱེན་དང་བསུན་གཙེར་བཟོ་གི་མེད། དེ་ནི་ང་ཚོ་ལ་དགྲ་བོ་མེད་ཟེར་བའམ་། ཡང་ན་རང་ལ་གནོད་པ་སྐྱེལ་ཐབས་བྱེད་མཁན་མེད་ཅེས་པའི་དོན་མིན་པར། དེའི་དོན་ནི་རང་ཉིད་ཁོང་ཁྲོ་ཚ་པོ་དང་། ཞེ་བསུན་པོ། སེམས་ཤུགས་ཆག་པ། ཡང་མིན་ན་གཞན་ལ་ཕན་ཐོགས་བྱེད་འདོད་མེད་པ་དེ་འདྲ་མི་བྱེད་པའི་དོན་ཡིན། གལ་ཏེ་རང་ཉིད་རྟག་ཏུ་ཁོང་ཁྲོ་རྐྱང་རྐྱང་ཟ་ནས་བསྡད་ན། གཞན་ལ་དངོས་གནས་ཕན་ཐོགས་ག་འདྲ་བྱེད་ཐུབ་བམ། བསམ་ཕྱོགས་འདིའི་ནང་བཟོད་པ་ལ་རིགས་གསུམ་ཡོད་པ་ནི།

གནོད་པ་བྱེད་མཁན་ལ་སྤྲོ་མི་ལོང་བ། ༼གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ།༽

བཟོད་པའི་དབྱེ་བ་དང་པོ་ནི། གཞན་གྱིས་རང་ལ་གནོད་པ་བྱེད་པ་ལ་སྤྲོ་མི་ལོང་བའམ་ཁོང་ཁྲོ་མི་ཟ་བ་དེ་ཡིན། དེ་ཡང་རང་ལ་བྱེད་སྟངས་ངན་པ་བྱེད་མཁན་ཙམ་མིན་པར། ང་ཚོར་དངོས་སུ་སྤྱོད་ངན་སྟོན་པ་དང་ལྟ་ཚུལ་ངན་པ་འཛིན་པ་མ་ཟད། ཐ་ན་ལུས་སེམས་གཉིས་ཀྱི་སྒོ་ནས་གནོད་འཚེ་བྱེད་མཁན་རྣམས་ལའང་གོ་བ་ཡིན། དེའི་ནང་ད་དུང་རང་གིས་གཞན་ལ་རོགས་ཕན་བྱེད་སྐབས་དེ་ལ་ཐུགས་རྗེ་ཆེ་དང་རྗེས་སུ་ཡི་རང་མི་བྱེད་མཁན་དེ་རྣམས་ཀྱང་ཚུད་ཡོད། ལྷག་པར་དུ་གལ་ཏེ་ང་ཚོས་གཞན་ལ་རོགས་པ་བྱེད་པའི་སྐབས་སུ་ཁོ་ཚོས་རང་གི་ལམ་སྟོན་ལ་མི་ཉན་པའམ། ཡང་ན་རང་གི་བསླབ་བྱ་ལམ་སྟོན་དེས་ཕན་ཐོགས་ཀྱི་མེད་ན། དེ་ལ་ཁོ་ཁྲོ་བཟའ་རྒྱུ་མེད་པ་དེ་གལ་ཆེན་པོ་ཡིན། ཕན་པ་ཤིན་ཏུ་སྒྲུབ་དཀའ་བའི་མི་ཧང་ཅང་གི་མང་པོ་ཡོད་པས། དེ་རྣམས་ལ་ཁོང་ཁྲོ་ཟ་རྒྱུའི་ཚབ་ལ་དཀའ་ངལ་ལ་བཟོད་སྒོམ་བྱེད་དགོས།

གལ་སྲིད་རང་ཉིད་དགེ་རྒན་ཞིག་ཡིན་ན། རང་གི་སློབ་ཕྲུག་ཚོའི་ནང་ནས་སུ་ཞིག་རིག་པ་རྟུལ་པོ་ཡོད་མིན་ལ་མ་ལྟོས་པར། དེར་ཁོང་ཁྲོ་ནམ་ཡང་ཟ་རྒྱུ་མེད། རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཆོས་ཀྱི་སློབ་འཁྲིད་བྱེད་ནའང་རེད། གཞན་གང་ཞིག་འཁྲིད་ཀྱི་ཡོད་ནའང་། རང་ཉིད་བཟོད་པ་སྒོམ་ནས་སློབ་ཁྲིད་བྱེད་དགོས་པ་ལས་སུན་སྣང་བྱེད་མི་རུང་། དེ་ནི་ཕྲུ་གུ་མ་འབྱར་ཞིག་ལ་ལམ་སྟོན་བྱེད་པ་ནང་བཞིན་ཐབས་མཁས་པོ་དགོས་ཀྱི་ཡོད་པ་ལས། ཕྲུ་གུ་མ་འབྱར་ལ་ནར་སོན་པའི་མི་ནང་བཞིན་ལམ་སང་ཤེས་པའི་རེ་བ་བྱེད་མི་ཐུབ་པ་ལྟར་རེད།

