བྱང་ཆུབ་སེམས་ཀྱི་རིམ་པ།

ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས།

ཐེག་པ་ཆེན་པོ་གྲུབ་མཐའ་ཁག་གི་ནང་འགྲེལ་བརྗོད་བྱས་པ་དང་མཐུན་པར་བྱང་ཆུབ་ཀྱི་སེམས་ལ་དབྱེ་བ་གཉིས་སུ་ཕྱེས་ཡོད་པ་ནི།

  • ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་།
  • དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་སོ།།

ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ང་ཚོའི་སེམས་ཀྱིས་འཐོབ་བྱར་གྱུར་བའི་སེམས་རྒྱུད་ཀྱི་སྟེང་དུ་འདོགས་འོས་པའི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཀྱི་ཡོད། དེ་ཡང་རྐྱེན་རྣམས་ཆ་ཚང་བའི་སྐབས། རང་རྒྱུད་ཀྱི་རྒྱུ་བདེ་བར་གཤེགས་པའི་སྙིང་པོ་ལ་གཞི་བྱས་ནས་དམིགས་ཀྱི་ཡོད། དེ་ལ་གྲོགས་སུ་གྱུར་བ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེའི་ཐབས་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཀུན་སློང་དང་ལྡན་པ་ཡིན། ལྷག་དོན་དུ་ང་ཚོའི་སེམས་ཀྱིས་མ་འོངས་པའི་འབྲས་བུ་ཆོས་ཀྱི་སྐུ་འཐོབ་པར་དམིགས་ཀྱི་ཡོད། 

དོན་དམ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡོད་པའི་སྟོབས་ཀྱིས་ང་ཚོའི་སེམས་ཀྱིས་སྟོང་པ་ཉིད་ལ་དམིགས་ཀྱི་ཡོད། ལྷག་དོན་དུ་ང་ཚོའི་སེམས་ཀྱིས་འཐོབ་པར་གྱུར་བའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་པར་དམིགས་ཀྱི་ཡོད། དེ་ནི་མ་འོངས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་སྟོང་པ་ཉིད་དང་འགོག་པའི་བདེན་པ་ཡིན་པ་རེད། 

ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རིམ་པ།

སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་དབྱེ་བའམ་རིམ་པ་གཉིས་ཡོད་དེ།

  • སྨོན་སེམས་དང་།
  • འཇུག་སེམས་གཉིས་སོ།།

བྱང་ཆུབ་སྨོན་པའི་སེམས་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བྱང་ཆུབ་འཐོབ་པའི་མངོན་འདོད་དེ་ཡིན། དེ་ལ་རིམ་པ་གཉིས་ཡོད་པ་ནི། 

  • སྨོན་སེམས་སྨོན་པ་ཙམ་སྟེ། སེམས་ཅན་ཐམས་ཅད་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་འདོགས་པའི་ཆེད་དུ་བྱང་ཆུབ་འཐོབ་འདོད་ཁོ་ན་ཙམ་ལ་དམིགས་པའི་མངོན་འདོད་དེ་རེད། 
  • སྨོན་སེམས་དམ་བཅའ་ཅན་ཏེ། ཇི་སྲིད་བྱང་ཆུབ་སྙིང་པོའམ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བྱང་ཆུབ་ཀྱི་སེམས་ནམ་ཡང་མི་འདོར་བར་དམ་བཅའ་བ་ཡིན། རིམ་པ་འདིའི་ནང་ཚེ་འདི་དང་སྐྱེ་བ་ཕྱི་མ་བཅས་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་ང་ཚོའི་བྱང་ཆུབ་ཀྱི་སེམས་དང་ནམ་ཡང་མི་འབྲལ་བར་ཕན་པའི་ལས་ལ་འཇུག་པའི་དམ་བཅའ་འཇོག་པ་དེ་ཚུད་ཡོད། 

འཇུག་སེམས་ལ་སྨོན་པའི་སེམས་གཉིས་ཀྱི་སྟེང་ལ་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་ (ཕ་རོལ་ཏུ་ཕྱིན་པ་དྲུག་) ཉམས་སུ་བླང་བའི་བྱང་ཆུབ་སེམས་དཔའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པ་དང་། དེ་ལ་བརྟེན་ནས་ང་ཚོས་སངས་རྒྱས་ཀྱི་གོ་འཕང་དངོས་སུ་འཐོབ་པར་བྱེད་ཀྱི་ཡོད། 