སྡུག་བསྔལ་ལ་བཟོད་པ། ༼སྡུག་བསྔལ་དང་ལེན་གྱི་བཟོད་པ།༽

བཟོད་པའི་དབྱེ་བ་གཉིས་པ་ནི། སོ་སོ་རང་ཉིད་ཀྱི་དཀའ་སྡུག་ལ་ངོས་ལེན་དང་བཟོད་སྒོམ་བྱེད་པ་དེ་ཡིན། དེའི་ཐོག་སློབ་དཔོན་ཞི་བ་ལྷས་ལན་མང་གསུངས་ཡོད། ཁོང་གིས། གལ་ཏེ་ང་ཚོས་སེལ་ཐུབ་པའི་དཀའ་ངལ་ཞིག་དང་འཕྲད་པ་ཡིན་ན། དེར་ཁོང་ཁྲོ་ཟ་བ་དང་བློ་ཕམ་བྱེད་དགོས་དོན་མེད་པར། དཀའ་ངལ་དེ་སེལ་ཐབས་ཙམ་བྱ་རྒྱུ་དེ་རེད། ཡིན་ནའང་གལ་ཏེ་གནས་སྟངས་དེར་བཅོས་ཐབས་གང་ཡང་མི་འདུག་ན། དེར་ཁོང་ཁྲོ་ག་རེ་བྱས་ནས་ཟ་དགོས་སམ། ཞེས་སོགས་གསུངས་ཡོད། ཁོང་ཁྲོ་བྱས་པས་གང་ཡང་ཕན་ཐོགས་མེད། དེ་ནི་དཔེར་ན། རང་ཉིད་འཁྱགས་པའི་སྐབས་སུ་དུག་ལོག་གྱོན་རྒྱུ་ཡོད་པ་ལྟ་བུ་རེད། འཁྱགས་པའི་སྐབས་དུག་ལོག་འཐོལ་པ་གྱོན་རྒྱུ་ཡོད་ན། གྲང་མོ་འདུག འཁྱག་གི་འདུག་ཅེས་རྙོག་ཁྲ་བཤད་པ་དང་ཁོང་ཁྲོ་ཟ་དགོས་དོན་གང་ཡིན་ནམ། གལ་ཏེ་ང་ཚོ་ལ་དུག་ལོག་དྲོ་པོ་མེད་ན། དེ་ལ་ཁོང་ཁྲོ་དང་སེམས་མ་སྐྱིད་པ་བྱས་པས་ལུས་འཁྱགས་པའི་གདུང་བ་སེལ་ནས་དྲོ་པོ་ཆགས་མི་ཐུབ།

དེ་བཞིན་རང་གིས་སྡུག་བསྔལ་མྱོང་བའི་སྐབས་སུ་དེས་བར་ཆད་ངན་པ་རྣམས་ཟློག་པ་དང། རང་གི་ལས་ངན་པའི་འབྲས་བུ་ད་ལྟ་སྨིན་པར་དགའ་དགོས་པའི་གནས་སྟངས་ཤིག་ཡིན་པར་བལྟ་ཆོག། དེ་མིན་མ་འོངས་པར་དེ་ལས་ཀྱང་འབྲས་བུ་ཚབས་ཆེ་བ་མྱོང་དགོས་པ་ཡོང་སྲིད། དེས་རང་ལ་དཀའ་ངལ་ཚབས་ཆེན་མེད་པའི་ལྷོད་ཤིག་ཤིག་གི་ཚོར་སྣང་ཡོང་གི་ཡོད། རང་གི་རྐང་པ་ཅོག་ཙེར་བརྡབ་ནས་ན་ཟུག་ཆེན་པོ་བཏང་ཡང་། ཨོ། རྐང་པ་མ་ཆག་པ་དེ་སྟབས་ལེགས་སོང་སྙམ་པ་ལྟ་བུ་ཡིན། དེ་འདྲའི་བསམ་བློ་གཏོང་སྟངས་དེས་ཁོང་ཁྲོ་མི་བཟའ་བར་ཕན་ཐོགས་ཀྱི་ཡོད། གང་ལྟར་ཡང་། རྐང་པ་བརྡབ་པར་ཁོང་ཁྲོ་ལངས་ནས་ཡར་མཆོངས་མར་མཆོངས་ཀྱིས་འུར་ལངས་ཀྱང་རྐང་པའི་ན་ཟུག་ཉུང་དུ་འགྲོ་བར་ཕན་ཐོགས་སྤུ་ཙམ་ཡང་མེད་ལ། དེ་ཙམ་མ་ཟད། རང་གིས་ཨ་མ་ཡོང་ནས་ན་ཟུག་ཡོད་ས་ལ་ཕུ་བརྒྱབ་པ་དང་འོ་བྱེད་པ་སོགས་སེམས་གསོ་བཏང་བ་ཡིན་ནའང་། དེས་ན་ཟུག་མེད་པ་ཆགས་རྒྱུ་གང་ཡང་མེད།

དེ་མིན་གནས་དོན་གཞན་གྱི་སྟེང་དུའང་དེ་ལྟར་སྦྱོར་དགོས་པ། དཔེར་ན། རང་ཉིད་རྒྱུན་རིང་པོར་མཚམས་བསྙེན་སྒྲུབ་བྱེད་འགོ་བཙུག་པ་དང། གཞན་ཕན་གྱི་བྱ་བའི་ཆེད་འགྲུལ་བཞུད་བྱེད་པའམ། ཡང་ན་ཆོས་ཕྱོགས་ཀྱི་ལས་གཞིའི་ཐད་ལས་ཀ་བྱེད་བཞིན་པ་སོགས་དགེ་བ་དང་བྱ་བ་བཟང་པོའི་རིགས་སྒྲུབ་ཐབས་བྱེད་པའི་སྐབས་སུ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ཉམས་སུ་ལེན་དགོས་པ་ཡིན། གལ་ཏེ་བྱ་བ་དངོས་གཞི་འགོ་བཙུག་པའི་སྐབས་བར་ཆད་དང་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་ན། དོན་ངོ་མར་དེ་ནི་གནས་ཚུལ་ཡག་པོ་ཞིག་རེད། དེ་ནི་བར་ཆད་ཡོངས་རྫོགས་མེད་པ་ཆགས་ནས་ལས་ཀ་ལྷག་མ་རྣམས་ལེགས་པར་སྒྲུབ་ཐུབ་པའི་རྟགས་ལྟ་བུ་ཡིན། བར་ཆད་དང་དཀའ་ངལ་དེ་དག་བྱུང་ནས་མེད་པ་ཆགས་ཀྱི་ཡོད་པས། ཕྱིས་སུ་དེས་དཀའ་ངལ་ཚབས་ཆེན་རིགས་ཡོང་གི་མ་རེད་བསམས་ནས་དགའ་བ་སྒོམ་དགོས་ཀྱི་ཡོད།