འཇུག་སེམས་ལ་གྲོགས་བྱེད་པའི་སེམས་བྱུང་འཕར་མ་ཁག

བྱང་ཆུབ་ལམ་གྱི་སྒྲོན་མེའི་དཀའ་འགྲེལ་གྱི་ནང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཤི་ཤས་འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་ལུང་དྲངས་མཛད་ཡོད། དེར་སངས་རྒྱས་ཀྱིས་འཇུག་པ་སེམས་བསྐྱེད་ལ་སེམས་བྱུང་གཉིས་ཡོད་པར་གསུངས་པ་སྟེ། 

  • བསམ་པ་དང་།
  • ལྷག་པའི་བསམ་པ་གཉིས་སོ།།

བསམ་པ།

བསམ་པའི་ནང་སེམས་བྱུང་གཉིས་ཡོད་པ་ནི།

  • གཡོ་མེད་པ་སྟེ། སོ་སོ་རང་ཉིད་ཀྱི་ནོར་འཁྲུལ་མི་སྦེད་པ།
  • སྒྱུ་མེད་པ་སྟེ། ང་ཚོར་མེད་པའི་ཁྱད་ཆོས་རྣམས་ཡོད་མདོག་མི་བྱེད་པ།

གཡོ་མེད་པ་ལའང་སེམས་བྱུང་གཉིས་ཡོད་དེ།

  • དྲང་པོ།
  • གསལ་བ།

སྒྱུ་མེད་པ་ལའང་སེམས་བྱུང་གཉིས་ཡོད་དེ།

  • བཅོས་མ་མ་ཡིན་པ་སྟེ། གནད་དོན་རྣམས་འུད་ཤོབ་མི་བྱེད་པ།
  • བསམ་པ་དག་པ་སྟེ། ཞེ་གཏིང་གི་ཀུན་སློང་དང་མ་འདྲེས་པ།

ལྷག་པའི་བསམ་པ།

ལྷག་བསམ་ལ་མཚོན་ན། བསམ་པའི་སྐབས་ཀྱི་སེམས་བྱུང་དེ་དག་གི་སྟེང་དུ་སེམས་བྱུང་གཉིས་ཡོད་པ་ནི།

  • མ་ཆགས་པ།
  • ཁྱད་པར་དུ་འགྲོ་བ།

མ་ཆགས་པ་ལ་སེམས་བྱུང་གཉིས་ཡོད་དེ།

  • སེམས་མ་གོད་པ་སྟེ། དམིགས་ཡུལ་གཞན་ལ་ཆགས་པའི་རྒྱུ་མཚན་གྱིས་སེམས་མ་གོད་པ་ (བྱང་ཆུབ་ཀྱི་སེམས་སྤོང་བ།)
  • བརྩོན་འགྲུས་མ་གོད་པ་སྟེ། གཞན་ཞིག་ལ་ཆགས་པའི་རྒྱུ་མཚན་གྱིས་བརྩོན་འགྲུས་མ་གོད་པ། 

ཁྱད་པར་དུ་འགྲོ་བ་ (བྱང་ཆུབ་ཀྱི་ལམ་དུ་ཞུགས་པ་) ལ་སེམས་བྱུང་གཉིས་ཡོད་དེ། 

  • བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་བྱང་ཆུབ་ཀྱི་ལམ་དུ་ཞུགས་པ།
  • ཡེ་ཤེས་ཀྱི་ཚོགས་ལ་བརྟེན་ནས་བྱང་ཆུབ་ཀྱི་ལམ་དུ་ཞུགས་པ།

དེར་བརྟེན་བོད་སྐད་དུ་ལྷག་བསམ་ཞེས་པའི་ཐ་སྙད་དེ་ནི་ཆོད་སེམས་ཁྱད་པར་ཅན་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྒྱུ་འབྲས་མན་ངག་བདུན་གྱི་དྲུག་པ་དེ་ཡིན་ཞིང་། འདིར་ཐ་སྙད་དེ་ལ་དོན་དག་མི་འདྲ་བ་ཞིག་ཡོད། ཆོད་སེམས་ཁྱད་པར་ཅན་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉུང་དུ་གཏོང་བ་དང་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར་དངོས་སུ་ཕན་པའི་གོ་ལ་སྤྱིའི་འགན་འཁྲི་དང་དུ་ལེན་པ་ཞིག་ཡིན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེད་པའི་རྒྱུ་ཞིག་ཡིན་པའི་ཆ་ནས་དེ་ནི་སྨོན་སེམས་དང་འཇུག་སེམས་གཉིས་ཀར་གྲོགས་བྱེད་པའི་སེམས་བྱུང་ཞིག་ཡིན་པ་རེད།།

Top