སློབ་དཔོན་ཞི་བ་ལྷས་སྡུག་བསྔལ་དང་དཀའ་ངལ་དེ་དག་ལའང་དགེ་མཚན་དང་ཡོན་ཏན་ཡོད་པར་གསུངས་ཡོད། དེ་ནི་ང་ཚོས་ཧུར་བརྩོན་གྱིས་དཀའ་ངལ་འཚོལ་དགོས་པ་དང་དེས་རང་ཉིད་ལ་མནར་གཅོད་གཏོང་འཇུག་དགོས་པའི་དོན་མ་ཡིན་པར། ང་ཚོས་སྡུག་བསྔལ་མྱོང་བའི་སྐབས་སུ་དེ་ལ་རྗེས་སུ་ཡི་རངས་བྱ་འོས་པའི་ཁྱད་ཆོས་བཟང་པོ་མང་པོ་ཡོད་པ་རེད། སྡུག་བསྔལ་དེས་རང་ཉིད་ཀྱི་ཁེངས་དྲེགས་ཉམ་དམའ་བར་བཏང་ནས་མི་ཉམ་ཆུང་ཆུང་དུ་འགྱུར་བར་ཕན་ཐོགས་ཡོད་ཅིང་། ད་དུང་སྡུག་བསྔལ་དེ་ལྟ་བུའི་མནར་བའི་སེམས་ཅན་གཞན་ལའང་སྙིང་རྗེ་བསྐྱེད་པའི་ཕན་ཐོགས་ཀྱང་ཡོད། དེ་ཡང་དཔེར་ན། གལ་ཏེ་རང་ཉིད་ནད་བྱེ་བྲག་པ་ཞིག་གིས་མནར་བ་ཡིན་ན། རང་གི་ནད་རོགས་ཚོར་རང་བཞིན་གྱིས་སྙིང་རྗེ་དང་གདུང་སེམས་མཉམ་བསྐྱེད་ཡོང་བ་ལྟ་བུ་ཡིན། དེ་བཞིན་ང་ཚོ་རྒས་འཁོགས་ཆགས་པའི་དུས་སྐབས་སུ་རྒ་བའི་སྡུག་བསྔལ་དེ་ག་འདྲ་ཡིན་མིན་གཞི་ནས་ཡག་པོ་ཧ་གོ་ཡོང་གི་རེད། སྤྱིར་བཏང་ང་ཚོ་ལོ་བཅུ་དྲུག་ཙམ་ཡིན་པའི་སྐབས་སུ་རྒས་འཁོགས་ཚོར་སྙིང་རྗེ་དང་སེམས་འཁུར་ཡོང་གི་མེད། དེའི་རྒྱུ་མཚན་ནི། ང་ཚོས་རྒས་ནས་ལོ་བདུན་ཅུ་ཙམ་ལ་སླེབས་པའི་སྐབས་གནས་སྟངས་གང་འདྲ་ཞིག་ཡོད་མིན་ཧ་ཅང་ཚོད་དཔོག་དཀའ་བ་ཡིན་པས་རེད། འོན་ཀྱང་རང་ཉིད་ལོ་ན་རྒས་པའི་སྐབས་སུ་རྒ་བའི་སྡུག་བསྔལ་དང་གནས་སྟངས་དེ་ཡོངས་རྫོགས་མྱོང་བའི་སྐབས་སུ། གཞི་ནས་རྒས་འཁོགས་ཚོར་སྙིང་རྗེ་དང་བསམ་ཤེས། དེ་བཞིན་སེམས་འཁུར་ཆེན་པོ་ཞིག་སྐྱེ་གི་རེད།

དེ་དང་ཕྱོགས་མཚུངས་ང་ཚོར་སྤྱོད་ལམ་དང་འབྲེལ་བའི་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ལ་གོ་བ་ཅུང་ཙམ་ཡོད་ན། སྡུག་བསྔལ་གྱིས་མནར་བའི་སྐབས་སུ་གནོད་བྱེད་མི་དགེ་བའི་ལས་སྤོང་དགོས་པར་དྲན་བསྐུལ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་ཡོང་གི་ཡོད་པའི་རྒྱུ་མཚན་ཙམ་རེད། དེས་བདེ་སྐྱིད་ཀྱི་རྒྱུ་དགེ་བའི་ལས་ལ་གང་ཐུབ་ཀྱིས་འབད་བརྩོན་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད།

 ཆོས་ཀྱི་དོན་དུ་དཀའ་སྡུག་ལ་བཟོད་སྒོམ། ༼ཆོས་ལ་ངེས་ཤེས་ཀྱི་བཟོད་པ།༽

བཟོད་པའི་དབྱེ་བ་གསུམ་པ་ནི། ཆོས་ཐོས་བསམ་སྒོམ་གསུམ་བྱེད་པའི་སྐབས་སུ་དཀའ་སྡུག་ལ་བཟོད་བསྲན་བྱེད་པ་ཞིག་ལ་ཟེར། དེ་ཡང་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འབད་པ་དང་བརྩོན་འགྲུས་ཤིན་ཏུ་ནས་ཆེན་པོ་བྱེད་དགོས་པས། ང་ཚོ་སེམས་ཤུགས་མ་ཆག་པར། དོན་དངོས་དང་མཐུན་པའི་སྒོ་ནས་རང་གིས་རང་ལ་བཟོད་པ་སྒོམ་དགོས་པ་ཡིན།

མཚམས་རེར་ཡག་པོ་དང་མཚམས་རེར་སྡུག་ཅག་སོགས་དར་རྒུད་སྣ་ཚོགས་ཤིག་འོང་བ་ནི་འཁོར་བའི་རང་བཞིན་ཡིན་པ་དེ་ཤེས་ནས་ངོས་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན། དེ་ཡང་བདེ་འགྲོ་དང་ངན་འགྲོའི་སྐྱེ་བ་ཙམ་གྱི་སྐོར་མ་ཡིན་པར། སྤྱི་ཡོངས་ཀྱི་ཆ་ནས་ག་དུས་ཡིན་ནའང་ང་ཚོར་དགའ་སྡུག་སྣ་ཚོགས་ཡོང་གི་ཡོད་པ་དེ་རེད། མཚམས་མཚམས་ཉམས་ལེན་བྱེད་འདོད་ཡོད་པ་དང་མཚམས་མཚམས་བྱེད་འདོད་མེད་པ་དེ་འདྲ་ཡོང་གི་ཡོད་ལ། ཡང་མཚམས་མཚམས་ཉམས་ལེན་ཡག་པོ་ཡོང་གི་ཡོད་པ་དང་མཚམས་མཚམས་དེ་ལྟར་ཡོང་གི་མེད། གང་ལྟར་ཡང། འདི་ནི་འཁོར་བ་ཡིན་པས། ང་ཚོས་རེ་བ་ག་རེ་བྱེད་ཐུབ་བམ། ཉིན་མ་རྟག་པར་བྱ་བ་ལམ་འགྲོ་རྒྱུག་མི་སྲིད་པ་སོང་ཙང་། ཉིན་མ་གཅིག་འཆར་གཞི་བཀོད་པ་ལྟར་མ་སྒྲུབ་པ་ཙམ་གྱིས་སེམས་ཤུགས་ཆག་ནས་སྤྲོ་ཐུང་ཐུང་མི་བྱེད་པར། ངང་རྒྱུད་རིང་པོ་དང་བཟོད་སྒོམ་བྱེད་དགོས་པ་ཡིན། ང་ཚོས་ཁོང་ཁྲོར་སྟངས་འཛིན་བྱས་ཟིན་པས་སླར་ཡང་ཁོང་ཁྲོ་ནམ་ཡང་སྐྱེ་གི་མ་རེད་ཅེས་བསམས་ཡོད་སྲིད་ཀྱང་། གློ་བུར་དོན་རྐྱེན་འགའ་རེས་དེ་མ་ཐག་རླུང་ལངས་ཀྱི་ཡོད། དེ་ལྟར་ཡོང་སྲིད་པ་ཞིག་ཀྱང་རེད། གང་ཡིན་ཞེ་ན། ང་ཚོ་དགྲ་བཅོམ་པའི་གོ་འཕང་མ་ཐོབ་བར་དུ་ཁོང་ཁྲོ་ཡོངས་སུ་སྤངས་མེད་པས། བཟོད་པ་སྒོམ་རྒྱུ་ནི་གཙོ་བོ་ཡིན།

བརྙན་པར། དགེ་བཤེས་བཀྲ་ཤིས་ཚེ་རིང་། “མི་ཚེའི་ཆེད་དུ་བསླབ་བྱ།” 

སློབ་དཔོན་ཞི་བ་ལྷའི་བཟོད་པ་སྒོམ་ཚུལ་སྐོར།

སློབ་དཔོན་ཞི་བ་ལྷས་སྤྱོད་འཇུག་ནང་བཟོད་པ་སྒོམ་ཚུལ་ཐད་འགྲེལ་བཤད་མང་པོ་གནང་ཡོད་པ་ལས། གཤམ་དུ་དཔེ་འགའ་ཞིག་ལ་བལྟ་རྒྱུ་ཡིན།

གལ་ཏེ་རང་ཉིད་ཀྱི་ལག་པ་མེའམ། ཡང་ན་ཐབ་ཁ་ལ་ཐུག་པའི་རྐྱེན་གྱིས་འཚིག་སྐྱོན་བྱུང་བ་ཡིན་ན། མེ་ཚ་པོ་ཡོད་པ་ལ་ང་ཚོས་ཁོང་ཁྲོ་སྟོན་མི་ཐུབ། གང་ཡིན་ཟེར་ན། ཚ་བ་ནི་མེའི་རང་བཞིན་རེད། དེ་ག་ནང་བཞིན་འཁོར་བའི་རང་བཞིན་ལ་ང་ཚོས་རེ་བ་ག་རེ་བྱེད་ཐུབ་བམ། འཁོར་བའི་ནང་གཞན་དག་གིས་རང་ཉིད་བློ་ཕམ་དུ་འཇུག་པ་དང། རང་ལ་གནོད་འཚེ་བྱེད་པ། དེ་བཞིན་བྱ་བ་ལམ་དུ་མི་འགྲོ་བར་དཀའ་ངལ་ཡང་འཕྲད་ཀྱི་ཡོད། གལ་སྲིད་ང་ཚོས་མི་ཞིག་ལ་རོགས་པ་བྱེད་རོགས་ལབ་པ་ཡིན་ན། མི་དེས་དོན་ཏག་ཏག་ཅིག་བསྒྲུབ་མི་ཡོང་བར་རེ་བ་རྒྱག་དགོས། གལ་སྲིད་ཁོ་ཚོས་རང་གི་འདོད་པ་ལྟར་མི་བྱེད་པ་ཡིན་ན། དེ་སུའི་ནོར་འཁྲུལ་རེད་དམ། དེ་ནི་སོ་སོ་རང་ཉིད་ཀྱི་ལེ་ལོས་དབང་གིས་རང་འཁྲིའི་བྱ་བ་མ་སྒྲུབ་པར་གཞན་ལ་བྱེད་དུ་བཅུག་པའི་རྐྱེན་གྱིས་རེད། བྱས་ཙང་། གལ་ཏེ་གཞན་སུ་འདྲ་ཞིག་ལ་ངེས་པར་དུ་ཁོང་ཁྲོ་ཟ་དགོས་ན། ཐོམ་མ་རང་རྒྱུད་དུ་ཡོད་པའི་ལེ་ལོར་ཁོང་ཁྲོ་ཟ་དགོས་ངེས་ཤིག་རེད།

“ང་ཚོས་འཁོར་བ་ལ་རེ་བ་ག་རེ་བྱེད་ཐུབ་བམ་།” ཞེས་པའི་ཤོད་འགྲོས་འདི་ནི་གོང་འཕེལ་གཏོང་དགོས་པའི་བཟོད་པའི་རིགས་ཚང་མ་དྲན་གསོ་ཡོང་བ་ལ་ཕན་ཐོགས་ཅན་ཞིག་ཡིན། ང་ཚོས་དུས་རྟག་ཏུ་རང་ཉིད་ཀྱི་མི་ཚེ་ལས་སླ་པོར་འཁྱོལ་འགྲོ་བ་དང་ཐམས་ཅད་ཅི་བསམ་དོན་གྲུབ་ཡོང་གི་རེད་ཅེས་བསམ་གྱི་ཡོད་དམ། རང་ཉིད་ཀྱི་འཚོ་གནས་སྐད་ཅིག་རེ་རེའི་རང་བཞིན་ནི་འཁོར་བའི་ཆོས་ཉིད་ལས་མ་འདས་ཤིང་། དེ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྡུག་བསྔལ་དང་དཀའ་ངལ་གྱི་རང་བཞིན་ཞིག་རེད། དེར་བརྟེན་རང་ཉིད་ཀྱི་འདོད་པ་ལྟར་ལས་དོན་མ་གྲུབ་པའི་སྐབས་དང་མི་གཞན་གྱིས་རང་ཉིད་ལ་གནོད་པའམ་བློ་ཕམ་དུ་བཅུག་པའི་དུས་སུ་དེ་ལ་ཧ་ལས་ཧོན་འཐོར་རྒྱུ་མེད། འཁོར་བའི་ནང་དེ་ལས་སྤྲོས་པའི་རེ་བ་ག་རེ་བྱེད་ཐུབ་བམ། དེ་ནི་ང་ཚོ་འཁོར་བ་ལས་ཐར་བར་འདོད་པའི་རྒྱུ་མཚན་དེ་ཏག་ཏག་ཆགས་ཀྱི་ཡོད།

དེ་ནི་དགུན་ཁའི་དུས་སུ་ཧ་ཅང་གྲང་མོ་དང་ནག་ཐོམ་ཐོམ་ཞིག་འདུག་ཅེས་རྙོག་ཁྲ་བཤད་པ་འདྲ་པོ་རེད། དགུན་ཁའི་དུས་སུ་ང་ཚོས་དེ་ལས་ལྷག་པའི་རེ་བ་ག་རེ་བྱེད་དགོས་སམ། དགུན་དུས་དྲོ་པོ་དང་ཉི་མར་ལྡེ་ནས་སྡོད་ཐུབ་པ་ཞིག་རེད་དམ།  མེ་ནི་ཚ་བའི་རང་བཞིན་ཡིན་པས། མེ་ལྕེ་ལ་ལག་པས་རེག་ན་ལག་པ་འཚིག་གི་ཡོད་པ་ནང་བཞིན་དགུན་ཁ་ནི་ཉི་འོད་མེད་པས་ནག་ཐོམ་ཐོམ་དང་གྲང་མོ་ཡོད་པ་དེ་ཡང་དགུན་ཁའི་རང་བཞིན་ཡིན་པས། དེ་ལ་ཁོང་ཁྲོ་བྱེད་དགོས་དོན་གང་ཡང་མེད།

སློབ་དཔོན་ཞི་བ་ལྷས་ཐབས་ལམ་གཞན་ཞིག་བསྟན་ཡོད་པ་ནི། རང་ལ་ཁོང་ཁྲོ་སློང་མཁན་གྱི་མི་དེ་རིག་འཚོ་མ་ཟིན་པའམ་ཕྲུ་གུ་མ་འབྱར་ལྟ་བུ་ཞིག་བལྟ་དགོས་པར་གསུངས་ཡོད། གལ་ཏེ་མི་རིག་འཚོ་མ་ཟིན་པའམ་ར་བཟི་ཞིག་གིས་རང་ཉིད་ལ་སྐད་ལོག་རྒྱག་པ་ཡིན་ན། རང་ཉིད་ནས་དེ་ལས་ཀྱང་སྨྱོ་ཆེ་བ་ལྟ་བུས་ཕར་སྐད་ལོག་རྒྱག་དགོས་སམ་ཞེ་ན། དེ་ལྟར་བྱེད་ཀྱི་མ་རེད། གལ་སྲིད་ལོ་ན་གཉིས་ལ་སོན་པའི་རང་གི་ཕྲུ་གུར་བརྙན་འཕྲིན་བལྟ་མ་བཅུག་པར་ཉལ་བར་གཏོང་སྐབས། ཕྲུ་གུས་ “ང་རང་ལ་དགའ་གི་མི་འདུག་’’ ཅེས་ངུ་སྐད་རྒྱག་ན། ང་ཚོས་དེ་ལ་དངོས་གནས་ཡིན་པར་བརྩིས་ནས་ཁོང་ཁྲོ་ཟ་བའམ་རླུང་ལངས་ནས་རང་གི་ཕྲུ་གུར་མི་དགའ་བ་སོགས་བྱེད་དམ་ཞེ་ན། དེ་ལྟར་བྱེད་ཀྱི་མ་རེད། གང་ཡིན་ཞེ་ན། དེ་ནི་ཕྲུ་གུ་ཆུང་ཆུང་ཞིག་གི་སྐད་ཆ་རེད། དེ་དང་ཕྱོགས་མཚུངས་མི་སྤྱོད་པ་ངན་པོ་བྱེད་མཁན་གྱི་རིགས་ལ་སྨྱོན་པའམ་སྤྲོ་ལང་སླ་བའི་ཕྲུ་གུ་མ་འབྱར་ལྟ་བུར་བརྩི་ཐུབ་ན། ཁོང་ཚོ་་ལ་ཁོང་ཁྲོ་མི་ཟ་བར་དངོས་གནས་ཕན་ཐོགས་ཀྱི་ཡོད།

དེར་མ་ཟད། གལ་ཏེ་མི་ཞིག་གིས་རང་ལ་དཀའ་ངལ་ཆེན་པོ་སྤྲོད་བཞིན་ཡོད་ན། མི་དེ་རང་གི་དགེ་རྒན་ལྟ་བུར་བལྟ་ན་ཕན་ཐོགས་ཆེན་པོ་ཡོད། མི་ཚང་མའི་ཁྲོད་དུ་ཤིན་ཏུ་གཡོལ་དཀའ་ལ་བསུན་པོ་ཞེ་དྲགས་བཟོ་མཁན་གྱི་མི་རེ་ཟུང་ནི་ཡོད་ཡོད་པ་རེད། རེད་དམ་མ་རེད། རང་ཉིད་ཁོ་ཚོ་དང་མཉམ་དུ་ཡོད་པའི་སྐབས་སུ། “མི་འདི་ནི་རང་ལ་བཟོད་པ་སློབ་མཁན་གྱི་དགེ་རྒན་རེད་” བསམ་དགོས། དངོས་གནས་བྱས་ན། གལ་སྲིད་ང་ཚོ་ལ་ཁོང་ཁྲོ་སློང་མཁན་དང་དཀའ་ངལ་བཟོ་མཁན་མེད་ན། བཟོད་པའི་སློབ་སྦྱོང་ནམ་ཡང་བྱེད་མི་ཐུབ་ལ། དཀའ་ངལ་ལ་གདོང་ལེན་ནམ་ཡང་མི་བྱེད་པ་སོང་ཙང། མི་དེ་དག་ནི་རང་ཉིད་ལ་དེ་འདྲའི་གོ་སྐབས་བཟང་པོ་སྦྱིན་མཁན་གྱི་བཀའ་དྲིན་ཅན་ཞིག་ཡིན་པར་མཐོང་ཐུབ་ཀྱི་ཡོད། ༸གོང་ས་མཆོག་ནས་དུས་རྒྱུན་དུ་རྒྱ་ནག་གི་འགོ་འཁྲིད་ཚོ་ནི་ཁོང་གི་དགེ་རྒན་ཡིན་ལ། མའོ་ཙེ་ཏུང་ནི་བཟོད་པའི་དགེ་རྒན་གཙོ་ཆེ་ཤོས་དེ་ཡིན་ཞེས་གསུང་གནང་གི་ཡོད།

ཕྱོགས་བསྡོམས།

འཁོར་བར་འཁོར་བའི་ཉིན་མ་རེ་རེར་དཀའ་ངལ་དང་བསུན་གཙེར་མང་པོ་དང་འཕྲད་ཀྱི་ཡོད། སྐབས་རེ་བྱ་བ་ཐམས་ཅད་རང་གི་འདོད་པ་ལྟར་ལེགས་སྒྲུབ་ཡོང་བ་དང། ཡང་མཚམས་རེར་མི་ཚེ་ཚོད་འཛིན་མེད་པའི་འགྱུར་ལྡོག་འགྲོ་བ་ལྟ་བུར་སྣང་གི་ཡོད། རང་གིས་གང་བྱེད་པ་ཚང་མར་ནོར་འཁྲུལ་འགྲོ་བའི་ནུས་པ་ཡོད་ལ། རང་ཉིད་ཀྱིས་གྲོགས་པོར་གྱུར་བའི་མི་རྣམས་དགྲ་བོར་འགྱུར་བའི་ནུས་པའང་ཡོད། རང་གི་གྲོགས་པོ་ཡག་ཤོས་ལ་ཕན་ཐོགས་ག་ཚོད་བྱས་མིན་ལ་མ་ལྟོས་པར། ཁོང་ཚོས་རང་གི་རྒྱབ་ཏུ་ཁ་གཏོང་བའམ་རྒྱབ་བཤད་རྒྱག་ནས་གྲོགས་འདྲིས་གཅོད་སྲིད་པ་རེད།

གནས་སྟངས་འདི་འདྲའི་སྐབས་སུ་རང་བཞིན་གྱིས་ཁོང་ཁྲོ་ཟས་ནས་དགྲ་བོ་རྣམས་རྩ་མེད་དུ་བཏང་བ་ཡིན་ན། མཐར་རང་ཉིད་ཀྱིས་ཐོབ་པར་འདོད་པའི་སེམས་ཀྱི་ཞི་བདེ་དེ་ཐོབ་ཀྱི་རེད་བསམ་པའི་ཡིད་ཆེས་ཤིག་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ། གལ་ཏེ་དེ་རིང་རང་གི་དགྲ་བོའི་དྭངས་མ་མེད་པ་བཟོས་ནའང་། སང་ཉིན་དང་གནངས་ཉིན་སོགས་རིམ་བཞིན་དགྲ་བོ་གསར་པ་དེ་འདྲ་ཐོན་ཡོང་གི་རེད། བྱས་ཙང་། སློབ་དཔོན་ཞི་བ་ལྷས། ས་སྟེང་ཐམས་ཅད་ཀོ་གཡོགས་ཀྱིས། །དེ་ཉིད་ཀོ་བས་ག་ལ་ལངས། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་མཚུངས། ཞེས་ས་གཞི་ཡོངས་སུ་རྫོགས་པ་ཀོ་བས་གཡོགས་མི་དགོས་པར། རང་ཉིད་ཀྱི་རྐང་པ་ཀོ་བས་གཡོགས་པ་ཙམ་གྱིས་འགྲིག་གི་རེད། ཅེས་གསུངས་པ་ལྟར་རེད། ཕྱོགས་གཞན་ཞིག་ནས་བཤད་ན། དེའི་དོན་ནི་ཕྱིའི་དགྲ་བོ་ལས་རྣམ་པར་རྒྱལ་བའི་ཐབས་ཤེས་བྱེད་པ་ནི་དོན་མེད་ཡིན་ཞིང་། རྣམ་པར་རྒྱལ་དགོས་ས་ནི་ནང་གི་དགྲ་བོ་ཁོང་ཁྲོ་ཉིད་ཡིན། འདིར་ཀོ་བ་ནི་བཟོད་པ་ལ་གོ་དགོས་ཤིང་། དེ་ནི་གཞན་གྱིས་དཀའ་སྡུག་བཟོས་པ་ལ་བཟོད་བསྲན་ཐུབ་པ་དང་་ཐར་པའི་ལམ་དུ་འཁྲིད་པར་བྱེད་པའི་སྒོ་དེ་ཡིན།།

Top